ཀག་ཆོལ་གྱི་སྒྲུབ་ཐབས་སློབ་དཔོན་རིན་ཆེན་རྡོ་རྗེས་མཛད་པའི་འགྲེལ་པ།

༼ཁ༽

༄༅། །ཀག་ཆོལ་གྱི་སྒྲུབ་ཐབས་སློབ་དཔོན་རིན་ཆེན་རྡོ་རྗེས་མཛད་པའི་འགྲེལ་པ་བཞུགས།།

༄༅། །བླ་མ་དང་ནི་ལྷག་པའི་ལྷ། །དབྱེར་མེད་གཙོ་ལ་གུས་པས་འདུད། །སོ་གཉིས་ཡུལ་དང་ཉི་ཤུ་བཞིར། །གནས་པའི་མཁའ་འགྲོས་བདག་སྐྱོངས་ཤིག །གང་ཞིག་སྒྲུབ་ཐབས་ཕྲིན་ལས་བཞི། །ཐོགས་མེད་མྱུར་དུ་འགྲུབ་འགྱུར་བའི། །སྔགས་ཀྱི་རྒྱལ་པོའི་སྒྲུབ་ཐབས་ཀྱི། །དོན་རྣམས་གསལ་བར་བཤད་པར་བྱ། །གང་ཞིག་དེ་ཁོ་ན་ཉིད་ཟབ་པའི་དོན་རྟོགས་ཤིང༌། སྤྲོས་པ་མེད་པའི་རྣལ་འབྱོར་ལ་མི་དགོས་མོད་ཀྱི། སྤྲོས་པ་ལ་དགའ་ཞིང་ཐུན་མོང་གི་དངོས་གྲུབ་དོན་དུ་གཉེར་བ་རྣམས་ཀྱི་དོན་དུ། བཅོམ་ལྡན་འདས་ཀྱི་རྒྱུད་སྡེ་རྣམས་སུ་ཐུན་མོང་གི་དངོས་གྲུབ་བསྒྲུབ་པའི་ཚུལ་མང་དུ་གསུངས་ཀྱང་ཕྲིན་ལས་བཞི་བསྒྲུབ་པའི་དོན་མཐའ་དག་བསྡུས་ཏེ། སློབ་དཔོན་རིན་ཆེན་རྡོ་རྗེས་མཛད་པའི། སྔགས་ཀྱི་རྒྱལ་པོའི་དམ་ཚིག་སྒྲུབ་ཐབས་འདི་ལ་གཉིས་ལས། དང་པོ་ལ་མན་ངག་གི་མཚན་དོན་ནི་སྔགས་ཐམས་ཅད་ཀྱི་རྩ་བ་དབྱངས་དང་གསལ་བྱེད་ཡིན་པའམ། སྔགས་ལ་མནྟྲ་སྟེ་དོན་ནི་ཡིད་སྐྱོབ་པ་ལ་འགྲོ་བས་མཆོག་གི་དངོས་གྲུབ་ཀྱི་དུས་སུ་རྟོག་པ་ལས་ཡིད་སྐྱོབ་པ་ལ་འགྲོ་བས་ན་སྐྱོབ་པ། གནས་སྐབས་སུ་ཐུན་མོང་གི་དངོས་གྲུབ་སྤེལ་བའམ་སྐྱོབ་པས་སྔགས་སོ། །འདིའི་གོང་ན་འདི་ལྟ་བུའི་ཟབ་པ་གཞན་མེད་པས་རྒྱལ་པོ། འདི་བསྒྲུབས་ན་མྱུར་དུ་འགྲུབ་པ་ལས་མི་འདའ་ཞིང༌། གྲུབ་ནས་སེམས་ཅན་གྱི་དོན་བྱ་བ་ལས་མི་འདའ་བས་ན་དམ་ཚིག་གོ །དེ་བསྒྲུབས་པའི་འབྲས་བུ་ཕྲིན་ལས་བཞི་འགྲུབ་པས་ན་དངོས་གྲུབ་བོ། །དེ་སྒྲུབ་པར་བྱེད་པའི་ཐབས་ཟབ་མོ་སྟོན་པར་བྱེད་པས་ན་སྒྲུབ་ཐབས་སོ། །གཉིས་པ་མཚན་ཅན་གཞུང་གི་དོན་ལ་གསུམ། དང་པོ་ཀླད་ཀྱི་དོན་ལ་གཉིས་ཀྱི་མཆོད་པར་བརྗོད་པ་ནི། ཕྲིན་ལས་རྣམ་པར་དག་པ་ཡིན་པས་ན། དེ་བཞིན་གཤེགས་པ་གདོན་མི་ཟ་བར་གྲུབ་པ་ལ་ཕྱག་འཚལ་ཏེ། བརྗོད་བྱ་དང་མཐུན་པའོ། །བདག་གི་རྒྱུད་ལ་ཡོན་ཏན་རིན་པོ་ཆེ་བསྐྱེད་ཅིང་ཁྱད་པར་དུ་འཕགས་པས་བླ་མའོ། །རང་གིས་སྐྱེ་བ་མང་པོར་ལས་བསགས་པའི་ལྷ་ཡིན་ཅིང༌། འཇིག་རྟེན་པ་ལས་ཁྱད་པར་དུ་འཕགས་པས་ན་ལྷག་པའི་ལྷ་སྟེ། བླ་མ་དང་དབྱེར་མེད་པའི་དོན་ཏོ། །སངས་རྒྱས་ཀྱི་ཡེ་ཤེས་ལས་བྱུང་ཞིང་བུད་མེད་འདུལ་དོན་དུ་དེའི་གཟུགས་བཟུང་ནས། རྫུ་འཕྲུལ་གྱིས་མཁའ་ལ་འགྲོ་བའི་མཁའ་འགྲོ་མ་ཐམས་ཅད་ཀྱང༌། ཡུལ་སུམ་ཅུ་རྩ་གཉིས་ན་གནས་པའི་མཁའ་འགྲོར་འདུ་བས། མཁའ་འགྲོ་མའི་ཚོགས་དེ་དག་ཐམས་ཅད་ལ་ཕྱག་འཚལ་བའོ། །གཉིས་པ་བརྩམ་པར་དམ་བཅའ་བ་ནི་གནས་སྐབས་སུ་སྤྲོས་པ་ལ་དགའ་བའི་གང་ཟག་ཀུན་གྱིས། བསྒྲུབ་པར་བྱ་བ་ཡིན་པས་ཐུན་མོང་ངོ༌། །དེ་སྒྲུབ་པའི་ཐབས་ཟབ་མོ་གོ་རིམ་སྟོན་པས་བྲི་ཞེས་པའོ། །གཉིས་པ་གཞུང་དོན་ལ་གཉིས་ལས། གང་ཟག་ནི་ཆོས་དང་ལྡན་ཞིང༌། གཞན་དོན་ལ་ཆེད་དུ་སེམས་པས། ཕྲིན་ལས་བསྒྲུབ་པར་འདོད་པས་ཞེས་པ་སྟེ། འོག་ནས། ཆོས་དང་ལྡན་པའི་གང་ཟག་གིས། །ཆོས་ཀྱི་དོན་དང་སེམས་ཅན་དོན། །བསྟན་པའི་དོན་དུ་སྤྱད་པ་ན། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་པས་ཤེས་སོ། །གཉིས་པ་དེས་གང་དུ་བསྒྲུབ་པའི་གནས་ནི་ལས་བཞིའི་དབང་གིས། དྲག་པོ་ལ་ནགས་ཚལ་ལམ་དུར་ཁྲོད། དབང་ལ་བྲག་དམར་པོ་རྩེ་མོ་མཐོ་ཞིང་བསྒྲུབ་བྱ་དེ་མཐོང་བའི་ས། རྒྱས་པ་ལ་མེ་ཏོག་དང་འབྲས་བུས་བརྒྱན་པའི་ལྗོངས། ཞི་བ་ལ་དབེན་ཞིང་ཉམས་དགའ་བའོ། །དེ་དག་སོ་སོར་མེད་ན་དབེན་ཞིང་ཉམས་དགའ་བས། ལས་བཞི་ཀ་འགྲུབ་པར་རུང་ངོ༌། །སྔར་མན་ངག་ལ་སྤྲོས་པ་ཆོད་པར་བྱས་པའི་གང་ཟག་དེས། གནས་ཡིད་དུ་འོང་བར་འདུ་འཛིའི་སྤྲོས་པ་བཅད་ལ་བསྒྲུབ་པར་བྱའོ། །གསུམ་པ་ཇི་ལྟར་བྱ་བའི་རིམ་པ་ལ། ལྔའི་དང་པོ། འཁོར་ལོ་ལ་ལྔ་ལས། བྲི་གཞི་ནི་ཞི་བ་ལ་ཤོག་བུ། དབང་དང་རྒྱས་པ་ལ་གྲོ་ག དྲག་པོ་ལ་དུར་ཁྲོད་ཀྱི་རས་སོ། །སྣག་ཚ་ནི། ཞི་བ་ལ་དུང༌། རྒྱས་པ་ལ་གུར་གུམ། དབང་ལ་གུར་གུམ་དང་རྒྱ་སྐྱེགས། སིནྡྷུ་ར་གསུམ་བསྲེའོ། །དྲག་པོ་ལ་དུག་ཁྲག་དང༌། དུར་ཁྲོད་སོལ་བའོ། །དབྱིབས་ནི། ཕྱི་རོལ་མུ་ཁྱུད་ཟླུམ་པོ་གསུམ་ནི། ཆུའི་དཀྱིལ་འཁོར་མཚོན། དབུས་སུ་ས་མཚོན་པས་གྲུ་བཞི་བསྣོལ་མ། མེ་མཚོན་པས་ས་གྲུ་བཞིའི་རྩེ་མོ་བརྒྱད་གྲུ་གསུམ། ཡང་ན་དབུས་གྲུ་གསུམ་བསྣོལ་མས། རླུང་གི་ཟླ་གམ་ཤུགས་ཀྱིས་བསྟན་པའམ། གྲུ་བཞི་འོག་མའི་ཕྱོགས་སོ། །གྲུ་གསུམ་གྱི་ལོགས་གསུམ་མོ། །དེ་ལྟར་འཁོར་ལོ་གཅིག་ལ་ཡང་དེ་རྣམས་ཚང་བར་ཡོད་པ་ནི། ས་དང་ཆུ་དང་མེའི་དབྱེ་བའི་དབང་གིས་སོ། །མཚན་མ་ནི། དབང་དང་རྒྱས་པ་ལ་ཟུར་བརྒྱད་ལ་རྡོ་རྗེ། ཞི་བ་ལ་དབུས་དང་ཕྱོགས་མཚམས་རྣམས་སུ་བུམ་པ་བརྒྱད། དྲག་པོ་ལ་རྡོ་རྗེ་རྩེ་གསུམ་གདེངས་པ་མན་ངག་གོ །དེ་ལྟར་ཕྱོགས་མཚམས་རྣམས་སུ། ཟུར་གཏད་པ་གྲུ་བཞི་བསྣོལ་ནས་བརྩེགས་པའོ། །ཟུར་བརྒྱད་ལ་རྡོ་རྗེས་མཚན་པའི་རྭ་བར་དྲུག་ལ། དང་པོའི་སྔགས་གསུམ་བྲི། གཉིས་སྟོང་པར་བཞག ཕྱིའི་མུ་ཁྱུད་ལ་སྔགས་རིང་གསུམ་དུ་བགོས་ལ་བྲི། ནང་མ་ལ་ཨཱ་ལི་ཀཱ་ལི་བྲི། སྔགས་ཐམས་ཅད་གཡོན་སྐོར་ལ། ང་ཉ་ན་མ་བཞི་སྤངས་པ་བྲི། ལྟེ་བར་གཟུགས་ཀྱི་སྙིང་གར་ནྲྀའི་མཐའ་མར་མིང་དང་བ་ཤཾ་ཀུ་རུ་ཧོཿས་བསྐོར། འཁོར་ལོ་དེ་འདྲ་བ་གཉིས་བྲི་བ་ནི་བརྩེགས་པའོ། །རབ་གནས་ཀྱི་མཎྜལ་གྱི་སྒོ་དང་དབུས་སུ་ལྕགས་ཀྱུ་བྲིའོ། །མཎྜལ་ལ་རྩ་བའི་སྔགས་དང༌། ཤམ་བུའི་སྔགས་གཉིས་ལས། རྩ་བ་ནི་ཀཱ་ལི་སོ་གཉིས་ཡིན། དེ་ལ་དྲངས་ནས་སྤེལ་ཏེ། ཀ་ཀཱ་དྷཱ་ཡ་ལ་སོགས་པ་སྔགས་ཚན་སུམ་ཅུ་སོ་གཉིས་བཟླས་པའི་སྔགས་སུ་འགྱུར་རོ། །ཨཱ་ལི་དང་པོ་ཨ་ནས་དྲངས་པ་ནི། ཨ་ཨ་མོ་ཀ་སྱེ་ཀྲིཏྟེ། ཞེས་པ་ཡིན། ཨ་ནི་ཡི་གེའི་སྲོག་ཡིན་ལ། ཨ་མོ་ཀ་ནི་ཆེ་གེ་མོའི་སྟེ། བསྒྲུབ་བྱའི་སྲོག་མིང་ལ་གཞུག་པའི་དོན་ཡིན་པས། དེ་དོར་ལ་འདིར་མིང་གཞུག ཤམ་བུ་ནི་ཤཱནྟིཾ་ལ་སོགས་པའོ། །ཨོཾ་ཤཱནྟིཾ་ཀ་རི་ཎི་བྷྲཱུྃ་ལ་སོགས་པ་གསུམ་ནི། དང་པོའི་སྔགས་གསུམ་ཞེས་བྱ་སྟེ། ཤཱནྟིཾ་ནི་སྐུའི་སྙིང་པོའོ། །ཀུ་སུ་མ་ནི་གསུང་གིའོ། །བཛྲ་ཀུ་པ་ཐུགས་ཀྱི་ཡིན་པས། སྔགས་ཀྱི་མགོ་དྲང་བར་བྱའོ། །དེ་ནས། གྲོ་ཀེ་མ་ཀྲིཏྟེའི་རྗེས་ལ། སརྦ་ཤ་ཏྲཱུཾ་མཱ་ར་ནི་དགྲ་ཐམས་ཅད་ཅེས་པ་ཡིན་པས། མིང་གི་གནས་དེར་མིང་བཅུག་ལ། ཀ་ཀཱ་དྡྷཱ་ཡ་དང་སྦྲེལ་ལོ། །དེ་ལྟར་མིང་གི་གནས་དེ་དག་ཏུ་མིང་བསྒྱུར་བ་དང༌། བསྒྲུབ་བྱ་གཞན་ལ་བྱེད་ན་སྔར་གྱི་མིང་བསྒྲུབ་བྱ་ཕྱི་མའི་མིང་དུ་བསྒྱུར། དང་པོའི་སྔགས་ཀྱི་ཤམ་བུ་ཡང་དབང་ལ་བ་ཤཾ་དང༌། རྒྱས་པ་ལ་པིུཥྚཾ། དྲག་པོ་ལ་མཱ་ར་ཡ། ཞེས་པར་བསྒྱུར་བ་ནི་འདོན་པ་བསྒྱུར་བའོ། །ཡང༌། ང་ཉ་གཉིས་བྲི་བ་དང༌། བཟླས་པ་གཉིས་ཀ་ལ་ཐམས་ཅད་དུ་འབྱིན། དྲག་པོ་ལ་ནཱ་ཤ་ཡ་ཤཱནྟིཾ། པུཥྚིཾ། དབང་ལ་ཤཱནྟིཾ། པུཥྚིཾ། མཱ་ར་ཡ། བྷ་ཏ་མ་ར་ནན་རྣམས་འབྱིན། ཞི་བ་ལ་ཤཱནྟིཾ་མིན་པ་འབྱིན། རྒྱས་པ་ལ་པུཥྚིཾ་མིན་པ་རྣམས་འབྱིན་པ་ནི་འདོད་པའོ། །གལ་ཏེ་དེ་དག་མ་བཏོན་ན། ལས་དེ་དག་གི་འབྲས་བུ་གཞན་དུ་འགྱུར་རོ། །ཡང་དབང་ལ་ནཱ་ཤ་ཡ། དྲག་པོ་ལ་མཱ་ར་ཡ། ཞི་བ་ལ་ཤཱནྟིཾ། རྒྱས་པ་ལ་པུཥྚིཾ། ལས་བཞི་སོ་སོའི་ཤམ་བུ། མིང་གི་གནས་སུ་བསྒྲུབ་བྱའི་མིང་བཅུག་པ་ནི་གཞུག་པའོ། །དེ་དག་མ་བཅུག་ན་མདའ་མདེའུ་མེད་པ་མུན་ཁུང་དུ་འཕེན་པ་དང་འདྲ་བས་ན་འབྲས་བུ་མི་འབྱུང་བའམ། བུལ་བར་འགྱུར་བས་ན། དེ་དག་གཞུག་པ་ནི་ཤིན་ཏུ་གཅེས་པའོ། །གཉིས་པ་ཇི་ལྟར་བསྒྲུབ་པའི་ཚུལ་ལ་དྲུག་ལས། དང་པོ་བསྙེན་པ་ལ། སྤྱིའི་བསྙེན་པ་ཡི་དམ་གང་ཡིན་གྱི་བསྙེན་པ་སོང་བའོ། །ཉེ་བའི་བསྙེན་པ་ནི། མཎྜལ་ལས་དང་མཐུན་པར་འཁོར་ལོའི་རབ་གནས། སྐུ་གསུང་ཐུགས་ཀྱི་བྱིན་རླབས་མན་ངག་བཞིན་བྱས་ལ། ཞི་བའི་སྣོད་དཀར་པོ། རྒྱས་པ་ལ་སེར་པོ། དབང་ལ་དམར་པོ། དྲག་པོ་ལ་ནག་པོའི་ནང་དུ་མདུན་དུ་བཞག་ལ། དབང་དྲག་གཉིས་ལ་བསྒྲུབ་བྱའི་གཟུགས་མིང་དང༌། རབ་གནས་དང་བསྙེན་པ་གཉིས་ཀ་ལ་མིང་མི་བྲི་ཞིང༌། ཞི་རྒྱས་གཉིས་ལ་དང་པོ་ཉིད་ནས་བྲིའོ། །དེ་ནས་རང་ཡི་དམ་དུ་བསྒོམས་ནས། རབ་གནས་ཀྱི་དམིགས་པ་ཡང་ཡང་གསལ་གདབ་ཅིང༌། སྔགས་ཐམས་ཅད་དྲིལ་ལ་ཐུན་བཞིར་བཟླས་ཤིང༌། ཡི་དམ་དང༌། ཆོས་སྐྱོང་དང༌། འདོད་རྒྱལ་དང༌། མཁའ་འགྲོ་སྤྱིའི་གཏོར་མ་རྣམས་དབུལ་ཞིང༌། ལས་དང་མཐུན་པའི་གསོལ་བ་གདབ། དེ་ལྟར་ཞག་བདུན་ནམ་བཅུ་བཞིའམ། ཉེར་གཅིག་གམ། ཟླ་བ་གཅིག་ཏུ་བསྙེན་པ་བྱའོ། །བསྒྲུབ་པ་ནི་ཞི་བ་ལ་མཎྜལ་ཟླུམ་པོ་དཀར་པོའི་སྟེང་དུ་སྣོད་དཀར་པོར་འཁོར་ལོ་བཞག་ལ། མིང་ལ་བསྒྲུབ་བྱ་དགུག་ཅིང་ཐུན་བཞིར་སྔགས་མིང་སྤེལ་བའི་ཤམ་བུ་དང་བཅས་པ་བཟླས་ཤིང༌། འཁོར་ལོའི་སྔགས་ལས་འོད་ཟེར་ཆུ་རྒྱུན་ལྟ་བུ་བྱུང་སྟེ། བསྒྲུབ་བྱའི་ནད་གདོན་ལ་སོགས་པའི་མི་མཐུན་པ་རྣམས་ཞི་བར་བསམ་ཞིང་བསྒྲུབ་པ་བྱའོ། །རྒྱས་པ་ལ་མཎྜལ་སེར་པོར་འཁོར་ལོ་བཞག་ནས། འདོད་རྒྱལ་ལྕགས་ཀྱུ་དང་ཞགས་པ་ཐོགས་པ་སྤྲོས་ལ། འཇིག་རྟེན་གྱི་ཁམས་ཟས་ནོར་དང་བཅུད་ཐམས་ཅད་བསྡུས་ནས། རང་གི་གནས་དེ་ནོར་གྱི་ས་གང་བར་བསམ། དབང་ལ་རང་གི་སྙིང་ག་ནས་འདོད་རྒྱལ་སྤྲོས་ཏེ། གཟུགས་དང་མིང་ལ་བསྒྲུབ་བྱ་དེ་ཡང་ཡང་དགུག་གཞུག་བྱ་ཞིང༌། མཎྜལ་དམར་པོ་དང་སྣོད་དམར་པོར་འཁོར་ལོ་བཞག་ཅིང་ཐུན་བཞིར་མིང་ལ་དགུག་གཞུག་བྱ་ཞིང༌། མིང་སྤེལ་དང་བཅས་པའི་སྔགས་བཟླས་ཤིང་བསྒྲུབ་བོ། །དྲག་པོ་ལ་མཎྜལ་ནག་པོ་གྲུ་གསུམ་དུ་འཁོར་ལོ་བཞག་ལ། འཁོར་ལོ་ལ་འདོད་རྒྱལ་གྱིས་བསྒྲུབ་བྱ་བསྟིམ་སྟེ། འཁོར་ལོ་ཉིས་བརྩེགས་འཁོར་བའི་བར་དུ། བསྒྲུབ་བྱ་ཉལ་ཉལ་གཏུབས་པར་བསམས་ལ། ཤ་དང་ཁྲག་མཁའ་འགྲོ་མའི་ཚོགས་ཀྱིས་ཟོས་པ་དང༌། འཐུངས་པར་བསམས་ལ་སྔགས་བཟླས་སོ། །དེ་ལྟར་ཟླ་བ་གཅིག་བྱའོ། །འདི་ཤིན་ཏུ་གཉན་པས། གཏོར་མ་མ་ཆགས་པ་དང༌། མཚམས་དམ་པ་དང་གསང་བ་གལ་ཆེའོ། །དེ་ནས་འཁོར་ལོ་བརྒྱད་ལྟབ་ལ་སོགས་པས་བལྟབ། ཞི་བ་ལ་དར་དཀར་པོ། རྒྱས་པ་ལ་སེར་པོ། དབང་ལ་དམར་པོ། དྲག་པོ་ལ་ནག་པོས་གྲིལ་ལ། བུ་མོ་གཞོན་ནུ་མས་བཀལ་བའི་སྐུད་པ། ལས་དང་མཐུན་པའི་ཁ་དོག་ཅན་གྱིས་ཞི་བ་ལ་པདྨ་བྲིས། དབང་ལ་ཟླ་གམ། རྒྱས་པ་ལ་གྲུ་བཞི། དྲག་པོ་ལ་གྲུ་གསུམ་དུ་དཀྲིས་ཏེ། ཞི་རྒྱས་ཀྱི་ལས་དང་མཐུན་པའི་གའུ་སོ་སོའི་ནང་དུ་སོ་སོའི་རྫས་ཀྱིས་བཀང་བའི་ནང་དུ་སྟེང་འོག་མ་ནོར་བར་བཅུག་ནས་ལས་དང་མཐུན་པའི་ཁ་དོག་ཅན་གྱི་ཁུག་མར་བཅུག་ནས། མིས་མི་མཐོང་བ་དབེན་པར་སྦའོ། །ལས་སྦྱོར་ནི། དབང་ལ་ནང་རེ་བཞིན་དུ་ཁྭ་དའི་སྐད་མི་གྲག་པའི་གོང་དུ་ལངས་ལ། ཕོ་ལ་འཁོར་ལོ་དེ་རང་གི་རྐང་པ་གཡས་པའི་མཐེ་བོང༌། མོ་ལ་གཡོན་པའི་མཐེ་བོང་གིས་མནན་ལ། སྔར་གྱི་དམིགས་པ་དང༌། སྔགས་དང་བསྟུན་ལ་ཉེར་གཅིག་བཟླས། དེ་བཞིན་དུ་ཞི་བ་ལ་སོགས་པ་ལས་གསུམ་པོ་ལ་སོ་སོའི་དམིགས་པ་བྱ་ཞིང༌། གའུ་མཐེ་བོང་གིས་མནན་ལ། སྔགས་ཉི་ཤུ་རྩ་རེ་བཟླས་སོ། །ཁྱད་པར་དུ་ཞི་བ་ལ། སྔགས་བཟླས་པའི་བུམ་ཆུས་བསྒྲུབ་བྱ་ལ་དངོས་སུ་བཀྲུ་བ་དང༌། རྒྱས་པ་ལ་མཆོད་པ་དང་སྦྱིན་གཏོང་ལ་སོགས་པ་བྱ་བ་དང༌། དྲག་པོ་ལ། སྔགས་བཟླས་པའི་ཐུན་རྫས་ཀྱིས་ལིངྒ་ལ་དྲག་ཏུ་བྲབ་པ་དང་འབྲེལ་བར་བྱའོ། །ལས་ཀྱི་མཐའ་ཞི་བ་ལ་ཁྲུས་ཀྱིས་བསྡུ། རྒྱས་པ་ལ་བཀྲ་ཤིས་རྒྱ་ཆེན་པོ་བརྗོད་ཅིང་འཁོར་ལོ་སྦས་ལ་མཆོད་པས་བསྡུ། དབང་ལ་གསང་སྟེ་སྦས་པས་བསྡུའོ། །དྲག་པོ་ལ་ཀླུ་གནས་པའི་སར་ལིངྒ་མནན་པས་བསྡུ་བ་ནི་ལས་སྦྱོར་རོ། །དེ་ལྟར་བྱས་ཀྱང་མ་གྲུབ་ན། འཁོར་ལོ་དང༌། ཏིང་ངེ་འཛིན་དང༌། སྔགས་ཀྱིས་གནད་ལ་དབབ་པ་ཞག་བདུན་བྱ། དེས་ཀྱང་མ་གྲུབ་ན་སྒྲུབ་པ་བསྐྱར། དེ་རྗེས་ལ་སྤོགས་པའི་ཆོ་ག་མན་ངག་བཞིན་བྱ། དེས་ཀྱང་མ་གྲུབ་ན་དམ་ཚིག་གི་རྫས་ལ་བཟླས་པ་བྱས་པའི་རིལ་བུ་བཏང་ན། འགྲུབ་པར་འགྱུར་བ་ནི་མཁའ་འགྲོ་མའི་རྫས་སྒྲུབ་སྟེ་དམ་པའོ། །དེ་ལྟར་ན་སྤོགས་ཆོག་མི་དགོས་པ་དེ་ཉིད་དོ། །ལྔ་པ་ཇི་ལྟར་བསྒྲུབ་པའི་ཚུལ་རྒྱས་པར་བཤད་པ་ལ་གསུམ་ལས། འཁོར་ལོའི་སྣོད་ཀྱི་དབྱེ་བ་ནི། ཞི་བ་ལ་དུང༌། རྒྱས་པ་ལ་གསེར་རམ་ར་གན། དབང་ལ་ཟངས། དྲག་པོ་ལ་ལྕགས་སོ། །ཁ་དོག་ནི་དེ་ཉིད་ཀྱིས་ཤེས་སོ། །དབྱིབས་ནི་འཁོར་ལོའི་དབྱིབས་བཞིན། ཞི་བ་ལ་ཟླུམ་པོ། རྒྱས་པ་ལ་གྲུ་བཞི། དབང་ལ་ཟླ་གམ། དྲག་པོ་ལ་གྲུ་གསུམ་མོ། །འཁོར་ལོའི་སྣོད་དང་ལས་སོ་སོའི་བྱེ་བྲག་གོ །དེ་ནས་གཞན་སྤྲོས་ཏེ་བསྟན་པ་ནི། བསྒོམ་པ་ལྷའི་ཁ་དོག་དང༌། སྔགས་ཀྱི་འོད་ཟེར་དང༌། འཁོར་ལོ་རྣམས་ཀྱི་དམིགས་པ་བསྒོམ་པའི་ཚེ་ཁ་དོག་དང་དབྱིབས་ལ་སོགས་པ། ལས་དང་མཐུན་པ་དེས་ཤེས་པར་བྱའོ། །ཞེས་པའོ། །བསྒོམ་པ་ལྷ་བསྟན་པ་དངོས་ནི། རང་གི་ལྷག་པའི་ལྷ་ནི། གང་ཟག་ཀུན་གྱིས་ཐུན་མོང་དུ་བསྒོམ་པར་བྱ་བ་ཡིན་པས་ཐུན་མོང་གི་ལྷའོ། །ཕྲིན་ལས་བསྒྲུབ་པའི་ལྷ་ནི་འདོད་རྒྱལ་ཏེ་ཁྱད་པར་གྱི་ལྷའོ། །མཁའ་འགྲོ་མ་སུམ་ཅུ་སོ་གཉིས་ནི་ལས་འདི་ལ་མཆོག་ཏུ་ཤིས་པའི་ལྷའོ། །དེ་དག་གི་ཁ་དོག་ནི་གོང་དུ་བསྟན་པའོ། །དུས་ནི་རྗེས་གནང་ཞུ་བའི་དུས་ཚེས་བརྒྱད་བསྙེན་བསྒྲུབ་ཀྱི་འཁོར་ལོ་བྲི་བ་དང༌། རབ་གནས་དང༌། སྤོགས་ཆོག་རྣམས་ཀྱི་དུས་ཀྱི་ཁྱད་པར་ནི་ཉི་ཤུ་ལྔའོ། །ཡང་ཞི་བ་ལ་ཚེས་གཅིག རྒྱས་པ་ལ་ཚེས་བཅོ་ལྔ། དབང་ལ་ཉེར་ལྔ། དྲག་པོ་ལ་ཉེར་དགུ་ནི་མན་ངག་གོ །རྒྱུན་དུ་ལས་སྦྱོར་གྱི་དུས་ནི། རྒྱས་པ་ལ་སྔ་དྲོ། དྲག་པོ་ལ་ཉིན་མཚན་གྱི་གུང༌། ཞི་བ་ལ་དགོངས་མོའི་ཉི་ཟེར་རམ་སྲོད་དོ། །དབང་ནི་ཐོ་རངས་བྱ་ཁྭ་དའི་སྐད་མི་གྲག་པའི་དུས་དེ་མན་ངག་གོ །ཕྲེང་བ་དང་རྒྱན་གོས་ལ་སོགས་པའི་མདོག་ནི། ཞི་བ་ལ་དཀར་པོ། རྒྱས་པ་ལ་སེར་པོ། དབང་ལ་དམར་པོ་སྟེ། ས་ཆུ་མེའི་དབྱེ་བས། ཁ་དོག་གསུམ་སོ་སོའོ། །དྲག་པོ་ལ་ནག་པོ་སྟེ། གོང་མ་རྣམས་ཀྱི་ཤུགས་ལས་བསྟན་པའོ། །གའུ་ནང་གི་རྫས་ནི། དབང་ལ་ཞུན་མར་དང་སྦྲང་རྩི། གུར་གུམ། ཞི་བ་ལ་ཞོ། རྒྱས་པ་ལ་འབྲུ་དང་རིན་པོ་ཆེ་སྣ་ཚོགས། དྲག་པོ་ལ་དུག་དང༌། ཡུངས་ཀར་དང༌། ཡུངས་ནག་དང༌། ཁྲག་སྣ་ཚོགས་ཀྱི་སྒྲས། ལྕགས་ཟངས་རྡོ་ཕྱེ། སྐེ་ཚེ། ལན་ཚྭ། གྲི་ཁྲག ནད་ཁྲག་ལ་སོགས་པ། ཐུན་རྫས་ཀྱི་བྱེ་བྲག་རྣམས་བསྟན་ཏོ། །བསམ་པའི་སྒོ་ནས་ལས་ཀྱི་དབྱེ་བ་ནི། ཞི་བ་ལ་མ་རུངས་པ་དང༌། ནད་གདོན་ལ་སོགས་པ་ཞི་བར་འདོད་པའི་བསམ་པས། དབང་ལ་བསྒྲུབ་བྱ་དབང་དུ་བའི་བསམ་པ། རྒྱས་པ་ལ་ཚེ་དང་བསོད་ནམས་དང་ལོངས་སྤྱོད་ལ་སོགས་པ་རྒྱས་པར་འདོད་པའི་བསམ་པ། དྲག་པོ་ལ་གདུག་པ་ཅན་ཚར་གཅོད་པའི་བསམ་པ། ཞེས་པའོ། །བསྒྲུབ་པའི་དུས་ནི། ཞི་བ་ལ་ཟླ་བ་གཅིག རྒྱས་པ་ལ་ཟླ་བ་གཉིས། དབང་ལ་ཟླ་བ་གསུམ། དྲག་པོ་ལ་ཟླ་བ་བཞི། སྤོགས་པ་ལ་ཟླ་བ་གཅིག་ཤུགས་ལས་བསྟན་ཏོ། །དེའི་ཁྱད་པར་ནི་བསྒྲུབ་དཀའ་སླའི་དབང་དུ་བྱས་ནས་གསུངས་སོ། །ཡང་བསྙེན་པ་ཟླ་གཅིག སྒྲུབ་པ་ཟླ་གཅིག ལས་སྦྱོར་ཟླ་གཅིག སྤོགས་པ་ཟླ་བ་གཅིག་སྟེ་བཞིའོ། །ཡང་བསྒྲུབ་བྱ་བསོད་ནམས་ཆེ་ཆུང་དང༌། སྡེ་མང་ཉུང་ལ་སོགས་པའི་དབང་གིས། སྡེ་པ་བསོད་ནམས་ཆེ་ན། བསྙེན་པ་ཟླ་གཅིག སྒྲུབ་པ་ལ་ཟླ་བ་གཉིས་གཉིས། ལས་སྦྱོར་ལ་གསུམ་གསུམ། གནད་ལ་དབབ་པ་དང༌། ནང་སྒྲུབ། གསང་སྒྲུབ་རྣམས་ཟླ་བ་གཅིག་བྱ་སྟེ་བཞིའོ། །དེ་རྣམས་ཀྱི་རྒྱུ་མཚན་འོག་ནས་སྟོན། མཉེས་བྱ་མཆོད་པའི་བྱེ་བྲག་ནི། ལས་དང་མཐུན་པའི་སྣོད་དུ། སོ་སོའི་ཁ་དོག་དང་མཐུན་པའི་དབྱིབས་ཅན་གྱི་གཏོར་མ་གསུམ་གསུམ་དང༌། དེ་བཞིན་དུ་ལས་དང་མཐུན་པའི་མཆོད་པ་དང་ལས་སོ་སོའི་བྱེ་བྲག་གིས་ཐུན་མོང་དང་ཁྱད་པར་མཆོག་གི་ལྷ་མཉེས་པར་བྱའོ། །ལས་སོ་སོའི་དོན་དུ་གསོལ་བ་བཏབ་ལ། དངོས་གྲུབ་བླང་བར་བྱའོ། །འདི་ཤིན་ཏུ་གཉན་ཅིང་བར་ཆད་མང་བས་བསྲུང་བའི་འཁོར་ལོ་བསྒོམ་པ་དང༌། ལུས་བྱིན་གྱིས་བརླབ་པའི་མན་ངག་དང་ལྡན་པས། བར་ཆད་བསྲུང་བ་ལ་ལུས་ངག་ཡིད་གསུམ་གྱི་ལས་ཀྱིས་བསྒྲུབ་པ་ནི། ལུས་ལྷ། ངག་སྔགས། ཡིད་ཏིང་ངེ་འཛིན་ལ་འབད་པས། གཡེང་བ་མེད་པར་བསྒྲུབ་བོ། །གསང་སྟེ་འབད་པས་བསྒྲུབ་པ་ནི། ཡིད་གཞུངས་ཤིང་རྩེ་གཅིག་པ་ཧོར་པ་ལྟ་བུ་དང༌། སྤྱོད་པ་ལུས་ཀྱི་སྒོ་ནས་གསང་བ་ཁ་དམ་ཞིང་གསང་བ་མི་རོ་ལྟ་བུ་དང༌། བརྗོད་པ་ཚིག་གི་སྒོ་ནས་གསང་བ་དྲན་པ་ཡིད་ཀྱི་སྒོ་ནས་བློ་སྟོབས་ཆེ་བ། གནས་གཅིག་ཏུ་གནས་པས་རྒྱལ་པོ་ལྟ་བུ་སྟེ། དཔེ་གསུམ་གྱི་ཚུལ་གྱིས་ཤིན་ཏུ་གསང་སྟེ་སྤྱད་ན་འགྲུབ་བོ། །དེ་ལྟར་མ་བྱས་ན་ནི་སྒྲུབ་པ་ཞུད་ནས། ལས་མི་འགྲུབ་ཅིང་བར་ཆད་ཀྱི་གནས་ཏེ། འོག་ནས། དེ་ལས་གཞན་པས་མི་འགྲུབ་སྟེ། །ལུས་ངག་ཉོན་མོངས་ཁོ་ནར་ཟད། །ཅེས་པས་ཤེས་སོ། །སྔོན་དུ་བླ་མ་ལས་ལུང་བླངས་ཏེ་བསྒྲུབ་པ་ནི་རྒྱུད་སྡེ་ནས་བཤད་པའི་མཚན་ཉིད་དང་ལྡན་ཞིང༌། ཁྱད་པར་དུ་གདམས་ངག་འདི་ཉིད་ཀྱི་ལུང་དང༌། མན་ངག་ཡོད་པའི་བླ་མ་ལས་ལུང་བླངས་ཏེ། ཚུལ་བཞིན་དུ་བསྒྲུབས་ན་འགྲུབ་སྟེ་དེའི་མན་ངག་བླ་མ་ལས་ཤེས་སོ། །སྒྲུབ་པ་རབ་འབྲིང་གི་དབྱེ་བ་ནི། རང་བསོད་ནམས་ཆེ་བསྒྲུབ་བྱ་བསོད་ནམས་ཆུང་ན། ཟླ་བ་གཅིག་གིས་འགྲུབ་སྟེ་རབ་ཏུ་བྱ། རང་འབྲིང་བསྒྲུབ་བྱ་འབྲིང་དང་ཐ་མར་གྱུར་བ་ཟླ་བ་གཉིས་ཏེ་འབྲིང༌། རང་ཐ་མ་བསྒྲུབ་བྱ་འབྲིང་ལ་ཟླ་བ་གསུམ་སྟེ་ཐ་མ། རང་བསོད་ནམས་ཆུང་བསྒྲུབ་བྱ་བསོད་ནམས་ཆེ་བ་ལ་ཟླ་བ་བཞིར་འགོར་བ་ནི་ཤིན་ཏུ་ཐ་མ་སྟེ། དེ་ལྟར་ན་རང་དང་བསྒྲུབ་བྱའི་བསོད་ནམས་བརྟག་ཅིང༌། བསོད་ནམས་རབ་འབྲིང་དེ་ལྟར་ཤེས་ནས་སྒྲུབ་པ་ཡུན་རིང་ཐུང་གི་ཚད་ཉིད་ཀྱང་དེས་ཤེས་སོ། །དེའི་ཕྱིར་བསྒྲུབ་བྱ་བསོད་ནམས་ཆེ་ཞིང༌། རང་འབྲིང་དང་ཐ་མར་གྱུར་པའི་ཚེ། རང་གི་བསོད་ནམས་ཀྱི་དཔུང་བསྐྱེད་པ་དང༌། དྲག་པོའི་ཚེ་བསྒྲུབ་བྱ། བསོད་ནམས་སྨད་པའི་མན་ངག་ཀྱང་ཤེས་པར་བྱའོ། །དམ་ཚིག་ལ་ལྔ་ལས། གྲུབ་ནས་གཞན་ལ་ལུང་མི་སྦྱིན་པ་ནི། རང་གིས་སྒྲུབ་པ་བྱས་ཏེ་རྟགས་ཐོན་ནས་གཞན་ལ་ལུང་དང་མན་ངག་མི་སྦྱིན། བྱིན་ན་བྱིན་རླབས་ཡལ་ཏེ་ནུས་པ་མི་ཐོན། གལ་ཏེ་དེ་ལྟ་བུ་བྱུང་ན་རང་དབང་དང་དམ་ཚིག་བླངས་ཏེ། གསོ་ཞིང་གསང་སྟེ་བསྙེན་བསྒྲུབ་བསྐྱར་ལ་བྱ་བ་ནི། སྒྲུབ་པ་པོ་རབ་ཏུ་གནས་པའོ། །འཁོར་ལོའི་རབ་གནས་སྔར་བཞིན་བྱ་བ་ནི། རབ་གནས་གསོ་བའོ། །དེའི་ཤུགས་ལས་ཞུད་པ་གསོ་བ་ལའང་ཡང་ཡང་དུ་རབ་གནས་གསོས་ན་བཟང་བར་ཤེས་པར་བྱའོ། །གཞན་དོན་དུ་བསྒྲུབས་ན་འགྲུབ་པ་དང༌། རང་དོན་དུ་བསྒྲུབས་ན་མི་འགྲུབ་པར་བསྟན་པ་ནི་གོ་སླའོ། །སྒྲུབ་པ་རབ་འབྲིང་གི་རྒྱས་བཤད་ནི། རང་བསོད་ནམས་ཆེ་ཞིང༌། བསྒྲུབ་བྱ་བསོད་ནམས་རང་ལས་དམན་པ་ལ་བྱེད་ན། བསྒྲུབ་སླ་སྟེ་ཟླ་བ་གཅིག་ནས་འགྲུབ། རང་འབྲིང༌། བསྒྲུབ་བྱ་གྲོང་གཅིག་ཙམ་ལ་བྱེད་ན་འབྲིང་སྟེ་ཟླ་བ་གཉིས། རང་བསོད་ནམས་ཐ་མས། བསྒྲུབ་བྱ་རྒྱལ་ཁམས་གཅིག་གམ། དེའི་རྒྱལ་པོ་ལ་བྱེད་ན་བུལ་ཏེ་ཟླ་བ་གསུམ་ནས་འགྲུབ། རང་ཤིན་ཏུ་ཐ་མས་རྒྱལ་ཁམས་སམ། རྒྱལ་པོ་དེ་བས་ཀྱང་ཆེ་བ་ལ་བྱེད་ན་ཐ་མ་སྟེ་ཟླ་བ་བཞི་ནས་འགྲུབ། དེའི་རིགས་པས་ཕྱེ་སྟེ་ཤེས་པར་བྱའོ། །ཡང་ཤེས་བྱའི་གནས་ལྔ་རིག་པའི་པཎྜི་ཏ་དང༌། དགེ་བའི་བཤེས་གཉེན་སྡེ་སྣོད་ཤེས་པ་ནི་གྲུབ་མཐས་བློ་བསྒྱུར་བས་འཁུལ་དཀའ་བའི་བདག་པོ་སྟེ་རྒྱལ་པོ་འབྲིང༌། ཁྱིམ་གཅིག་ལྟ་བུ་ལ་བྱེད་ན་སླ། དེའི་རིགས་པས་བསྒྲུབ་བྱ་གཅིག་ལ་བྱེད་ན་ཤིན་ཏུ་སླ་སྟེ། གོང་དུ་ཕོ་མོའི་དབྱེ་བས་ཤེས་པར་བྱའོ། །ཞེས་སོ། །དགུག་པའི་དུས་སུ་བསྒྲུབ་བྱ་ཕོ་ལ་འོད་ཟེར་སྙིང་ག་ནས་གཞུག མོ་ལ་གསང་གནས་ནས་གཞུག་སྟེ། དགུག་པ་དང་སྤོགས་ཆོག་གི་དུས་སུ་གའུའི་འཁོར་ལོ་སྟེང་འོག་བསྒྱུར་བས་ཕོ་འོག་མོ་སྟེང་དུ་འོང་བ་ནི་ཕོ་མོའི་དབྱེ་བའོ། །ཡང་རྒྱལ་ཁམས་སམ། གྲོང་ཁྱེར་ལྟ་བུ་མང་པོ་ལ་བྱེད་ན། འདོད་རྒྱལ་དང༌། མཁའ་འགྲོ་མ་རྣམས་མང་པོ་སྤྲོས་ནས། དགུག་དགོས་ལ། སྔགས་ཀྱང་མ་ག་དྷཱ་པ་བདག་གི་དབང་དུ་གྱུར་ཅིག །ཅེས་པ་ལྟ་བུ་དང༌། དཔལ་ནཱ་ལེནྡྲ་པ་ཝ་ཤཾ་ཀུ་རུ་ཧོ། ཞེས་པ་ལྟ་བུ་དང༌། ཕོ་མོ་གཅིག་པུ་ལྟ་བུ་ལ་བྱེད་ན། ཆེ་གེ་མོ་ཉིད་ཀྱི་མིང་རུས་གཞུག་པ་ནི། བྲི་བཟླས་གཉིས་ཀ་ལ་དེའི་ཁྱད་པར་ཤེས་པར་བྱ། ཞེས་བསྟན་པའོ། །གསུམ་པ་མཇུག་གི་དོན་ལ་གསུམ། མན་ངག་གི་ཆེ་བ་ནི་གཞན་ལས་ཟབ་ཅིང་མྱུར་བ་འདི་ལྟ་བུ་མེད་པས་ན་གཞན་ལས་ཁྱད་པར་དུ་འཕགས་པའི་སྒྲུབ་ཐབས་སོ། །ཆེད་དུ་བྱ་བ་ནི་རང་གི་འདོད་པ་མ་ཡིན་པར་རང་འདོད་དང་བྲལ། །ཞེས་པའོ། །འོ་ན་གང་གི་དོན་དུ་བྱས་ན། ཐུན་མོང་གི་དངོས་གྲུབ་ལ་དགའ་བའི་གང་ཟག་གཞན་གྱི་དོན་དུ་བྱས། ཞེས་པའོ། །དགེ་བ་བསྔོ་བ་ནི། མན་ངག་ཟབ་མོ་ཡི་གེར་བཀོད་པའི་དགེ་བ་དེས། ཐུན་མོང་གི་དངོས་གྲུབ་འདོད་པའི་དོན་དུ་བསྒྲུབས་ནས། གནས་སྐབས་སུ་སེམས་ཅན་ཐམས་ཅད་ཚིམ་པར་གྱུར་ཅིག དེ་ལ་བརྟེན་ནས་མཐར་ཐུག་མཆོག་གི་དངོས་གྲུབ་ཀྱིས་སེམས་ཅན་ཐམས་ཅད་ཚིམ་པར་གྱུར་ཅིག ཅེས་པའོ། །མཚན་དོན་ནི་སྔར་དང་འདྲ། མཛད་པ་པོ་ནི་སློབ་དཔོན་རིན་ཆེན་རྡོ་རྗེས་སོ། །དོན་མ་ཚང་བ་མེད་པས་རྫོགས་སོ། །ཞེས་པའོ། །རྟོགས་ན་ལས་བཞི་ཀུན་གྱི་དོན་གསལ་ཞིང༌། །བསྒྲུབས་ན་དངོས་གྲུབ་མ་ལུས་འགྲུབ་འགྱུར་ལ། །ཉུང་ངུའི་ཚིག་གིས་རྒྱུད་སྡེའི་དོན་སྟོན་པ། །སྒྲུབ་ཐབས་འདི་ནི་ནོར་བུ་རིན་ཆེན་འདྲ། །དེ་དོན་གསལ་བྱེད་རྣམ་པར་འགྲེལ་པ་ཉིད། །རིན་ཆེན་ཤུན་ལྤགས་སེལ་བའི་རྡོ་རྗེ་ཡིན། །རིན་ཆེན་གསལ་བྱེད་དགེ་བས་འགྲོ་བ་ཀུན། །ཟབ་ལམ་བགྲོད་ནས་རྡོ་རྗེ་འཆང་ཐོབ་ཤོག །སྒྲུབ་ཐབས་གསལ་བར་བྱེད་པའི་འགྲེལ་པ་རྡོ་རྗེ་རིན་པོ་ཆེའི་མྱུ་གུ་ཞེས་བྱ་བ་རྫོགས་སོ།།  །།ཨི་ཐི།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*