བདེ་མཆོག་རྩ་རྒྱུད་ཀྱི་ལེ་འབྲེལ།

༼ཁ༽

༄༅། །བདེ་མཆོག་རྩ་རྒྱུད་ཀྱི་ལེ་འབྲེལ་བཞུགས།།

༄༅། །ནཱ་རོ་ཆེན་པོའི་བཞེད་པ་ཡིས། །ལེའུ་ལྔ་བཅུ་རྩ་གཅིག་གི །བྱ་བ་ཐམས་ཅད་མདོར་བསྡུས་ན། །ལམ་དང་འབྲས་བུ་གཉིས་ཡིན་ཏེ། །ལེའུ་དང་པོས་མདོར་བསྟན་ནས། །ལྔ་བཅུའི་བར་གྱིས་རྒྱས་པར་འཆད། །ཐ་མ་གཅིག་གིས་མཇུག་བསྡུས་པས། །དེ་དོན་མ་ལུས་རྫོགས་པ་ཡིན། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །རྒྱུད་དོན་གླེང་བསླང་གསང་དོན་བསྟན། །དེ་དོན་གཞག་དང་བཤད་པ་དང༌། །གསང་བ་སྒྲུབ་པར་བྱ་བའོ། །དང་པོ་ལམ་དང་འབྲས་བུ་དང༌། །གཉིས་པ་དག་ལ་གཞག་པའོ། །གཉིས་པ་གསང་བ་བཤད་པ་ནི། །དྲང་དོན་ཡི་གེ་དངོས་ལ་གསུམ། །ངེས་པའི་དོན་ལ་གཉིས་ཡིན་ཏེ། །ལམ་རིམ་གཉིས་དང་དེ་ཉིད་ཀྱིས། །བསྒྲུབས་འབྲས་ཕན་ཡོན་ཚུལ་གྱིས་བཤད། །དང་པོ་དོན་དང་གཉིས་ཀ་དང༌། །དཔེ་ལ་སྦྱར་ནས་རིམ་བཞིན་བཤད། །འབྲས་བུ་ཕན་ཡོན་ཚུལ་ལ་གཉིས། །ཐུན་མོང་མཆོག་གི་དངོས་གྲུབ་བོ། །གསུམ་པ་སྒྲུབ་པའི་དོན་བཞི་སྟེ། །རིགས་ལྡན་མཆོད་དང་དམ་ཚིག་བསྐྱང༌། །ཕྱག་རྒྱའི་རྫོགས་རིམ་བསྒོམ་པ་དང༌། །བསྐྱེད་རྫོགས་བསྒོམ་པའི་གནས་བཤད་དོ། །དང་པོ་རིགས་ལྡན་མཆོད་པ་ནི། །རྫས་དང་རྟེན་གྱི་གང་ཟག་དང༌། །དུས་དང་མཆོད་ཡུལ་མཆོད་པའི་ཚུལ། །མཆོད་པའི་ཕན་ཡོན་བསྟན་པའོ། །གཉིས་པ་དམ་ཚིག་བསྟན་པ་ནི། །བསྲུང་བྱ་ཉམས་པའི་ཉེས་དམིགས་དང༌། །བསྟེན་བྱ་བཟའ་བའི་ཕན་ཡོན་ནོ། །དེ་ལྟར་ལེའུ་དང་པོས་ལམ་དང་འབྲས་བུ་ཡི། །གསང་བ་མ་ལུས་ཐམས་ཅད་མདོར་བསྟན་ནས། །གཉིས་པ་ནས་བཟུང་ལྔ་བཅུའི་བར་གྱིས་ནི། །ལམ་གྱི་གསང་བ་རྒྱས་པར་བཤད་པ་དང༌། །དེ་ཡི་སྒྲུབ་བྱེད་ཡན་ལག་རྒྱས་བཤད་དང༌། །འབྲས་བུའི་གསང་བ་རྒྱས་པར་བཤད་པའོ། །དང་པོ་ལམ་གསང་འཇུག་དང་ལམ་དངོས་བསྟན་པ་གཉིས། །གསང་བ་འཇུག་པ་གཉིས་པ་གསུམ་པར་བསྟན། །བཞི་པའི་ཆ་དང་སུམ་ཅུ་རྩ་གཉིས་ཆས། །བསྐྱེད་པའི་རིམ་པའི་གསང་བ་བསྟན་པ་ཡིན། །སུམ་ཅུ་བཞི་དང་སུམ་ཅུ་ལྔ་པ་ཡིས། །རྒྱ་ཆེན་ཆོས་ཀྱི་ཕྱག་རྒྱ་རིམ་བཞིན་བསྟན། །ཕོ་ཉ་གནོན་པ་སུམ་ཅུ་བདུན་པས་བསྟན། །དེ་ལྟར་ལེའུ་ལྔས་ལམ་གྱི་གསང་བ་བསྟན། །སྤྱི་དོན་གཉིས་པ་སྒྲུབ་བྱེད་ཡན་ལག་གསུམ། །རིགས་ལྡན་མཆོད་དང་དམ་ཚིག་སྡོམ་པ་བསྐྱང༌། །དེ་བརྟན་བྱེད་པའི་སྤྱོད་པ་བསྟན་པའོ། །མཆོད་བྱའི་རིགས་ལྡན་བརྟག་པར་བྱ་བ་ནི། །བཅོ་ལྔ་ཉེར་བཞི་ཡི་གེ་ངག་གི་བརྡ། །དེ་ནས་བདག་ཉིད་གང་འདོད་པ་ཡི་ཕྱིར། །བཅུ་དྲུག་མཁའ་འགྲོ་རིགས་དྲུག་བྱེ་བ་བསྟན། །དེ་ནས་ལྷ་ཡི་བྱེ་བྲག་གང་འདོད་ལ། །མཆོད་པའི་དོན་དུ་མཁའ་འགྲོ་སུམ་ཅུ་བདུན། །འཇིག་རྟེན་དམ་ལས་འདས་པའི་མིག་གི་རྣམས། །རྣམ་གྲངས་ཀྱིས་བསྡུས་བཅུ་བདུན་པ་རུ་བསྟན། །དེ་ནས་དེ་ཉིད་ཕག་མོ་ལྟ་བུ་ཡི། །ནང་ཚན་དབྱེ་བ་བཅོ་བརྒྱད་པ་རུ་བསྟན། །ལཱ་མཱའི་ནང་ཚན་དབྱེ་བ་བཅུ་དགུས་བསྟན། །བདག་ལ་བྱིན་གྱིས་རློབ་བྱེད་ངོ་ཤེས་པས། །རྗེས་འཛིན་བྱ་ཕྱིར་བརྡ་དང་བརྡ་ཡི་ལན། །ལག་པའི་གཙོར་བྱས་ལེའུ་ཉི་ཤུས་བསྟན། །བརྡ་དེ་གཞན་བསྟན་གཙོར་བྱས་ཉི་ཤུ་གཅིག །ཡན་ལག་བདུན་དུ་ཉི་ཤུ་གཉིས་པས་བསྟན། །དེ་ལྟར་བརྡ་དང་བརྡ་ཡི་ལན་ཤེས་པས། །རང་གི་རང་གཟུགས་སྒྲུབ་པ་པོ་ལ་སྟོན། །ཆགས་བྱ་ཆགས་རྟགས་སྒོ་ནས་སྒྲུབ་པ་པོ། །འཛིན་དང་མི་འཛིན་ཉི་ཤུ་གོམས་པས་བསྟན། །རིགས་ལྡན་མ་ཡི་མཚན་ཉིད་རྒྱས་པར་བསྟན། །གཉིས་པ་དམ་ཚིག་སྡོམ་པ་བསྐྱང་བ་ནི། །བསྲུང་དང་བཟའ་བ་གཉིས་ཡིན་དེ་ལ་གཉིས། །ཉི་ཤུ་རྩ་དྲུག་སྔར་ཡོངས་ཤེས་པ་ཡིས། །ཕོ་ཉ་མཉེས་བྱེད་བསྲུང་བའི་དམ་ཚིག་བསྟན། །གཉིས་པ་བཟའ་བའི་དམ་ཚིག་བསྟན་པ་ནི། །སུམ་ཅུ་གཅིག་པས་རྫས་རྣམས་མདོར་བསྟན་ནས། །སུམ་ཅུ་གཉིས་པས་དེ་དག་རྒྱས་པར་བཤད། །སུམ་ཅུ་གསུམ་པས་བསྟེན་དང་མ་བསྟེན་པའི། །རྫས་ཀྱི་ཕན་ཡོན་ཉེས་དམིགས་བསྟན་པ་ཡིན། །གསུམ་པ་དེ་བསྟེན་བྱེད་པའི་སྤྱོད་པ་ནི། །ལེའུ་བདུན་པས་སྤྲོས་བཅས་སྤྱོད་པ་བསྟན། །ཉི་ཤུ་བརྒྱད་པས་གང་ཟག་དེ་ཉིད་ཀྱིས། །མཆོད་བྱའི་མཚན་ཉིད་བརྟག་པ་ལ་སོགས་བསྟན། །ཉི་ཤུ་དགུ་པས་ལྷན་ཅིག་སྐྱེས་པ་ཡི། །ཡེ་ཤེས་སྐྱེ་བའི་ཕོ་ཉའི་མཚན་ཉིད་བསྟན། །སུམ་ཅུ་བརྒྱད་པས་སྤྲོས་མེད་བྱ་བ་བསྟན། །སྤྱི་དོན་གསུམ་པ་འབྲས་བུའི་གསང་བཤད་གསུམ། །དེ་ལ་འཇུག་དང་དངོས་གྲུབ་མཚན་མ་གཉིས། །འབྲས་བུའི་གསང་བ་དངོས་བསྟན་པ་དང་གསུམ། །དང་པོ་འབྲས་བུའི་གསང་བར་འཇུག་པ་ནི། །ལྔ་པས་ལུས་བསྟན་བདུན་པས་ཡན་ལག་བསྟན། །ཉེར་ལྔས་ཧཱུྃ་ཕཊ་བསྡུ་དང་རྩ་སྔགས་བསྟན། །དྲུག་པས་ཡབ་ཀྱི་སྙིང་པོ་ཉེ་སྙིང་མིང༌། །དེ་ཡི་གོ་ཆ་བཏུ་བ་བསྟན་བརྒྱད་པས། །དེ་སྙིང་སྔགས་དང་ཡུམ་གྱི་སྙིང་པོ་དང༌། །དེ་ཡི་གོ་ཆ་རིན་ཆེན་ཆེ་བ་བསྟན། །སུམ་ཅུ་ཞལ་བཞིའི་གསང་སྔགས་བཏུ་བ་བསྟན། །ལེའུ་དྲུག་གིས་འབྲས་བུའི་གསང་བ་ལ། །འཇུག་པར་བྱེད་པ་སྔགས་ཀྱི་བཏུ་བ་བསྟན། །གཉིས་པ་དངོས་གྲུབ་མཚན་མ་བརྟག་པ་ནི། །སུམ་ཅུ་རྩ་དགུས་དགོད་བརྒྱད་བརྟག་པ་བསྟན། །བཞི་བཅུས་དགུག་དབང་ཆོ་ག་དགུ་ཡིས་བསྟན། །ལེའུ་བཞི་བཅུ་རྩ་གཅིག་པ་ཡིས་ནི། །སུམ་བྷ་ནི་ཡིས་བསྒྲུབས་པའི་མཚན་མ་དང༌། །སུམ་ཅུ་རྩ་བདུན་རྣལ་འབྱོར་མ་དྲུག་དང༌། །ཧེ་རུ་ཀ་ཡིས་མཚན་པའི་ཕག་མོ་དང༌། །བདུན་གྱིས་བསྡུས་པའི་སྒོ་ནས་བསྟན་པ་ཡིན། །ཞེ་གཉིས་བྱང་སེམས་སྤེལ་ཕྱིར་ལུས་ཟུངས་བསྐྱེད། །དེ་ལྟར་ལེའུ་བཞིས་དངོས་གྲུབ་མཚན་མ་བསྟན། །འབྲས་བུའི་གསང་བ་མཆོག་དང་ཐུན་མོང་གཉིས། །བཅུ་ཆས་འབྲས་བུ་སྐུ་གསུམ་ཚུལ་དུ་བསྟན། །ཐུན་མོང་དངོས་གྲུབ་ཡབ་ཡུམ་སྔགས་གཉིས་ལས། །ཡབ་ཀྱི་སྔགས་ལ་བརྟེན་པ་ནི། །རྩ་བའི་སྔགས་ཀྱི་སྒོ་ནས་ཐུན་མོང་གི །དངོས་གྲུབ་སྒྲུབ་པ་ལེའུ་དགུ་པས་བསྟན། །བཅུ་ཆས་སྙིང་པོའི་སྒོ་ནས་སྒྲུབ་པ་བསྟན། །བཅུ་གཅིག་སྐྱེ་བདུན་བརྟག་པ་མདོར་བསྟན་ཅིང༌། །གོ་རོ་ཙ་ན་བླང་དང་སྙིང་པོའི་ལས། །བཅུ་གཉིས་ཡབ་ཀྱི་ཉེ་བའི་སྙིང་པོ་ལས། །བཅུ་གསུམ་དཔའ་བོ་དཔའ་མོའི་གོ་ཆའི་ལས། །ལེའུ་བཞི་བཅུས་བོང་བུའི་རྣལ་འབྱོར་གྱི། །སྒོ་ནས་སྐྱེ་བ་བདུན་པའི་སྒྲུབ་པ་བསྟན། །བཞི་བཅུ་རྩ་དགུས་བརྟག་ཐབས་རྒྱས་པར་བསྟན། །འཕོ་ཐབས་དཀའ་ལ་རྣམ་སྨིན་ཆེ། །བཞི་བཅུ་རྩ་གཉིས་ཉེ་སྙིང་སྒྲུབ་པ་བསྟན། །བཞི་བཅུ་རྩ་བཞིས་ཡུམ་གྱི་གོ་ཆ་དང༌། །ཡབ་ཀྱི་ཉེ་སྙིང་སྒོ་ནས་སྒྲུབ་པ་བསྟན། །བཞི་བཅུ་རྩ་ལྔས་དཔའ་བོའི་གོ་ཆ་བསྟན། །བཞི་བཅུ་དྲུག་པས་ཧ་ལྔའི་འཁོར་ལོ་བསྟན། །བཞི་བཅུ་བདུན་པས་ཡུམ་གྱི་ཉེ་སྙིང་བསྟན། །བརྒྱད་པས་ཡུམ་གྱི་སྙིང་པོ་སྒྲུབ་པ་བསྟན། །བཞི་བཅུ་དགུ་པས་ཡུམ་གྱི་ཉེ་སྙིང་དང༌། །དེ་ཡི་ཕན་ཡོན་བསྒོམ་ལ་ལྟོས་པར་བསྟན། །དེ་ལྟར་རྒྱུད་དུ་ལེའུ་གོང་འོག་རྣམས། །དཀྲུགས་ཏེ་འཆོལ་བར་བསྟན་པའི་དགོས་པ་ནི། །སློབ་དཔོན་མེད་པར་རང་དགར་འཇུག་པ་དང༌། །སྒྲ་ཚད་རྟོག་གེའི་མཁས་རློམ་བཀག་པ་ཡིན། །དེ་ལྟར་གོང་དུ་བསྟན་པའི་གཞུང་དོན་རྣམས། །ལྔ་བཅུ་གཅིག་པས་སྤྱི་དོན་གསུམ་གྱིས་བསྡུ། །དེ་ཉིད་བཅུ་བཞིའི་སྒོ་ནས་བསྐྱེད་རིམ་གྱིས། །ལམ་གྱི་གསང་བའི་མཇུག་སྡུད་བསྟན་པ་ཡིན། །ཕན་ཡོན་སྒོ་ནས་འབྲས་བུའི་གསང་བ་བསྡུ། །གཞན་ལས་ཁྱད་འཕགས་རྒྱུད་ཀྱི་ཆེ་བ་བསྟན། །བདེ་མཆོག་ཉུང་ངུའི་ལེའུའི་འབྲེལ་པ་འདི། །དཔལ་ལྡན་ནཱ་རོའི་དགོངས་པ་ཇི་བཞིན་དུ། །ངག་ཚིག་དྲི་མ་མེད་པར་བཀོད་པ་ཡིས། །མི་ཤེས་མུན་པ་སེལ་པའི་ཉི་མ་ཡིན། །ཚིག་འདི་སྒྲ་ཡི་ལུགས་ལས་གཞན་ཡིན་ཞིང༌། །འདི་དོན་རྟོག་གེས་མཐོང་བར་མི་ནུས་པས། །འཇུག་པ་གཞན་དང་ཐུན་མོང་མ་ཡིན་པ། །གསལ་བྱེད་ཀུན་ལ་ཁྱབ་པའི་དཀྱིལ་འཁོར་འདི། །དཔལ་ལྡན་ནཱ་རོའི་དགོངས་པ་ཇི་བཞིན་དུ། །ངག་ཚིག་དྲི་མ་མེད་པར་བཀོད་པ་འདི། །དེང་སང་བློ་ལྡན་རྣམས་ཀྱིས་སྦྱང་བར་རིགས། །ས་མཱཔྟ་མི་ཐི།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*