༼ཁ༽
༄༅། །བདེ་མཆོག་རྩ་རྒྱུད་ཀྱི་བསྡུས་དོན་བཞུགས།།
༄༅། །བླ་མ་དམ་པའི་ཞབས་ལ་སྤྱི་བོས་གུས་པས་ཕྱག་འཚལ་ལོ། །ནཱ་རོ་ཆེན་པོའི་བཞེད་པས། རྒྱུད་ལེའུ་ལྔ་བཅུ་རྩ་གཅིག་གི་བདག་ཉིད་འདིའི་དོན་བསྐྱེད་རྫོགས་རིམ་པ་གཉིས་སམ། ལམ་དང་འབྲས་བུའི་གསང་བ་གཉིས་ཀྱི་སྒོ་ནས་དོན་བསྡུས་ཏེ་འཆད་པ་ལ། དེ་ཡང་ལེའུ་དང་པོས་རྒྱུད་ཀྱི་དོན་ཐམས་ཅད་མདོར་བསྟན་ཏེ། དེ་ལ་གཉིས་ལས། རྒྱུད་ཀྱི་དོན་གླེང་བསླང་བ་དང༌། གསང་བའི་དོན་བསྟན་པའོ། །དེ་ལ་གསུམ་སྟེ། གསང་བར་གཞག་པ་དང༌། གསང་བ་བཤད་པ་དང༌། གསང་བ་སྒྲུབ་པའོ། །དང་པོ་ལ་གསུམ་སྟེ། གསང་བ་ལམ་ལ་གཞག་པ་དང༌། འབྲས་བུ་ལ་གཞག་པ་དང༌། ལམ་དང་འབྲས་བུ་གཉིས་ཀ་ལ་གཞག་པའོ། །གཉིས་པ་གསང་བ་བཤད་པ་ལ་གསུམ་སྟེ། དང་པོ་གསང་བ་དྲང་བའི་དོན་དུ་བཤད་པ་དང༌། རྡོ་རྗེའི་ཚིག་དེ་ཉིད་ཡི་གེའི་དོན་དུ་བཤད་པ་དང༌། གསང་བ་ངེས་པའི་དོན་དུ་བཤད་པའོ། །འདི་ལ་གཉིས་ཏེ་ལམ་རིམ་པ་གཉིས་བསྟན་པ་དང༌། ལམ་གྱི་ཕན་ཡོན་གྱི་འབྲས་བུའི་གསང་བ་བསྟན་པའོ། །དང་པོ་ལ་གསུམ་སྟེ། དོན་ལ་སྦྱར་བ་དང༌། དཔེ་དོན་གཉིས་ཀ་ལ་སྦྱར་བ་དང༌། དཔེ་ལ་སྦྱར་བའོ། །དོན་ལ་སྦྱར་བ་ལ་གཉིས་ཏེ། བསྐྱེད་པའི་རིམ་པ་དང་སྦྱར་བ་དང༌། རྫོགས་པའི་རིམ་པ་དང་སྦྱར་བའོ། །དང་པོ་ལ་གཉིས་ཏེ། རྟེན་ལ་སྦྱར་བ་དང༌། བརྟེན་པ་ལྷ་དང་སྦྱར་བའོ། །རྟེན་ལ་གཉིས་ཏེ། འཇིག་རྟེན་པ་དང་འདས་པའི་ལྷ་གཉིས་ཀའི་ཐུན་མོང་གི་དབང་དུ་བྱས་པ་དང༌། ཐུན་མོང་མ་ཡིན་པ་འདས་པའི་ལྷ་འབའ་ཞིག་གི་རྟེན་དུ་བཤད་པའོ། །གཉིས་པ་བརྟེན་པ་ལྷ་དང་སྦྱར་བ་ལ་གཉིས་ཏེ། མངལ་སྐྱེས་དང་སྦྱར་བ་དང༌། སྒོང་སྐྱེས་དང་སྦྱར་བའོ། །གཉིས་པ་དཔེ་དོན་གཉིས་ཀ་ལ་སྦྱར་བ་ལ་གཉིས་ཏེ། དོན་ལ་སྦྱར་བ་དང་དཔེ་ལ་སྦྱར་བའོ། །ལམ་རིམ་པ་གཉིས་ཉམས་སུ་བླངས་པའི་འབྲས་བུའི་གསང་བ་བསྟན་པ་ལ་གཉིས་ཏེ། ཐུན་མོང་དང༌། མཆོག་གི་དངོས་གྲུབ་བསྟན་པའོ། །གསུམ་པ་གསང་བ་བསྒྲུབ་པ་ལ་བཞི་སྟེ། རིགས་ལྡན་མཆོད་པ་དང༌། དམ་ཚིག་དང་སྡོམ་པ་བསྐྱང་བ་དང༌། ཕྱག་རྒྱ་བཞིའི་བསྟན་པ་དང༌། གནས་བསྟན་པའོ། །དང་པོ་རིགས་ལྡན་མཆོད་པ་ལ་དྲུག་སྟེ། མཆོད་པའི་རྫས་དང༌། རྟེན་གྱི་གང་ཟག་དང༌། དུས་དང༌། མཆོད་བྱའི་ཡུལ་དང༌། མཆོད་པའི་ཚུལ་དང༌། མཆོད་པའི་ཕན་ཡོན་ནོ། །གཉིས་པ་དམ་ཚིག་དང་སྡོམ་པ་བསྐྱང་བ་ལ་གཉིས་ཏེ། བསྲུང་བའི་དམ་ཚིག་ཉམས་པའི་ཉེས་དམིགས་དང་བཅས་པ་བསྟན་པ་དང༌། བཟའ་བའི་དམ་ཚིག་ཕན་ཡོན་དང་བཅས་པ་བསྟན་པའོ། །འདི་ལ་ལྔ་སྟེ། རྫས་དང༌། དུས་དང༌། རྫས་སྦྱང་བ་དང༌། བདུད་རྩི་མྱང་བའི་ཚུལ་དང༌། དེ་དག་གི་ཕན་ཡོན་ནོ།། །།ལེའུ་གཉིས་པ་ལ་གཉིས་ཏེ། ལེའུའི་གཞུང་དང༌། ལེའུའི་མཚན་ནོ། །དང་པོ་ལ་ལྔ་སྟེ། སློབ་དཔོན་གྱི་མཚན་ཉིད་དང༌། སའི་ཆོ་ག་དང༌། དཀྱིལ་འཁོར་བྲི་བ་དང༌། བུམ་པ་ལྷག་པར་གནས་པ་དང༌། དཀྱིལ་འཁོར་བསྒྲུབ་པ་བསྟན་པའོ། །གཉིས་པ་ལ་གསུམ་སྟེ། ས་སྦྱང་བ་དང༌། ས་གཟུང་བ་དང༌། དཀྱིལ་འཁོར་གྱི་གནས་བསྲུང་བའོ། །གསུམ་པ་དཀྱིལ་འཁོར་བྲི་བ་ལ་གཉིས་ཏེ། དང་པོ་བཤད་པར་དམ་བཅའ་བའི་ཚུལ་གྱིས་མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དེ་ལ་གསུམ་སྟེ། ཐིག་གདབ་པ་བསྟན་པ་དང༌། ཚོན་གྱིས་བྲི་བ་དང༌། ལྷ་དགོད་པའོ།། །།ལེའུ་གསུམ་པ་ལ་གཉིས་ཏེ། ལེའུའི་གཞུང་དམ་མཚན་ལས། གཞུང་ལ་དྲུག་སྟེ། དང་པོ་སློབ་དཔོན་དང་དཀྱིལ་འཁོར་གྱི་ལྷ་མཉེས་པར་བྱ་བ་སྟོན་པ་དང༌། སློབ་མ་དཀྱིལ་འཁོར་དུ་འཇུག་པ་དང༌། དབང་བསྐུར་བ་དང༌། བླ་མ་ཡོན་དབུལ་བ་ཕན་ཡོན་དང་བཅས་པ་དང༌། ལྡོག་པའི་སྒོ་ནས་དཀྱིལ་འཁོར་དུ་མ་ཞུགས་པའི་ཉེས་དམིགས་བསྟན་པ་དང༌། མའི་ཡང་མ་བླ་ན་མེད་པའི་རྒྱུད་ཀྱི་ཆེ་བ་བསྟན་པའོ། །དང་པོ་ལ་གཉིས་ཏེ། དང་པོ་སློབ་དཔོན་མཉེས་པར་བྱ་བ་དང༌། གཉིས་པ་དཀྱིལ་འཁོར་གྱི་ལྷ་མཆོད་པའོ། །གསུམ་པ་དབང་བསྐུར་བ་ལ་བཞི་སྟེ། བུམ་པའི་དབང་དང༌། གསང་བའི་དང༌། ཤེས་རབ་ཡེ་ཤེས་དང༌། དབང་བཞི་པ་ཤུགས་ལས་བསྟན་པའོ། །བླ་མ་ལ་ཡོན་དབུལ་བ་ཕན་ཡོན་དང་བཅས་པ་བསྟན་པ་ལ་གཉིས་ཏེ། སློབ་མ་གུས་པ་སྔོན་དུ་འགྲོ་བས་ཡོན་དབུལ་བ་དངོས་དང༌། བླ་མ་ལ་ཡོན་ཕུལ་བའི་ཕན་ཡོན་ནམ་འབྲས་བུ་བསྟན་པའོ།། །།ལེའུ་བཞི་པ་འདི་ལ་ལེའུའི་གཞུང་དང༌། ལེའུའི་མཚན་གཉིས་ལས། ལེའུའི་གཞུང་ལ་ལྔ་སྟེ། དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང༌། ལྷའི་དེ་ཁོ་ན་ཉིད་དང༌། སྔགས་ཀྱི་དེ་ཁོ་ན་ཉིད་དང༌། ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དང༌། དེ་དག་གི་ཕན་ཡོན་བསྟན་པའོ། །ལེའུ་ལྔ་པ་འདིའི་གཞུང་ལ་གཉིས། སྔོན་དུ་བྱ་བའི་ཆོ་ག་དང༌། སྔགས་བཏུ་བ་དངོས་བསྟན་པའོ། །འདི་ལ་གཉིས་ཏེ། ལེའུ་ལྔ་པས་ལུས་བཏུ་བ་དང༌། ལེའུ་བདུན་པས་ཡན་ལག་བཏུ་བ་བསྟན་པའོ། །ལེའུ་དགུ་པ་ལ་གཉིས་ཏེ། ལེའུའི་གཞུང་དང༌། ལེའུའི་མཚན་གཉིས་ལས། དང་པོ་གཞུང་ལ་གཉིས་ཏེ། རྩ་བའི་སྔགས་ཀྱི་སྒོ་ནས་ལས་ཚོགས་སུམ་ཅུ་རྩ་བརྒྱད་པོ་རྣམས་བཤད་པར་དམ་བཅའ་བ་དང༌། བཤད་པ་དངོས་བསྟན་པའོ། །དེ་ལ་གསུམ་སྟེ། རྩ་བའི་སྔགས་ཀྱི་ཆེ་བ་བསྟན་པ་དང༌། ལས་ཚོགས་བསྟན་པ་དང༌། ཕན་ཡོན་བསྟན་པའོ། །ལས་ཀྱི་ཚོགས་བསྟན་པ་ལ་གཉིས་ཏེ། འཇིག་རྟེན་པ་གནས་པར་བསྟན་པ་དང༌། འཁོར་ལོ་ལ་བརྟེན་ནས་ལས་བསྒྲུབ་པར་བསྟན་པའོ། །གསུམ་པ་ཕན་ཡོན་བསྟན་པ་ལ་གཉིས་ལས། དང་པོ་བཟློག་པའི་སྒོ་ནས་རྩ་བའི་སྔགས་ཀྱི་ཕན་ཡོན་བསྟན་པ་དང༌། རྗེས་སུ་འགྲོ་བའི་སྒོ་ནས་ཕན་ཡོན་བསྟན་པའོ།། །།ལེའུ་བཅུ་པ་ལ་གཉིས་ཏེ། ལེའུའི་གཞུང་དང༌། ལེའུའི་མཚན་བསྟན་པའོ། །དང་པོ་ལ་གཉིས་ཏེ། སྐུ་གསུམ་བསྟན་པ་དང༌། བཅོམ་ལྡན་འདས་ཀྱི་སྔགས་ལ་བརྟེན་ནས་ཐུན་མོང་གི་དངོས་གྲུབ་བསྟན་པའོ། །དང་པོ་སྐུ་གསུམ་བསྟན་པ་ལ་གསུམ་སྟེ། བཤད་པར་དམ་བཅའ་བ་དང༌། སྐུ་གསུམ་གྱི་བཤད་པ་དངོས་བསྟན་པ་དང༌། རྫོགས་པའི་རིམ་པ་བསྟན་པའོ། །སྐུ་གསུམ་གྱི་བཤད་པ་དངོས་ལ་གཉིས་ཏེ། རྟོགས་པ་ཡས་འཆར་བ་འབྲས་བུའི་དབང་དུ་བྱས་པ་དང༌། སྒྲུབ་པ་པོ་ལམ་ཉམས་སུ་ལེན་པའི་དབང་དུ་བྱས་པའོ། །འདི་ལ་བསྐྱེད་པའི་རིམ་པ་དང་སྦྱར་བ་དང༌། རྫོགས་པའི་རིམ་པ་དང་སྦྱར་བ་གཉིས་ལས། བསྐྱེད་རིམ་དང་སྦྱར་བ་ལ་ལྔ་ལས་མངོན་པར་རྟོགས་པ་རྫོགས་པ་གཅིག་སྐུ་གསུམ་དུ་སྦྱར་བ་དང༌། གཉིས་པ་དཀྱིལ་འཁོར་ཀྱི་འཁོར་ལོ་རྫོགས་པར་བསྒོམ་པ་ལ་སྐུ་གསུམ་དང་སྦྱར་བ་དང༌། གསུམ་པ་སྒྲུབ་པ་པོ་བློའི་སྤྱོད་ཡུལ་རྫོགས་པ་གཅིག་ལ་སྐུ་གསུམ་དུ་སྦྱར་བ་དང༌། བཞི་པ་འཁོར་ལོ་གསུམ་གཙོ་བོ་འཕོ་བའི་དབང་དུ་བྱས་ནས་སྐུ་གསུམ་དང་སྦྱར་བ་དང༌། ལྔ་པ་ཨ་བྷི་དྷ་ན་ལྟར་གཙོ་བོའི་སྙིང་པོའི་སྒྲུབ་ཐབས་རང་ལ་ཆོ་ག་རྒྱས་བསྡུས་གསུམ་ལ་སྐུ་གསུམ་དུ་གཞག་པའོ། །གཉིས་པ་རྫོགས་པའི་རིམ་པ་དང་སྦྱར་བ་ལ་གཉིས་ཏེ། ཕྱག་རྒྱ་བཞིའི་རྫོགས་རིམ་དང་སྦྱར་བ་དང༌། རིམ་པ་བཞི་དང་སྦྱར་བའོ། །སྤྱི་དོན་གཉིས་པ་བཅོམ་ལྡན་འདས་ཀྱི་སྙིང་པོའི་ཐུན་མོང་གི་དངོས་གྲུབ་ལ་གཉིས་ཏེ། བཤད་པར་དམ་བཅའ་བ་དང༌། བཤད་པ་དངོས་བསྟན་པའོ།། །།ལེའུ་བཅུ་གཅིག་ལ་གཉིས་ཏེ། ལེའུའི་གཞུང་དང་མཚན་གཉིས་ལས། དང་པོ་གཞུང་སྟོན། དེ་ལ་གསུམ་སྟེ། བཤད་པར་དམ་བཅའ་བ་དང༌། སྐྱེ་བ་བདུན་པའི་མཚན་ཉིད་བསྟན་པ་དང༌། དེའི་གོ་རོ་ཙ་ན་ལ་བརྟེན་ནས་ལས་བསྒྲུབ་པ་ཕན་ཡོན་དང་བཅས་པ་བསྟན་པའོ།། །།ལེའུ་བཅུ་གཉིས་པ་ལ་གཉིས་ཏེ། ལེའུའི་གཞུང་དང༌། ལེའུའི་མཚན་གཉིས་ལས། དང་པོ་ལ་གཉིས་ཏེ། བཤད་པར་དམ་བཅའ་བ་དང༌། བཤད་པ་དངོས་བསྟན་པའོ། །དེ་ལ་གཉིས་ཏེ། སྔགས་བཟླས་པའི་དགོས་པ། ལས་ཀྱི་ཚོགས་བསྒྲུབ་པའོ། །དེ་ལས་ལས་ཚོགས་འདི་རྣམས་ཡིན། །འཇིག་རྟེན་གསུམ་གཡོ་ལྷ་སོགས་དགུག །རྒྱ་མཚོ་སྐེམས་དང་མངག་གཞུག་བསྒྲུབ། །སྐྱེ་བདུན་ཤེས་པར་བྱ་སོགས་དང༌། །རི་ལུའི་དངོས་གྲུབ་བསྒྲུབ་པ་དང༌། །ཁྲག་འདྲེན་ཀླད་པ་ན་བ་དང༌། །རྒྱས་བཏབ་ལྟུང་བར་འགྱུར་བ་དང༌། །འཆི་དང་གནོན་པར་བྱ་བ་དང༌། །གཟུགས་བསྒྱུར་བ་དང་མི་སྣང་དང༌། །སྨྱོ་ཞིང་མྱོས་པ་དབང་དུ་བྱ། །ལྷ་སོགས་གནོད་པ་བཅིང་པ་དང༌། །མཁའ་འགྲོའི་སྦྱོར་བ་འཕྲོག་པ་དང༌། །མིང་དབྱེ་ཆུ་རྒྱུན་བཟློག་པ་དང༌། །རྦ་རླབས་གནན་དང་ཚར་བཅད་དང༌། །མཚོན་བྱ་བཟློག་པར་བྱ་བའོ། །ལེའུ་བཅུ་གསུམ་པ་ལ་གཉིས་ཏེ། ལེའུའི་གཞུང་དང༌། ལེའུའི་མཚན་གཉིས་ལས། དང་པོ་གཞུང་ལ་གཉིས་ཏེ། སྔགས་ཀྱི་ཆེ་བ་བསྟན་པའི་སྒོ་ནས་བཤད་པར་དམ་བཅའ་བ་དང༌། གཞུང་བཤད་པ་དངོས་བསྟན་པའོ། །དེ་ལ་ལས་ཚོགས་བཅུ་གཉིས་སྟོན་པ་ནི། ལམ་འཇིགས་བསྲུང་དང་མི་སྣང་དང༌། །རེངས་དང་ཁྲག་འདྲེན་བྱེད་པ་དང༌། །རིམས་ཀྱིས་གདབ་དང་ཚིག་འཕྲོག་དང༌། །མི་འབྱིང་དཀྱིལ་དང་དབང་དུ་བྱ། །མི་སྣང་བསྒྲུབ་དང་རེངས་པའི་ལས། །གླང་ཆེན་བསྒྲུབ་པར་བྱ་བའོ།། །།ལེའུ་བཅུ་བཞི་པ་འདི་ལ་ཡང༌། ལེའུའི་གཞུང་དང༌། ལེའུའི་མཚན་གཉིས་ལས། གཞུང་ལ་གཉིས། བཤད་པར་དམ་བཅའ་བ་དང༌། བཤད་པ་དངོས་སོ། །དེ་ལ་གཉིས། ལེའུའི་རྣལ་འབྱོར་བསྒྲུབ་པ་དང༌། དེའི་ཕན་ཡོན་བསྟན་པའོ།། །།བཅོ་ལྔ་པ་འདི་ལ་གཉིས་ཏེ། ལེའུའི་གཞུང་དང༌། ལེའུའི་མཚན་ནོ། །དང་པོ་གཞུང་ལ་གཉིས། བཤད་པར་དམ་བཅའ་བ་དང༌། བཤད་པ་དངོས་སོ། །འདི་ལ་གཉིས། སྤྱིར་བསྟན་པ་དང༌། རིགས་བདུན་པ་སོ་སོའི་རྟགས་བསྟན་པའོ།། །།ལེའུ་བཅུ་དྲུག་པ་འདི་ལ་ལེའུའི་གཞུང་དང་ལེའུའི་མཚན་ནོ། །དང་པོ་ལ་གཉིས་ཏེ། བཤད་པར་དམ་བཅའི་སྒོ་ནས་དེའི་སྣོད་བསྟན་པ་དང༌། བཤད་པ་དངོས་བསྟན་པའོ། །དེ་ལ་གསུམ་སྟེ། སྤྱིར་བསྟན་པ་དང༌། རིགས་བདུན་པོ་སོ་སོའི་རྟགས་བསྟན་པ། གཞུང་བསྡུ་བའི་ཚུལ་གྱིས་རིགས་དྲུག་ཏུ་བཞག་ཅིང་སྤྱིའི་སྤྱོད་ལམ་གྱི་མཚན་ཉིད་བསྟན་པའོ།། །།ལེའུ་བཅུ་བདུན་པ་ལ་གཉིས་ཏེ། ལེའུའི་གཞུང་དང༌། ལེའུའི་མཚན་བསྟན་པའོ། །ལེའུའི་གཞུང་ལ་གཉིས་ཏེ། དང་པོ་བཤད་པར་དམ་བཅའ་བ་དང༌། བཤད་པ་དངོས་སོ། །གཉིས་པ་དངོས་ལ་གཉིས་ཏེ། དང་པོ་མཁའ་འགྲོ་མ་རྣམས་ཀྱི་མིང་གི་རྣམ་གྲངས་བསྟན་པ་དང༌། གཉིས་པ་སྒྲུབ་པ་པོ་འབྱོར་པ་དང་མི་ལྡན་པས་མཁའ་འགྲོ་མ་བརྒྱད་པོའི་མཚན་མ་བྲིས་ཏེ་མཆོད་པ་བསྟན་པའོ། །གཉིས་པ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །མདོར་བསྟན་པ་ལ་གཉིས་ཏེ། འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའི་མིང་གི་རྣམ་གྲངས་བསྟན་པའོ། །གཉིས་པ་རྒྱས་པར་བཤད་པ་ནི། རིགས་བདུན་པོ་རེ་རེའི་རྟགས་སམ། མཚན་ཉིད་རྒྱས་པར་བཤད་པའོ།། །།ལེའུ་བཅོ་བརྒྱད་པ་ལ་གཉིས་ཏེ། ལེའུའི་གཞུང་དང༌། ལེའུའི་མཚན་བསྟན་པའོ། །དང་པོ་ལེའུའི་གཞུང་ལ་གཉིས། བཤད་པར་དམ་བཅའ་བ་དང༌། བཤད་པ་དངོས་བསྟན་པའོ། །འདི་ལ་བརྒྱད་དེ་པདྨ་གར་དབང་གི་རིགས་ལས་བྱུང་བའི་མཚན་ཉིད་དང༌། རྡོ་རྗེའི་རིགས་ཀྱི་བཤད་པ་དང༌། རིན་པོ་ཆེའི་རིགས་ཀྱི་བཤད་པ་དང༌། དེ་བཞིན་གཤེགས་པའི་རིགས་ཀྱི་བཤད་པ་དང༌། འབྲས་བུ་རྡོ་རྗེ་འཆང་གི་རིགས་ཀྱི་བཤད་པ་དང༌། ལས་ཀྱི་རིགས་ཀྱི་མཁའ་འགྲོ་མའི་མཚན་ཉིད་བཤད་པ་དང༌། རྡོ་རྗེ་སེམས་དཔའི་རིགས་ཀྱི་བཤད་པ་དང༌། དེ་དག་ཀྱང་རིན་ཆེན་རིགས་ལས་བྱུང་བ་གཉིས་པ་བཤད་པ་དང༌། བདེ་མཆོག་གི་སྒྲུབ་པ་པོ་ལ་ཕན་འདོགས་པའི་ཕྱིར་བསྟན་པའོ།། །།ལེའུ་བཅུ་དགུ་པ་ལ་གཉིས་ཏེ། ལེའུའི་གཞུང་དང༌། ལེའུའི་མཚན་ནོ། །གཞུང་ལ་གཉིས་ཏེ། བཤད་པར་དམ་བཅའ་བ་དང༌། བཤད་པ་དངོས་བསྟན་པའོ། །དེ་ལ་ལྔ་སྟེ། རིན་ཆེན་རིགས་ཀྱི་ལཱ་མཱའི་མཚན་ཉིད་བསྟན་པ་དང༌། པདྨའི་རིགས་ཀྱི་ལཱ་མཱའི་མཚན་ཉིད་བསྟན་པ་དང༌། དེ་བཞིན་གཤེགས་པའི་རིགས་ཀྱི་ལཱ་མཱའི་མཚན་ཉིད་བསྟན་པ་དང༌། མི་བསྐྱོད་པའི་རིགས་ཀྱི་ལཱ་མཱའི་མཚན་ཉིད་བསྟན་པ་དང༌། ལས་ཀྱི་རིགས་ཀྱི་ལཱ་མཱའི་མཚན་ཉིད་བསྟན་པའོ།། །།ལེའུ་ཉི་ཤུ་པ་ལ་གཉིས་ཏེ། ལེའུའི་གཞུང་དང༌། ལེའུའི་མཚན་བསྟན་པའོ། །དང་པོ་ལེའུའི་གཞུང་ལ་གཉིས་ཏེ། བཤད་པར་དམ་བཅའ་བ་དང༌། བཤད་པ་དངོས་ཀྱི་བརྡ་དང་ལན་གྱི་འབྲེལ་པ་བསྟན་པའོ།། །།ལེའུ་ཉི་ཤུ་རྩ་གཅིག་པ་ལ་གཉིས་ཏེ། ལེའུའི་གཞུང་དང༌། ལེའུའི་མཚན་བསྟན་པའོ། །དེ་ལ་གཉིས་ཏེ་བཤད་པར་དམ་བཅའ་བ་དང༌། བཤད་པ་དངོས་ཀྱི་བརྡ་དང་བརྡའི་ལན་བསྟན་པའོ།། །།ལེའུ་ཉི་ཤུ་རྩ་གཉིས་པ་ལ་གཉིས་ཏེ། ལེའུའི་གཞུང་དང༌། ལེའུའི་མཚན་བསྟན་པའོ། །གཞུང་ལ་གཉིས་ཏེ། བཤད་པར་དམ་བཅའ་བ་དང༌། གཞུང་དངོས་ཡན་ལག་དུ་མའི་བརྡ་དང་བརྡའི་ལན་བསྟན་པའོ།། །།ལེའུ་ཉི་ཤུ་རྩ་གསུམ་པ་ལ་གཉིས་ཏེ། ལེའུའི་གཞུང་དང༌། ལེའུའི་མཚན་བསྟན་པའོ། །གཞུང་ལ་གཉིས་ཏེ། བཤད་པར་དམ་བཅའ་བ་དང༌། གཞུང་བཤད་པ་དངོས་སོ། །དེ་ལ་གཉིས་ལས། དང་པོ་ཕན་ཚུན་ཆགས་པར་བྱ་བ་དང༌། ཆགས་པའི་རྟགས་བསྟན་པ་དང༌། གཉིས་པ་དཔེ་ལས་མཚོན་པའི་བདེ་བ་དེ་ཕྲ་མོའི་ཐིག་ལེ་ལ་བརྟེན་ནས་བདེ་བ་བསྒོམ་པའོ།། །།ལེའུ་ཉི་ཤུ་རྩ་བཞི་པ་ལ་གཉིས་ཏེ། ལེའུའི་གཞུང་དང༌། ལེའུའི་མཚན་ནོ། །གཞུང་ལ་གཉིས་ཏེ། བཤད་པར་དམ་བཅའ་བ་དང༌། གཞུང་བཤད་པ་དངོས་བསྟན་པའོ། །དེ་ལ་གཉིས་ཏེ། ཡི་གེ་རེ་རེའི་བརྡ་བསྟན་པ་དང༌། སྔ་མ་རྣམས་ཀྱི་གཞུང་བཏུ་བའོ།། །།ལེའུ་ཉི་ཤུ་རྩ་ལྔ་པ་ལ་གཉིས་ཏེ། ལེའུའི་གཞུང་དང༌། མཚན་ནོ། །གཞུང་ལ་གཉིས་ཏེ། བཤད་པར་དམ་བཅའ་བ་དང༌། བཤད་པ་དངོས་སོ། །དེ་ལ་གཉིས་ཏེ། རྐང་བརྒྱད་ཀྱི་ཧཱུྃ་ཕཊ་བརྒྱད་བཏུ་བ་དང༌། རྩ་བའི་སྔགས་དངོས་བསྟན་པའོ།། །།ཉི་ཤུ་རྩ་དྲུག་པ་ལ་ཡང་ལེའུའི་གཞུང་དང༌། མཚན་གཉིས་ལས། དང་པོ་བཤད་པར་དམ་བཅའ་བའི་སྒོ་ནས་ཧ་བརྒྱད་ཀྱི་ཆེ་བ་བསྟན་པ་དང༌། གཉིས་པ་བཤད་པ་དངོས་བསྟན་པའོ། །དེ་ལ་གསུམ་སྟེ། ཕོ་ཉ་བསྟེན་པའི་ཚུལ་དང༌། ཐུན་མོང་མ་ཡིན་པའི་དམ་ཚིག་བསྟན་པ་དང༌། སྒྲུབ་པ་པོའི་དབྱེ་བ་བསྟན་པའོ། །དང་པོ་ལ་བཞི་སྟེ། ཕོ་ཉ་གསུམ་པ་རང་བསྟན་པ་དང༌། སྔགས་སྐྱེས་ཀྱི་ཕོ་ཉ་བསྟེན་པའི་ཚུལ་དང༌། ཕོ་ཉ་བསྟེན་པའི་ཕན་ཡོན་དང་སྦྱིན་པའི་སྣོད་དང་སྣོད་མ་ཡིན་པ་བསྟན་པ་དང༌། ཕོ་ཉ་མོའི་མཚན་ཉིད་སྦྱང་བའི་ཆོ་ག་དང་བཅས་པ་བསྟན་པའོ། །གཉིས་པ་ཐུན་མོང་མ་ཡིན་པའི་དམ་ཚིག་བསྟན་པ་ལ་གསུམ་སྟེ། བཤད་པར་དམ་བཅའ་བ་དང༌། བསྲུང་བའི་དམ་ཚིག་དངོས་བསྟན་པ་དང༌། བསྲུང་བའི་དམ་ཚིག་གཞུང་བསྡུས་ཏེ་བསྟན་པའོ། །གཉིས་པ་ལ་གཉིས་ཏེ། གཡོན་གྱི་ཀུན་སྤྱོད་གཙོར་བྱས་ཏེ་སྤྱིར་བསྟན་པ་དང༌། བསྲུང་བའི་དམ་ཚིག་བརྒྱད་སོ་སོར་བསྟན་པའོ། །སྤྱི་དོན་གསུམ་པ་སྒྲུབ་པ་པོའི་དབྱེ་བ་བསྟན་པ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ།། །།ལེའུ་ཉི་ཤུ་རྩ་བདུན་པ་ལ་གཉིས་ཏེ། ལེའུའི་གཞུང་དང༌། མཚན་ནོ། །དེ་ལ་བཞི་སྟེ། ཕོ་ཉ་མོ་གཟུང་བ་དང༌། སྤྱོད་པའི་བསམ་པའི་ཁྱད་པར་ལ་སོགས་པ་བསྟན་པ་དང༌། སྤྱོད་པའི་ཕན་ཡོན་དང་གཏོར་མའི་ཆོ་ག་བསྟན་པའོ། །དང་པོ་ལ་བཞི་སྟེ། ཕོ་ཉ་བཙལ་བ་དང༌། ཕོ་ཉ་བསྟེན་དཀའ་བ་དཔེའི་སྒོ་ནས་བསྟན་པ་དང༌། མཚན་ཉིད་དང་ལྡན་པའི་ཕོ་ཉ་ཚུལ་བཞིན་དུ་བསྟེན་པའི་ཕན་ཡོན་དང༌། ཕོ་ཉ་ཚུལ་ཇི་ལྟར་བསྟེན་པའི་ལུགས་བསྟན་པའོ། །གཉིས་པ་སྤྱོད་པའི་དུས་ཀྱི་བསམ་པ་ལ་སོགས་པའི་ཁྱད་པར་བརྒྱད་དེ། བསམ་པའི་ཁྱད་པར་དང༌། སྤྱོད་པའི་དུས་ཀྱི་ལུས་ཀྱི་ཀུན་སྤྱོད་བསྟན་པ་དང༌། སྤྱོད་ལམ་གྱི་ཁྱད་པར་དང༌། དམ་ཚིག་གི་ཁྱད་པར་དང༌། དགོས་པའི་ཁྱད་པར་དང༌། ཁ་དོག་ལ་སོགས་པའི་ཁྱད་པར་དང༌། སྤྱོད་པའི་དུས་སུ་བྱ་བ་མ་ཡིན་པ་མདོར་བསྟན་པ་དང༌། རྒྱས་པར་ཞར་ལས་གསང་བར་བྱ་བའི་སྤྱོད་པ་དང༌། གཙང་སྦྲ་ལ་སོགས་པའི་ཁྱད་པར་སྟོན་པའོ། །འདི་ལ་གཉིས་ལས། གཙང་སྦྲ་གསུམ་མདོར་བསྟན་པ་དང༌། གཙང་སྦྲ་རྒྱས་པར་བཤད་པའོ། །སྤྱི་དོན་བཞི་པ་གཏོར་མའི་ཆོ་ག་བསྟན་པ་ལ་དྲུག་ལས། གཏོར་མ་སྦྱིན་པའི་ཆོ་ག་དང༌། དུས་དང༌། དབུལ་བའི་ཡུལ་དང༌། དགོས་པའམ་ཕན་ཡོན་བསྟན་པ་དང༌། ཉིན་མཚན་གྱི་དུས་བསྟན་པ་དང༌། ཆ་ལུགས་བསྟན་པའོ།། །།ཉི་ཤུ་རྩ་བརྒྱད་པ་ལ་གཉིས་ཏེ། ལེའུའི་གཞུང་དང་མཚན་ནོ། །གཞུང་ལ་དྲུག་སྟེ། བདག་གཞན་གཉིས་ཀ་མཆོད་པའི་བྱེ་བྲག་བསྟན་པ་དང༌། དམ་ཚིག་གི་བྱེ་བྲག་བཟའ་བའི་དམ་ཚིག་བདུད་རྩི་ལྔ་ལ་ལོངས་སྤྱོད་པ་བསྟན་པ་དང༌། ཕོ་ཉའི་བྱེ་བྲག་བསྟན་པ་དང༌། སྤྱོད་པའི་དུས་སུ་སྤྱོད་ལམ་ཇི་ལྟར་བྱ་བའི་བྱེ་བྲག་བསྟན་པ་དང༌། སྦྱིན་སྲེག་གི་བྱ་བ་བསྟན་པའོ། །དེ་ལ་གསུམ་སྟེ། ཕྱི་དྲག་པོའི་སྦྱིན་སྲེག་དང༌། ནང་གི་སྦྱིན་སྲེག་ཁ་ཟས་སམ་ཚོགས་པ་ལོངས་སྤྱོད་པའི་ཚུལ་བསྟན་པ་དང༌། དཔེ་དོན་གྱི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་གྱུར་པ་བླ་ན་མེད་པའི་སྦྱིན་སྲེག་བསྟན་པའོ།། །།ཉི་ཤུ་རྩ་དགུ་པ་འདི་ལ་གཉིས་ལས། ལེའུའི་གཞུང་དང༌། མཚན་ནོ། །གཞུང་ལ་གཉིས་ལས། བཤད་པར་དམ་བཅའ་བའི་སྒོ་ནས་ཕོ་ཉའི་མཚན་ཉིད་མདོར་བསྟན་པ་དང༌། གཞུང་བཤད་པ་དངོས་བསྟན་པའོ། །དེ་ལ་ལྔ་སྟེ། ཕོ་ཉའི་མཚན་ཉིད་བསྟན་པ་དང༌། ཕོ་ཉ་དེ་བསྟན་པའི་ཚུལ་དང༌། དྲོད་ཐོབ་པའི་གང་ཟག་གི་ཕྱོགས་ལས་རྣམ་པར་རྒྱལ་བ་ལ་སོགས་པའི་སྤྱོད་པའི་དུས་སུ་མ་གསང་བར་བསྟེན་པར་བསྟན་པ་དང༌། ནུས་པ་མ་ཐོབ་པས་འཇིག་རྟེན་པའི་མདུན་དུ་ཕོ་ཉ་བསྟེན་ཅིང་སྤྱོད་པ་སྤྱད་ན་ཉེས་པ་དང་བཅས་པ་བསྟན་པ་དང༌། བདེ་མཆོག་གི་རྣལ་འབྱོར་ལ་གནས་པའི་ཆེ་བ་བསྟན་པའོ།། །།ལེའུ་སུམ་ཅུ་པ་ལ་གཉིས་ཏེ། གཞུང་དང་མཚན་བསྟན་པའོ། །གཞུང་ལ་གཉིས་ཏེ། བཤད་པར་དམ་བཅའ་བའི་སྒོ་ནས་སྔགས་ཀྱི་ཆེ་བ་བསྟན་པ་དང༌། བཤད་པ་དངོས་སོ། །འདི་ལ་ལྔ་ཏེ་དང་པོ་སྔགས་བཏུ་བའི་སྔོན་དུ་འགྲོ་བའི་ཆོ་ག་བསྟན་པ་དང༌། གཉིས་པ་སྔགས་བཏུ་བ་དངོས་དང༌། གསུམ་པ་ཧའི་ཆེ་བ་བསྟན་པ་དང༌། བཞི་པ་སྲུང་བའི་འཁོར་ལོ་ཕན་ཡོན་དང་བཅས་པ་བསྟན་པ་དང༌། ལྔ་པ་བཏུས་པའི་སྔགས་དངོས་བསྟན་པའོ།། །།ལེའུ་སུམ་ཅུ་རྩ་གཅིག་པ་ལ་གཉིས་ཏེ། གཞུང་དང་མཚན་ནོ། །གཞུང་ལ་གཉིས་ལས། དང་པོ་མཆོད་པའི་རྫས་བསྟན་པ་དང༌། གཉིས་པ་བཟའ་བའི་སྣོད་ལ་བརྩད་པ་སྤང་བ་དང༌། སྔར་བསྟན་རྫས་ཀྱི་ལག་མཆོད་ཇི་ལྟར་བྱ་བ་བསྟན་པའོ།། །།ལེའུ་སུམ་ཅུ་རྩ་གཉིས་པ་ལ་གཉིས་ཏེ། གཞུང་དང༌། མཚན་ནོ། །གཞུང་ལ་གསུམ་སྟེ། དང་པོ་བཟའ་བའི་དམ་ཚིག་གི་རྫས་བསྟན་པ་དང༌། གཉིས་པ་རྫས་དེ་དག་ལ་བརྟེན་ནས་རོ་ལངས་ཀྱི་དངོས་གྲུབ་བསྒྲུབ་པ་དང༌། གསུམ་པ་དེ་དག་བསྒྲུབ་པའི་དུས་སུ་ལམ་གྱི་གསང་བ་བསྐྱེད་པའི་རིམ་པ་བསྟན་པའོ། །དང་པོ་ལ་གཉིས་ཏེ། བཤད་པར་དམ་བཅའ་བའི་སྒོ་ནས་བཟའ་བའི་རྫས་བསྟེན་པ་ཕན་ཡོན་དང་བཅས་པ་བསྟན་པ་དང༌། རྫས་ཀྱི་ཁྱད་པར་དངོས་བསྟན་པའོ། །དེ་བསྒྲུབ་པའི་དུས་སུ་ལམ་གྱི་གསང་བ་བསྐྱེད་རིམ་བསྟན་པ་ལ་གཉིས་ཏེ། རྟེན་བསྐྱེད་པ་དང༌། བརྟེན་པ་ལྷ་བསྐྱེད་པའོ། །རྟེན་བསྐྱེད་པ་ལ་གཉིས་ཏེ། མངལ་སྐྱེས་ལྟར་ན་འབྱུང་བ་བསྒྱུར་ཏེ་བསྒོམ་པ་དང༌། རྫུས་སྐྱེས་སམ་སྒོང་སྐྱེས་ཀྱི་དབང་དུ་བྱས་ནས་རླུང་གི་དཀྱིལ་འཁོར་ནས་རིམ་བཞིན་བསྒོམ་པའོ། །བརྟེན་པ་ལྷ་བསྐྱེད་པ་ལ་ཡང་གཉིས་ཏེ། མངལ་སྐྱེས་ལྟར་ན་བསྐྱེད་པ་དང༌། སྟོང་པའི་ངང་ལས་ནཱ་ད་དང་ཧཱུྃ་ལས་འཁོར་ལོ་ལྔའི་ལྷ་དུས་གཅིག་ཏུ་བསྐྱེད་པའོ།། །།ལེའུ་སུམ་ཅུ་རྩ་གསུམ་པ་འདི་ལ་གཉིས་ཏེ། གཞུང་དང་མཚན་ནོ། །དང་པོ་ལ་གསུམ་སྟེ། རྫས་དང་དུས་ཀྱི་ཁྱད་པར་བསྟན་པ་དང༌། གཉིས་པ་བསྟེན་པར་བྱ་བའི་དམ་ཚིག་ཕོ་ཉ་བསྟེན་ཅིང་མཆོད་པའི་ཚུལ་བསྟན་པ་དང༌། གསུམ་པ་ཕོ་ཉ་བསྟེན་པའི་ཕན་ཡོན་བསྟན་པའོ།། །།ལེའུ་སུམ་ཅུ་རྩ་བཞི་པ་ལ་གཉིས་ཏེ། གཞུང་དང་མཚན་ནོ། །གཞུང་ལ་གསུམ་སྟེ། སྦྱིན་སྲེག་དང་རྫོགས་རིམ་བསྒོམ་པའི་སྔོན་དུ་ལྷ་སུམ་ཅུ་རྩ་བདུན་གྱི་དཀྱིལ་འཁོར་རྫོགས་པར་བསྒོམ་པ་དང༌། སྦྱིན་སྲེག་དང་རྫོགས་རིམ་ཉིད་བསྟན་པ་དང༌། དེ་གཉིས་ཀའི་ཕན་ཡོན་བསྡུས་ནས་བཤད་པའོ། །གཉིས་པ་སྦྱིན་སྲེག་དང་རྫོགས་རིམ་སྟོན་པ་ལ་གཉིས་ཏེ། དྲང་དོན་དུ་བཤད་པ་དང་ཕྲིན་ལས་ལས་བཞིའི་སྦྱིན་སྲེག་དང༌། དེ་གཉིས། ངེས་དོན་དུ་ཕྱག་རྒྱ་ཆེན་པོའི་རྫོགས་རིམ་སྟོན་པའོ།། །།ལེའུ་སུམ་ཅུ་རྩ་ལྔ་པ་ལ་གཉིས་ཏེ། གཞུང་དང་མཚན་ནོ། །གཞུང་ལ་གཉིས་ཏེ། དྲང་དོན་དུ་སྔགས་ཀྱི་བཟླས་པ་བསྟན་པ་དང༌། ངེས་དོན་དུ་རྫོགས་རིམ་བསྒོམ་པའོ། །དྲང་དོན་ལ་གསུམ་སྟེ། སྔོན་དུ་བསྐྱེད་རིམ་བསྒོམ་པ་བསྟན་པ་དང༌། ཕྲིན་ལས་བཞིའི་བཟླས་པ་སྤྱིར་བསྟན་པ་དང༌། དེ་ཉིད་སོ་སོར་བསྟན་པའོ། །འདི་ལ་བཞི་སྟེ། ཞི་བ་དང་དྲག་པོའི་བཟླས་པ་བསྟན་པ་དང༌། ཞར་ལས་དབང་དང་རྒྱས་པའི་བཟླས་པ་བསྟན་པའོ། །དྲག་པོ་ལ་གཉིས་ལས། ཚར་གཅད་པ་དང་རྗེས་སུ་གཟུང་བའོ། །གཉིས་པ་ངེས་དོན་དུ་རྫོགས་པའི་རིམ་པ་ཕྱག་རྒྱ་བཞི་བསྒོམ་པ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དེ་ལ་བཞི་སྟེ། རྒྱུད་གྱི་རིམ་པ་དང༌། སྔགས་ཀྱི་རིམ་པ་དང༌། ཡེ་ཤེས་ཀྱི་རིམ་པ་དང༌། འབྲས་བུ་གསང་བའི་རིམ་པ་བསྒོམ་པའོ། །གཉིས་པ་སྔགས་ཀྱི་རིམ་པ་ལ་གཉིས། སྔགས་བསྒྲུབ་པ་དང༌། སྔགས་ཀྱི་རིམ་པ་དངོས་བསྟན་པའོ།། །།ལེའུ་སུམ་ཅུ་རྩ་དྲུག་པ་ལ་གཉིས་ཏེ། གཞུང་དང་མཚན་ནོ། །གཞུང་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །འདི་ལ་གཉིས་ཏེ། ཕྱག་རྒྱ་གཉིས་དང༌། རྡོ་རྗེ་པདྨ་བྱིན་གྱིས་བརླབ་པ་ཐུན་མོང་དུ་བསྟན་པ་དང༌། ལས་རྒྱ་དང་དམ་ཚིག་གི་ཕྱག་རྒྱ་སོ་སོར་སྦྱར་བར་བསྟན་པའོ། །དེ་ལ་གསུམ་སྟེ། དངོས་ཀྱི་ལས་རྒྱ་ལ་བརྟེན་ནས་དགའ་བཞི་བསྒོམ་པ་དང༌། དམ་ཚིག་གི་ཕྱག་རྒྱ་འོད་ཀྱི་རིག་མ་ལ་བརྟེན་ནས་བསྒོམ་པ་དང༌། དེ་གཉིས་ཀྱི་ཕན་ཡོན་ནམ་འབྲས་བུ་བསྟན་པའོ།། །།ལེའུ་སུམ་ཅུ་རྩ་བདུན་པ་ལ་གསུམ་སྟེ། གཞུང་དང་མཚན་ནོ། །གཞུང་ལ་དོན་གསུམ་སྟེ། བཤད་པར་དམ་བཅའ་བ་དང༌། རྐྱང་མ་མནན་པ་མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དེ་ལ་བཞི་སྟེ། རྐྱང་མ་དེ་ཁ་ཟས་ཀྱི་སྒོ་ནས་དབང་དུ་བྱ་བ་དང༌། བྱུག་པའི་སྒོ་ནས་དབང་དུ་བྱ་བ་དང༌། སྦྱིན་སྲེག་གི་སྒོ་ནས་དབང་དུ་བྱ་བ་དང༌། དེ་ལྟ་བུའི་སྦྱར་བ་དེ་སྦ་ཞིང༌། ཕན་ཡོན་བསྟན་པའོ། །དང་པོ་ཁ་ཟས་ཀྱི་དབང་དུ་བྱ་བ་ལ་གསུམ་སྟེ། ཆང་དང་ཉ་ཤ་ལ་སོགས་པའམ། བདུད་རྩི་ལྔའི་སྒོ་ནས་དབང་དུ་བྱ་བ་དང༌། མར་ཁུ་ལ་བརྟེན་པའི་སྒོ་ནས་དབང་དུ་བྱ་བ་དང༌། སྣུམ་ཁུར་ལ་བརྟེན་པའི་སྒོ་ནས་དབང་དུ་བྱ་བའོ།། །།ལེའུ་སུམ་ཅུ་རྩ་བརྒྱད་པ་ལ་གཉིས་ཏེ། གཞུང་དང་མཚན་བསྟན་པའོ། །དེ་ལ་གཉིས་ཏེ། བཤད་པར་དམ་བཅའ་བ་དང༌། བཤད་པ་དངོས་བསྟན་པའོ། །དེ་ལ་གསུམ་སྟེ། དང་པོ་བཟློག་པའི་ངོས་ནས་བྱ་བ་མ་ཡིན་པའི་ཆ་བསྟན་པ་དང༌། གཉིས་པ་འཇུག་པའི་ངོས་ནས་བྱ་བའི་ཆ་བསྟན་པ་དང༌། དེ་ལྟར་གནས་པར་བྱས་པའི་ཕན་ཡོན་བསྟན་པའོ།། །།ལེའུ་སུམ་ཅུ་རྩ་དགུ་པ་ལ་གཉིས་ཏེ། གཞུང་དང་མཚན་ནོ། །གཞུང་ལ་གཉིས་ཏེ། བསྐྱེད་རྫོགས་ལ་བརྟན་པ་ཐོབ་པའི་རྣལ་འབྱོར་པས་བཞད་པ་བརྒྱད་ཕན་ཡོན་དང་བཅས་པ་མདོར་བསྟན་པ་དང༌། དེའི་རྒྱས་པར་བཤད་པའོ། །དེ་ལ་གསུམ་སྟེ། དུར་ཁྲོད་ལ་སོགས་པར་རྒྱུ་བའི་ཚེ་འཇིགས་པའི་སྒྲ་སྒྲོགས་པ་ལ་སོགས་པ་འབྱུང་བར་བསྟན་པ་དང༌། དཔའ་བོས་བཞད་བརྒྱད་ཀྱི་སྒོ་ནས་དེ་དག་སྐྲག་ཅིང་འབྱེར་བར་བསྟན་པ་དང༌། གོང་གི་སྒྲ་སོགས་ཀྱིས་མ་འཇིགས་ན་མཆོག་ཐུན་མོང་གི་དངོས་གྲུབ་འབྱུང་བར་བསྟན་པའོ།། །།ལེའུ་བཞི་བཅུ་པ་ལ་གཉིས་ཏེ། གཞུང་དང་མཚན་ནོ། །གཞུང་ལ་བཞི་སྟེ། བཤད་པར་དམ་བཅའ་ཞིང་མདོར་བསྟན་པ་དང༌། རྫས་དང་དུས་ཀྱི་སྒོ་ནས་ཅུང་ཟད་རྒྱས་པར་བཤད་པ་དང༌། གྲངས་ངེས་ཀྱི་སྒོ་ནས་དབང་དུ་བྱ་བ་ཤིན་ཏུ་རྒྱས་པར་བཤད་པ་དང༌། མཇུག་སྡུད་ཕན་ཡོན་དཔེ་དང་བཅས་པའི་སྒོ་ནས་བསྟན་པའོ།། །།ལེའུ་བཞི་བཅུ་རྩ་གཅིག་པ་ལ་གཉིས་ལས། གཞུང་དང་མཚན་ནོ། །གཞུང་ལ་ལྔ་སྟེ། སུམྦྷ་ནིའི་ལས་ཀྱི་རྐང་གྲངས་བསྟན་པ་དང༌། དེ་ལའང་དབང་པོ་རབ་བསམ་གཏན་གྱིས་འགྲུབ་པར་བསྟན་པ་དང༌། ལས་དེ་དག་ཀྱང་མཁའ་འགྲོ་མཉེས་པའི་འགྲུབ་པས་ན་བསྡུ་བྱ་སྡུད་བྱེད་ཀྱི་སྒོ་ནས་མདོར་བསྟན་པ་དང༌། དེ་ཉིད་རྒྱས་པར་བཤད་པ་དང༌། མཇུག་བསྡུ་བའི་ཚུལ་གྱིས་དེ་དག་ཕན་ཡོན་དང་བཅས་པ་བསྟན་པའོ། །གསུམ་པ་མདོར་བསྟན་པ་ལ་གསུམ་སྟེ། ཡུལ་ཉི་ཤུ་རྩ་བཞི་ལ་སོགས་པའི་མཁའ་འགྲོ་མ་གསུམ་ཡང་སྐུ་གསུམ་ལས་བྱུང་བར་བསྟན་པ་དང༌། མཁའ་འགྲོ་དེ་རྣམས་ཀྱི་ཡང་སྡུད་བྱེད་ཀྱི་གཙོ་མོ་ཕག་མོར་བསྟན་པའོ། །གསུམ་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། བསྡུ་བྱ་རྒྱས་པར་བཤད་པ་དང༌། གཉིས་ཀ་རྒྱས་པར་བཤད་པའོ། །བསྡུ་བྱ་རྒྱས་བཤད་ལ་གཉིས་ཏེ། གོ་བཟློག་གི་ཚུལ་གྱིས་ཞར་ལ་དཔའ་བོ་ཡང་བསྟན་པ་དང༌། དེ་དག་གདུལ་བྱ་གང་འདོད་ཀྱི་སྐུ་རུ་སྨོན་ལམ་གྱི་ཤུགས་ལས་འབྱུང་བར་བསྟན་པའོ། །གཉི་ག་རྒྱས་པར་བཤད་པ་ལ་གསུམ་སྟེ། བསྡུ་བྱ་ཉེར་བཞི་རྣལ་འབྱོར་མ་དྲུག་གིས་བསྡུས་པར་བསྟན་པ་དང༌། སྙིང་པོའི་བཞི་སྒོ་མཚམས་བརྒྱད་དང་བཅུ་གཉིས་ཀ་སྡུད་པ་མོས་ཤུགས་ཀྱིས་བསྡུས་པར་བསྟན་པ་དང༌། དེ་དག་ཐམས་ཅད་ཀྱི་སྡུད་བྱེད་ཀྱང་ཧེ་རུ་ཀའི་ཡུམ་ཕག་མོ་ཡིན་པར་བསྟན་པའོ།། །།ལེའུ་བཞི་བཅུ་རྩ་གཉིས་པ་ལ་གཉིས་ཏེ། གཞུང་དང་མཚན་ནོ། །གཞུང་ལ་བཞི་སྟེ། དང་པོ་བདེ་བའི་རྒྱུ་ལུས་ཟུངས་རྒྱས་པར་བསྟན་པ་དང༌། དཔེའི་ཡེ་ཤེས་ལ་བརྟེན་ནས་དོན་གྱི་ཡེ་ཤེས་རྟོགས་པར་བསྟན་པ་དང༌། རྐྱང་མ་བསྟེན་པའི་ཐོག་མཐའ་ཧ་བརྒྱད་ཀྱིས་མཉེས་པར་བསྟན་པ་དང༌། གཉི་ག་ལ་བདེ་བ་སྐྱེས་པའི་རྟགས་བསྟན་པའོ། །དང་པོ་ལ་གཉིས་ཏེ། ཐིག་ལེ་གཟུང་བར་བསྟན་པ་དང༌། དེ་རྒྱས་པར་བྱ་བའི་ཐབས་བསྟན་པའོ། །བཞི་པ་སྒྲུབ་པ་པོ་དང་རྐྱང་མ་གཉིས་པ་བདེ་བ་སྐྱེས་པའི་རྟགས་བསྟན་པ་ལ་གཉིས་ཏེ། གཉི་གའི་གསང་རྟགས་མདོར་བསྟན་པ་དང་རྒྱས་པར་བཤད་པའོ། །འདི་ལ་གཉིས་ཏེ། སྒྲུབ་པ་པོ་ལས་བྱུང་བའི་རྟགས་བསྟན་པ་དང༌། རྐྱང་མ་ལས་བྱུང་བའི་ཁྱད་པར་གྱི་རྟགས་བཅུ་བསྟན་པའོ། །དང་པོ་ལ་གཉིས་ཏེ། ཕྱི་རྟགས་གཟུགས་ཀྱི་གསང་བ་ལྔ་བསྟན་པ་དང༌། ནང་རྟགས་ལས་ཀྱི་གསང་བ་ལྔ་བསྟན་པའོ།། །།ལེའུ་བཞི་བཅུ་རྩ་གསུམ་པ་ལ་ཡང༌། ལེའུའི་གཞུང་དང༌། མཚན་ནོ། །གཞུང་ལ་གཉིས་ཏེ། ཡི་གེ་བདུན་པའི་ཆེ་བ་བསྟན་པའི་སྒོ་ནས་མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དེ་ལ་གསུམ་སྟེ། གནས་རྒྱས་པར་བཤད་པ་དང༌། སྒྲུབ་པ་པོའི་ཆ་ལུགས་བསྟན་པ་དང༌། ཡི་གེ་བདུན་པའི་ལས་ཚོགས་དངོས་བསྟན་པའོ། །ལས་ཚོགས་དངོས་བསྟན་པ་འདི་ལ་གཉིས་ཏེ། དངོས་གྲུབ་ཀྱི་མཚན་མ་བརྟག་པ་དང༌། ལས་ཚོགས་དངོས་བསྟན་པའོ། །འདི་ལ་བཅུ་གསུམ་སྟེ། ངག་དབང་བསྒྲུབ་དང་མི་སྣང་དང༌། །ཤིང་འབྲས་མེ་ཏོག་དབབ་པ་དང༌། །རྨི་ལམ་བརྟག་དང་པྲ་སེ་དབབ། །ནད་དང་དུག་སོགས་ཞི་བྱ་དང༌། །སྦྱིན་སྲེག་ལས་བཞིའི་ཁ་དོག་དང༌། །དཔུང་མནན་གསད་སོགས་རྗེས་གཟུང་དང༌། །དུག་སོགས་ཞི་དང་རྒྱན་ལས་རྒྱལ། །གཡུལ་ལས་རྒྱལ་བར་བྱ་བ་དང༌། །མཇུག་སྡུད་ཚུལ་གྱིས་ཕན་ཡོན་བསྟན།། །།ལེའུ་བཞི་བཅུ་རྩ་བཞི་པ་ལ་གཉིས་ཏེ། གཞུང་དང༌། མཚན་ནོ། །གཞུང་ལ་གཉིས་ཏེ། བཤད་པར་དམ་བཅའ་བ་དང༌། གཞུང་བཤད་པ་དངོས་སོ། །གཞུང་བཤད་པ་དངོས་ལ་གསུམ་སྟེ། འཁོར་ལོ་ལ་བརྟེན་ནས་དགུག་པའི་ལས་བསྟན་པ་དང༌། སྦྱིན་སྲེག་གིས་ས་བདག་ནོར་བཅས་དགུག་པ་དང༌། མནན་གསད་རྗེས་གཟུང་དང་བཅས་པ་བསྟན་པའོ།། །།ལེའུ་བཞི་བཅུ་རྩ་ལྔ་པ་ལ་གཉིས་ཏེ། གཞུང་དང་མཚན་ནོ། །གཞུང་དོན་ལ་ལས་དགུ་སྟེ། ངག་དབང་བསྒྲུབ་པར་བྱ་བ་དང༌། །སྐྱེ་ནས་བཅིང་བའི་སྒོ་ནས་དགུག །མེ་ཡི་གདུངས་པས་དགུག་པ་དང༌། །རྒྱལ་པོ་འཁོར་བཅས་དགུག་པ་དང༌། །སྦྱིན་སྲེག་ལས་རྣམས་བསྒྲུབ་པ་དང༌། །མནན་པའི་སྒོ་ནས་སེམས་རྨོངས་བྱ། །རྐྱང་མ་དབང་དུ་བྱ་བ་བསྟན། །ངག་དབང་བསྒྲུབ་པའི་ཐབས་གཞན་དང༌། །ཙནྟ་ཀ་ཡི་ལིངྒ་ཡི། །སྦྱོར་བས་དབང་དུ་བྱ་བའོ།། །།ལེའུ་བཞི་བཅུ་རྩ་དྲུག་པ་ལ་གཉིས་ཏེ། གཞུང་དང་མཚན་ནོ། །གཞུང་ལ་གཉིས་ཏེ། དང་པོ་བཤད་པར་དམ་བཅའ་བ་དང༌། གཞུང་བཤད་པ་དངོས་སོ། །འདི་ལ་བཞི་སྟེ། གསད་པ་དང༌། ལས་མྱུར་དུ་སྒྲུབ་པའི་དྲག་རྫས་བསྟན་པ་དང༌། གཟུགས་བརྗེ་བ་དང༌། མངལ་འཕོ་བའོ། །དང་པོ་ལ་གསུམ་སྟེ། ཁྲག་དྲངས་ཏེ་གསད་པ་དང༌། ཐོད་པ་ལ་བརྟེན་ཏེ་གསད་པ་དང༌། མནན་པའི་སྒོ་ནས་གསད་པའོ།། །།ལེའུ་བཞི་བཅུ་རྩ་བདུན་པ་ལ་གཉིས་ཏེ། གཞུང་དང་མཚན་ནོ། །གཞུང་དོན་ལ་གཉིས་ཏེ། བཤད་པར་དམ་བཅའ་བའི་སྒོ་ནས་སྔགས་ཀྱི་ཕན་ཡོན་བསྟན་པ་དང༌། གཞུང་བཤད་པ་དངོས་སོ། །འདི་ལ་ལས་ཚོགས་བཅུ་གཅིག་སྟེ། །རིགས་རྒྱུད་བཅད་དང་ཞིང་སོགས་བརླག་པར་བྱ་བ་དང༌། །དབང་དུ་བྱ་དང་དགུག་གནོན་ལ་སོགས་དང༌། །སྐྱེས་པ་བུད་མེད་དབང་དུ་བྱ་བ་དང༌། །ཁྱིར་བྱ་བ་དང་རྫས་མིན་བྱ་བ་དང༌། །གཟེར་སོགས་ཐོག་འབེབས་བསྐྱེད་པར་བྱ་བ་དང༌། །བྱི་ལར་བྱ་དང་རྗེས་གཟུང་སྣ་ཚོགས་གཟུགས་སུ་བྱ། །བཅུ་གཅིག་གཞན་གྱི་འབྲུ་རྣམས་དགུག་པར་བྱ་བའོ།། །།ལེའུ་བཞི་བཅུ་རྩ་བརྒྱད་པ་ལ་གཉིས་ཏེ། གཞུང་དང་མཚན་ནོ། །གཞུང་ལ་བཞི་སྟེ། ཡུམ་གྱི་སྙིང་པོའི་སྔགས་ཀྱི་ཆེ་བ་བསྟན་པ་དང༌། ཧ་བརྒྱད་ཀྱི་ཕན་ཡོན་བསྟན་པ་དང༌། དངོས་གྲུབ་བསྒོམ་པ་ལ་ལྟོས་དགོས་པས་བསྐྱེད་པའི་རིམ་པ་བསྟན་པ་དང༌། ལྷ་སུམ་ཅུ་རྩ་བདུན་བསྒོམ་པ་དང༌། མཆོད་པ་འཐད་པ་དང་ཕན་ཡོན་བསྟན་པའོ།། །།ལེའུ་བཞི་བཅུ་རྩ་དགུ་པ་ལ་གཉིས་ཏེ། གཞུང་དང་མཚན་ནོ། །གཞུང་ལ་དྲུག་སྟེ། མཚམས་སྦྱར་བའི་སྒོ་ནས་སྐྱེ་བདུན་ཤའི་ཕན་ཡོན་དང༌། དེ་བརྟག་པའི་ཐབས་དང་མཚན་ཉིད་དང༌། དེའི་ཤ་བཟའ་བའི་ཕན་ཡོན་དང༌། དེའི་གོ་རོ་ཙ་ན་ལ་སོགས་པ་ལ་བརྟེན་ནས་བསྒྲུབ་པ་དང༌། དེ་ཡང་དཀའ་ལ་རྣམ་སྨིན་ཆེ་བས་གང་རུང་རུང་དུ་མི་བྱ་བ་དང༌། དེ་བསྒྲུབས་ནས་ཤ་ཟོས་པའི་ཕན་ཡོན་བསྟན་པའོ།། །།ལེའུ་ལྔ་བཅུ་པ་ལ་གཉིས་ཏེ། གཞུང་དང་མཚན་ནོ། །གཞུང་ལ་གཉིས། མཚམས་སྦྱར་བའི་སྒོ་ནས་སྦྱིན་སྲེག་གི་ཆེ་བའམ་ཕན་ཡོན་བསྟན་པ་དང༌། གཞུང་བཤད་པ་དངོས་སོ། །དེ་ལ་གཉིས་ཏེ། ལས་ཚོགས་དང་དངོས་གྲུབ་དེ་དག་ཀྱང་བསྐྱེད་པའི་རིམ་པ་བསྒོམ་པ་ལས་བྱུང་བ་བསྟན་པའོ། །དང་པོ་ལ་བཅུ་གཉིས་ཏེ། སྦྱིན་སྲེག་སྐྱུགས་པ་ཟླ་མཚན་དང༌། །དབྱེ་བསྐྲད་བར་ཆད་བཟློག་པ་དང༌། །རིགས་ཀྱི་དབུལ་བ་དོར་བ་དང༌། །དབང་དུ་བྱ་བ་ལ་སོགས་བསྟན། །གོ་མཾ་ས་དང་བིལ་བིལ་བ། །གོ་མཾ་ས་དང་མ་གོ་པཱུ། །དེས་ཀྱང་དབང་དུ་བྱ་བ་དང༌། །གཞན་བརྟེན་བརྟུལ་ཞུགས་འདིར་མ་གསུངས། །བཅུ་གཉིས་གདུག་པ་བཅིང་བ་བསྟན། །གཉིས་པ་དངོས་གྲུབ་བསྐྱེད་པའི་རིམ་པ་བསྒོམ་པ་ལས་འབྱུང་བར་བསྟན་པ་གཉིས་བསྐྱེད་རིམ་མདོར་བསྟན་ཅིང་ཕན་ཡོན་བསྟན་པ་དང༌། རྒྱས་པར་བཤད་པའི་ཚུལ་གྱིས་གཙོ་བོའི་ལུས་ལ་གནས་པར་བསྟན་པ་དང༌། དེ་དག་ཀྱང་ལམ་བསྐྱེད་རྫོགས་གཉིས་ཀྱིས་འགྲུབ་པར་གསུངས་པའོ། །ཐམས་ཅད་ཀྱི་མཇུག་སྡུད་ལེའུ་ལྔ་བཅུ་རྩ་གཅིག་པ་འདི་ལ་གཉིས་ཏེ། གཞུང་དང་མཚན་ནོ། །གཞུང་ལ་གཉིས་ཏེ། མཚམས་སྦྱར་བ་དང༌། གཞུང་བཤད་པ་དངོས་སོ། །འདི་ལ་གསུམ་སྟེ། བརྡའི་སྒོ་ནས་ལམ་གྱི་གསང་བའི་མཇུག་བསྡུ་བ་དང༌། ལམ་གོམས་པས་ཕན་ཡོན་གྱི་སྒོ་ནས། འབྲས་བུའི་གསང་བ་མཇུག་བསྡུ་བ་དང༌། རྒྱུད་འདི་གཞན་ལས་ཁྱད་པར་དུ་འཕགས་པ་བསྟན་པའོ། །དང་པོ་ལ་གསུམ་སྟེ། དེ་ཁོ་ན་བཅུ་བཞིས་བསྐྱེད་རིམ་གྱི་མཉམ་གཞག་དང་རྗེས་ཐོབ་ཏུ་བཤད་པ་དང༌། སྒོང་སྐྱེས་ལྟར་ན་བསྐྱེད་རྫོགས་གཉིས་ཀ་བསྟན་པ་དང༌། གཉིས་ཀའི་ཐུན་མོང་གི་མཇུག་སྡུད་ངེས་ཚིག་དང་བཅས་པ་བསྟན་པའོ། །གཉིས་པ་ལམ་གྱི་གོམས་པའི་ཕན་ཡོན་བསྟན་པ་ལ་དྲུག་སྟེ། ཕན་ཡོན་དངོས་སུ་འགྲོ་བའིསྒོ་ནས་བསྟན་པ་དང༌། ཕན་ཡོན་དང་ལྡན་པའི་ལམ་བསྟན་པ་དང༌། ལམ་གྱི་ཁྱད་པར་རྒྱན་དང་ལྷའི་རང་བཞིན་བསྒོམ་བྱར་བསྟན་པ་དང༌། རྒྱན་སོགས་སྣ་ཚོགས་སུ་བསྟན་ཡང་གདུལ་བྱའི་དབང་གིས་དགོས་པ་དང་བཅས་པར་བསྟན་པ་དང༌། ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་ཅིང་རྟོགས་པར་དཀའ་བས་གང་ལ་ཡང་མི་སྨད་པར་བསྟན་པ་དང༌། མདོ་རྒྱུད་ཀྱི་གོ་རིམ་བསྟན་པའོ། །དཔལ་འཁོར་ལོ་སྡོམ་པའི་རྩ་བའི་རྒྱུད་ཀྱི་བསྡུས་པའི་དོན་རྫོགས་སོ།། །།ས་མཱཔྟ་མི་ཐི།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply