བདེ་མཆོག་རྩ་རྒྱུད་ཀྱི་དཀའ་འགྲེལ།

༼ཁ༽

༄༅། །བདེ་མཆོག་རྩ་བརྒྱུད་ཀྱི་དཀའ་འགྲེལ་བཞུགས།།

༄༅། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ལ་གྷུ་སཾ་བ་ར་ལེའུ་ལྔ་བཅུ་རྩ་གཅིག་པ་ལས། ལེའུ་དང་པོས་རྒྱུད་ཀྱི་དོན་མདོར་བསྟན། ལེའུ་བཞི་བཅུ་རྩ་དགུས་རྒྱས་པར་བཤད། ཐ་མས་མཇུག་བསྡུས་ནས་བསྟན་ཏོ། །ལེའུ་དང་པོའི་ཡང་དེ་ནས་ཞེས་བྱ་བ་རྐང་པ་གཉིས་ཀྱིས་རྒྱུད་རྒྱས་པར་ནམ་མཁའ་དང་མཉམ་པ་དང་མཚམས་སྦྱར་བའི་སྒོ་ནས། རྒྱུད་བསྡུས་པ་བཤད་པར་གླེང་བསླང་བ་བསྟན་ཏོ། །ཧེ་རུ་ཀ་དཔལ་ཞེས་བྱ་བ་ལ་སོགས་པ་རྣམས་ཀྱིས། གླེང་བསླང་བའི་སྐབས་གྱིས་གསང་བའི་དོན་བཤད་དོ། །དེ་ལ་དེ་ནས་ཞེས་བྱ་བ་བཀྲ་ཤིས་པའི་དོན་ཏེ། ཨ་ཐའི་ཨ་ནི་སྐྱེ་བ་མེད་པའི་དོན་ཡིན་པས། སྐྱེ་བ་མེད་པའི་རང་བཞིན་གྱིས་བཀྲ་ཤིས་པའོ་གསུང་ངོ༌། །དེ་ཡང་ཨ་ཐ་འདུས་པ་ལས། ཨོཾ་འབྱུང་བ་ནི་བཀྲ་ཤིས་པའི་དོན་ཡིན་ནོ། །ཞེས་གསུང་ངོ༌། །གསང་བ་ཞེས་བྱ་བ་འདི་བརྗོད་བྱ་དང་རྗོད་བྱེད་དོ། །དང་པོ་ནི་རིམ་པ་གཉིས་ལས་བསྐྱེད་རིམ་ནི། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་གསང་བའོ། །གཉིས་པ་ནི་རྒྱུད་སྡེ་འོག་མ་གསུམ་ལའང་གསང་བའམ། དེ་ཡང་དེ་ལས་སྐྱེས་པའི་དེ་ཁོ་ན་ཉིད་ནི་ས་བཅུའི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་མ་ཡིན་པ་དང༌། སངས་རྒྱས་ཉག་གཅིག་གི་སྤྱོད་ཡུལ་ཡིན་པས་གསང་བའོ། །གཉིས་པ་ལ་བརྒྱུད་པའི་གདམས་ངག་མེད་པ་རྣམས་ཀྱིས་གོ་བར་དཀའ་བའི་ཕྱིར་གསང་བའོ། །ཚུལ་ཇི་ལྟར་བཤད་ཅེ་ན་མདོར་བསྡུས་པ་ཁོ་ན་ཡིན་ཏེ། སྒྲུབ་པ་པོའི་སྒོ་ནས་བསྟན་ལ། རྒྱས་པར་མིང་ཞེས་པ་དགག་པའི་སྒོ་ནས་བསྟན་ཏེ། རྒྱུད་རྒྱས་པའི་དོན་མ་ལུས་པར་སྟོན་པའོ། །གསང་བའི་དོན་བསྟན་པ་ལ་གསུམ་སྟེ། ཚུལ་ཇི་ལྟར་གསང་བར་གཞག་པ་དང༌། གསང་བར་བཤད་པ་དང༌། གསང་བར་བསྒྲུབ་པའོ། །དང་པོ་གསུམ་སྟེ། གསང་བ་ལམ་ལ་གཞག་པ་དང༌། འབྲས་བུ་ལ་གཞག་པ་དང༌། གཉིས་ཀ་ལ་གཞག་པའོ། །དེའི་དང་པོ་ལ་ཡང་གཉིས་ཏེ། བསྐྱེད་པའི་རིམ་པ་དང༌། རྫོགས་པའི་རིམ་པ་གཞག་པའོ། །དང་པོ་ནི་ཧེ་རུ་ཀ་དཔལ་ཡང་དག་སྦྱོར་གྱིས་ཡབ་ཡུམ་དངོས་སུ་བསྟན། གཞན་ཤུགས་ལས་ཤེས་པར་བྱའོ། །ཡང་ཚོགས་པ་ལ་བཤད་པ་ལྟར་ཕྱིའི་དཀྱིལ་འཁོར་འབྲས་བུ་སྤྱི་ལ་དམིགས་པ་རུ་བྱང་ཆུབ་ཀྱི་དག་པ་ཆོས་སྐུ་ལ་དམིགས་པ། ཀ་ལུས་ཀྱི་དཀྱིལ་འཁོར་ལོངས་སྐུ་ལ་དམིགས་པ། དཔལ་གསང་བའི་མཆོད་པ་ལ་སྤྲུལ་སྐུ་ལ་དམིགས་པ། ཡང་འབྲས་བུ་སྤྱི་ལ་དམིགས་པ་གཅིག་པུའི་དབང་དུ་བྱས་ན། དཔལ་བདེ་བ་ཆེན་པོའི་ཙཀྲ། ཧེ་ཐུགས། རུ་གསུང༌། ཀ་སྐུ། ཡང་དག་སྦྱོར་དམ་ཚིག་གི་དཀྱིལ་འཁོར་ཏེ། གཙོ་བོའི་ཕྱག་དང༌། སྤྱན་དང༌། སྔགས་དང་སྦྱོར་བའི་ཕྱིར་རོ། །སློབ་མ་ལ་བཤད་པ་ལྟར་ན། དཀྱིལ་འཁོར་གཅིག་ལ་རྣམ་པར་གཞག་པ་དེ་ཡང་བསྐྱེད་རིམ་ལ་སྦྱར་ན། ཧེ་ཨཱ་ལི་ཀཱ་ལི་ལས་བྱུང་བའི་ཉི་ཟླ་ཁ་སྦྱོར་རྣལ་འབྱོར། རུ་རབ་ཏུ་ཧཱུྃ་རྗེས་སུ་རྣལ་འབྱོར། ཀ་སྐུ་རྫོགས་པ་ཤིན་ཏུ་རྣལ་འབྱོར། དཔལ་ཆོ་ག་ཐམས་ཅད་ཡོངས་སུ་རྫོགས་པ་རྣལ་འབྱོར་ཆེན་པོ། ཡང་དག་སྦྱོར། སྐུ་གསུམ་གྱི་ཆོ་ག་ཏིང་ངེ་འཛིན་གསུམ་ལ་སྦྱོར་གསུང་ངོ༌། །རྫོགས་པ་ལྟར་ན་དགའ་བ་བཞི་དང་སྐུ་བཞི་སྟེ་དཔལ་ལྷན་སྐྱེས། ཧེ་ཁྱད་པར་གྱི་དགའ་བ། རུ་མཆོག་དགའ། ཀ་དགའ་བ། ཡང་དག་སྦྱོར་ལམ་དུ་སྦྱར་བའོ། །གསང་བའི་མཆོད་པ་མཆོག་ལས་བྱུང་བ་དགའ་བ་བཞི་པོ་དེ་ཉིད། སྐུ་བཞི་དང་སྦྱར་ན། དཔལ་བདེ་བ་ཆེན་པོའི་སྐུ། ཧེ་ཆོས་སྐུ། རུ་ལོངས་སྐུ། ཀ་སྤྲུལ་སྐུ། ཡང་དག་སྦྱོར་བཞིར་སྦྱོར་བའི་འབྲས་བུ་ལ་སྦྱོར་བའོ། །འདོད་པའི་དོན་ནི། ཀུན་གྱི་འབྲས་བུ་མཆོག་དང་ཐུན་མོང་ངོ༌། །བླ་མ་ཞེས་པ་རྒྱུད་སྡེ་འོག་མ་གསུམ་གྱི་ལམ་མོ། །ལས་ཀྱང་བླ་མ་ནི་རྣལ་འབྱོར་བླ་མ་མེད་པའི་ལམ་རིམ་གཉིས་སོ། །མཁའ་འགྲོ་མའི་དྲྭ་བའི་སྡོམ་ནི་ཁྱད་པར་དུ་སམྦ་ར་སྟེ་ཁྱད་པར་དུ་གྲུབ་ཉེ་བའི་ཕྱིར་གསུང༌། ད་ནི་གསང་བ་ཞེས་པ་ལ་སོགས་པ་གསང་བ་བཤད་པ་ལ་གསུམ་སྟེ། དྲང་བའི་དོན་དང༌། ཡི་གེའི་དོན་དང༌། ངེས་པའི་དོན་དུ་བཤད་པའོ། །དང་པོ་ནི་ཆོས་འབྱུང་གི་རྒྱུ་ཕུན་སུམ་ཚོགས་པ་ལྔ་སྟེ། དེ་ཡང་གསང་བ་ཞེས་པས་འདི་སྐད་དེ། གསང་བའི་སྐད་འདི་ཁོ་ན་སྐད་ཐོས་ཞེས་བྱས་པས་མང་ཉུང་མེད་པ། སྒྲོ་སྐུར་དང་བྲལ་བ་བསྟན་ཏེ། གསང་བ་ཆོས་ཀྱི་རང་བཞིན་ནོ། །མཆོག་ཅེས་པ་བདག་གིས་ཐོས་པ་སྟེ། གང་ཟག་མཆོག་ཏུ་གྱུར་པ་སྟེ་ས་བཅུའི་མངའ་བདག་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་ཐོས་ཞེས་པས་བརྒྱུད་པ་བཀག་པ་སྟེ། གང་གིས་ཐོས་པའི་སྡུད་པ་པོའི་རང་བཞིན་ནོ། །དགེས་པ་ཞེས་བྱ་བ་ཐོས་པའི་ཤེས་རབ་ཀྱིས་ཐོས་པ་སྟེ། ཟག་མེད་ཀྱི་དགའ་བ་ཁྱད་པར་ཅན་སྐྱེས་པས་ན་དགེས་པ་ཞེས་བྱ་ལ། ཐོས་པ་ཙམ་ཡིན་གྱི་དོན་ཇི་ལྟ་བ་བཞིན་དུ་མངོན་དུ་གྱུར་པ་མེད་པར་བསྟན་ཏེ་ཐོས་པའི་ཤེས་རབ་ཀྱི་རང་བཞིན་ནོ། །དེ་ལྟར་གསུམ་པོ་དེས་རྒྱུད་ཀྱི་དོན་ཐོས་པ་དེ་ཁོ་ན་ལྟར་བདེན་པའི་རང་བཞིན་ཡིན་པས་ན་རང་བཞིན་ཕུན་སུམ་ཚོགས་པ་བསྟན་ཏོ། །ཐམས་ཅད་བདག་ཉིད་ཅེས་པ་ནི་ཆོས་ཀྱི་དབྱིངས་ཀྱི་གནས་ཕུན་སུམ་ཚོགས་པ་སྟེ། དོན་ཆོས་ཐམས་ཅད་ཀྱི་བདག་ཉིད་རྣམ་ཐར་སྒོ་གསུམ་ཡིན་པ་རྣམ་པ་ཕྱི་ཆོས་འབྱུང་དུ་ཆུད་པའི་གཞལ་ཡས་ཁང་ལྷ་ཐམས་ཅད་ཀྱི་བདག་ཉིད་ཀྱི་རྩིག་པ་ལྔ་ལས་གྲུབ་པ་ཡིན་ནོ། །རྟག་ཏུ་གཞུག་པ་བགྱིས་ན་བསམ་གྱིས་མི་ཁྱབ་པའི་དུས་ཏེ། དུས་གསུམ་མཉམ་པ་ཉིད་དུ་གྱུར་པའི་ཆོས་ཀྱི་དབྱིངས་ལ། ཆོས་སྐུ་དབྱིངས་དང་ཡེ་ཤེས་དབྱེར་མེད་ཀྱི་ཚུལ་གྱིས་བཞུགས་ལ། ལོངས་སྐུ་འོག་མིན་ན་གནས་ལ་སོགས་པ་ལྔ་མི་འགྱུར་བའི་ཚུལ་གྱིས་བཞུགས་ལ། སྤྲུལ་པའི་སྐུ་གནས་སོགས་ངེས་པ་མེད་པ་སེམས་ཅན་གྱི་དོན་ལ། རྒྱུད་གྱི་རྟག་པར་བཞུགས་པའོ། །སྟོན་པ་ཕུན་སུམ་ཚོགས་པ་ནི། མཁའ་འགྲོ་ཀུན་དངོས་སེམས་དཔའ་ནི། །ཞེས་པ་རྒྱུ་རྡོ་རྗེ་སེམས་དཔའ་གདུལ་བྱ་ལ་སྐུ་མདོག་དཀར་པོར་སྣང་བ། རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །ཅེས་བྱ་བ་འབྲས་བུ་རྡོ་རྗེ་འཛིན་པ་སྟེ་སྐུ་མདོག་ནག་པོར་སྣང་བ། འདི་ནི་རང་བྱུང་ལ་སོགས་པ་ཡིན་གྱི་ཆོས་ཏེ་གོ་སླའོ། །གཉིས་པ་ཡི་གེའི་དོན་དུ་བཤད་པ་ནི། ཧ་སྱེ་ལ་སོགས་པ་ཡི་གེ་གཅིག་ཏུ་སྟེ། སཾ་པུ་ཊའི་བརྟག་པ་དང་པོའི་དང་པོར་བསྟན་ལ། དེའི་དོན་གཉིས་པ་ལས་བཤད་དེ། རྫས་བཅུའི་དང་པོ་དེ་ནི་བཅུད་ལེན་དུ་འགྱུར་རོ། །བསྟེན་པའི་དུས་དྲུག་གམ་བརྒྱད་དུ་བསྟན་ཏེ། ཡང་ཐུན་མཚམས་སུ་དམ་ཚིག་བསྟེན་པའི་ཕན་ཡོན་ནི། མཁའ་འགྲོ་ཀུན་དངོས་ཞེས་པས་བསྟན་ཏེ། མཁའ་འགྲོ་ཀུན་དངོས་ནི་སེམས་ཅན་ཀུན་གྱི་བདག་པོར་གྱུར་པའོ། །སེམས་དཔའ་ནི་ཚེ་རིང་བར་འགྱུར་པ་ལ་སོགས་པའོ། །རྡོ་རྗེ་སེམས་དཔའ་ནི་རྟོག་པ་ཆུང་བ་དང༌། རྟོག་པས་མི་ཕྱེད་པར་འགྱུར་བའོ། །བདེ་བའི་མཆོག་ནི་ལུས་དང་སེམས་བདེ་བའི་རང་བཞིན་དུ་འགྱུར་བའོ། །རང་འབྱུང་ནི་འདོད་པ་མེད་པར་དམ་ཚིག་བསྟེན་པའི་ནུས་པ་ཙམ་གྱིས་འབྱུང་བའོ། །བཅོམ་ལྡན་ནི་དབང་ཕྱུག་ལ་སོགས་པ་ཡོན་ཏན་དུ་མ་དང་ལྡན་པ་ཡིན་ལ། དེ་ལྟ་བུའི་ཡོན་ཏན་གྱི་ཆ་ཤས་དམ་ཚིག་ལས་འབྱུང་ཞེས་བྱའོ། །དཔལ་ནི་གང་གིས་ཀྱང་མི་ཚུགས་པའི་སྟོབས་དང་ལྡན་པར་འགྱུར་བ་ལ་སོགས་པའོ། །མཁའ་འགྲོ་དྲྭ་བའི་སྡོམ་གྱིས་མཁའ་འགྲོ་མ་ཐམས་ཅད་ཀྱིས་བསྙེན་བཀུར་བྱེད་པར་འགྱུར་བའོ། །སྒྲའི་ཚུལ་ལས་བྱུང་བ་ནི་དེ་ལྟ་བུའི་རྫས་བཅུ་དྲུག་གི་བཅུད་ལེན་བསྟེན་པས་ལུས་ཟུངས་རྒྱས་པར་འགྱུར་ལ། དེའི་སྟོབས་ཀྱིས་སྒྲ་ཚུལ་ཞེས་པ་ལྟེ་བའི་ཨྃ་ལས་བྱུང་བའི་ཚུལ་གྱིས་དགའ་བ་བཞིའི་ཉམས་མྱོང་སྐྱེ་བའོ། །དེ་ལྟ་བུའི་གང་ཟག་དེ་ནི་དམ་ཚིག་སྤྱོད་པའི་སྤྱོད་ཡུལ་ཅན་ཞེས་བྱའོ། །གསང་བ་ངེས་པའི་དོན་དུ་བཤད་པ་ལ་གཉིས་ཏེ། ལམ་དང་འབྲས་བུའོ། །དང་པོ་བཤད་པ་ལ་གཉིས་ཏེ། བསྐྱེད་པའི་རིམ་པ་དང་སྦྱར་བ་ནི་གསང་བ་སྒོམ་པ་རྐང་པ་གཉིས་ཀྱིས་བརྟེན་པ་ལ་སྦྱར་བ་དང༌། རྟེན་ལ་སྦྱར་བའོ། །རྟེན་ལ་ཡང་སྒྲུབ་པ་པོའི་རྟེན་དང་ལྷའི་རྟེན་གཉིས་ལས། འོག་ནས་འབྱུང་བའི་རི་བོ་ཚང་ཚིང་ཕུག་རྣམས་ཞེས་བྱ་བ་ལ་སོགས་པ། གནས་ལྔ་པོ་དེ་རྣམས་སྐྱེ་བོའི་རྒྱུན་ལུགས་ལ་སོགས་པ་ལ་གསང་བ་སྟེ། བསྐྱེད་པའི་རིམ་པ་ལ་བརྟེན་པ་ཐོབ་པའི་ཐུན་མོང་དང་མཆོག་སྒྲུབ་པའི་གནས་ཡིན་པས་ན་མཆོག་གོ །མེ་ཏོག་དང་འབྲས་བུ་ལ་སོགས་པས་མཛེས་ཤིང་ཉམས་དགའ་བས་ན་དགེས་པའོ། །རྩི་ཤིང་དང་ནགས་ཚལ་ལ་སོགས་པ་དང༌། བྱ་སྐད་སྙན་པ་སྣ་ཚོགས་པ་ཡིད་དུ་འོང་བའི་ཆུ་ཡོད་པས་ཐམས་ཅད་བདག་ཉིད་དང༌། དེར་རྟག་ཏུ་གནས་པར་འོས་པས་ན་རྟག་ཏུ་བཞུགས་ཞེས་བྱའོ། །གཉིས་པ་ལྷའི་རྟེན་ལ་བཤད་ནས་འཇིག་རྟེན་པ་དང་ཐུན་མོང་གི་རྟེན་ནི་ས་ལ་སོགས་པ་ནས་རི་རབ་ཀྱི་བར་ཡིན་ཏེ། དེ་ཡང་གསང་བ་ས་དང༌། མཆོག་གི་ཆུ་དང༌། དགེས་པ་མེ། ཐམས་ཅད་བདག་ཉིད་རླུང༌། རྟག་ཏུ་བཞུགས་པས་རི་རབ་རྟག་གསུང༌། གཉིས་པ་ལྟར་ན་ཆོས་འབྱུང་ལ་སོགས་པ་སྟེ། དེ་ཡང་གསང་བ་ཆོས་འབྱུང་སྟེ་གསང་བར་བྱས་སོ། །མཆོག་སྣ་ཚོགས་རྡོ་རྗེ་སྟེ་ཕྱོགས་ཐམས་ཅད་དུ་ཕྲིན་ལས་མཆོག་སྣ་ཚོགས་ཀྱིས་སེམས་ཅན་གྱི་དོན་མཛད་པ་མཚོན་གསུང༌། དགེས་པས་པདྨ་སྟེ་པདྨ་འདམ་ནས་སྐྱེས་པ་སྟེ། འདམ་གྱི་ཉེས་པས་མ་གོས་པ་དང་འདྲ་བར་འཁོར་བའི་ཉེས་པས་མ་གོས་པའི་མཚན་ཉིད་དེ་ལྟ་བུ་ནི་དགེས་པའོ། །ཐམས་ཅད་བདག་ཉིད་ནི་གཞལ་ཡས་ཁང་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་རང་བཞིན་ཡིན་པས་སོ། །དེ་ལྟ་བུའི་རྟེན་ནམ་གནས་སུ་འཇིག་རྟེན་ལས་འདས་པའི་ལྷ་རྣམས་རྟག་ཏུ་བཞུགས་ཞེས་བྱ་བའོ། །ད་ནི་བརྟེན་པ་བསྐྱེད་པ་ལ། སྤྱིར་སེམས་ཅན་ལ་སྦྱང་གཞི་སྐྱེ་གནས་བཞི་ཡོད་པ་ལས་འདིར་མངལ་སྐྱེས་དང་སྒོང་སྐྱེས་གཉིས་དང་སྦྱར་རོ། །དེ་ལ་མངལ་སྐྱེས་དང་སྦྱར་ན། ཚོགས་གཉིས་བསག་པ་དང་གཞལ་ཡས་ཁང་བསྐྱེད་པ་སྔ་མ་ལྟར་བྱས་ལ་དེའི་དབུས་སུ་སྣ་ཚོགས་པདྨའི་གཟུགས་བརྙན་གྱི་ཚུལ་དུ་བྱུང་བའི་ལྟེ་བར། ཨཱ་ལི་ལས་ཟླ་བ་མེ་ལོང་ལྟ་བུ། ཀཱ་ལི་ལས་ཉི་མ་མཉམ་པ་ཉིད། བར་དུ་ཧཱུྃ་སོ་སོར་རྟོག་པ་དེ་ལས་འོད་བྱུང་བའི་ཚུལ་གྱིས་སྟེང་དུ། ཨོཾ་ཨཱཿཧཱུྃ་གསུམ་དང༌། པདྨ་ཟླ་བ་ཉི་མ་གསུམ་སྟེ་དྲུག་སྟེང་ནས་སྟེང་དུ་རིམ་གྱིས་བསྒོམས་ལ། དེ་ཡང་ཡས་མར་ནཱ་དའི་ནང་དུ་རིམ་གྱིས་ཐིམ་ནས། ནཱ་ད་དེ་ཡང་ཀ་ར་ཀ་ར་ལ་སོགས་པའི་སྒྲ་དང་བཅས་པས་ཉི་ཟླའི་བར་གྱི་ཧཱུྃ་ལ་ཐིམ་པས། དེ་གསུམ་གཅིག་ཏུ་གྱུར་པ་བྱ་བ་ནན་ཏན། སྐུ་རྫོགས་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། དེ་ལྟ་བུའི་མངོན་བྱང་ལྔ་ལས་གཙོ་བོ་ཡབ་ཡུམ་བསྐྱེད་པ་ནི། མཁའ་འགྲོ་ཀུན་དངོས་ཞེས་པས་བསྟན་ཏེ། འཁོར་ཐམས་ཅད་ཀྱི་སྐྱེད་བྱེད་དམ་གཙོ་བོ་ཡིན་པའི་ཕྱིར་རོ། །དེ་ནས་རྡོ་རྗེ་པདྨ་བྱིན་གྱིས་བརླབས་ནས་སྙོམས་པར་ཞུགས་པ་ལས་ཐིག་ལེ་དཀར་དམར་གཉིས། རྡོ་རྗེ་དང་པདྨའི་བར་དུ་བབས་པ་ལས། བདེ་བ་སྐྱེས་པ་ནི་སེམས་དཔའ་འོ། །རྡོ་རྗེ་འཛིན་པ་ཡབ་ཡུམ་འོད་དུ་ཞུ་བ་ནི། རྡོ་རྗེ་སེམས་དཔའ་བདེ་བའི་མཆོག་གོ །དེ་ནས་ཨ་བྷི་དྷ་ན་ལས་འབྱུང་བའི་གླུས། ལྷ་མོ་རྣམས་ཀྱིས་བསྐུལ་བ་ལས་འབྲས་བུ་རྡོར་འཛིན་དུ་བཞེངས་པ་ནི། འདི་ནི་རང་བྱུང་བཅོམ་ལྡན་འདས་ཏེ། ཐིག་ལེ་ལས་རང་བྱུང་བ་དང༌། དབང་ཕྱུག་ལ་སོགས་པ་དང་ལྡན་པས་བཅོམ་ལྡན་འདས་དང༌། ཐམས་ཅད་ལས་རྒྱལ་བས་དཔའ་བོ་ཡིན་པས་དཔའ་བོ་དང༌། འཁོར་གྱི་མཁའ་འགྲོ་མ་རྣམས་ཀྱི་གཙོ་བོ་ཡིན་པས་མཁའ་འགྲོ་དྲྭ་བའི་སྡོམ་པའོ། །དེས་ནི་དང་པོའི་རྣལ་འབྱོར་གསུང་ངོ༌། །དེ་ལྟར་འབྲས་བུ་རྡོ་རྗེ་འཆང་དུ་བཞེངས་པ་དེས། དཀྱིལ་འཁོར་རྒྱལ་མཆོག་སྤྲུལ་པ་ནི་སྒྲའི་ཞེས་བྱ་བ་ལ་སོགས་པ་སྟེ། ཡབ་ཡུམ་སྙོམས་པར་བཞུགས་པའི་སྒྲས་དེ་བཞིན་གཤེགས་པ་རྣམས་སྤྱན་དྲངས་ཏེ། ཞལ་དུ་ཞུགས་པས་ཞུ་སྟེ་ཡབ་ཡུམ་གྱི་པདྨར་ཐིག་ལེ་ལས་ལྷ་གསུམ་གྱི་དཀྱིལ་འཁོར་བསྐྱེད། དེ་ལས་ཡབ་ཡུམ་སོ་སོའི་རྩ་དབུ་མ་ནས་གྱེན་ལ་དྲངས་ཏེ་ཐུགས་ཀར་བསྟིམ། འཁོར་ལོ་རྣམས་སོ་སོའི་གནས་སུ་སྤྲོ་བ་ནག་པོ་པའི་མངོན་པར་རྟོགས་པ་ལྟར་དཀྱིལ་འཁོར་འབྱུང་བའི་ཚུལ་གྱིས་སྒྲའི་ཚུལ་ལས་བྱུང་བའོ། །ཡང་སྒྲ་ནི་ཤེས་རབ་ཡིན་ལ། ཚུལ་ནི་ཐབས་ཏེ། ཡབ་ཡུམ་ཐབས་ཤེས་རབ་སྙོམས་པར་ཞུགས་པ་ལས་བྱུང་གསུང་ངོ༌། །དེ་ལྟ་བུའི་བསྐྱེད་པའི་རིམ་པ་རྣམས་ཀྱང་དམ་ཚིག་ཉམས་པའི་གང་ཟག་གི་སྤྱོད་ཡུལ་མིན་པས། དམ་ཚིག་སྤྱོད་པའི་སྤྱོད་ཡུལ་ཅན། །ཞེས་བྱའོ། །འདི་ནས་བཤད་པ་འོག་མརྣམས་ལའང་ཤེས་པར་བྱའོ། །དེ་ལྟར་མངལ་སྐྱེས་ཀྱི་དབང་དུ་བྱས་ཏེ་དམ་ཚིག་གི་དཀྱིལ་འཁོར་བསྐྱེད་པ་ཙམ་ཞིག་བསྟན་པར་བཞེད་དོ། །སྒོང་སྐྱེས་ཀྱི་དབང་དུ་བྱས་ཏེ་མངོན་པར་རྟོགས་པ་ཕལ་ཆེར་རྫོགས་པར་བཞེད་དོ། །རྟེན་གྱི་བར་དུ་སྔར་བཞིན་བསྒོམས་ལ་དེ་ནས་ནམ་མཁའ་ལ་སྔར་སྟོང་པར་བསམ་ལ་སེམས་ཉིད་དེ་ནཱ་དར་བསམ། དེ་ལས་ཨཱ་ལི་བྱུང་སྟེ་པདྨའི་སྟེང་དུ་བསམས་པ་ལས་ཟླ་བ། ཀཱ་ལི་དམར་པོ་བྱུང་བ་ལས་ཟླ་བའི་སྟེང་དུ་འཕྲོས་ཏེ་ཟླ་བ་དེ་འོད་དམར་པོ་དང་བཅས་པར་བསྒོམ་སྟེ། དེ་ནས་ནཱ་ད་ལས་ཐིག་ལེ་ནས་རིམ་གྱིས་ཧཱུྃ་རྫོགས་པར་བསམ། དེ་ནས་དཀྱིལ་འཁོར་རྟེན་དང་བརྟེན་པ་དང་བཅས་འབྲས་བུ་སྤྱི་ལ་དམིགས་ཏེ། དཔལ་ནཱ་རོ་པས་ལཱུ་ཧི་པའི་དགོངས་པ་བསྐངས་པ་དང༌། རྒྱུད་ཀྱི་སྟེང་དུ་གསུངས་པ་དགོངས་པ་མི་འདྲ་བར་བཞེད་གསུང་ངོ༌། །གཞུང་ནི་མས་རིམ་ནས་སྦྱར་ཏེ་སྒྲའི་ཚུལ་ལས་ཞེས་པ་རྐང་པ་གཉིས་དང་སྦྱར་རོ། །སྒྲ་ཚུལ་ཞེས་པ་ནམ་མཁའི་ནཱ་ད་ཡིན་པ་དེ་ལས་བྱུང་བའོ། །འདི་ནི་རང་བྱུང་གི་ནཱ་ད་ལས་བྱུང་བའོ། །བཅོམ་ལྡན་དཔའ་བོ་ནི་གཙོ་བོ་མཁའ་འགྲོ་མའི་དཀྱིལ་འཁོར་གྱི་ལྷ་གསུམ་སྟེ། སྡོམ་ཞེས་གཙོ་བོའི་ཚོགས་པ་ལས་བཤད་པ་ལྟར་ན། དེ་ཉིད་དམ་ཚིག་གི་དཀྱིལ་འཁོར་ཡིན་པས། མཁའ་འགྲོ་ཀུན་དངོས་ཞེས་བྱའོ། །ལུས་ལ་ལྷ་རྣམས་དགོད་པ་ལོངས་སྤྱོད་རྫོགས་པའི་སྐུ་ལ་དམིགས་པ་ནི་སེམས་དཔས་བསྟན། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་གསུམ། ཆོས་སྐུ་ལ་དམིགས་པ་ནི་རྡོ་རྗེ་སེམས་དཔས་བསྟན། སྤྲུལ་པའི་སྐུ་ལ་དམིགས་པའི་ཕྱོགས་གཅིག་བདེ་བ་ཆེན་པོ་རྟོགས་པར་བྱ་བའི་ཕྱིར་གསང་བའི་མཆོད་པ་ནི་བདེ་བ་མཆོག་གིས་བསྟན་ཏེ། དེ་ལྟར་མངལ་སྐྱེས་ཀྱི་ཚུལ་གྱིས་ནི། དཀྱིལ་འཁོར་རྒྱལ་མཆོག་བསྐྱེད་པ་ཙམ་ལས་མ་བསྟན་ལ། སྒོང་སྐྱེས་ལྟར་ན་བསྐྱེད་རིམ་གྱི་ལུས་སམ་མངོན་རྟོགས་ཕལ་ཆེར་རྫོགས་པར་བསྟན་ཏོ། །རྫོགས་རིམ་ལ་སྦྱར་ཏེ་བཤད་པ་ལ་གསུམ་སྟེ། དོན་ལ་སྦྱར་བ་དང༌། དཔེ་དོན་གཉིས་ཀ་ལ་སྦྱར་བ་དང༌། དཔེ་ལ་སྦྱར་བའོ། །དང་པོ་ནི་གསང་བ་མཆོག་ལ་སོགས་པ་རྐང་པ་གཉིས་ཀྱིས་རྒྱུད་རིམ་འཁོར་ལོ་བཞི་དང་རྩ་གསུམ་བསྟན་ཏེ། གསང་བ་སྤྲུལ་པའི་འཁོར་ལོ་སྟེ་གསང་བར་བྱ་བའི་ཕྱིར། མཆོག་སྙིང་ག་སྟེ་སེམས་ཀྱི་རྟེན་གནས་པས་མཆོག་ཡིན་པའི་ཕྱིར་རོ། །དགྱེས་པ་ལོངས་སྤྱོད་འཁོར་ལོ་སྟེ་རོ་དུ་མར་ལོངས་སྤྱོད་ལ་དགེས་པའི་ཕྱིར་རོ། །ཐམས་ཅད་བདག་ཉིད་ཅེས་པ་བདེ་བ་ཆེན་པོའི་འཁོར་ལོ་སྟེ་བྱང་སེམས་ཐམས་ཅད་ཀྱི་འབྱུང་གནས་ཡིན་པའི་ཕྱིར་རོ། །རྟག་ཏུ་བཞུགས་ནི་རྩ་གསུམ་འབར་འཛག་མངོན་དུ་བྱེད་པ་གསུམ་མམ། རླུང་ལྡང་འཇུག་གནས་པ་གསུམ་མམ། མགོ་ཟུག ལོངས་སྤྱོད། ཐིམ་པ་གསུམ་གནས་ཀྱི་ཚུལ་གྱིས་ཙཀྲ་བཞི་ལ་དབང་བྱེད་ཅིང་བརྟེན་དུ་བཞུགས་པའི་ཕྱིར་རོ། །དེ་ལྟ་བུའི་རྒྱུད་རིམ་གསལ་བཏབ་ནས། སྒྲའི་ཚུལ་ཞེས་པ་རྐང་པ་གཉིས་ཀྱི་སྔགས་རིམ་ནི། ལྟེ་བའི་ཨཾ་ལས་རླུང་སྟོབས་རྒྱས་ཤིང་རླུང་གི་ནུས་པ་སྐྱེས་པས་རྟགས་ལྔ་མཐོང་བའི་མཐར་གཏུམ་མོའི་མེ་འབར་ཏེ་སྟོབས་སུ་གྱུར་ནས། ཙཀྲ་གོང་མ་རྣམས་བསྲེགས་ཏེ་གནད་ཀྱི་སྒོ་ཕྱེ། སྣ་བུག་གཡས་ནས་དེ་བཞིན་གཤེགས་པའི་ཤངས་བུག་གཡོན་དུ་ཞུགས་གནད་ཀྱི་སྒོ་ཕྱེ། གཡོན་གྱི་ཆ་ལ་བརྟེན་ཏེ་འཁོར་ལོ་བཞི་བཞུ་བའི་བར་སྔགས་ཀྱི་རིམ་པ་སྒྲ་ཞེས་པ་ཨཾ་འབར་བས། ཚུལ་ལམ་ངེས་འབྱུང་ཞེས་པ་དེའི་དུས་ཉིད་ན་ཡང་ཧྃ་བྱང་ཆུབ་ཀྱི་སེམས་འབབ་པ། དམ་ཚིག་སྤྱོད་པ་ནི་དེ་བཞིན་གཤེགས་པའི་བདུད་རྩི་ལ་སྤྱོད་ཡུལ་ཅན་དེ་བསྲེག་ཅིང་ལེན་པས་ཙཎྜཱ་ལཱིའི་མེའོ། །རླུང་རག་བྱ་དྲོད་ཀྱི་རང་བཞིན་ཅན་གྱི་གཏུམ་མོའི་ནུས་པ་དང་ཐ་མི་དད་པ་དེས། དེ་བཞིན་གཤེགས་པའི་བདུད་རྩི་སྔར་བཞིན་ཁྱེར་ནས་འོངས་ཏེ། ཡ་རྐན་སོའི་མཚམས་ཀྱི་བར་གང་བ། དགའ་བའི་ཡེ་ཤེས་ནི་མཁའ་འགྲོ་ཀུན་དངོས་ཞེས་བས་བསྟན་ཏེ། མཁའ་འགྲོ་སྟེ་དེ་བདུད་རྩིའི་ངོ་བོ་ཡིན་པའོ། །སྙིང་གའི་འཁོར་ལོར་ཕྱིན་པ་ནི་མཆོག་དགའ་ནི་སེམས་དཔས་བསྟན་ཏེ། དེ་སྔར་བས་བདེ་བ་ཆེ་བའི་ཕྱིར་རོ། །དེ་གཉིས་ནི་ལོངས་སྐུའོ། །དེ་ནས་སྙིང་ག་ནས་ལྟེ་བར་ཕྱིན་པའི་དུས་སུ་རྡོ་རྗེ་སེམས་དཔའ་བསྟན་ཏེ་མི་རྟོག་པས་བརྒྱན་པའི་ཕྱིར་རོ། །དེ་ནི་སྤྲུལ་པའི་སྐུའོ། །དེ་ནས་ཐིག་ལེ་དང་བདེ་བས་ལུས་ཐམས་ཅད་ཁྱབ་པ་ནི། ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་སྟེ་བདེ་བ་མཆོག་ཅེས་པས་བསྟན་ཏེ་བདེ་སྟོང་ཟུང་དུ་ཆུད་པའི་ཕྱིར་རོ། །དེ་ནི་ཆོས་ཀྱི་སྐུའོ། །དེ་དག་གིས་ནི་ཡེ་ཤེས་ཀྱི་རིམ་པ་ཡས་ཕབ་ཀྱི་དགའ་བ་བཞི་བསྟན་ཏོ། །དེ་ནས་མས་བཟློག་པའི་དགའ་བའི་རིམ་པས་གསང་བའི་རིམ་པ་བསྟན་ཏེ། ཡར་བཟློག་པའི་དགའ་བ་བཞིའི་མཐར་ལུས་པྲ་སེ་ན་ལྟར་དྭངས་ཤིང་ཐོགས་པ་མེད་པ་དང༌། སེམས་རྟོག་མེད་རྣལ་མར་འགྱུར་རོ། །དེ་ལ་མཁའ་འགྲོ་དྲྭ་བའི་སྡོམ་པ་ཡིན་ཞེས་བྱ་བས། མཁའ་འགྲོ་དྲྭ་བ་སྟེ་རྩ་རླུང་རྣམས་དབུ་མར་སྡོམ་པའོ། །སྙིང་གར་བསྟན་པ་ལས་མཆོག་དགའ་ནི་དཔའ་ཞེས་པས་བསྟན་ཏེ་བདེ་སྟོང་ཤས་ཆེ་བའི་ཕྱིར་དང༌། ལུས་སྟོབས་དང་ལྡན་པར་འགྱུར་བའི་ཕྱིར་དང༌། མགྲིན་པར་བརྟན་པས་དགའ་བྲལ་ནི། དབུ་མའི་གཙུག་ཏོར་ཕྱེད་སྐྱེས་སྨིན་མཚམས་ཀྱི་མཛོད་སྤུ་དང༌། ཐུགས་ཀའི་དཔལ་བེའུ་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་གྱི་དངོས་པོ་ཐོབ་པའི་ཕྱིར་རོ། །སྤྱི་བོར་བརྟན་པས་རླུང་སེམས་དབུ་མར་ཐིམ་པ་ལས་ལྷན་ཅིག་སྐྱེས་པའི་དགའ་བ། སྐུ་དང་ཡེ་ཤེས་ཟུང་དུ་འཇུག་པ་འདི་ནི་རང་བྱུང་ཞེས་པས་བསྟན་ཏོ། །ཕྱཱ་དང་དབང་ཕྱུག་ལ་སོགས་པ་བྱེད་པ་པོ་སུས་ཀྱང་མ་བྱས་པར་རླུང་སེམས་དབུ་མར་ཐིམ་པ་ཙམ་ལས་བྱུང་བའི་ཕྱིར་རོ། །དེ་དག་གིས་ནི་གསང་བ་དོན་ལ་སྦྱར་བའོ། །ད་ནི་དཔེ་དོན་གཉིས་ཀ་ལ་སྦྱར་བ་ཚོགས་པ་ལ་བཤད་པ་ལྟར་ན། ཐོག་མ་འབྲས་བུ་སྤྱི་ལ་དམིགས་པ། དབུས་ལོངས་སྐུ་ལ་དམིགས་པ། ཐ་མ་ཆོས་ཀྱི་སྐུ་ལ་དམིགས་པ་སྟེ་དེ་ལྟ་བུ་དེ་འཇིག་རྟེན་གསུམ་དུ་སྤྲུལ་པའི་སྐུ་ལ་དམིགས་པའི་དུས་ཀྱི་བདེ་བ་རྙེད་པར་དཀའ་ཞེས་འཆད་དོ། །སློབ་མ་ལ་བཤད་པ་ལྟར་ན་ལྔ་གསུམ་ཚང་བའི་དཀྱིལ་འཁོར་ཆེན་པོ་དམ་ཚིག་གི་དཀྱིལ་འཁོར་བསྒོམས་པའི་བདེ་བ་ལ་ཐོག་མ་ཞེས་བྱ། ལུས་ཀྱི་དཀྱིལ་འཁོར་བསྒོམ་པ་ལ་དབུས། དེ་ཁོ་ན་ཉིད་ཀྱིས་མཆོད་པ་ལ་བདེ་བ་ལ་དམིགས་པ་མ་མཐའ་ཞེས་བྱ་ལ། དེ་ལྟ་བུའི་བདེ་བ་དེ་འཇིག་རྟེན་གསུམ་གི་ངོ་བོ་ཅན་ཙཀྲ་ལྔ་མ་ཚང་བའི་སྐུ་གསུང་ཐུགས་ཀྱི་ཙཀྲ་གསུམ་ཙམ་བསྒོམ་པ་ལས་རྙེད་པར་དཀའ་སྟེ། མི་སྐྱེ་ཞེས་བྱ་བའི་ཐ་ཚིག་གོ །གཉིས་པ་དཔེ་རྫོགས་པའི་རིམ་པ་ལ་སྦྱར་ན། ཐོག་མ་དབུས་མཐར་ཡང་དག་གནས། །ཅི་ཞེས་བྱ་སྟེ། ཐོག་མ་བདེ་བ་ཆེན་པོའི་ཙཀྲ་དགའ་བ། བར་དབུས་ལོངས་སྤྱོད་ཙཀྲ་ལ་མཆོག་དགའ། མཐར་ཆོས་ཀྱི་ཙཀྲ་ལ་དགའ་བྲལ་ཏེ་དེ་གསུམ་ལས་ལྷན་ཅིག་སྐྱེས་པའི་དགའ་བ་རྙེད་པར་དཀའོ། །ཇི་ལྟར་ཞེས་བྱ་བ་ནི་དཔེ་ལ་སྦྱར་བ་སྟེ་བཤད་པ་ལ་རིམ་པ་བཞིའི་སྐབས་སུ་དགའ་བ་བཞིའི་ཉམས་སུ་མྱོང་བ་དེ་དཔེ་ཅི་འདྲ་ན། ཕྱག་རྒྱ་ལ་བརྟེན་པའི་བདེ་བ་དང་འདྲ་ཞེས་བྱ་སྟེ། དེ་ཡང་ཞག་གསུམ་ཕྲག་ལྔར་འཇམ་རླུང་སྦྱངས་ལ། དེ་ནས་ཕྱག་རྒྱ་དང་སྦྱོར་བ་ལས་བདེ་བ་མི་རྟོག་པས་བརྒྱན་པ་འབྱུང་སྟེ། མཚོན་ནུས་པའི་ཤེས་རབ་ཡེ་ཤེས་ཞེས་བྱའོ། །དེ་དང་འདྲ་བ་ནས་དེ་བཞིན་ནོ། །ཞེས་བྱའོ། །སྔགས་བཟླས་ཞེས་བྱ་བ་གསང་བ་འབྲས་བུ་ལ་སྦྱར་ཏེ་བཤད་པ་ནི། རིམ་པ་གཉིས་ཀྱི་ཕན་ཡོན་བསྟན་ཏེ། དེ་ལ་རྣལ་འབྱོར་པ་རབ་ཀྱིས་བསམ་གཏན་ཙམ་གྱིས་ཐུན་མོང་གི་དངོས་གྲུབ་འགྲུབ་ལ། འབྲིང་གིས་བཟླས་པ་དང་གཉིས་ཀྱིས། ཐ་མས་སོགས་ཀྱིས་བསྡུས་པ་རྫས་སྦྱོར་དང་འཁྲུལ་འཁོར་གསུམ་གྱིས། ཤིན་ཏུ་ཐ་ཤལ་གྱིས་སྦྱིན་སྲེག་དང་བཞིས་འགྲུབ་པའི་ཆོ་གའི་སྦྱོར་བ་ཉིད་བསྟན་པར་གྱིས། ཞེས་བྱ་བ་དང༌། ཡེ་ཤེས་ཀྱང་ཞེས་བྱ་བ་ནི་མཆོག་གི་དངོས་གྲུབ་ཀྱི་ཐབས་རིམ་པ་གཉིས་རྒྱུད་རྒྱས་པ་ལས་གསུངས་པ་འདིར་བསྡུས་པ་ཙམ་བསྟན་པར་གྱིས་ཞེས་བྱ་བ་གདམས་པ་ཡིན་ནོ། །དེ་ལྟ་བུའི་ཕན་ཡོན་འབྱུང་བའི་ཐབས་དེ་ཡང་རིགས་ལྡན་མར་མཆོད་པ་དང༌། དམ་ཚིག་བསྟན་པ་མེད་པར་མི་འགྲུབ་པས། དེ་གཉིས་ཀྱི་གསང་བ་དེ་བསྒྲུབ་པར་འཆད་པ་ནི། བར་མ་དབུགས་དབྱུང་ཞེས་བྱ་བ་ལ་སོགས་པའོ། །དེ་ཡང་དང་པོ་རིགས་ལྡན་མར་མཆོད་པ་ལ་དྲུག་སྟེ། མཆོད་པའི་རྫས་དང༌། རྟེན་གྱི་གང་ཟག་དང༌། དུས་དང༌། ཡུལ་དང༌། ཚུལ་ཇི་ལྟར་མཆོད་པ་དང༌། ཕན་ཡོན་ནོ། །འདི་ལ་གཉིས་ཏེ། རང་དོན་དང་གཞན་དོན་འགྲུབ་པའོ། །དང་པོ་རྫས་ནི་བར་མ་དབུགས་སོགས་ཏེ། བར་མ་རཀྟ། དབུགས་དབྱུང་ཤ་ཆེན། མཆོག་བྱང་ཆུབ་ཀྱི་སེམས། དྲི་དྲི་ཆེན། ཆུ་དྲི་ཆུ་བཅས་ཏེ་ལྔ་དང་བཅས་པ་གཉིས་ཡན་ཆད་རྙེད་ཚད་དང་བཅས་པ་སྟེ། མདོར་ན་དེ་ལྟ་བུའི་དམ་ཚིག་གི་རྫས་ཀྱིས་བསྲེས་པའི་ཚོགས་ཀྱི་ཁ་ཟས་ཀྱིས་མཆོད་པས་ལུས་ཟུངས་རྒྱས་པར་བྱས་པའོ། །གང་ཟག་ནི་བདེ་བ་མཆོག་ཏུ་དབང་ཐོབ་ཅིང༌། དམ་ཚིག་དང་ལྡན་པའི་རྣལ་འབྱོར་པས་སོ། །དུས་ནི་དུས་ཁྱད་པར་ཅན་དུ་ཞེས་བྱ་བ་ཡར་ངོ་མར་ངོའི་ཚེས་བཅུའམ། མ་འགྲུབ་ན་མར་ངོའི་ཚེས་བཅུ་དང༌། དེ་མ་འགྲུབ་ན་དགུན་ཟླ་འབྲིང་པོའི་ཚེས་བཅུ་ལ་མཆོད་པའོ། །ཡུལ་ནི་རིགས་ལྡན་ཞེས་བྱ་བ་ལ་སོགས་པ་རྐང་པ་གསུམ་གྱིས་ཏེ། བསྡུ་ན་ཕྱི་ནང་གཉིས་སོ། །རྒྱས་པར་བྱེད་ན་ཕྱིའི་རིགས་ལྡན་དང༌། ནང་གི་རིགས་ལྡན་ནོ། །ཕྱིའི་རིགས་ལྡན་མ་ནི་ཞིང་ལས་སྐྱེས་པའི་མཁའ་འགྲོ་མའི་རྟགས་དང་མཚན་མས་རྒྱས་བཏབ་པ། སྒྲུབ་པ་པོའི་རྒྱུད་བྱིན་གྱིས་རློབ་ནུས་པ། མིའི་བུ་མོ་དང་ཕྱི་དང་ནང་གི་རིགས་ལྡན་མ་ཞེས་བྱ་བ་སྒྲ་ཚུལ་གྱིས་བསྐྱེད་པའི་རྣལ་འབྱོར་པའི་བློ་ལ་སྣང་བའོ། །ནང་གི་ཕྱི་ཡང་དེ་ཀ་ཡིན་ནོ། །ནང་གི་རིགས་ལྡན་མ་ཞེས་བྱ་བ་ནི་ལུས་ལ་གནས་པའི་རྩ་རྣམས་སོ། །དེ་ཡང་རིགས་ལྡན་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོ་སྒྲུབ་པའི་རིགས། རང་རང་གི་རིགས་དང་ལྡན་པའོ། །གསུང་ངོ༌། །དེ་ཉིད་ལ་ཕོ་ཉ་ཞེས་ཀྱང་བྱ་སྟེ། དངོས་གྲུབ་སྒྲུབ་པ་ལ་མགྱོགས་ཤིང་བདེ་བ་བསྐྱེད་པ་ལ་སོགས་པ་སྒྲུབ་པ་པོ་བྱ་བ་བྱེད་པའི་ཕོ་ཉ་ཞེས་བྱའོ། །ལྷན་ཅིག་སྐྱེས་མ་ནི་བྷ་དནྟ། འོག་མིན་ན་བཞུགས་པ་རང་བཞིན་གྱིས་གྲུབ་པའི་རྣལ་འབྱོར་མ་གསུམ་ལ་བྱ་གསུང༌། གྲུབ་པ་མོ་ནི་གཉིས་ཏེ་ཞིང་ལས་གྲུབ་པ་ཡུལ་སོ་གཉིས་ན་གནས་པ། སྔགས་ལས་གྲུབ་པ་ནི་མཁའ་འགྲོ་མ་རྣམས་ཀྱིས་སྔགས་བཟླས་པས་དངོས་གྲུབ་ཀྱི་གྲོགས་བྱེད་པ་ལ་བྱ་གསུང༌། བླ་མ་དུས་འཁོར་བ་ལ་སོགས་པ་མ་གསུམ་པོ་དེ་དཀྱིལ་འཁོར་གྱི་ལྷ་ལ་གཞག་པ་དང༌། རྣལ་འབྱོར་པ་གཅིག་གི་སྤྱོད་ཡུལ་ལ་གཞག་པ་དང༌། གཉིས་སུ་གསུངས་ཏེ། དཀྱིལ་འཁོར་གཅིག་ལ་གཞག་ན་སྙིང་པོའི་རྣལ་འབྱོར་མ་རྣམས་ལྷན་སྐྱེས། འཁོར་ལོ་གསུམ་གྱི་རྣལ་འབྱོར་མ་རྣམས་ཞིང་ན་བཞུགས་པས་ཞིང་སྐྱེས། སྒོ་མཚམས་མ་བརྒྱད་གདུལ་བྱའི་དོན་དུ་མགོ་བརྙན་གྱི་ཚུལ་དང༌། ཕྱེད་གཟུགས་སུ་བཞུགས་པས་སྔགས་ལས་སྐྱེས་པས་སྔགས་སྐྱེས་སོ། །རྣལ་འབྱོར་པའི་སྤྱོད་ཡུལ་གཅིག་གི་དབང་དུ་བྱས་ནས། སྒྲུབ་པ་པོ་བསྐྱེད་པའི་རྣལ་འབྱོར་མ་གསུམ་པོ་ཐམས་ཅད་སྔགས་སྐྱེས། སྒོ་མཚམས་མ་བརྒྱད་དང་སྙིང་པོའི་བཞི་སྟེ་བཅུ་གཉིས་ཡབ་ཡུམ་བཅས་པའང་ཞིང་སྐྱེས་ཀྱི་སྡུད་བྱེད་ཡིན་པས་ཞིང་སྐྱེས་སུ་བཞག་ལ། ཡུལ་ཉེར་བཞིའམ། སོ་གཉིས་ན་གནས་པའི་སྤྲུལ་པའི་སྐུ་ཐམས་ཅད་ཞིང་སྐྱེས། འོག་མིན་ན་བཞུགས་པའི་ལོངས་སྐུ་དང་པོ་ནས་གྲུབ་པ་རྣམས་ལྷན་ཅིག་སྐྱེས་མའོ། །དང་པོ་དེ་ནི་སྤྲུལ་སྐུ་ལོངས་སྐུ་དང་རིམ་གྱིས་སྦྱར་རོ། །དེ་ཡང་སྔགས་སྐྱེས་ཀྱིས་ཞིང་སྐྱེས་བསྐུལ་ལ། ཞིང་སྐྱེས་ཀྱིས་ལྷན་སྐྱེས་བསྐུལ་ཏེ། སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ་བའོ། །མཆོག་དང་བཅས་པ་ལ་སོགས་པས་རྒྱས་པར་བཤད་དེ། ལྷན་སྐྱེས་ནི་མཆོག་སྟེ་སིདྡྷི་གཉིས་ཀ་སྩོལ་བས་སོ། །ཞིང་སྐྱེས་འབྲིང་སྟེ་ཐུན་མོང་གི་སིདྡྷི་དང་མཆོག་གི་གྲོགས་བྱེད་པའོ། །སྔགས་སྐྱེས་ཐ་མ་སྟེ་ཐུན་མོང་གི་ཡང་གྲོགས་ཙམ་ལས་མི་བྱེད་གསུང་ངོ༌། །སྔགས་སྐྱེས་ལ་དབྱེ་ན་བཅུ་དྲུག་མ་མཆོག གཉིས་ཀ་འབྲིང༌། བཅུ་གཉིས་མ་ཐ་མའོ། །རིགས་ཀྱིས་དབྱེ་ན་པདྨ་ཅན་དང༌། གླང་པོ་ཅན་དང༌། དུང་ཅན་མ་དང༌། རི་དྭགས་ཅན་མ་དང༌། རི་མོ་ཅན་མ། སྣ་ཚོགས་ཅན་མ་རབ། མཁའ་འགྲོ་མ་རིགས་དྲུག་ལ་སོགས་པ་བཅུ་དྲུག་འབྲིང༌། ཐ་མལ་པའི་མིའི་བུ་མོ་ཐ་མ་སྟེའོ། །ཚུལ་ཇི་ལྟར་མཆོད་ན་ཡིད་ནི་ནང་དུ་ཆུད་པ་ཡིས། །ཞེས་པས་མཉམ་པར་གཞག་པས་མཆོད་པ་བསྟན་ཏེ། དེ་ཡང་ཕྱིའི་རིགས་ལྡན་མ་ནི་མཆོད་པའི་དུས་སུ་མཁའ་གསང་བྱིན་གྱིས་བརླབ་པ་དང༌། དགའ་བ་བཞིའི་ཉམས་མྱོང་བསྐྱེད་པ་ལ་མ་ཡེངས་པ་དང༌། དེ་ལྟར་བསྟེན་པ་ལ་གུས་ཤིང་ཐེ་ཚོམ་མེད་པའོ། །རང་རྫས་ནི་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ཡིན་ལ། དེ་ནས་དང་པོ་རང་གི་ལྕེས་བླངས་ཏེ་དེ་ནས་མཐེབ་སྲིན་གྱིས་བླངས་ཏེ་མཆོད་གསུང་ངོ༌། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ནི་རིགས་ལྡན་མ་རྣམས་སོ། །ཡང་ན་ཕྱིའི་རིགས་ལྡན་མ་ཡིད་ནི་ནང་དུ་ཆུད་པས། ཞེས་བྱ་བས་བྱིང་རྒོད་སྤངས་ཏེ་མཉམ་པར་བཞག་པས་རིགས་ལྡན་མ་རྣམས་སྔར་བསྟན་པའི་རྫས་རྣམས་ཀྱིས་མཆོད་ཅེས་བྱའོ། །ཚིག་དེ་རྣམས་རྫོགས་རིམ་ལ་ནང་གི་རིགས་ལྡན་མའི་དབང་དུ་བྱས་ཏེ་བཤད་ན། བར་མ་ཞེས་བྱ་བ་སྒྲུབ་པ་པོ་རང་གི་ལུས་ལ་གནས་པའི་བདུད་རྩི་ལྔའོ། །དུས་ཁྱད་པར་ཅན་དུ་ཞེས་བྱ་བ་ཡང་དགུན་ཟླ་འབྲིང་པོ་ནས་བརྩམས་ཏེ། རྩ་རྣམས་སུ་བྱང་ཆུབ་ཀྱི་སེམས་མགོ་ཟུག་པ་ལ་སོགས་པ་གསུམ་གྱིས་རྩ་རྣམས་མཆོད་པར་བྱེད་པ་སྟེ། དེ་སེམས་ཅན་ཐམས་ཅད་ལ་ཡང་དེ་ལྟར་གནས་པའི་དབང་དུ་བྱས་ན་ནི། འཁོར་བའི་མཆོད་ལུགས་ཡིན་ལ། རྣལ་འབྱོར་པ་རླུང་ཆ་མཉམ་སྟེ་རྩ་རྣམས་བྱང་ཆུབ་ཀྱི་སེམས་ཀྱིས་རྒྱས་པར་བྱས་ནས། མཐར་བྱང་ཆུབ་ཀྱི་སེམས་རྩ་དབུ་མར་ཆུད་པ་ལས་རང་གི་ལུས་ཀྱི་ཕུང་པོ་ལ་སོགས་པ། ཟག་པ་མེད་པ་པྲ་སེ་ན་ལྟ་བུར་རྒྱས་པ་ནི་མྱ་ངན་ལས་འདས་པའི་མཆོད་ལུགས་སོ། །དེ་ལ་ཕོ་ཉ་ནི་རྩའོ། །ལྷན་ཅིག་སྐྱེས་གྲུབ་ནི་ལུས་ལ་དང་པོ་ནས་གྲུབ་པའི་རྩ་རྣམས་སོ། །མཆོག་དྷཱུ་ཏཱི། འབྲིང་བྷ་གའི་རྩ་ནི་ཉི་ཤུ་རྩ་བཞིའོ། །ཐ་མ་སྐུའི་སྒོ་དགུ་དང་འབྲེལ་བའི་རྩ་བརྒྱད་དོ། །ཡིད་ནང་དུ་ཆུད་པས་ནི་རྩ་དང་བྱང་ཆུབ་ཀྱི་སེམས་ལ་སོགས་པ་ཐམས་ཅད་དབུ་མར་བཅུག་པ་སྟེ་སྟོང་པའོ། །དེ་ལ་དངོས་གྲུབ་གཉིས་ཀ་འབྱུང་ངོ༌། །རང་རྫས་ཐིག་ལེ་བྱང་ཆུབ་ཀྱི་སེམས་ཡིན་ལ། དེ་བཟློག་སྟེ་དྲངས་པས་མཆོད་པའོ། །སངས་རྒྱས་བྱང་ཆུབ་སེམས་དཔའ་ནི་སྒྲུབ་པ་པོའོ། །ཕུང་པོ་དང་ཆོས་ལ་སོགས་པ་ཟག་མེད་རྒྱས་ཤིང་འཕེལ་བར་བྱས་པའོ་གསུང་ངོ༌། །མཐོང་བ་ཞེས་བྱ་བ་ལ་སོགས་པ་ནི་ཕྱི་ནང་གི་རིགས་ལྡན་མར་མཆོད་པའི་ཕན་ཡོན་ཐུན་མོང་བ་བསྟན་ཏེ། དེ་ཡང་སྒྲུབ་པ་པོ་བདག་གཞན་གྱིས་མཐོང་བ་ལ་སོགས་པ་བཞིས་བསོད་ནམས་ཀྱི་ཚོགས་གསོག་པ་དང༌། རྟོག་པ་དག་པར་འགྱུར་བ་གསུམ་འབྱུང་བའོ། །བདག་ཉིད་ལ་ནི་ལྟ་ཅི་སྨོས་ཞེས་ཤེས་པར་བྱའོ། །སྔགས་བཟླས་ཞེས་བྱ་བ་ནི་སྔགས་བཟླས་པ་ལ་སོགས་པ་དང༌། རིགས་ལྡན་མ་མཆོད་པས་དངོས་གྲུབ་འགྲུབ་པའི་ལུགས་སྒྲུབ་པ་པོ་དབང་པོ་རབ་འབྲིང་གསུམ་གོང་དུ་བསྟན་པ་བཞིན་དུ་ཤེས་པར་བྱའོ། །ཤིན་ཏུ་མཉམ་གཞག་ཅེས་བྱ་བ་ལ་སོགས་པས་ནི། གསང་བ་བསྒྲུབ་པའི་གཉིས་པ་དམ་ཚིག་བསྐྱང་བ་བསྟན་ཏེ། དེ་ཡང་བསྲུང་བ་དང་བཟའ་བ་གཉིས་ལས། བསྲུང་བ་ནི་ཐུན་མོང་བ་ཉི་ཤུ་རྩ་གཉིས། ཐུན་མོང་མ་ཡིན་པ་སམྦ་རའི་བརྒྱད་དེ་སུམ་ཅུ་མི་འབྱུང་བར་བྱེད་པ་དང༌། གལ་ཏེ་བྱུང་ན་རྩ་བ་བཅུ་བཞི་ནི་དབང་གིས་དག་པར་བྱེད་ལ། ལྷག་མ་བཅུ་དྲུག་ནི་ཚོགས་པ་ལ་བཤགས་པས་བསྲུང་ངོ༌། །དེ་ཤིན་ཏུ་མཉམ་གཞག་ནི་བསྐྱེད་རྫོགས་གཉིས་ལའོ། །དབང་གིས་དངོས་གྲུབ་མི་འཐོབ་པ་ནི་དམ་ཚིག་ཉམས་ན་སྔར་དབང་བསྐུར་ཡང་མི་འཐོབ་པའོ། །སྦྲང་རྩི་ཞེས་བྱ་བ་ལ་སོགས་པས་བཟའ་བའི་དམ་ཚིག་བསྟན་ཏེ། དེ་ཡང་སྦྲང་རྩི་དྲི་ཆུ། མཚལ་ཆེན་རཀྟ། ག་པུར་ཤུ་ཀྲ། བཅས་ཤ་ཆེན། ཙནྡན་དམར་པོ་དྲི་ཆེན་ཏེ་རྫས་སོ། །སྦྱར་ཞེས་པ་ནི་ཚོགས་ཀྱི་དུས་སུ་སྦྱར་གསུང༌། དུས་ནི་ཚོགས་ཀྱི་འཁོར་ལོའི་དུས་སོ། །སྣོད་ནི་རྡོ་རྗེ་ཀུན་མཚན་ཏེ། ལྷ་ཐམས་ཅད་ཀྱི་ཕྱག་གཡོན་གྱི་ཐོད་པའོ། །འདི་ལ་བརྟེན་ཏེ་བདུད་རྩི་དང་གཏོར་མ་བྱིན་གྱིས་བརླབ་པ་སོགས་བསྟན་གསུང་ངོ༌། སྦོམ་པོ་ཞེས་པ་ནི་བདུད་རྩི་མྱང་བ་བསྟན་ཏེ། ཞི་བའི་བཏུང་བ་ནི་ལྷ་རྣམས་བདུད་རྩི་འཐུང་བ་བཞིན་ཏེ། དེ་ཡང་དང་པོར་མཐེབ་སྲིན་གཉིས་རྩེ་མོ་སྦྱར་ཞིང་གཏོར་བའོ། །དེ་ནས་བཏུང་བ་ནི་ལྔ་ལས་དང་པོར་ངལ་བར་མྱང་བ་དང༌། རོ་ཐོད་པར་མྱང༌། ཡུན་རིང་བར་མྱང༌། མཉམ་པར་བཞག་ལ་མྱང༌། དངོས་གྲུབ་ཀྱི་བྱ་བ་ལ་མྱང་བའོ། །དངོས་གྲུབ་ཅེས་པ་ལ་སོགས་པས་ཕན་ཡོན་བསྟན་ཏེ། དངོས་གྲུབ་རྟགས་ཞེས་པས་བདུད་རྩི་མྱང་བས་བཅུད་ལེན་དུ་འགྱུར་བས་ལུས་རྡོ་རྗེ་ལྟར་སྲ་བར་འགྱུར་རོ། །གཞན་ཡང་བདུད་རྩི་ལྔས་དངོས་གྲུབ་ཐམས་ཅད་ཅེས་པ་མཆོག་ཐུན་མོང་གཉིས་ཀའི་གྲོགས་སུ་འགྱུར་བའོ། །མཆོད་གཞི་ཞེས་བྱ་བ་ལ་སོགས་པ་ནི་སྔར་གསང་བའི་དོན་དུ་བཤད་པ་དེ་ལས་ཀྱང་རྫོགས་རིམ་དུ་བཤད་པའི་སྐབས་སུ། དཔེ་ལ་སྦྱར་བ་དང༌། དཔེ་དོན་གཉིས་ཀ་ལ་སྦྱར་བ་དང༌། དོན་ལ་སྦྱར་བ་གསུམ་གྱིས་རྫོགས་རིམ་བསྟན་པ་ལ། ཚུལ་གཞན་ཕྱག་རྒྱ་བཞིའི་ཚུལ་གྱིས་མ་བཤད་པ་འདིར་སྔར་གྱི་ཁ་སྐོང་གི་ཚུལ་གསུངས་ཏེ། དབང་པོ་ཐ་མས་བརྟགས་པའི་དམ་རྒྱ་དང༌། ལས་ཀྱི་ཕྱག་རྒྱ་གཉིས་བསྒོམས་ཏེ། དེ་ཡང་ལས་རྒྱ་ལས་མཚོན་པའི་ཚུལ་གྱིས་ཉམས་སུ་ལེན་ནོ། །དབང་པོ་འབྲིང་གི་ཆོས་རྒྱ་བསྒོམ་པའི་ཚུལ་དུ་ཉམས་སུ་ལེན་ནོ། །དབང་པོ་རབ་ཀྱིས་ཕྱག་རྒྱ་ཆེན་པོ་རྟོགས་པའི་ཚུལ་གྱིས་ཉམས་སུ་ལེན་ནོ། །དངོས་ཀྱི་འབྲས་བུའོ་གསུང་ངོ༌། །སློབ་དཔོན་ཀཾ་པ་ལས་ནི། བསྙེན་སྒྲུབ་བཞི་དང༌། བདེ་ཆེན་གྱི་བུམ་པའི་སྟེང་གི་ཐོད་པ་བཞི་དང༌། མཁའ་འགྲོ་མ་ལ་སོགས་པའི་རྣལ་འབྱོར་མ་བཞི་སྟེ། འདི་དག་གི་དཀྱིལ་འཁོར་གྱི་ཙཀྲའི་བདག་ཉིད་མཆོད་པ་བྱའོ། །ཞེས་བཤད་དོ། །དཔའ་བོ་ཆེན་པོ་ནི་ཕྱག་རྒྱ་བཞི་སྒྲུབ་པ་པོའོ། །ཇི་ལྟར་འདོད་པ་ནི་ཕྱག་རྒྱ་བཞི། གང་བསྒོམ་པར་འདོད་པ་ནི་དབང་གསུམ། སྙོམས་པར་འཇུག་པ་ནི་སྒྲུབ་པ་པོ་བཞི་དང༌། ཕྱག་རྒྱ་བཞི་སྙོམས་པར་འཇུག་པའོ། །དེ་ཉིད་འཛིན་ན་མཐར་ཕྱག་རྒྱ་ཆེན་པོ་དེ་ཁོ་ན་ཉིད་རྟོགས་པའོ་གསུང༌། དེ་ལྟ་བུའི་ཟག་པ་མེད་པའི་བདེ་བ་དམ་པ་དང༌། ལྷ་དང་མིའི་བདེ་བས་བཅུ་དྲུག་གི་ཆར་ཡང་མི་ཕོད། ཅེས་ཉེ་བར་མཚོན་པ་ཙམ་མོ། །རི་བོ་ཞེས་བྱ་བ་ལ་སོགས་པ་ནི། སྔར་གསང་བ་ངེས་དོན་དུ་བཤད་པའི་བསྐྱེད་རིམ་གྱི་སྐབས་སུ་རྟེན་ལ་བཤད་པ་ལས། རྣལ་འབྱོར་པའི་རྟེན་མ་བཤད་པ་དེ་གསལ་བར་བཤད་པའམ། དེ་ཁ་སྐོང་དུ་བཤད་གསུང་ངོ༌། །འདི་ཡང་གྲོང་ལས་རྒྱང་གྲགས་སམ་དཔག་ཚད་ཡན་ཆད་རི་མཐོན་པོའམ་ཚད་དེ་རི་བོ་བས་དམའ་བའམ། དེའི་སུལ་ལམ། གངྒཱ་ལ་སོགས་པའི་ཆུ་འགྲམ་མོ། །འཛམ་བུ་གླིང་ན་ཡོད་པའི་ཡུལ་ཉི་ཤུ་རྩ་བཞི་ན་ཡོད་པའི་དུར་ཁྲོད་བརྒྱད་དོ། །དེར་རྣལ་འབྱོར་པ་དཀྱིལ་འཁོར་བསྒོམ་པ་འདི་མཚོན་ནས་དབང་བསྐུར་བ་མདོར་བསྟན་པར་ཡང་འགྲོ་སྟེ། དེ་ཁོ་ན་ཉིད་སྟོན་པའི་སྔོན་དུ་དབང་འགྲོ་དགོས་ལ། དེ་ལ་ཡང་དཀྱིལ་འཁོར་སྔོན་དུ་འགྲོ་དགོས་སོ། །དེ་ལ་གནས་སྔོན་དུ་འགྲོ་དགོས་པས། དཀྱིལ་འཁོར་གྱི་སྔོན་དུ་འགྲོ་བ་གནས་བསྟན་པའོ། །ལེའུ་དང་པོ་བསྟན་ཏོ།།  །།དེ་ལྟར་ལེའུ་དང་པོས་མདོར་བསྟན་ནས། གཉིས་པ་ལ་སོགས་པས་རྒྱས་པར་བཤད་པ་ལས། དེ་ལ་ལེའུ་དང་པོ་གསང་བ་མཆོག །ཅེས་པ་ལ་སོགས་པ་དང༌། རི་བོ་ལ་སོགས་པས་དཀྱིལ་འཁོར་བྲི་བའི་གནས་བསྟན་ལ། དེ་རྒྱས་པར་བཤད་པའི་ཚུལ་གྱིས་གནས་དང་འབྲེལ་པའི་དཀྱིལ་འཁོར་བྲི་བ་ལ་སོགས་པ་བསྟན་ཏེ། ལེའུ་དང་པོར་ལམ་གྱི་གསང་བ་དང༌། གསང་བ་བསྒྲུབ་པ་ལ་སོགས་པ་དེའི་དེ་ཁོ་ན་ཉིད་ནི་ལེའུ་བཞི་པའི་རིམ་གཉིས་དེ་ཁོ་ན་ཉིད་བཞི་བཞི་བརྒྱད་དུ་བཤད་དོ། །དེ་ལྟ་བུའི་དེ་ཁོ་ན་ཉིད་སྟོན་པ་ལ། དབང་སྔོན་དུ་འགྲོ་དགོས་པས། ལེའུ་གསུམ་པས་དབང་བཤད་ལ། དེ་ཡང་སྔོན་དུ་དཀྱིལ་འཁོར་བྲི་བས་གཉིས་པར་དཀྱིལ་འཁོར་བསྟན་ཏོ། །དེ་ལ་ཡང་དོན་ལྔ་ལས་དང་པོ་ས་གཟུང་བ་བསྟན་ཏེ། དེ་ཡང་དང་པོ་དཀྱིལ་འཁོར་བའི་ལྕི་བ་ལ་སོགས་པ་ཐུན་མོང་དང༌། ཐུན་མོང་མ་ཡིན་པའི་རྫས་གཉིས་ཀྱིས་བྱུགས་ལ། དེ་ནས་རང་ཉིད་ཀྱང་སློབ་དཔོན་མཚན་ཉིད་ཅེས་བྱ་ལ་སོགས་པའི་ཚུལ་གྱིས་རྒྱན་གྱིས་བརྒྱན་ཅིང་བདག་ཉིད་ལྷར་བསྐྱེད་དེ། དེ་ནས་ཧེ་རུ་ཀ་དྲན་པར་བྱ་ཞེས་པ་ལུས་ལ་ལྷ་རྣམས་དགོད་པར་བྱ་ཞེས། འདུ་བའི་འབྲེལ་པའམ་རྩ་རྐྱང་གི་ལུགས་ལྟར་བཀོད་ལ། དེ་ནས་སྙིང་གའི་འཁོར་ལོར་དགོད། ཅེས་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་དགུག་གཞུག་བྱའོ། །དེ་ཉིད་གོ་བགོས་པའོ། །དེ་ནས་གཉིས་པ་ལ་སོགས་པ། ཞེས་བྱ་ལ་སོགས་པས་ནི་སྲུང་བའི་འཁོར་ལོ་བྱ་བ་སྟེ། འདིའི་བྱེད་ལུགས་ནི་ནག་པོ་དཀྱིལ་འཁོར་ཆོ་ག་ལྟར་བྱ་གསུང༌། དེ་ནས་དཀྱིལ་འཁོར་གྱི་འཁོར་ལོ་ནམ་མཁའ་ལ་སྤྱན་དྲངས་ལ། མཆོད་པ་ཙམ་ནི་ས་ཡོངས་སུ་གཟུང་བའོ། །དེ་ནས་སེམས་མེད་ཅེས་བྱ་བ་ལ་སོགས་པས་ནི། དོན་གཉིས་པ་ཐིག་གི་བྱ་བ་བསྟན་ཏོ། །དེའི་དབུས་སུ་པདྨ་ཞེས་བྱ་བ་དང༌། སྔར་བསྟན་པའི་རོ་བསྲེགས་པའི་སོལ་བའི་ཕྱེ་མས། ཞེས་བྱ་བ་ལ་སོགས་པ་དོན་ཕྱོགས་གཅིག་ཏུ་བསྡེབས་པས་དོན་གསུམ་པ་རྡུལ་ཚོན་བསྟན་ཏེ། ཐལ་ཆེན་དང་རྡོ་རྒྱུས་ཀྱིས་དཀར་པོ་དང༌། ཐལ་ཆེན་དང་བ་བླས་སེར་པོའོ། །ཐལ་ཆེན་དང་སོ་ཕག་གིས་དམར་པོའོ། །ཐལ་ཆེན་དང་དུར་ཁྲོད་ཀྱི་ཤིང་ལས་ལྗང་གུ་བྱའོ། །དེ་ལྟ་བུའི་ཚོན་གྱིས་དཀྱིལ་འཁོར་བྲིས་ལ། ལྟེ་བར་དཀྱིལ་འཁོར་དགོད་ཅེས་བྱ་བ་ལ་སོགས་པས་ལྟ་དགོད་པ་བསྟན་ནོ། །དེ་ནས་བུམ་པ་ཞེས་བྱ་བ་ལ་སོགས་པས་བུམ་པ་ལྷག་པར་གནས་པ་བསྟན་ཏེ། དེ་ཡང་སུ་མ་ཏི་ནི་བུམ་པ་དགུར་བཞེད་ལ། དེ་གཙོ་བོ་ཡབ་ཡུམ་བུམ་པ་གཅིག་ལ་སོགས་པར་བཞེད། བགྲེས་པོ་རྣམས་ནི་བུམ་པར་བཅུར་བཞེད་དེ། སྒོ་མཚམས་མ་བརྒྱད། གཞན་གཙོ་བོ་ཡབ་ཡུམ་ལ་སོགས་པ་རྣམས་ལ་བུམ་པ་གཅིག ལས་ཐམས་ཅད་དང་བཅུར་བཞེད། ཡང་ལྷ་ཞུ་ཞིང་བཟླས་པ་བྱ་བ་ཡང༌། དཀྱིལ་འཁོར་མངལ་སྐྱེས་ཀྱི་ཚུལ་གྱིས་ནམ་མཁའ་ལ་དམིགས་ལ། དེ་དག་སྙོམས་འཇུག་བྱེད་པར་དམིགས་ལ། དེ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་བུམ་པར་བྱུང་བར་བསམ་ཞིང་བཟླས་གསུང༌། བགྲེས་པོ་རྣམས་ཕྱག་ལེན་དུ་དཀྱིལ་འཁོར་ཆོ་ག་ལྟར་མཛད་གསུང༌། གསེར་དང་དངུལ་ཞེས་བྱ་བ་ལ་སོགས་པས་ནི་ལྔ་པ་དཀྱིལ་འཁོར་སྒྲུབ་པ་བསྟན་ཏེ། ལྷ་གནས་ཀྱི་ལྷ་སྙིང་གར་བསྡུས་པ་དེ་སྤྲོས་ལ་ནམ་མཁའ་ལ་དམིགས་ཏེ། རྡུལ་ཚོན་ལ་བསྟིམ་སྟེ་སྦྱངས་ནས། མཆོད་པ་རྒྱས་པས་མཆོད་པ་བྱའོ། །རྒྱུད་འདིའི་ཐོག་ཏུ་འདི་ཙམ་གང་ཡིན་ཞེས། བླ་མ་སུ་མ་ཏི་གསུང་ལ། ལག་ཏུ་ལེན་པའི་ཆོ་ག་ཐམས་ཅད་ནག་པོ་དཀྱིལ་འཁོར་ཆོ་ག་ལྟར་བྱ་ཞེས་བླ་མ་བགྲེས་པོ་རྣམས་གསུང་ངོ༌། །དེ་ལྟར་བསྟན་པའི་དཀྱིལ་འཁོར་དང་འབྲེལ་པའི་ལེའུ་གསུམ་པས་དབང་བསྟན་ལ། དེ་ལ་ཡང་དྲུག་ལས་དང་པོ་དབང་ནོད་པའི་བླ་མ་མཉེས་དགོས་པས། བླ་མ་མཉེས་པར་བྱ་བ་དང༌། དྲིལ་དཔྱངས་ཞེས་བྱ་བ་ལ་སོགས་པས་དཀྱིལ་འཁོར་ཡང་མཆོད་ཅིང་མཉེས་པར་བྱ་བ་བསྟན་ཏེ། དེའི་བུ་ཕུག་ཅེས་བྱ་བ་ལ་སོགས་པས་ནི། དོན་གཉིས་པ་དང་པོ་ལ་ལས་ཐམས་ཅད་པའི་བུམ་པའི་ཆུས་བསང་གཏོར་བྱས་ནས། གདོང་གཡོགས་བཅིངས་ཏེ་མེ་ཏོག་ཕྲེང་བ་ལག་ཏུ་བྱིན་ནས། ཁྱོད་ཅི་ལ་དགའ་ལ་སོགས་པ་ནག་པོ་ཆོ་ག་ལྟར་བྱ་སྟེ། འདི་དག་ནི་མཇུག་གི་ཆོ་ག་དངོས་སུ་བསྟན་ལ། འདིས་མཚོན་ནས་བུམ་དབང་བཅུ་ཤེས་པར་བྱ་སྟེ། ཞེས་བླ་མ་སུ་མ་ཏི་གསུང༌། བླ་མ་ཉིད་བུམ་དབང་དོན་དུ་བཞེད། དེ་ནས་སློབ་དཔོན་ལེགས་པར་ནི་ཞེས་བྱ་བ་ལ་སོགས་པ་གསུམ་པ་གསང་བའི་དབང་བསྐུར་བ་སྟེ། དེ་ཡང་བླ་མ་ཕྱག་རྒྱ་དང་སྦྱོར་བ་ལས་བྱང་ཆུབ་ཀྱི་སེམས་བྱུང་སྟེ། པདྨ་ལས་དངོས་སུ་ལྕེས་ལེན་པ་ནི་དབང་པོ་རབ་བོ། །དབང་པོ་འབྲིང་ནི་མཐེབ་སྲིན་གྱིས་སྟེར་ཞིང་ལེན་ནོ། །རྟོག་པ་ཆེ་བ་དབང་པོ་ཐམས་ཅད་ལ་སོགས་པ་དང་སྦྱར་ཏེ་ལྕེས་བླང་ངོ༌། །དེ་ནས་སློབ་མ་ཞེས་བྱ་བ་ལ་སོགས་པས་ནི་གསང་བའི་དབང་གི་རྗེས་ལ། སློབ་མ་བསྲུང་བའི་ཕྱིར་བྱང་ཆུབ་ཀྱི་སེམས་ལ་ཨོཾ་ཨཱཿཧཱུྃ་བཟླས་ཏེ། གནས་གསུམ་དུ་ཐིག་ལེ་བྱས་ལ་བསྲུང་བའོ། །ཕྱིད་ཉིན་ཞེས་པའང་དབང་གི་རྗེས་ཉིད་ལ་བྱ་གསུང་ངོ༌། །བླ་མ་ལ་ལ་དེ་ལྟར་བཞེད་དོ། །བླ་མ་ཉིད་ནི་བགྲེས་པོ་རྣམས་ཀྱི་རྗེས་སུ་འབྲངས་ནས་ཕྱིད་ཉིན་ཞེས་བྱ་བ་ལ་སོགས་པ་པྲ་སེ་ནའི་སྔོན་དུ་སློབ་མ་བསྲུང་བར་བྱ་གསུངས་ཏེ། གསང་དབང་གི་ཕྱིད་ཉིན་ནམ་ནུབ་གཉིས་པ་ལ་གསུང༌། ཐིག་ལེ་བསྲུང་ལུགས་འདྲ། གདོང་གཡོགས་དང་གསང་དབང་གི་དུས་ཀྱིའམ། ཡང་ན་ཤེས་རབ་ཡེ་ཤེས་ཀྱི་དུས་སུ་གདོང་གཡོགས་བཅིངས་པའམ། དགྲོལ་བའོ། །དཀྱིལ་འཁོར་བསྟན་ལ་ཕྱག་རྒྱའི་ལུས་ཀྱི་དཀྱིལ་འཁོར་དང་རྩ་བསྟན་པ་སྟེ། ཕྱག་རྒྱ་ནི་གསང་བའི་ཡུམ་དེ་ཉིད་དམ། ཡང་ན་གཞན་ལ་བྱའོ། །ལྷའི་གནས་རྣམས་བསྟན་པ་ནི། སྐད་ཅིག་དང་དགའ་བའི་དབྱེ་བ་བསྟན་པའོ། །དེ་ནས་སློབ་མ་དང་སྙོམས་འཇུག་བྱེད་དུ་བཅུག་ལ། མཉམ་པའི་རོ་ལྷན་ཅིག་སྐྱེས་པ་སློབ་མའི་སྤྱོད་ཡུལ་དུ་ཉམས་སུ་མྱང་བར་བྱའོ། །ཨཱ་ལི་ཀཱ་ལི་བརྗོད་པར་བྱ་བ་ཡང་བླ་མ་ལ་ལ་གསུང་ན་གཞན་དུ་ཤེས་པར་བྱའོ། །སློབ་དཔོན་དང་ཞེས་བྱ་བ་ལ་སོགས་པས་ལྔ་པ་སློབ་དཔོན་ལ་ཡོན་དབུལ་བར་བསྟན་ཏོ། །དེ་ལྟར་ངེས་པ་ཞེས་བྱ་བ་ལ་སོགས་པས། བླ་མ་ལ་ཡོན་ཕུལ་བའི་ཕན་ཡོན་བསྟན་ཏོ། །སྔགས་པས་ཞེས་བྱ་བ་ལ་སོགས་པས་ལྡོག་པའི་སྒོ་ནས་དཀྱིལ་འཁོར་དུ་མ་ཞུགས་པའི་ཉེས་དམིགས་བསྟན་ཏོ། །རྣལ་འབྱོར་འདི་ནི་ཞེས་བྱ་བས་ནི་མ་བླ་ན་མེད་པའི་བདེ་བ་མཆོག་གི་རྒྱུད་ཀྱི་ཆེ་བ་བསྟན་ཏོ། །དགོད་དང་ཞེས་བྱ་བ་ལ་སོགས་པ་མི་དང་ལྷ་ལ་སྦྱར་བ་གཉིས་སུ་གསུངས་ཏེ་གཞན་དུ་གསལ་ལོ། །དེ་ལྟར་དབང་བསྐུར་བ་དེ་དང་དེ་ཁོ་ན་ཉིད་བསྟན་པ་དང་འབྲེལ་ཏེ། དེ་བས་ན་ལེའུ་དང་པོས་བསྐྱེད་རྫོགས་གཉིས་མདོར་བསྟན་པ་དང༌། བཤད་པའི་དབང་དུ་བྱས་ཏེ་ལེའུ་བཞི་པས་དེ་ཁོ་ན་ཉིད་རྒྱས་པར་བཤད་དོ། །དེ་ལས་དང་པོ་བསྐྱེད་པའི་རིམ་པའི་དབང་དུ་བྱས་པ་དེ་ཁོ་ན་ཉིད་བཞི་ལས། དེ་ནས་རྐང་པ་ལ་གཉིས་ཀྱིས་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་བསྟན་ཏེ། རྣལ་འབྱོར་མ་ནི་སོ་བདུན་ཡིན་ལ། ས་ལ་ཞེས་པས་མཚོན་ནས་རླུང་ནས་གཞལ་ཡས་ཁང་བསྐྱེད་པའི་བར་གྱིས་བསྟན་ཏོ། །བརྩོན་ཆེན་མ་ལ་སོགས་པས་ནི་ལྷའི་དེ་ཁོ་ན་ཉིད་བསྟན་ཏེ། རྣལ་འབྱོར་མ་སོ་བདུན་ལས་འདིར་སྐུ་གསུང་ཐུགས་ཀྱི་རྩ་ཉི་ཤུ་རྩ་བཞི་སྟེ། བརྩོན་འགྲུས་ཆེན་མོ་ནས་མས་དགོད་པ་ནི་ཀུན་སྤྱོད་ལྟར་རིམ་པ་བཟློག་པ་སྟེ། དགོས་པ་ནི་བླ་མ་མེད་པར་འཇུག་པ་དགག་པའོ། །རང་མིང་ཞེས་བྱ་བ་ལ་སོགས་པ་སྔགས་ཀྱི་དེ་ཁོ་ན་ཉིད་བཟླས་པའི་སྔགས་བསྟན་ཏོ། །དཔའ་བོ་ཉིད་འགྱུར་ཞེས་བྱ་བས་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་བསྟན་ཏེ། ཡབ་ཡུམ་གནས་པར་བྱིན་གྱིས་བརླབ་པ་ལ་སོགས་པ་བྱེད་པ་སྟེ་སྙོམས་པར་འཇུག་པའི་བདེ་བས་མཆོད་པའོ། །ཡང་རྫོགས་པའི་རིམ་པའི་དེ་ཁོ་ན་ལྟར་བཤད་ན་ས་ལ་རྣམ་པར་རོལ་པ་ཞེས་བྱ་བ་ལ་སོགས་པ་ནི་ལུས་ཉིད་རྟེན་གྱི་དཀྱིལ་འཁོར་དུ་གྲུབ་པར་བསྟན་ཏེ། རྐང་པའི་མཐིལ་དུ་གནས་པའི་རླུང༌། །རྩོམ་ཆེན་གཞུ་ཡི་དབྱིབས་ཀྱིས་ནི། །ཞེས་བྱ་བ་ལ་སོགས་པ་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དོ། །བརྩོན་ཆེན་ཞེས་བྱ་བ་ལ་སོགས་པས་ནི་རྣལ་འབྱོར་མ་སོ་བདུན་གྱིས། ནང་དུ་རྩ་གསུམ་དུ་འདུས་པར་བསྟན་ཏེ། དེ་ལྷའི་དེ་ཁོ་ནའོ། །རང་མིང་ཞེས་བྱ་བ་ལ་སོགས་པས་རྩ་ཉི་ཤུ་རྩ་གསུམ་ལ་སོགས་པ་དགག་པའི་ཡིག་འབྲུ་བསྟན་ཏེ། དོན་གྱིས་བྱང་སེམས་རང་ཡིག་འབྲུའི་རྣམ་པར་ཡོད་པ་དེ་ལྟར་དམིགས་ཏེ་སྔགས་ཀྱི་དེ་ཁོ་ནའོ། །དཔའ་བོ་སྟེ་འགྱུར་ཞེས་བྱ་བ་ལ་སོགས་པས་ནི། རྩ་རྣམས་བྱང་ཆུབ་ཀྱི་སེམས་སུ་གནས་པ་དེ་བསྒོམ་པའི་སྟོབས་ཀྱིས་འཕེལ་བར་འགྱུར་བ་ལས་དགའ་བ་བཞིའི་ཡེ་ཤེས་སྐྱེ་བ་ནི། ཡེ་ཤེས་ཀྱི་དེ་ཁོ་ནའོ། །དེ་བས་ན་ལེའུ་འདི་ལྟ་བུའི་རྫོགས་པའི་རིམ་པ་བཤད་པས། ལེའུ་གསུམ་པ་ཤེས་རབ་ཡེ་ཤེས་བསྟན་པའི་དོན་བཤད་པས་དབང་བཞི་པའི་དོན་བཤད་པར་ཡང་འགྲོ་གསུང་ངོ༌།།  །།ད་ནི་ལེའུ་ལྔ་པ་སྔར་དབང་སྔོན་དུ་སོང་བའི་འབྲས་བུའི་གསང་བ་བསྒྲུབ་པ་ལ་འཇུག་ལ། དེ་ཡང་གཉིས་ཏེ་འབྲས་བུའི་གསང་བ་དངོས་དང་དེ་ལ་འཇུག་པའོ། །འབྲས་བུ་ནི་མཆོག་གི་སིདྡྷི་དང་ཐུན་མོང་གི་སིདྡྷི་ལས་ཀྱི་ཚོགས་གསོག་པ་རྣམས་སོ། །དེ་བསྒྲུབ་པ་ལ་འཇུག་པ་ལའང་གཉིས་ཏེ། བསྒྲུབ་པ་ལ་འཇུག་པ་དངོས་དང༌། དེའི་ཡན་ལག་སྔགས་བཏུ་བའོ། །དེའང་འབྲས་བུ་ལམ་གྱི་ཚོགས་བསྒྲུབ་པ་ལ་ནི་སྔགས་དགོས་ལ། དེ་ཡང་དག་པར་བྱ་དགོས་པས་ལྷག་ཆད་སྤང་བའི་ཕྱིར་སྔགས་བཏུ་བ་བསྟན་ཏེ། དེ་ཡང་ལེའུ་དང་པོ་སྔགས་བཟླས་ཞེས་བྱ་བ་ལ་སོགས་པའི་རྒྱས་པར་བཤད་པའོ། །ལེའུ་ལྔ་པ་འདི་ཡང་འགྲོ་ཞེས་གསུང་ངོ༌། །བཏུ་བའི་སྔགས་ཀྱང་ས་སྟེང་ན་ནི་རིན་ཆེན་བཞི་ཞེས་པས་ན། རྣམ་པ་བཞི་སྟེ་ཡབ་ཡུམ་གྱི་རྩ་སྔགས་གཉིས་སུ་མེད་པ་དང༌། སྙིང་པོ་གཉིས་སུ་མེད་པ་དང༌། ཉེ་སྙིང་གཉིས་སུ་མེད་པ་དང༌། གོ་ཆ་གཉིས་སུ་མེད་པ་དང་བཞི་ཡིན་ཏེ། འདི་དག་གིས་དངོས་གྲུབ་རྣམས་འགྲུབ་པར་བྱེད་པས་རིན་པོ་ཆེ་བཞི་ཡིན་ནོ། །ཧཱུྃ་བཞི་པ་ནི་གྲུབ་པའི་བར་ཆད་སེལ་བར་བྱེད་པ་ཡིན་ཏེ། དེ་རང་གིས་མི་འགྲུབ་པས་གྲོགས་ཡིན་པས་རིན་ཆེན་དུ་མ་གྲགས་གསུང༌། རྩ་བའི་སྔགས་བཏུ་བ་ནི་ལེའུ་ལྔ་པས་སྔགས་ཀྱི་ལུས་དང༌། བདུན་པས་ཡན་ལག་བཏུ་བ་དང༌། ཉི་ཤུ་རྩ་ལྔ་པས་བཏུས་པའི་སྔགས་བསྟན་གསུང༌། སྙིང་པོ་ལ་སོགས་པ་བཏུ་བ་ནི་དྲུག་པས་ཟུར་ཙམ་དང༌། བརྒྱད་པས་བསྟན་ཏོ། །ཉེ་སྙིང་བཏུ་བ་ནི་ལེའུ་བཅུ་གཉིས་པ་ལ་སོགས་པས་བསྟན། གཞུང་ལས་ཐམས་ཅད་ཅེས་པ། ཨཱ་ལི་ཀཱ་ལི་སྟེ་ཀུན་སྤྱོད་ལས། ཨཱ་ལི་ཀཱ་ལི་མ་གཏོགས་པ། །འདི་ལྟར་ཆོས་གཞན་ཡོད་མ་ཡིན། །ཞེས་གསུངས་པས་སོ། །ཆོས་འབྱུང་གཞི་གྲུ་གསུམ་མོ། །དེར་སྣ་ཚོགས་པདྨ་བྲིས་ལ། མི་ཤིས་པས་ཏེ་ཨ་བཀོད་ལ། ཆོ་ག་བཞིན་ཞེས་པས་ཨཱ་ལི་ཀཱ་ལི་དགོད་པ་མཚོན་ཡང་མཆོད་པའོ། །རྟེན་ཆོས་འབྱུང་ལ་བརྟེན་པ་ཨཱ་ལི་ཀཱ་ལི་བསྡུས་པའོ། །བསྒྱུར་ཞེས་པ་ནི་བསྒྱུར་གཞི་ཀཱ་ལི་སྒྱུར་བྱེད་ཨཱ་ལི་སྟེ། ཀ་ལྟ་བུ་ལ་ཨ་བཞག་པས་ཀ་བྱ་བ་སྲོག་ཅན་རང་གཅིག་ཡིན་ལ། ཨཱ་རིང་པོ་བཞག་པས་ཀཱ་རིང་པོར་འགྱུར་བ་ལ་སོགས་པའོ། །བཞི་བཞི་ནི་བཞི་ཚན་བཞི་སྟེ། སྒྱུར་བྱེད་ཨཱ་ལི་བཅུ་དྲུག་གོ །ཨཱ་ལིས་བསྒྱུར་བའི་ཀཱ་ལིས། བགེགས་ལ་སོགས་པ་ཐམས་ཅད་ཐུབ་པས་ཐུབ་པ་བདུན་གྱིས་བསྟན་པ་ནི། བསྒྱུར་གཞི་ཀཱ་ལི་ཀ་ཚན་ལ་སོགས་པ་བདུན་ནོ། །དཔའ་བོ་ནི་གཙོ་བོ་སྟེ་ཡབ་ཡུམ་གྱི་རྩ་སྔགས་བཏུ་བ་སྟེ། ཕན་ཡོན་ནི་འདོད་པའི་དོན་སིདྡྷི་བསྒྲུབ་པའོ། །བཞི་པ་ཡི་ནི་ཞེས་བྱ་བ་ལ་སོགས་ཀྱིས་ནི། རྩ་བའི་སྔགས་ཀྱི་ལུས་བཏུ་བ་བསྟན་ཏོ། །དེ་ནས་ལེའུ་བདུན་པ་དང་སྦྱར་བ་སྟེ། ཡན་ལག་བཏུ་བ་བསྟན་ཏོ།།  །།དེ་ནས་ལེའུ་དྲུག་པས་ནི་དཔའ་བོའི་གོ་ཆ་བཏུ་བ་བསྟན་ལ། བཅོམ་ལྡན་འདས་ཀྱི་སྙིང་པོ་དང༌། ཉེ་བའི་སྙིང་པོ་ཡང་མདོར་བསྟན་པ་ཙམ་སྟེ། རྒྱས་པར་ནི་ལེའུ་བཅུ་གཉིས་པ་ལ་སོགས་པར་འཆད་དོ། །འདིར་བསྟན་པ་ཙམ་བྱེད་པ་ཡང་རྩ་བའི་སྔགས་དང་ཕྱོགས་གཅིག་ཏུ་བསྟན་པར་བྱ་བའི་ཕྱིར་གསུངས་སོ། །དེ་ནས་བརྒྱད་པ་དང་སྦྱར་ཏེ་སྙིང་པོའི་སྔགས་དང༌། ཡུམ་གྱི་གོ་ཆ་བསྟན་ཏོ། །རིན་ཆེན་བཞི་ནི་རྩ་སྔགས་གཉིས་སུ་མེད་པ་ལ་སོགས་པ་སྟེ་སྔར་བརྗོད་པ་ཉིད་དོ། །ད་ནི་ལེའུ་དགུ་པས་ལེའུ་དང་པོར་འདོད་པའི་དོན་ཀུན་སྒྲུབ་བྱེད་ལ་སོགས་པ་དང༌། སྔགས་བཟླས་པས་བསམ་གཏན་ལ་སོགས་འབྲས་བུའི་གསང་བ་བཤད་པ་དེའི་རྒྱས་བཤད་འབྲས་བུའི་གསང་བ་ལ་འཇུག་པ་དངོས་བསྟན་ཏེ། དེ་ཡང་རིན་ཆེན་བཞིས་འབྲས་བུ་སྒྲུབ་པ་ལ་འཇུག་པ་ལས་དང་པོ་རྩ་བའི་སྔགས་ཀྱིས་སྒྲུབ་པ་ལ་འཇུག་པ་བསྟན། དེ་ཡང་ཐུན་མོང་སྒྲུབ་པ་ལ་འཇུག་པའོ། །དེ་ལ་ཡང་གཉིས་ཏེ། འཇིག་རྟེན་མནན་པ་དང་ལས་ཀྱི་ཚོགས་གཉིས་སུ་གསུང༌། ལྷ་ཐམས་ཅད་ཅེས་པ་ནས་གསོད་པར་བྱེད་དོ། །ཞེས་བྱ་བའི་བར་གྱིས་འཇིག་རྟེན་མནན་པ་བསྟན་ཏེ། དབང་པོ་རབ་བསམ་གཏན་ཙམ་མམ། འབྲིང་སྔགས་དང་གཉིས་སམ། ཐ་མས་འཁྲུལ་འཁོར་དང་གསུམ་མམ། དེ་བས་ཐ་ཤལ་གྱིས་སྦྱིན་སྲེག་དང་བཅས་པས་ལྷ་རྣམས་ཀྱི་མངལ་འཕོ་ཞིང༌། མངལ་འཇིག་པ་ལ་སོགས་པས་འཇིག་རྟེན་ཐམས་ཅད་འདུལ་ལོ། །སྤྲིན་རྣམས་ཞེས་པ་ལ་སོགས་པ་ནི་ཙཀྲ་ལ་བརྟེན་པ་དང་མ་བརྟེན་པའི་ལས་དུ་མ་བསྟན་ཏོ།།  །།ལེའུ་བཅུ་པས་ནི། ལེའུ་དང་པོའི་འབྲས་བུའི་གསང་བ་བཤད་པ་ལས། མཆོག་ཐུན་མོང་གཉིས་ཀ་བསྒྲུབ་པར་བཤད་དོ། །དེ་བས་ན་སྐུ་གསུམ་ལམ་དུ་བྱེད་པས་ན་ལམ་གྱི་གསང་བ་བཤད་པར་ཡང་འགྲོ་གསུང་ངོ༌། །རིན་ཆེན་བཞི་པོས་ནི་བསྙེན་པའི་ལས་སྦྱོར་བསྒྲུབ་པའི་ལས་སྦྱོར་རོ། །སྐུ་གསུམ་ལ་ཡང་གཉིས། རྟོགས་པ་འཆར་བའི་དབང་དུ་བྱས་པ་དང༌། ལམ་དུ་བྱེད་པའི་དབང་དུ་བྱས་པའོ། །རྟོགས་པ་འཆར་བ་ན་དང་པོར་ཆོས་སྐུ་འཆར། དེ་ནས་ལོངས་སྐུ། དེ་ནས་སྤྲུལ་སྐུའོ། །ལམ་དུ་བྱེད་པ་ན་དང་པོ་སྤྲུལ་སྐུ་ལམ་དུ་བྱེད། དེ་ནས་ལོངས་སྐུ། དེ་ནས་ཆོས་སྐུའོ། །དེ་ཡང་རིམ་པ་གཉིས་ལས་བསྐྱེད་པའི་རིམ་པའི་དབང་དུ་བྱས་ནས་ཀུན་སྤྱོད་དམ། ལཱུ་ཧི་པ་ལྟར་བྱང་ཆུབ་ཀྱི་ཕྱོགས་དྲན་པ་ཆོས་སྐུ། ལུས་ཀྱི་དཀྱིལ་འཁོར་ལོངས་སྐུ། གོ་ཆ་ལ་སོགས་པ་སྤྲུལ་སྐུར་བྱ་བའམ་དེ་ལྟར་ལམ་གྱི་སྐུ་གསུམ་པོར་ཆོས་སྐུ་དང་པོར་བཏང་ངོ༌། །ཡང་ན་ཀཾ་པ་ལ་ལྟར་ཐུགས་ཀྱི་དཀྱིལ་འཁོར་ལ་སོགས་པ་གང་གིས་གཙོ་བྱས་པ་ནི་གཙོ་བོ་ཡིན་ལ། གཉིས་པོ་ཕལ་པར་བྱས་པའི་ཙཀྲ་གསུམ་ལ་སྐུ་གསུམ་གཞག་པའམ། ཨ་བྷི་དྷ་ན་ལྟར། ཡི་གེ་བཅུ་གཉིས་པའི་སྒྲུབ་ཐབས་ལྟར་རང་ལ་སྐུ་གསུམ་དུ་གཞག་པའོ་གསུང༌། དེ་ཡང་ཕྱག་རྒྱ་བཞི་དང་སྦྱར་བ་དང༌། རིམ་པ་བཞི་དང་སྦྱར་བའི་ཕྱོགས་གཉིས་གསུང༌། དང་པོ་ལྟར་ན་སྤྲུལ་པ་མཚོན་པར་བྱེད་པ་ལམ་རྐྱང་གསུང༌། ལོངས་སྐུ་ཆོས་ཀྱི་ཕྱག་རྒྱ་བསྒོམ་པ་གསུང༌། ཆོས་སྐུ་མ་ཧཱ་མུ་དྲཱ་རྟོགས་པ་ལ་གསུང༌། ཨ་བྷི་དྷ་ན་ནས་བཤད་པ་གཞན་དུ་སྣང་སྟེ། རྡོ་རྗེ་དྲིལ་བུ་པའི་རིམ་པ་ལྔ་པ་ལྟར་ཤེས་པར་བྱ་བའམ། སཾ་པུ་ཊ་ལྟར་ཤེས་པར་བྱ་བའམ། རིམ་པ་བཞི་དང་སྦྱར་ན་ལོངས་སྐུ་སྤྱི་བོ་ནས་སྙིང་གའི་བར་གྱིས་བདེ་བའི་ཡེ་ཤེས། སྤྲུལ་པ་སྙིང་ག་ནས་ལྟེ་བའི་བར་རོ། །ཆོས་སྐུ་ལུས་ཐམས་ཅད་ལ་ཁྱབ་པ་ལྷན་ཅིག་སྐྱེས་པ་ལ་བྱ་གསུང༌། དེ་ལྟ་བུའི་སྐུ་གསུམ་ལམ་དུ་བྱས་པས་ཧེ་རུ་ཀ་ཡི་དངོས་གྲུབ་ཐོབ་ཅེས་བྱའོ། །གསང་སྔགས་འདིའི་སྙིང་པོ་ཞེས་བྱ་བ་ལ་སོགས་པས་ནི། སྔགས་ཀྱི་སྒོ་ནས་ཐུན་མོང་སྒྲུབ་པ་བསྟན་ཏོ།།  །།ལེའུ་བཅུ་གཅིག་པས་ནི་ཐུན་མོང་གི་སིདྡྷི་སྒྲུབ་པའི་ཐབས་སྐྱེ་བ་བདུན་པ་བརྟག་པ་བསྟན་ཏེ། དེ་ཡང་ལེའུ་འདིས་བརྟག་པ་དངོས་བསྟན། ང་གཅིག་པས་རྒྱས་པར་བཤད། བཞི་པས་སྐྱེ་བ་གཅིག་པ་སྒྲུབ་པ་བསྟན་ཏོ།།  །།ལེའུ་བཅུ་གཉིས་པས་ནི་ཉེ་བའི་སྙིང་པོའི་ལས་སྒྲུབ་པ་སྟོན་ལ། དེ་ཡང་ཕལ་ཆེར་འཁོར་ལོ་ལ་བརྟེན་ཏེ་སྒྲུབ་པ་སྟོན་ཏོ། །ལྷག་མ་གཞུང་ཉིད་དུ་ཤེས་པར་བྱའོ། །འཁོར་ལོ་འདི་དག་ལ་ཡི་གེ་འདི་དགོད་པ་ནི་ཇོ་བོ་བྷ་དནྟ་ཞི་བ་དང༌། དྲག་པོ་ལ་མགོ་འོག་ཏུ་སྟོན་ལ། རྒྱས་པ་ལ་སོགས་པ་མགོ་བོ་ཕྱིར་སྟོན་པར་གསུང༌། ཇོ་བོ་བགྲེས་པོ་རྣམས་ཞི་བ་ལ་སོགས་པ་ལ་མགོ་ཕྱིར་སྟོན་ལ་དྲག་པོ་ལ་ནང་དུ་སྟོན་པར་བཞེད་དོ། །ཙཀྲ་ཐམས་ཅད་ཀྱི་རབ་ཏུ་གནས་པ་ནི། འཁོར་ལོའི་ལྟེ་བ་ལ་བཀོད་པའི་ཡི་གེ་ལས་འཁོར་ལོ་བསྐྱེད་པ། ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ཏེ་བསྟིམ་ལ། མཆོད་བསྟོད་བྱས་པ་ཙམ་གྱིས་ཆོག་གསུང༌།།  །།ལེའུ་བཅུ་གསུམ་པས་ནི་དཔའ་མོའི་གོ་ཆ་གཉིས་ཀྱིས་ལས་བསྒྲུབ་པ་བསྟན་ཏོ། །འདི་ཡང་ཕལ་ཆེར་ནི་འཁོར་ལོ་ལ་བརྟེན་པའོ། །འཁོར་ལོ་ཇི་ལྟར་བྱ་བའི་རིམ་པ་ནི་གཞན་དུ་གསལ་བས་འདིར་མ་བྲིས་སོ།།  །།ལེའུ་བཅུ་བཞི་པས་ནི་སྔར་གྱི་ཚོགས་ཀྱི་སིདྡྷི་མྱུར་དུ་འགྲུབ་པར་བྱ་བའི་ཕྱིར། སྐྱེ་བ་བདུན་པ་བསྒྲུབ་པ་བསྟན་ཏོ། །འདི་ཡང་ཨ་བྷི་དྷ་ན་ནས་འབྱུང་བའི་ཆོ་གའི་སྒྲུབ་ཐབས་ལྟར་བསྒོམས་ཏེ། སྔོན་དུ་བསྙེན་པ་ལ་རྟགས་ཕྱུང་ལ། དེ་ནས་ཀཾ་པ་ལ་ལྟར་དཀྱིལ་འཁོར་རྫོགས་པར་ཆུ་རིས་བྱས་ལ། དེའི་ལྷོ་ཕྱོགས་སུ་བསྒྲུབ་བྱའི་མི་སྐྱེ་བ་གཅིག་པ་ལ་སོགས་པའི་གཟུགས་འབྲས་ཕུབ་ལས་བྱ་བ་ལ་སོགས་པའི་ཆོ་ག་ལོགས་སུ་ཤེས་པར་བྱའོ། །ད་ནི་དེ་ལྟར་བསམ་གཏན་གྱི་གསང་བ་དང་འབྲས་བུའི་གསང་བ་ལ་འཇུག་པའི་ཡན་ལག་རིགས་ལྡན་མ་མཆོད་པ་སྟོན་པ་ནི། ལེའུ་བཅུས་བསྟན་པ་ལས། དེ་ཡང་ལེའུ་བཅོ་ལྔ་པས་ནི་རིགས་ལྡན་མར་མཆོད་པ་ལ། རིགས་ལྡན་མ་ངོ་ཤེས་དགོས་ལ། ངོ་ཤེས་པ་ལ་བརྡ་དགོས་པས་ཡི་གེ་སོ་སོའི་བརྡ་བསྟན་ཏེ། ངོ་མ་ཤེས་པར་མཆོད་ན་ནི་སྒྲུབ་པ་པོ་གདོན་ལ་སོགས་པས་བར་ཆད་དུ་འགྱུར་རོ། །དེ་ཡང་ཡི་གེ་རེ་རེའི་བརྡས་ནི་སྤྱིར་རིགས་ལྡན་མའི་རྣལ་འབྱོར་པ་ཙམ་དུ་ངོ་ཤེས་པར་བྱེད་དོ།།  །།ལེའུ་བཅུ་དྲུག་པས་ནི་སོ་སོའི་རིགས་ལྡན་ངོ་ཤེས་པར་བྱ་བའི་ཕྱིར་རིགས་བདུན་དུ་ཕྱེ་ལ། དེ་རེ་རེའང་ཁ་དོག་ལ་སོགས་པ་ལྔ་ལྔར་ཤེས་པར་བྱའོ། །རིགས་བདུན་གྱི་ཡང་ཕག་མོ་རྡོ་རྗེ་སེམས་དཔའི་རིགས་དང༌། ཡང་འོག་ནས་དམར་ཞིང་སེར་ཞེས་བྱ་བ་ལ་སོགས་པས། རྡོ་རྗེ་སེམས་དཔའི་རིགས་བསྟན་པ་གཉིས་གཅིག་ཏུ་བྱས་ལ་རྡོ་རྗེ་སེམས་དཔའི་རིགས་ཏེ། སྔ་མ་ནི་རྒྱུ་རྡོ་རྗེ་འཛིན་པའི་དབང་དུ་བྱས་པ་ཡིན་ལ། ཕྱི་མ་ནི་འབྲས་བུ་རྡོ་རྗེ་འཛིན་གྱི་དབང་དུ་བྱས་པའོ་གསུང༌། ཁ་དོག་ལ་སོགས་མཚན་ཉིད་ལྔ་པོའང་འོག་མ་འོག་མ་ལ་མེད་པ་རྣམས་རིགས་ཀྱི་རིགས་པ་ཞེས་བྱ་བ་ལ་སོགས་པས་རིགས་དྲུག་ཏུ་བྱས་པའི་རྟགས་བསྟན་པ་སྟེ། དེ་ཡང་རྡོ་རྗེ་སེམས་དཔའི་རིགས་ཀྱི་རྟགས་ཚང་ལ། ལྷག་མ་ལྔ་ནི་སོ་སོ་རང་རང་གི་ཁ་དོག་དང༌། ཕྱག་མཚན་འཆིང་བ་དང༌། སྔགས་ཟློས་པ་ལ་སོགས་པ་ལས་ཤེས་པར་བྱའོ།།  །།ལེའུ་བཅུ་བདུན་པས་ནི་རིགས་ལྡན་མ་རྣམས་ཀྱི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་རྣམས་ཀྱི་མིང་གི་རྣམ་གྲངས་ཀྱི་སྒོ་ནས་མཚན་ཉིད་བསྟན་ཏོ། །འཇིག་རྟེན་ལས་འདས་པའི་མིང་གི་རྣམ་གྲངས་ནི་བརྒྱད་དེ། འཇིག་རྟེན་ལས་འདས་པ་ལོ་ཀ་ལ་གྲགས་པ་དང༌། འཇིག་རྟེན་ལས་འདས་པའི་སྤྱོད་པ་དང་ལྡན་པས་སོ། །འཇིག་རྟེན་པའི་མིང་གི་རྣམ་གྲངས་ནི་བདུན་ནོ། །དེ་ཡང་ལོ་ཀ་ལ་གྲགས་ཤིང༌། ལོ་ཀ་པའི་སྤྱོད་པ་དང་ལྡན་པའོ། །བདུན་པོའི་མཚན་ཉིད་སོ་སོར་བཤད་པའི་མངོན་སུམ་ཞེས་བྱ་བ་ལ་སོགས་པས་བཤད་དོ། །མཁའ་འགྲོ་མ་རྣམས་ཀྱི་མཚན་ཉིད་བརྒྱད་བཤད་པ་ནི། མཆོད་པའི་རྟེན་བྲིས་སྐུ་ལ་སོགས་པའི་འབྱོར་པ་དང་མི་ལྡན་པ་ལ། རྣལ་འབྱོར་མ་སུམ་ཅུ་རྩ་བདུན་ལ་མཆོད་པའི་རྟེན། སྡུད་བྱེད་བརྒྱད་ཀྱི་མཚན་མ་བརྒྱད་བྲིས་ལ་མཆོད་པའོ། །སྡུད་བྱེད་ལའང་ལུགས་གསུམ་སྟེ། པྲཛྙཱ་རཀྵི་ཏས་ཀང་ཀ་ནའི་འབྲེལ་པ་མ་ཚང་བའི་དགོངས་པ་ཁ་བསྐངས་པ་དང༌། བྷ་དནྟ་གསུངས་པ་ནཱ་རོ་པའི་དགོངས་པ་གཉིས་ཡོད་དེ་ལོགས་སུ་ཤེས་པར་བྱའོ། །བླ་མ་བགྲེས་པོ་རྣམས་ནི་གཟུགས་ཅན་མས་སྐུའི་ཕྱོགས་ཀྱི་བཞི་བསྡུས་ལ། ལཱ་མཱས་མཚམས་ཀྱི་བཞི་བསྡུས། ཡོངས་གྱུར་མས་གསུང་གི་ཆས་བཞི་བསྡུས། བྱིས་བཅས་མས་ཕྱོགས་ཀྱི་བཞི་བསྡུས། མི་ལྡོག་མས་ཐུགས་ཀྱི་བཞི་བསྡུས། ཨེ་ཧི་ཀཱ་ལ་མོས་མཚམས་ཀྱི་བཞི་བསྡུས་སོ། །ལྷག་མ་ཧེ་རུ་ཀའི་རྣལ་འབྱོར་མ་མོ་ཞེས་བསྟན་པ་དང༌། ཙུམྦི་ཀཱ་མ་སྨོས་པས་ཙུམྦི་ཀཱས་སྙིང་པོའི་རྣལ་འབྱོར་མ་བཞི་བསྡུས་པ་ལས་མེད། ཧེ་རུ་ཀས་སྒོ་མཚམས་མ་བརྒྱད་བསྡུས་པའོ། །འོ་ན་འདས་པའི་མིང་གི་རྣམ་གྲངས་ན། སྡུད་པ་མོ་ཡོད་པས་སྡུད་པ་མོས་སྡུད་པ་མེད་དམ། ཞེ་ན། སྡུད་པ་མོ་དང་ཕག་མོ་དང་ཧེ་རུ་ཀ་ནི་དོན་གཅིག་སྟེ་རྣམ་གྲངས་ཡིན་ནོ་གསུང་ངོ༌། །དེ་བས་ན་དེས་སྒོ་མཚམས་མ་བརྒྱད་བསྡུས་སོ། །ལེའུ་དང་པོས་ནི་ཙུམྦི་ཀཱས་བསྡུས་པའི་མཁའ་འགྲོ་མ་ནང་ཚན་གྱིས་ཕྱེ་བས་རིགས་དྲུག་ཏུ་བསྟན་ཏོ།།  །།བཅུ་དགུ་པས་ཙུམྦི་ཀཱས་བསྡུས་པའི་ལཱ་མཱ་ལ་ནང་ཚན་གྱིས་ཕྱེ་བའི་རིགས་ལྔར་བསྟན་ཏོ། །གཉིས་ཀྱིས་མཚོན་ནས་ཁཎྜ་རོ་ཧཱ་ལ་སོགས་པ་རྣལ་འབྱོར་མ་ཉེར་ལྔ་ལ་ཡང་རིགས་དྲུག་དང་ལྔར་ཕྱེ་བས་བསྟན་པར་ཤེས་པར་བྱ་སྟེ། མཁའ་འགྲོ་རྒྱ་མཚོ་ལས་བསྟན་ཏོ་གསུང༌།།  །།ལེའུ་ཉི་ཤུ་པས་ནི་དེ་ལྟར་རིགས་ལྡན་གྱི་མཚན་མ་ཁ་དོག་གི་མཚན་མ་རྣམས་ཀྱིས་རིགས་ངོ་ཤེས་པ་དང༌། བརྡའི་ལན་གྱིས་རྣལ་འབྱོར་མ་མཉེས་པར་མ་བྱས་ན། བྱིན་གྱིས་རློབ་པར་མི་འགྱུར་བས་བརྡ་བསྟན་ཏོ། །དེ་ཡང་ལེའུ་འདི་ལས་ནི་ལག་པའི་བརྡ་གཙོ་བོར་བྱས་ཏེ་སྟོན་ཏོ།།  །།ལེའུ་ཉེར་གཅིག་པས་ནི་ལག་པའི་བརྡ་དང་དེ་གཞན་ལ་སྟོན་པ་གཙོ་བོར་བྱས་ནས་བསྟན་ཏོ།།  །།ལེའུ་ཉེར་གཉིས་པས་ནི་ལག་པའི་བརྡ་འབའ་ཞིག་ཏུ་མ་ཟད་དེ། ལྕེ་དང་སྤྱི་བོ་ལ་སོགས་པ་ཡན་ལག་དུ་མ་གཙོར་བྱས་ནས་བསྟན་ཏོ།།  །།ལེའུ་ཉེར་གསུམ་པས་ནི་དེ་ལྟར་ངོ་ཤེས་ནས་མཉེས་པ་དང༌། རྣལ་འབྱོར་མ་རྣམས་ཀྱང་གཅིག་ལ་ཆགས་པར་ཤེས་པར་བྱ་སྟེ་མཆོད་ནས་སིདྡྷི་མི་འབྱུང་བས། ཆགས་པའི་རྒྱུ་སོ་དང་སེན་མོ་བརྡབ་པ་ལ་སོགས་པ་དང༌། ཆགས་པའི་རྟགས་དངོས་བཞིན་འགྱུར་བ་ལ་སོགས་པ་བསྟན་ཏེ། དེ་ལྟ་བུར་གསལ་བ་ཞེས་བྱ་བའི་གོས་ནི། རྣལ་འབྱོར་མ་རྣམས་ལ་སྙོམས་པར་ཞུགས་པ་ལས་བདེ་བ་མི་རྟོག་པ་སྐྱེ་སྟེ། དེ་ཡང་དང་པོ་པའི་ཡེ་ཤེས་རེག་བྱ་བདེ་བ་དང་བཅས་པ་སྐྱེ། དེ་བསྒོམས་པ་ལས་ཆོས་ཀྱི་སྐུའི་རྟོགས་པ་སྐྱེ་ལ། དེ་ལས་ལོངས་སྐུ་དང་སྤྲུལ་སྐུ་འབྱུང་ངོ༌། །འདིའི་མཚན་མ་ཞེས་པས་མཚོན་པར་བྱེད་པ་དེ་ཕྱིས་ཕྲ་མོ་དང་ཐིག་ལེས་མཚོན་པ་སྟེ། དཔའ་བོ་ཡིན་ན་རྡོ་རྗེ་ནོར་བུར། རྣལ་འབྱོར་མ་ཡིན་ན་པདྨར། ཉི་མའི་དཀྱིལ་འཁོར་ཁ་སྦྱོར་བསྒོམས་ལ། དེའི་བར་དུ་རྡོ་རྗེ་ཕྲ་མོ་ལ་སོགས་པ་བསྒོམས་ལ། དེ་ལ་དམིགས་པས་དང་པོ་རེག་བྱ་བདེ་བ། དེ་ནས་མི་རྟོག་པ་བདེ་བ་དང༌། དེ་བསྒོམས་པ་ལས་མཐར་ཆོས་སྐུ་འགྲུབ་བོ། །སོགས་ཞེས་བྱ་བ་ནི་མཚན་མ་ལ་སོགས་པ་ཁོངས་སུ་བསྡུ་བ་ཡང༌། འཁོར་ལོ་དང༌། པདྨ་དང༌། རིན་པོ་ཆེ་དང༌། སྣ་ཚོགས་རྡོ་རྗེ་དང༌། དུང་ལ་སོགས་པ་བསྡུའོ། །མཆོག་གཡོན་ཞེས་བྱ་བ་ནི་རྣལ་འབྱོར་མ་ལས་དང་པོ་དཔེའི་ཡེ་ཤེས་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་སྐྱེ་ལ། དེ་ལས་དོན་གྱི་ཡེ་ཤེས་ཕྱག་རྒྱ་ཆེན་པོའི་རྟོགས་པ་སྐྱེ་བས་མཆོག་གོ་གསུང་ངོ༌།།  །།ལེའུ་ཉེར་བཞི་པ་ལས་ནི་ལེའུ་དག་པའི་ཡི་གེ་རེ་རེའི་བརྡ་བསྟན་པའི་འཕྲོ་ཡི་གེ་འདུས་པའི་བརྡ་བསྟན་ཏེ། སློབ་དཔོན་མེད་པར་འཇུག་པ་དགག་པའི་དོན་དུ་དཀྲུགས་ཏེ་བསྟན་པའོ། །སྡེ་ཚན་བཞི་ཞེས་བྱ་བ་ནི། གཟུགས་དང་ཁ་དོག་སྟོན་པའི་སྡེ་ཚན། མཁའ་འགྲོ་མ་དང་ལཱ་མཱ་གཉིས་ཀྱི་མཚན་ཉིད་བསྟན་པ་དང༌། དེ་ནས་ལག་པའི་བརྡའི་སྡེ་མཚན་དང༌། ངག་གི་བརྡའི་སྡེ་ཚན་བཞི་གསུང༌། དེ་ལྟར་ལེའུ་བཅུས་རིགས་ལྡན་མཆོད་པའི་རྒྱས་བཤད་བསྟན་ཏོ།།  །།ཉི་ཤུ་ལྔ་པས་ནི། འབྲས་བུའི་གསང་བ་ལ་འཇུག་པ་དང༌། དེའི་ཡན་ལག་ཏུ་ལེའུ་ལྔ་པས་རྩ་བའི་སྔགས་ཀྱི་ལུས་བསྟན་ལ། བདུན་པས་ཡན་ལག་བསྟན་པའི་འཕྲོས་འདིར་རྐང་བ་བརྒྱད་ཀྱི་རྣམས་དང༌། ཕཊ་བརྒྱད་ཀྱང་ཐུ་ལ། བཏུས་པའི་རྩ་བའི་སྔགས་རང་ཡང་བསྟན་ཏེ། འདི་ལྟར་འཁྲུགས་པ་ཡང་སློབ་དཔོན་མེད་པར་འཇུག་པ་དགག་པའི་ཕྱིར་རོ།།  །།ལེའུ་ཉེར་དྲུག་པས་ནི་གོང་དུ་བསྟན་པའི་ཚུལ་གྱིས་རིགས་ལྡན་མ་རྣམས་ངོ་ཤེས་པར་བྱས་ཤིང་དཔའ་བོ་དང༌། རྣལ་འབྱོར་མ་གཅིག་ལ་གཅིག་རྗེས་སུ་ཆགས་པར་བསྟན་ཡང༌། ཚུལ་ཇི་ལྟར་བསྟེན་པར་བྱ་བ་མ་བསྟན་པས་བསྟེན་པའི་ཚུལ་བསྟན་པ་དང༌། ལམ་གྱི་གྲོགས་ཐུན་མོང་མ་ཡིན་པའི་ཚིག་བརྒྱད་བསྟན་ཏོ། །དེ་ཡང་ཕོ་ཉ་མོ་དེ་གྲུབ་སྟེར་ཡན་ཆད་ཀྱིས་ཕོ་ཉ་མོ་གསུམ་པོ་རང་བསྟན་ཏོ། །མཐོང་ཞེས་བྱ་བ་ལ་སོགས་པས་སྔགས་སྐྱེས་ཀྱི་ཕོ་ཉ་མོ་བསྟེན་པའི་ཚུལ་བསྟན་ཏེ། དེ་ཡང་ཟླ་བ་ཕྱེད་དུ་འཇམ་རླུང་སྦྱང་ཞིང་བསླབས་ཏེ། མཐོང་བ་ནི་སྐར་ཁུང་ལ་སོགས་པ་ནས། ཕྱག་རྒྱའི་གཟུགས་མཐོང་བ་ཙམ་གྱིས་བདེ་བ་ལ་བསླབ་ཅིང་སྦྱང་ངོ༌། །དེ་ནས་ལུས་ལ་རེག་ཅིང་ཞག་གསུམ་སྦྱང་ངོ༌། །དེ་ནས་འོ་བྱ་ཞིང་ཞག་གསུམ་སྦྱང་ངོ༌། །དེ་ནས་ལུས་ལ་འཁྱུད་པའི་བདེ་བ་ལ་བསླབ་ཅིང་རླུང་སྦྱང་ངོ༌། །དེ་ནས་གནས་ཀྱི་ཁྱད་པར་ཞེས་བྱ་བ། རྡོ་རྗེ་དང་པདྨ་བསྲུབས་ཏེ་ཐིག་ལེ་བྱུང་བ་ཡང་ཡང་སོ་སོར་དྲངས་ཏེ། ལུས་ལ་ཁྱབ་པར་བྱ་ཞིང་ཞག་གསུམ་དུ་བསླབས་ཏེ། བདེ་བས་བརྒྱལ་བ་བྱུང་ངོ༌། །མ་དང་སྲིང་མོ་ཞེས་པའི་དོན་ནི་སེམས་བརྟན་པ་ཐོབ་པས་ཐ་མལ་པའི་མ་ལ་སོགས་པའི་བར་རྟོག་པ་མེད་པར་བསླབ་པའམ། ཡང་ན་ལས་དང་པོ་པས་རང་གི་རིགས་གང་ཡིན་པའི་བཙུན་མོ། ཌོཾ་བི་ནཱི་ལ་སོགས་པ་ཡོན་ཏན་ལྔ་དང་ལྡན་པར་བྱས་ཏེ་སྤྱད་པའོ། །ཡོན་ཏན་ལྔ་ནི་ཕན་པར་བྱེད་པ་དང༌། བརྩེ་བ་ཆེ་བ་དང༌། ངག་ཉན་པ་དང༌། བདེ་བ་བསྐྱེད་པ་དང༌། བསྒྲུབ་པའི་བྱ་བ་བྱེད་པའོ། །གང་ཞིག་ཅེས་བྱ་བ་རྐང་པ་གཉིས་ཀྱིས་ཕྱག་རྒྱ་དེ་ཡང་དང་པོར་དམ་ཚིག་ལ་བསླབ་པ་གོམས་པར་བྱས་ལ་བསྟེན་པར་བསྟན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་བསྲུང་བའི་དམ་ཚིག་བསྟན་ཏོ། །དམ་ཚིག་རྣམས་ཀྱང་བསྐྱང་བའི་བར་གྱི་གཡོན་གྱིས་ཀུན་ཏུ་སྤྱོད་པ་གཙོར་བྱས་ཏེ། དམ་ཚིག་སྤྱི་བསྟན་ཏོ། །ལྷ་གནས་ཞེས་བྱ་བ་ལ་སོགས་པ་ཚིག་རྐང་རེ་རེ་ཐུན་མོང་མ་ཡིན་པའི་དམ་ཚིག་བརྒྱད་བསྟན་ཏོ། །བློ་ཆུང་ཞེས་བྱ་བ་ལ་སོགས་པས་སྔགས་སྐྱེས་ཀྱི་ཕོ་ཉ་མོའི་གསང་རྩ་རྒྱས་པར་བྱ་བའི་ཐབས་བསྟན་ཏོ། །དག་དང་ཞེས་བྱ་བས་ཕོ་ཉ་མོ་བསྟན་པ་དང༌། དམ་ཚིག་སྐྱོང་བའི་སྒྲུབ་པ་པོ་བསྐྱེད་པ་ལ་སློབ་པ་དང༌། རྫོགས་པ་ལ་སློབ་པ་དང༌། བསྐྱེད་རྫོགས་གཉིས་ཀ་ལ་སློབ་པ་གསུམ་བསྟན་ཏོ།།  །།ཉེར་བདུན་པས་ནི་དེ་ལྟར་དམ་ཚིག་སྐྱོང་བ་དེ་ཡང༌། སྤྱོད་པ་དང་ལྡན་པ་གཅིག་གིས་དམ་ཚིག་བསྟེན་པ་ཡིན་པས་སྤྱོད་པ་བསྟན་ལ། དེ་ལའང་བཞི་ལས་འདིར་སྤྲོས་བཅས་ཀྱི་སྤྱོད་པ་བསྟན་ཏེ། དེ་ལ་ཡེ་ཤེས་ཀྱི་རྒྱུས་སྐྱེས་བྱ་བ་ཡན་ཆད་ཀྱིས་ནི། སྤྱོད་པའི་གྲོགས་ཕོ་ཉ་མ་བཟུང་བ་བསྟན་ཏོ། །བསམ་པའི་ཞེས་བྱ་བ་ལ་སོགས་པས་བསམ་པ་ལ་སོགས་པའི་ཁྱད་པར་བསྟན་ཏེ། བསམ་པའི་ཁྱད་པར་དང༌། ལུས་ཀྱི་ཁྱད་པར་དང༌། ངག་གམ་སྔགས་ཀྱི་ཁྱད་པར་དང༌། དམ་ཚིག་གི་ཁྱད་པར་དང༌། དགོས་པའི་ཁྱད་པར་དང༌། ཁ་དོག་དང་གོས་ལ་སོགས་པའི་ཁྱད་པར་དང༌། མཆོད་ཕྱིར་ཐོགས་པ་ལ་སོགས་པའི་ཁྱད་པར་དང༌། གསང་བར་བྱ་བ་དང༌། གཙང་སྦྲ་ལ་སོགས་པའི་ཁྱད་པར་དང་བརྒྱད་དོ། །རྣལ་འབྱོར་པས་ནི་ཞེས་བྱ་བ་ལ་སོགས་པས་ནི། སྤྱི་དོན་གསུམ་པར་སྤྱོད་པའི་ཕན་ཡོན་བསྟན་ཏོ། །དེ་ལྟར་རྟག་ཏུ་ཞེས་པ་ལ་སོགས་པས་ནི། བསྒྲུབ་པའི་བྱ་བ་གཉིས་ལས་སངས་རྒྱས་ལ་མཆོད་པ་ལ་སོགས་ཚོགས་ཀྱི་འཁོར་ལོ་དང༌། མཆོད་ནས་དམ་ཚིག་ཅན་ལ་གཏོར་མ་སྦྱིན་པ་བསྟན་ཏོ། །དེ་ལ་ཡང་དང་པོར་ཆོ་ག་བསྟན། དེ་ནས་དུས་བསྟན། དེ་ནས་གཏོར་མ་དབུལ་བ་བསྟན། དེ་ནས་སྒྲུབ་པ་པོ་བསྟན། དེ་ནས་གཏོར་མ་བཏང་བའི་ཕན་ཡོན་བསྟན། དེ་ནས་དུས་དང་ཆ་ལུགས་བསྟན་ཏེ། དེ་ལྟར་དྲུག་ཏུ་གནས་སོ། །གཉིས་པ་ནི་དེ་ལྟར་གོང་དུ་བསྟེན་པའི་སྤྲོས་བཅས་ཀྱི་སྤྱོད་པའི་བྱ་བ་དང་བྱ་བ་མ་ཡིན་པའི་བྱེ་བྲག་བསྟན་ཏེ། དེ་ཡང་དོན་དྲུག་ཏུ་གནས་ཏེ། མ་དད་ཐམས་ཅད་སུན་འབྱིན་བྱེད། །ཅེས་པའི་བར་གྱིས་བདག་གཞན་གཉིས་ཀ་མཆོད་པའི་བྱེ་བྲག་བསྟན་ཏེ། མཆོད་པའི་དགོས་པ་ནི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བའི་དགོས་པའོ། །མཆོད་པའི་ཡུལ་ནི་བདག་ཉིད་དང་གཞན་ཡང་བྱང་ཆུབ་སེམས་དཔའ་དང༌། ཉན་ཐོས་ལ་སོགས་པ་དང༌། རྟེན་དང་བརྟེན་པར་བཅས་པ་དང༌། རྣལ་འབྱོར་མ་དང་འཇིག་རྟེན་པའི་འབྲེལ་པ་ལ་སོགས་པ་རྣམས་ཏེ། དེ་ལ་ནི་ཟས་ལ་སོགས་པས་མཆོད་པ་བྱའོ། །ཡང་རྣལ་འབྱོར་མ་རྣམས་ལ་ནི་བཟའ་བས་འདུས་པ་ཞེས་བྱ་བ་སྙོམས་འཇུག་གི་བདེ་བས་ཀྱང་མཆོད་པ་བྱའོ། །ཡང་བྱ་བ་མ་ཡིན་པའི་བྱེ་བྲག་འཇིག་རྟེན་པའི་འབྲེལ་པ་རྣམས་དང་བདེ་སྡུག་ཐུན་མོང་དུ་སྤྱད་པར་བྱ་བ་ཡིན་གྱི། བྱ་བ་སྔགས་དང་ཕྱག་རྒྱ་ལ་སོགས་པ་ནི། སྦྱིན་པར་མི་བྱ་ཞེས་བསྟན་ཏོ། །དག་བྱེད་ཅེས་བྱ་བ་ལ་སོགས་པས་ནི་དོན་གཉིས་པ་དམ་ཚིག་གི་བྱེ་བྲག་བཟའ་བའི་དམ་ཚིག་བདུད་རྩི་ལྔ་བསྟན་ཏེ། བཟའ་བའི་དམ་ཚིག་བདུད་རྩི་ལྔ་བསྟེན་པ་ཡིན་ལ། དེ་ཉིད་དེ་བཞིན་གཤེགས་པའི་ངོ་བོ་ཡིན་པས་བསྲུང་བའི་དམ་ཚིག་ཏུ་འགྱུར་གསུང༌། ཕོ་ཉ་མ་གཏོགས་ཞེས་བྱ་བ་ལ་སོགས་པས་ནི་དོན་གསུམ་པ་ཕོ་ཉའི་བྱེ་བྲག་བསྟན་ཏེ། རང་གི་ཕོ་ཉ་ཌོཾ་བི་ནཱི་ལ་སོགས་པ་དབང་བསྐུར་ཞིང་དམ་ཚིག་དང་སྡོམ་པ་ཐོབ་པ་ལ་བསླབ་པ་མ་གཏོགས་པ། གཞན་དབང་ལ་སོགས་པ་མ་ཐོབ་པ་ནི། འདོད་པས་བསྟེན་པར་མི་བྱ་བ་བསྟན་ཏོ། །གཞན་ཡང་ཕོ་ཉ་བསྟེན་པའི་འཐད་པ་དང༌། ཕོ་ཉའི་མཚན་ཉིད་རྣམས་ནི་འདིར་མ་བྲིས་སོ། །འཇིག་རྟེན་ན་རྟག་ཅེས་བྱ་བ་ལ་སོགས་པས་ནི། དུས་ཀུན་དུ་སྤྱོད་ལམ་ཇི་ལྟར་བྱ་བ་བསྟན་ཏེ། མདོར་ན་སྤྱོད་པ་ཐམས་ཅད་གཡོན་གྱིས་སྤྱོད་པས་བྱ། ཞེས་བྱ་བའི་དོན་ཏོ། །གཞན་ཡང་སྤྱོད་པ་བྱེད་པའི་རྣལ་འབྱོར་པ་དེ་ལ་ཐ་མལ་པའི་རིགས་ནི་གཙོ་བོ་མ་ཡིན་ལ། དམ་ཚིག་གི་རིགས་གཙོ་བོ་ཡིན་པས་རིགས་ལྔ་ཞེས་བྱ་བ། རྒྱལ་རིགས་དང་བྲམ་ཟེ་དང༌། རྗེ་རིགས་དང༌། དམངས་རིགས་ཐ་མལ་པ་དང༌། གདོལ་པ་སྟེ་ལྔ་ཡིན་ལ། དེ་བཞིར་བྱས་ཏེ། གདོལ་པ་མོ་དང་དམངས་རིགས་གཅིག་ཏུ་བྱའོ། །དེ་ཡང་གསུམ་དུ་བྱ་སྟེ། རྒྱལ་པོ་དང་བྲམ་ཟེ་ཡང་གཅིག་ཏུ་བྱའོ། །དེ་གསུམ་ཡང་རྡོ་རྗེ་སེམས་དཔའི་རིགས་གཅིག་ཏུ་བྱའོ། །བ་ལང་ཤ་ཞེས་བྱ་བ་ལ་སོགས་པ་ནི་དོན་ལྔ་པ་སྦྱིན་སྲེག་གི་བྱེ་བྲག་བསྟན་ཏེ། དེ་ཡང་དང་པོར་ཕྱིའི་དྲག་པོའི་སྦྱིན་སྲེག་བསྟན། དེ་བཞིན་ཞེས་བྱ་བ་ལ་སོགས་པས་ནི་ནང་གི་སྦྱིན་སྲེག་ཁ་ཟས་སམ་ཚོགས་ལ་ལོངས་སྤྱོད་པའི་ཚུལ་བསྟན་ཏོ། །ད་ནི་ཕོ་ཉ་ཞེས་བྱ་བ་ལ་སོགས་པས་ནི་བླ་ན་མེད་པའི་སྦྱིན་སྲེག་བསྟན་པར་འགྲོ་ལ། དོན་དྲུག་པ་ཕོ་ཉ་བསྟེན་པ་དང༌། དེའི་དགོས་པ་བསྟན་ཏོ། །འདི་ཐམས་ཅད་ཀྱིས་ཀྱང་ལམ་གྱི་གསང་བའི་ཡན་ལག་བསྟན་པར་ཤེས་པར་བྱའོ།།  །།ལེའུ་ཉེར་དགུ་པ་འདིས་ནི་ལམ་གྱི་གསང་བ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་གྲོགས་སམ་ཡན་ལག ཕོ་ཉ་མོའི་མཚན་ཉིད་དང༌། དེ་བསྟེན་པའི་ཚུལ་ལས་དང་པོ་པའི་དབང་པོ་མིན་པ་ཅི་ནས་ཀྱང༌། ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་དཔེའི་ཡེ་ཤེས་མྱོང་བར་བྱ་ལ། དེ་ལ་བརྟེན་ནས་དོན་གྱི་ཡེ་ཤེས་རྟོགས་པར་བསྟན་ཏེ། དེ་ཡང་གསང་ལ་བསྟེན་པའོ། །ནུས་པ་ཐོབ་པས་ནི་ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པའི་དུས་སུ་མ་གསང་བར་བསྟེན་ཏོ། །ནུས་པ་མ་ཐོབ་པར་འཇིག་རྟེན་པའི་མངོན་དུ་སྤྱོད་པ་སྤྱད་ན། འཇིག་རྟེན་པས་འཕྱ་བར་འགྱུར་བས་རྣལ་འབྱོར་པ་རང་ཉིད་ཀྱི་སྐྱེ་བོ་མི་གནས་པ་ལ་སོགས་པར་བསྟེན་ཏོ། །རྣལ་འབྱོར་ཆེ་མཆོག་ཅེས་པ་ལ་སོགས་པས། དཔལ་ལྡན་བདེ་མཆོག་འཁོར་ལོའི་རྣལ་འབྱོར་བཞི་ལ་གནས་པའི་རྣལ་འབྱོར་ཆེན་པོའི་དེའི་ཆེ་བ་བསྟན་ཏོ། །དེ་ནས་ལེའུ་སུམ་ཅུ་པས་སུཾ་བྷ་ནི་བཏུ་བའི་ཆོ་ག་བསྟན་ཏོ། །ལེའུ་བཅུ་གསུམ་པ་སོགས་ཀྱིས་ནི་ལེའུ་དང་པོའི་གསང་བ་སྒྲུབ་པ་བཤད་པའི་སྐབས་སུ་བར་མ་དབུགས་དབྱུང་པ་ཞེས་བྱ་བ་ལ་སོགས་པ་བཟའ་བའི་དམ་ཚིག་བསྟེན་པ་བསྟན་པ་ནི། མདོར་བསྟན་པ་ཡིན་ལ། ཡང་ལེའུ་དང་པོར་ལམ་གྱི་གསང་བ་བཞག་པ་ཡང་གསང་བའི་བཤད་པའི་ལེའུ་འདི་དག་ལས་རྟོགས་པར་བྱའོ། །དེ་ཡང་སུམ་ཅུ་སོ་གཅིག་པ་ལས་གསུམ་ལས། གྲུབ་པར་འགྱུར་ཞེས་བྱ་བའི་བར་གྱིས་བཟའ་བའི་རྫས་བསྟན། དུང་དང་མུ་ཏིག་ཅེས་བྱ་བ་ལ་སོགས་པས་བཟའ་བ་འདོད་པ་བརྩད་པའི་སྐྱོན་སྤང་བ་བསྟན། བརྡ་ནི་ཞེས་བྱ་བ་ལ་སོགས་པས་ནི་སྔར་བསྟན་པའི་རྫས་རྣམས་ཀྱི། ཚོགས་ཀྱི་མཆོད་པ་ལ་སོགས་པའི་དུས་སུ་ལག་པའི་མཆོད་པ་ཇི་ལྟར་བྱ་བའི་ཆོ་ག་བསྟན་ཏོ། །ལེའུ་སོ་གསུམ་པ་ལ་ཡང་དོན་གསུམ་ལས། འགྲུབ་པར་འགྱུར་ཞེས་བྱ་བའི་བར་གྱིས་ནི། བཟའ་བའི་དམ་ཚིག་གི་རྫས་བསྟེན་པའི་ཕན་ཡོན་དང་བཅས་པ་བསྟན་ཏོ། །ཀྲྀཥྞ་ཞེས་བྱ་བ་ལ་སོགས་པས་ནི་སྔར་བསྟན་པའི་རྫས་རྣམས་དང༌། ཁྱི་མོ་ནག་མོའི་ཐུགས་ལ་སོགས་པའི་བསྲེག་རྫས་བྱ་སྟེ། རྩ་བའི་སྔགས་ལ་བསྙེན་པ་སྔོན་དུ་སོང་ནས་རོ་གཙང་མ་བླངས་ཏེ་རོ་ལངས་བསྒྲུབ་པ་བསྟན་ཏོ། །བ་ལང་ལྷས་ཞེས་བྱ་བ་ལ་སོགས་པས་ནི་ལེའུ་དང་པོར་ཧེ་རུ་ཀ་ཡང་དག་སྦྱོར་བ་ལ་སོགས་པས་མདོར་བསྟན་པའོ། །རྒྱས་པར་བཤད་པའི་དབང་དུ་བྱས་ཏེ། བརྟེན་པ་བསྐྱེད་པ་མངལ་སྐྱེས་ཀྱི་ཚུལ་དུ་རྒྱུ་རྡོ་རྗེ་འཛིན་པ་བསྐྱེད་པ་དང༌། འབྲས་བུ་རྡོ་རྗེ་འཛིན་པ་གཉིས་སུ་ཕྱེ་སྟེ་བསྟན་ཏོ། །ལེའུ་སོ་བཞི་པ་ནས་རྩ་བདུན་པའི་བར་ལེའུ་བཞི་ནི་དྲང་དོན་དུ་ཁྱིའི་སྦྱིན་སྲེག་དང༌། བཟླས་པ་ལ་སོགས་པ་བསྟན་པ་ལས་ལམ་གྱི་གསང་བ་བསྒྲུབ་པའི་ཡན་ལག་བསྟན་ལ། ངེས་དོན་དུ་ཕྱག་རྒྱ་བཞི་བཤད་པས་ནི་ལེའུ་དང་པོའི་མཆོད་གཞི། དཔལ་ཆེན་པོ་ལ་སོགས་པའི་ལམ་གྱི་གསང་བའི་རྫོགས་རིམ་རྒྱས་པར་འཆད་དོ།།  །།དེ་ཡང་ལེའུ་སོ་བཞི་པས་ནི་དྲང་དོན་དུ་ཕྱིའི་སྦྱིན་སྲེག་བསྟན་ལ། ངེས་དོན་བདེ་བ་སྔོན་དུ་སོང་བའི་སྟོང་པ། བདེ་བ་མི་རྟོག་པ་བསྒོམ་པ་ཕྱག་རྒྱ་ཆེན་པོ་བསྟན་ཏོ། །དེ་ལ་དྲང་དོན་དུ་བཤད་ན། ཐེ་ཚོམ་མེད་པ་ཡན་ཆད་ཀྱིས་སྦྱིན་སྲེག་གི་སྔོན་དུ་བསྐྱེད་པའི་རིམ་པ་ལྷ་སོ་བདུན་རྫོགས་པར་བསྒོམ་པར་བསྟན་ཏོ། །དཔའ་བོ་ཀུན་ལ་ཞེས་པ་རྐང་པ་གཉིས་ཀྱིས་ལོ་ཀའི་མེ་ལྷ་འབར་བར་ཐིམ་པར་བསམས་ལ། ཐིམ་པའི་བྱེ་བྲག་གིས་ལོ་ཀ་ལས་འདས་པའི་མེ་ལྷ་བསྐྱེད་པ་བསྟན་ཏོ། །ཨ་ཝ་དྷཱུ་ཏཱི་ཞེས་པ་རྐང་པ་གཉིས་ཀྱིས། ཡེ་ཤེས་ཀྱི་དཀྱིལ་འཁོར་དགུག་གཞུག་བྱ་བ་བསྟན་ཏེ། དེ་ཡང་སྨིན་པ་ཞེས་པའི་རྐང་པ་དང་པོར་སྦྱར་ལ། ཕྱི་ནས་ཨ་ཝ་དྷཱུ་ཏཱི་སྦྱར་རོ། །དཔའ་བོ་ཆགས་པ་ནི་འཇིག་རྟེན་ལས་འདས་པའི་མེ་ལྷ་བསྲེག་རྫས་ལ་ཆགས་པར་གསལ་བར་དམིགས་པའོ། །ཞེས་བྱ་བ་ལ་སོགས་པས་བསྲེག་རྫས་བསྟན་ལ། དེ་ནས་འབར་ཕྲེང་ཞེས་བྱ་བ་ལ་སོགས་པས་ལོ་ཀ་ལས་འདས་པའི་མེ་ལྷ་རྟེན་དང་བརྟེན་པར་བཅས་པ་རྒྱས་པར་བཤད་དོ། །ཆོ་གའི་ཞེས་པས་ནི་སྦྱིན་སྲེག་གི་དུས་ལས་བཞིའི་བྱེ་བྲག་གི་ཁཎྜ་རོ་ཧཱ་བཞིས་བསྒྲུབ་བྱ་དགུག་ཅིང༌། དེའི་ལུས་ཀྱི་ནང་དུ་གཞུག་པའི་སྦྱོར་བས་ཞི་བར་བྱས་པ་དང༌། དབང་དུ་བྱས་པ་དང༌། རྒྱས་པར་བྱས་པ་དང༌། དེ་གསོད་པར་བྱེད་པ་རྣམས་སུ་བསྒོམ་པ་བསྟན་ཏོ། །དྲག་པོ་ལ་ནི་གནས་པར་ཏེ་རོའི་ལུས་ཀྱི་རོ་དེ་བསྲེག་རྫས་ལ་བསྟིམ་སྟེ། སྦྱིན་སྲེག་བྱ་བ་ཡང་རྟོགས་པར་བྱའོ། །དེ་ལྟར་འཁོར་ལོའི་དབུས་སུ་བྱས་པས་ཕན་ཡོན་དངོས་གྲུབ་གསུམ་འགྲུབ་པའོ། །དེ་ཡང་རྒྱུད་རྒྱས་པ་ནམ་མཁའ་དང་མཉམ་པས་བསྡུས་ཏེ། དེ་ལྟ་བུའི་ལུས་ཀྱི་སྦྱིན་སྲེག་གི་ཆོ་ག་གསུངས་པར་ཤེས་པར་བྱའོ། །ངེས་པའི་དོན་དུ་བཤད་ན་ཐེ་ཚོམ་མེད་ཡན་ཆད་ཀྱིས་རྫོགས་པའི་རིམ་པ་ཕྱག་རྒྱ་ཆེན་པོ་བསྒོམ་པའི་སྔོན་དུ་བསྐྱེད་པའི་རིམ་པ་ལྷ་གསུམ་གྱི་དཀྱིལ་འཁོར་རྫོགས་པར་བསྒོམ་པ་བསྟན་ཏོ། །དཔའ་བོ་ཀུན་དང་ཞེས་བྱ་བས་ཡབ་ཡུམ་གྱི་གནས་ལྔར་ཡིག་འབྲུ་བསྒོམ་པ་ཀུན་ཏུ་སྤྱོད་པ་ལྟར་ཤེས་པར་བྱ་སྟེ་དེ་བསྟན་ཏོ། །ཨ་ཝ་དྷཱུ་ཏཱི་ཞེས་པ་རྐང་པ་གཉིས་ཀྱིས་སྙོམས་པར་བཞུགས་པ་ལས་བྱུང་བའི་ཐིག་ལེ་ཨཱ་ལི་བརྗོད་ཅིང་མར་དྲངས་ཏེ། དེའི་བདེ་བས་ཀྱང་དཀྱིལ་འཁོར་ཡང་བདེ་བར་བསྒོམ་པ་དང༌། དེ་ནས་དཀྱིལ་འཁོར་ཡང་རིམ་གྱིས་བསྡུ་བ་བཤད་དོ། །ཆགས་བྱས་ལ་ཞེས་པས་ཡབ་ཡུམ་འོད་དུ་ཞུ་བ་བསྟན་ཏོ། །ཐིག་ལེ་དམར་སྐྱ་བདེ་བའི་རང་བཞིན་དུ་བསྒོམ་པའོ། །དེ་ནས་མེས་བསྲེགས་ཏེ་ཞེས་བྱ་བ་ལ་སོགས་པས་ནི། དེ་ལྟ་བུའི་བདེ་བ་མི་རྟོག་པ་ལ་བློ་གནས་པས་ཕུང་པོ་ལྔ་དང༌། ཡང་ཕུང་པོ་ལྔ་དང༌། འབྱུང་བ་བཞིའི་རྟོག་པ་སྟེ། རྟོག་པ་བསྲེག་པ་བསྟན་ཏོ། །དེ་ནས་འབར་ཞེས་བྱ་བ་ལ་སོགས་པས་ནི། བདེ་བའི་མི་རྟོག་པས་བློ་གཡེངས་ན་ཡང་དཀྱིལ་འཁོར་བློས་སྤྲོས་ཏེ་བསྒོམ་པར་བསྟན་ཏོ། །ཡང་དཀྱིལ་འཁོར་ལ་ཤེས་པ་ཆེར་སྤྲོས་ཏེ་སོང་ཡང༌། བདེ་བ་མི་རྟོག་པ་བསྒོམ་མོ། །ཆོ་གའི་རིམ་པའི་ཞེས་བྱ་བའི་དོན་ཡང་ཐིག་ལེ་ལ་དམིགས་ཏེ། བདེ་བའི་མི་རྟོག་པ་བསྒོམས་པས་དཀྱིལ་འཁོར་ལ་སོགས་པ་ཐམས་ཅད་བདེ་བ་མི་རྟོག་པར་བྱ་བར་བསྟན་ཏོ། །ཞི་བ་ཚེགས་སུ་ནི་གཞུང་ཉིད་དུ་ཤེས་པར་བྱའོ།།  །།ལེའུ་སོ་ལྔ་པས་ནི་དྲང་དོན་དུ་སྔགས་ཀྱི་བཟླས་པ་བསྟན་ལ། ངེས་དོན་དུ་ནི་ཆོས་ཀྱི་ཕྱག་རྒྱ་རིམ་པ་བཞི་བསྒོམ་པ་བསྟན་ཏོ། །དེ་ཡང་དེ་ནས་ཞེས་བྱ་བ་རྐང་པ་གསུམ་གྱིས་དྲང་དོན་དུ་བཟླས་པ་དང༌། ངེས་དོན་ཆོས་ཀྱི་ཕྱག་རྒྱ་རྫོགས་རིམ་གྱི་སྔོན་དུ་བསྐྱེད་པའི་རིམ་པ་བསྒོམ་པ་བསྟན་ཏོ། །ལས་ནི་ཞེས་བྱ་བ་ལ་སོགས་པ་ནི་བསྐྱེད་པའི་རིམ་པའི་དེ་ཁོ་ན་ཉིད་མཆོད་པའི་བར་དུ་བྱས་ནས། དེ་ནས་སྙོམས་པར་ཞུགས་པ་ལས་བྱུང་བའི་བྱང་ཆུབ་སེམས་དེ་རིན་པོ་ཆེ་བཞི་གང་ཡང་རུང་བའི་སྔགས་སུ་བསམས་ལ། དེ་ནས་སྔགས་འཁོར་བའི་ལམ་དུ་བཟླས་པ་བྱས་ཏེ། ལས་བཞི་པོའི་བྱེ་བྲག་གིས་ཁ་དོག་དང་དབྱིབས་རྣམས་ཤེས་པར་བྱའོ། །འདིར་ནི་ཞི་བ་དང་དྲག་པོའི་སྔགས་ཀྱི་བཟླས་ལུགས་གཉིས་ལས་མེད་དེ། དེ་རྩུབ་ཅིང་དྲག་པ་མ་ཡིན་ནོའི་བར་གྱིས་ཞི་བ་གཙོར་ཤེས་པར་བྱའོ། །ཞི་བ་ལ་ནི་ཞེས་པ་རྐང་པ་གཉིས་བྷ་དནྟའི་དཔེ་ལ་མེད་ལ། བླ་མ་བགྲེས་པོ་རྣམས་ཀྱི་རྒྱ་དཔེ་ལ་ནི་སྣང་ངོ༌། །ས་བོན་ཕྲེང་བ་ཞེས་བྱ་ལ་སོགས་པས་ནི་དྲག་པོའི་སྔགས་བཟླས་ལུགས་གཙོར་སྟོན་ཏེ། དེ་ཡང་དབུགས་ལ་མདའ་ནི་སྦྱར་བར་བྱའི་བར་གྱིས་ཚར་བཅད་པ། གསད་པའི་ལས་བསྒྲུབ་པ་བསྟན་ལ། དུས་མིན་ཞེས་པ་མན་ཆད་ཀྱིས་གསད་པའི་བསྒྲུབ་བྱ་དེ་རྗེས་སུ་གཟུང་བ་བསྟན་ཏེ། དེ་ཡང་སྤྱི་བོར་ཁ་ཊྭཱཾ་ག་བསྒོམ་པ་དང༌། ཐོད་པ་བསྒོམ་པའི་མན་ངག་གཉིས་སུ་ཤེས་པར་བྱའོ། །ངེས་པའི་དོན་དུ་བཤད་ན་རིམ་པ་བཞི་ལས་ནི་ཞེས་བྱ་བས་དཀྱིལ་འཁོར་བསྡུས་ནས་རླུང་གཡོན་ནས་བཅུག་སྟེ། ལྟེ་བའི་བར་དུ་བཅུག་ནས། ལྟེ་བ་ལ་སོགས་པ་འཁོར་ལོ་བཞི་དང༌། རྩ་གསུམ་དང་བཅས་པ་གསལ་བར་དམིགས་ཏེ། བརྒྱུད་རིམ་བསྟན་ཏོ། །གཏུམ་མོའི་མེ་བདག་གི་འཁོར་ལོ་རྣམས་ལས་བརྒྱུད་དེ་སྣ་གཡས་ནས་སྤྲོས་པ་དང༌། ཏ་ཐཱ་ག་ཏའི་ཤངས་བུག་གཡོན་པར་འཇུག་པ་ལ་སོགས་པ་ནས་བདག་གི་སྣ་བུག་གཡོན་པར་ཡེ་ཤེས་ཀྱི་བདུད་རྩི་འཇུག་པའི་བར་ནི་སྔགས་ཀྱི་རིམ་པའོ། །དུས་མིན་འཆི་ཞེས་བྱ་བ་རྐང་པ་གཉིས་ཀྱིས་སྣ་བུག་གཡོན་ནས་ཞུགས་པ་ནས་བཟུང་སྟེ། ལྟེ་བར་ཕྱིན་གྱི་བར་ལ་དགའ་བ་བཞི་སྐྱེ་བ་ནི་ཡེ་ཤེས་ཀྱི་རིམ་པ་སྟེ་དེ་བསྟན་ཏོ། །ཐོད་པ་ཞེས་པ་རྐང་པ་གཉིས་ཀྱིས། བདག་གི་རྒྱུད་ལ་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་འགྲུབ་སྟེ། སྐུ་དང་ཡེ་ཤེས་ཟུང་དུ་འཇུག་པ་ནི་གསང་བའི་རིམ་པ་སྟེ་དེ་བསྟན་ཏོ། །འདི་དག་གི་ཡང་མངོན་པར་རྟོགས་པ་ཇི་ལྟ་བ་ནི་དཔྱིད་ཀྱི་ཐིག་ལེ་ལས་ཤེས་པར་བྱའོ། །ཞེས་བླ་མ་གསུང་ངོ༌།།  །།ལེའུ་སོ་དྲུག་པས་ནི་དམ་ཚིག་གི་ཕྱག་རྒྱ་དང༌། ལས་ཀྱི་ཕྱག་རྒྱ་དང་གཉིས་བསྟན་ཏེ། དེ་ཡང་དག་པའི་ཡུལ་ནི་དེ་བཞིན་དུ། ཞེས་བྱ་བའི་བར་གྱིས་ནི་དམ་ཚིག་གི་ཕྱག་རྒྱ་ལྟར་ན་འོད་ཀྱི་རིག་མ་དང༌། ལས་ཀྱི་ཕྱག་རྒྱ་ལྟར་ན་རྐྱང་མའི་གནས་ལ་བྱིན་གྱིས་བརླབ་པ་ཀུན་ཏུ་སྤྱོད་པ་ལྟར་ཤེས་པར་བྱའོ། །དཔའ་བོ་མཆོད་པའི་ཞེས་བྱ་བ་ལ་སོགས་པས་ནི་དམ་ཚིག་གི་ཕྱག་རྒྱ་ལྟར་ན་སྔགས་ལས་ཞི་བ་ལ་སོགས་པའི་ལས་བསྒྲུབ་པ་བསྟན་ཏོ། །ལས་ཀྱི་ཕྱག་རྒྱ་དང་ལྡན་ན་དགའ་བ་བཞིའི་མངོན་པར་རྟོགས་པ་བསྐྱེད་པའི་ཚུལ་བསྟན་ཏོ།།  །།ལེའུ་སོ་བདུན་པས་ནི་རྐྱང་མ་བདེ་བླག་ཏུ་མ་རྙེད་ན་དབང་དུ་བྱ་བའི་ཐབས་བསྟན་ཏེ། ཇི་སྲིད་འཆི་བར་དབང་དུ་འགྱུར། ཞེས་བྱ་བ་ཁ་ཟས་ཀྱི་སྒོ་ནས་བྱ་བ་མ་ཡིན་པ་བསྟན་ཏོ། །ཏིལ་ནག་ཅེས་བྱ་བ་ལ་སོགས་པ་བྱུགས་པས་དབང་དུ་བྱ་བ་བསྟན། བ་ལང་ཤ་ཞེས་བྱ་བ་ལ་སོགས་པས་སྦྱིན་སྲེག་གིས་དབང་དུ་བྱ་བ་བསྟན། འཇིག་རྟེན་གསུམ་ན་ཞེས་བྱ་བའི་དེ་ལྟ་བུའི་ཐབས་ཀྱང་གཞན་ལ་སྦ་བ་བསྟན་ཏོ།།  །།ལེའུ་སོ་བརྒྱད་པས་ནི་རང་དོན་དུ་སྤྱོད་པ་གསུམ་ལས་སྤྲོས་མེད་ཀྱི་སྤྱོད་པ་བྱ་བ་དང༌། བྱ་བ་མ་ཡིན་པའི་ཆ་བསྟན་ཏོ། །དེ་ཡང་ལྟུང་བ་ཞེས་བྱ་བའི་བར་གྱིས་ལྡོག་པའི་སྒོ་ནས་བྱ་བ་མ་ཡིན་པ་བསྟན་ཏོ། །ཧེ་རུ་ཀ་དཔལ་ཞེས་བྱ་བ་ལ་སོགས་པས་འཇུག་པའི་སྒོ་ནས་བྱ་བའི་ཆ་བསྟན་ཏོ། །རྟག་ཏུ་དཔའ་བོ་ཆེན་པོ་ཞེས་བྱ་བས་དེ་ལྟར་གནས་པའི་ཕན་ཡོན་བསྟན་ཏོ།།  །།ལེའུ་སོ་དགུ་ནས་ཞེ་བརྒྱད་ཀྱི་བར་གྱིས་ནི། ལམ་གྱི་གསང་བ་བསྐྱེད་རྫོགས་གཉིས་ལ་གནས་པའི་མཚན་མའི་རྟགས་བསྟན་ཏེ། དེ་ཡང་ལེའུ་དགུ་པའི་སྒྲུབ་པ་པོ་ཧ་བརྒྱད་ཀྱི་ཆོ་ག་དང་ལྡན་པས་དུར་ཁྲོད་ལ་སོགས་པར་འཇིགས་པ་མེད་པར་གནས་ལ། ཐུན་མོང་གི་དངོས་གྲུབ་མཆོག་གི་སིདྡྷི་སྐུ་གསུམ་འགྲུབ་པར་བསྟན་ཏོ།།  །།ལེའུ་བཞི་བཅུ་པས་ནི་ལམ་གྱི་གསང་བ་བསྒྲུབ་པའི་ལས་ཀྱི་ཕྱག་རྒྱ་རྐྱང་མ་དབང་དུ་བྱ་བ་བསྟན་ཏེ། དེ་ཡང་སྔར་ལེའུ་སོ་བདུན་པར་བསྟན་པའི་དབང་དུ་བྱས་ནས་དེའི་འབྲེལ་པར་རྗེས་སུ་ཆགས་པར་བྱ་བ་ཡིན་ལ། འདིར་ནི་སྔར་དབང་དུ་མ་བྱས་པ་ཅིག་བསྟན་ཏོ། །དེ་ཡང་ཤ་ལྔ་ལ་སོགས་པའི་སྦྱིན་སྲེག་གིས་རིགས་ལྔའི་བུ་མོ་དབང་དུ་བྱ་བ་བསྟན་ཏོ།།  །།ཞེ་གཅིག་པས་ནི། སུཾ་བྷ་ནིའི་ལས་ཀྱིས་ཚོགས་ལས་ཆེན་བཅུ་གཉིས་བསྟན་ཏེ། འདི་ཡང་འཁོར་ལོ་ལ་བརྟེན་པའི་ལས་ཚོགས་ཏེ། དེ་ཡང་དཔལ་ནཱ་རོ་ཏས་ཀཾ་པ་ལ་དང་མཐུན་པར། འཁོར་ལོ་བཞིས་ལས་སོ་གསུམ་འགྲུབ་པར་བཞེད་དོ། །མཁའ་འགྲོ་མ་ལས་བྷ་བས་འཁོར་ལོ་ལྔ་བཞེད་དོ། །མཁའ་འགྲོ་རྒྱ་མཚོ་ལས། ལས་བཅུ་གཉིས་ལ་ཙཀྲ་བཅུ་གཉིས་ཡོད། འདི་ཡང་དབང་པོ་རབ་སེམས་ལ་བརྟན་པ་ཐོབ་པའི་དབང་དུ་བྱས་ཏེ་དྲན་པ་ཙམ་གྱིས་འགྲུབ་བོ། །ཤ་དང་བྱང་སེམས་བྱ་བ་ལ་སོགས་པ་ནི། དེ་ལྟ་བུའི་དངོས་གྲུབ་ཀྱང་རྣལ་འབྱོར་མ་རྣམས་ཀྱིས་རྩོལ་བས་མཁའ་འགྲོ་མ་རྣམས་བསྟན་ཏོ།།  །།དེ་ཡང་སྔར་ལེའུ་བཅུ་བདུན་པར་ནི། རྣལ་འབྱོར་མ་བརྒྱད་གྱིས་སོ་བདུན་བསྡུས་པར་བསྟན་ལ། འདིར་ནི་རྣལ་འབྱོར་མ་དྲུག་གིས་བསྡུས་པར་དོན་གྱིས་བསྟན་ཀྱང་འགལ་བ་མེད་ཅིང་གཅིག་ཏུ་བསྡེབས་ཏེ་གོ་བར་བྱའོ།།  །།ལེའུ་ཞེ་གཉིས་པས་ནི་རྣལ་འབྱོར་མ་རྣམས་བསྟན་པའི་དངོས་གྲུབ་ཀྱི་རྟགས་བསྟན་ཏེ། དེ་ཡང་དང་པོར་བདུད་རྩི་དང་ཤ་ལ་སོགས་པའི་བཟའ་བ་རྣམས་ཀྱིས་བདེ་བ་སྐྱེ་བའི་ཐབས། ལུས་ཟུངས་རྒྱས་པར་བྱ་བའི་ཐབས། རྐྱང་མ་གཉིས་ཀས་བསྟེན་པའི་ཐབས་བསྟན་ཏོ། །ཐོག་མཐའ་ཞེས་བྱ་བ་ལ་སོགས་པས་ནི་རྐྱང་མ་ལས་དང་པོར་དཔེའི་ཡེ་ཤེས་བདེ་བ་ལས་མི་རྟོག་པ་རྟོགས་པར་བྱ་བ་དང༌། དེ་ནས་དོན་ཀྱི་ཡེ་ཤེས་རྟོགས་པ་བདེ་བ་མཐའ་གསུམ་གྱིས་མ་རེག་པ་ཉམས་སུ་མྱོང་བར་བྱ་བ་བསྟན་ཏོ། །ཐོག་མ་ཐ་མ་ཞེས་བྱ་བ་སོགས་ནི་རྐྱང་མ་བསྟན་པའི་ཐོག་མ་དང་ཐ་མར། ཧ་ཧ་ལ་སོགས་པ་ཐུང་ངུ་བརྒྱད་བརྗོད་པར་ཤེས་པར་བསྟན་ཏོ། །གཟུགས་དང་ཞེས་བྱ་བ་ལ་སོགས་པས་ནི། རྐྱང་མ་བསྟེན་པ་ལས་བདེ་བ་སྐྱེས་པའི་རྟགས་གཟུགས་དང་ལས་ཞེས་བྱ་བ་ཕྱིའི་རྟགས་དང༌། ནང་གི་རྟགས་གཉིས་སུ་བསྡུས་ལ་རྒྱས་པར་བྱས་ན་རེ་རེ་ལའང་ལྔ་ལྔ་སྟེ་བཅུའོ། །དེ་ཡང་ཐུན་མོང་དུ་འགྲོ་བ་བཞད་པ་བརྒྱད་སོ་སོར་བགྲངས་ནའོ། །དེ་ནི་ཐམས་ཅད་ཀྱི་དབང་དུ་བྱས་པའོ། །ངུ་བར་བྱེད་པ་རྟགས་སུ་བསྔགས་ཞེས་བྱ་བ་ལ་སོགས་པ་ནི་ཕྱིའི་གསང་བ་ཤེས་རབ་རྐྱང་མ་སྦྱང་བ་ལྔ་བསྟན་ཏོ། །ནང་གི་གསང་བ་ལྔ་ཡང་ཐབས་དང་འདྲ་བར་ཤེས་པར་བྱའོ། །དེ་ལྟར་ན་གཉིས་ལ་རྟགས་ཉི་ཤུའོ།།  །།ལེའུ་ཞེ་གསུམ་པ་ནི་འབྲས་བུའི་གསང་བ་རྒྱས་པར་བཤད་པ། ཡི་གེ་བདུན་པའི་ལས་ཀྱི་ཚོགས་བསྟན་ཏེ། དེ་ཡང་དང་པོར་ཤླཽ་ཀ་གཅིག་གིས་སྔོན་དུ་ཡི་གེ་བདུན་པ་ལ་བསྙེན་པ་སྔོན་དུ་སོང་བའི་རྣལ་འབྱོར་པ་ལ། མཁའ་འགྲོ་མ་ཐམས་ཅད་ཀྱི་སྤྱན་གྱིས་གཟིགས་ཤིང་བྱིན་གྱིས་རློབ་ལ། དེ་ཡང་གནས་ཁྱད་པར་ཅན་དུ་གནས་ན་བྱིན་གྱིས་རློབ་པས་གནས་མདོར་བསྟན་ཏོ། །ལམ་གྱི་ཞེས་པ་ལ་སོགས་པས་ལམ་གྱི་ཁྱད་པར་བཤད་དོ། །ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པས་སྒྲུབ་པ་པོའི་ཆ་ལུགས་བསྟན་ཏོ། །སྙིམ་པ་མེ་ཏོག་ཅེས་བྱ་བ་ལ་སོགས་པས་ཡི་གེ་བདུན་པ་ལ་སྔོན་དུ་བསྙེན་པ་འབུམ་ཕྲག་གཅིག་བྱ་སྟེ། ཡང་དེའི་རྗེས་ལ་ཁྲི་ཕྲག་གཅིག་བཟླས་པ་བྱས་པས། ཀ་ར་བཱི་རའི་མེ་ཏོག་དམར་པོ་ལ་སྔགས་བཟླས་ལ་དངོས་གྲུབ་ཀྱི་ལྟས་བརྟག་པ་བསྟན་ཏོ། །གནས་ཀྱི་ཞེས་བྱ་བ་ལ་སོགས་པས་ངག་གི་དབང་ཕྱུག་ལ་སོགས་པ་བསྟན། ཡུལ་དང་ཞེས་སོགས་བྱ་བས་མི་སྣང་བ་བསྒྲུབ་པ་བསྟན་ཞེས་བྱ་བ་ལ་སོགས་པ་ནི། སྔགས་ཀྱི་འོད་ཟེར་ཤིང་མྱ་ངན་མེད་ཀྱི་རྩེ་ལ་སྤྲོས་ཏེ། སྔགས་ཀྱི་རྡུལ་ཕྲ་རབ་རི་རབ་ལྟ་བུར་ལྕི་བར་བསམ་པ་ལས་ཤིང་ཆག་ཅིང་ལྟུང་བར་འགྱུར་རོ། །དེས་གཞན་ལྟུང་བར་བྱ་རྒྱུ་ལྟུང་བར་ཡང་བྱའོ། །བདག་གི་ལུས་ཞེས་བྱ་བ་ལ་སོགས་པས་ནི། ཡི་གེ་བདུན་པའི་བསྙེན་པ་སྔོན་དུ་སོང་པས་རྨི་ལམ་བརྟག་པ་བསྟན་ཏོ། །དེ་བཞིན་དུ་སྔགས་བཟླས་ཞེས་བྱ་བ་ལ་སོགས་པས་རལ་གྲི་ལ་སོགས་པ་ལྔ་ལ་སྔོན་དུ་སྦྱང་བ་བྱ་སྟེ། དེ་ནས་ཁྱེའུ་དང་བུ་མོ་གཙང་མ་ལ་ཁྲུས་བྱས་ཏེ། ཡི་གེ་བདུན་པ་བཟླས་པས་དམིགས་ཡུལ་དེ་བལྟར་གཞུག་གོ །དེ་ལྟར་ཡང་ཉིན་པར་ཁྱིམ་ཤིན་ཏུ་མུན་པ་ནག་པ་ལ་བྱའོ། །མཐེ་བོང་གི་དཔུང༌། མཐེ་བོང་སྣག་ཚ་དང་རྒྱ་སྐྱེགས་ལ་སོགས་པས་བསྐུས་ལ་སྦྱངས་ཏེ། དེ་ནས་བུམ་པ་གཙང་མར་བདུད་རྩི་ལྔ་ཅུང་ཟད་བླུགས་པར་ཡི་གེ་བདུན་པའང་དེ་ལ་བཟླས། དེའི་སྟེང་དུ་མར་མེ་བཞག་ལ་བལྟར་གཞུག དེ་ནས་དང་པོའི་ཞེས་བྱ་བ་ལ་སོགས་པས་ནད་གསོ་བར་བསྟན། དེ་ཟླ་བའི་དབུས་སུ་ཞེས་བྱ་བ་ལ་སོགས་པས་ཁྱད་པར་དུ་དུག་ལ་སོགས་པ་ཞི་བར་བྱ་བ་བསྟན་ཏོ། །མཚན་མོ་ཞེས་བྱ་བ་ལ་སོགས་པས་ནི་སྦྱིན་སྲེག་གི་སྒོ་ནས་རྒྱས་པ་ལ་སོགས་པའི་ལས་བསྒྲུབ་པ་བསྟན་ཏོ། །དཀར་པོ་ཞེས་བྱ་བ་ལ་སོགས་པས་ནི། ལག་པ་ལ་ཡི་གེ་བདུན་པ་བཀོད་པའི་སྦྱོར་བས། སྔར་ཚར་བཅད་པ་རྗེས་སུ་གཟུང་བ་དང༌། ཁྱད་པར་དུ་དུག་སྦྲུལ་གྱིས་ཟིན་པ་གསོ་བ་བསྟན་ཏོ། །རིམས་ལ་ཞེས་རྐང་པ་གཉིས་ཀྱིས་རིམས་ཞི་བར་བྱ་བ་བསྟན། རྒྱན་པོ་ཞེས་བྱ་བས་ནི་ཙཀྲ་ལ་བརྟེན་ཏེ་ཤོ་མི་འཕམ་པར་བྱ་བ་བསྟན། དགྲ་བོ་ཞེས་བྱ་བ་ལ་སོགས་པས་དགྲ་ལས་རྒྱལ་བར་བྱ་བ་བསྟན། འབྲས་བུ་ཞེས་བྱ་བ་ལ་སོགས་པས་ནི་ལྷའི་རྣལ་འབྱོར་དང་ཡི་གེ་བདུན་པའི་གསང་སྔགས་ལ་སོགས་པ་རྣམས་ཀྱིས་ཟས་ལ་སོགས་པ་ཅི་དགར་བསྒྲུབ་པ་བསྟན་ཏོ། །ས་གཞི་ཞེས་བྱ་བ་ལ་སོགས་པས་ནི་ཡི་གེ་བདུན་པའི་སྔགས་ཀྱིས། རྡུལ་ཕྲ་རབ་ཀྱི་ས་གཞི་ལ་སོགས་པ་བཏེག་ན་འཕར་ཞིང༌། མནན་ན་ནེམ་པ་ལ་སོགས་པར་བྱ་བ་སྟེ་ཡིད་དུ་འོང་བར་བྱ་བ་དང༌། རྒྱ་མཚོ་ལ་ཅི་བདེར་ལམ་བྱ་བ་ལ་སོགས་པ་བསྟན་ཏོ།།  །།ལེའུ་ཞེ་བཞི་པས་ཀྱང་འབྲས་བུའི་གསང་བ་ལ་འཇུག་པ་དཔའ་བོ་དྲུག་གི་གོ་ཆའི་ལས་བསྟན་ཏེ། དེ་ཡང་འཁོར་ལོ་ལ་བརྟེན་ཏེ་དགུག་པའི་ལས་དང༌། ཙནྡན་དམར་པོའི་སྦྱིན་སྲེག་གིས་སའི་བདག་པོ་ནོར་དང་བཅས་པ་དགུག་པའི་ལས་དང༌། ཡང་ཡི་གེ་བདུན་པ་དེ་ཉིད་ཀྱིས་ལྕགས་ཕྱེ་ལ་སོགས་པའི་རྫས་ལ་མནན་པ་བྱ་སྟེ། གསད་པའི་ལས་བསྒྲུབ་པ་དང༌། ཡང་སླར་རྗེས་སུ་གཟུང་བ་དང༌། མྱོས་བྱེད་ལྔ་ལ་སོགས་པས་སྨྱོ་བར་བྱ་བའི་ལས་རྗེས་སུ་གཟུང་བ་དང་བཅས་པ་གཅིག་བསྟན་ཏོ།།  །།ལེའུ་ཞེ་ལྔ་པས་ནི་འབྲས་བུའི་གསང་བ་བསྟན་ཏེ། འདི་ཡང་རྣལ་འབྱོར་མ་དྲུག་གི་སྔགས་འབའ་ཞིག་གི་ལས་བསྟན་ཏོ། །དེ་ཡང་དང་པོར་གོ་ཆའི་སྔགས་ཀྱི་བསྙེན་པ་སྔོན་དུ་སོང་བས། ཡང་ཀ་ར་བཱི་རའི་མེ་ཏོག་དམར་པོ་ལ་སྔགས་བཟླས་ཏེ། དེ་འོ་མས་བཀྲུས་ནས། དེ་ནས་ཞག་བདུན་དུ་དབང་ཕྱུག་ཆེན་པོའི་ལིངྒ་ལ་གཏོར་ཞིང་སྔགས་བཟླས། དེ་ནས་ནུབ་གསུམ་ཚོགས་ཀྱི་མཆོད་པ་བྱ། དེ་ནས་ཉི་མ་དང་པོ་ལ་སྒྲུབ་གཡོག་ལྷའི་ང་རྒྱལ་དང་ལྡན་པས་སུམྦྷ་ནི་བརྗོད་ཅིང་རལ་གྲི་ཐོགས་པས་བར་ཆད་བསྲུང༌། རང་གིས་མེ་ཏོག་རེ་ལ་སྔགས་རེ་བརྗོད་ཅིང་ཆུ་ལ་བསྐུར་བས། མེ་ཏོག་ཡར་ལོག་པ་ན། ཆུ་དང་བཅས་པས་སོ་ལ་མ་རེག་པར་འཐུངས་ན། ངག་གི་དབང་ཕྱུག་ཏུ་འགྱུར་རོ། །དེ་ནས་སྐྱེ་གནས་ཞེས་བྱ་བ་ལ་སོགས་པས་རྣལ་འབྱོར་མ་དྲུག་གི་ཙཀྲ་བྲིས་ཏེ། དགུག་པའི་ལས་བསྒྲུབ་པ་བསྟན། ཙཀྲ་ནི་རྩིབས་དྲུག་པ་བྱ་ལ་གོ་ཆའི་སྔགས་དྲུག་དགོད་དོ། །ལྟེ་བ་ལ་བསྒྲུབ་བྱའི་སྔགས་སྤེལ་ཚིག་དང་བཅས་པ་བྲི། ལྟེ་བའི་ཕྱིའི་མུ་ཁྱུད་ལ་ཨཱ་ལི་གཡོན་སྐོར། ཕྱི་རོལ་གྱི་མུ་ཁྱུད་ལ་ཀཱ་ལི་གཡས་སྐོར་དུ་བཀོད་ལ། དེ་ནས་རབ་ཏུ་གནས་པ་བྱ་སྟེ། དེ་རྐང་རྗེས་ལ་སོགས་པ་ལས་གཟུགས་བརྙན་བྱས་པའི་སྙིང་གར་བཅུག་སྟེ། ལིངྒའི་སྐྱེ་གནས་ནས་སྐུད་པ་དམར་པོ་བཏོན་ཏེ། སྒྲུབ་པ་པོའི་མཐེའུ་ཆུང་ལ་བཏགས་ནས། དེ་བསྐུལ་ཞིང་སྔགས་བཟླས་ན་དགུག་པའི་ལས་འགྲུབ་བོ། །ཙནྡན་དམར་པོ་ཞེས་བྱ་བ་ལ་སོགས་པས། ལིངྒ་མེས་གདུང་བར་བྱས་པས་དབང་དུ་བྱ་བའི་ལས་བསྟན་ཏོ། །མི་ཡི་བདག་པོ་ཞེས་བྱ་བ་ལ་སོགས་པས་ལིངྒ་མེ་ལ་གདུངས་པའི་སྦྱོར་བས། རྒྱལ་པོ་འཁོར་དང་བཅས་པ་དབང་དུ་བྱ་བའི་ལས་བསྟན་ཏོ། །བསྒྲུབ་པར་བྱ་བའི་རྐང་རྗེས་ལ་ཞེས་བྱ་བ་ལ་སོགས་པས་སྦྱིན་སྲེག་གི་ལས་ཐམས་ཅད་འགྲུབ་པར་བསྟན་ཏོ། །རྡུལ་དེ་ཞེས་བྱ་བ་ལ་སོགས་པས་མནན་པའི་སྒོ་ནས་སེམས་རྨོངས་པར་བྱས་ནས་དགུག་པའི་ལས་བསྒྲུབ་པ་བསྟན་ཏོ། །ཀ་ར་བཱི་རའི་ལྕུག་མ་ཞེས་བྱ་བ་ལ་སོགས་པའི་རྫས་ཀྱི་སྦྱོར་བས། སྐྱེས་པ་དང་བུད་མེད་དབང་དུ་འགྱུར་ཏེ་དགུག་པ་བསྟན་ཏོ། །ཀ་ར་བཱི་ར་ཞེས་བྱ་བས་ངག་གི་དབང་ཕྱུག་སྒྲུབ་པའི་ཐབས་གཞན་བསྟན་ཏོ། །དེ་ནས་གཞན་གྱི་ལས་ཞེས་བྱ་བའི་ཙནྡན་གྱི་ལིངྒ་ལ་བྱ་བའི་སྦྱོར་བས་དབང་དུ་བྱ་བའི་དོན་ཏོ།།  །།ལེའུ་ཞེ་དྲུག་པས་ཧ་ལྔའི་འཁོར་ལོ་ལ་བརྟེན་ནས་ཁྲག་དགུག་པ་ལ་སོགས་པའི་ལས་བསྟན་ཏོ། །འདི་ཡང་ཧེ་རུ་ཀ་ཡབ་ཡུམ་གང་ཡང་རུང་བའི་རྣལ་འབྱོར་ལ་གནས་ཏེ། རང་གི་སྙིང་གར་ཧ་ལྔའི་ཙཀྲ་བསྒོམས་ལ། ཧ་ལྔ་ལ་སྔོན་དུ་བསྙེན་པ་འབུམ་ཕྲག་ལ་སོགས་པ་སོང་བས་ལྷ་རྣམས་བསྒྲུབ་པར་བྱའོ།།  །།ལེའུ་ཞེ་བདུན་པས་ནི་རྗེ་བཙུན་མའི་སྙིང་པོའི་ཡི་གེ་ཉེར་གཅིག་པ་ལ་བརྟེན་པའི་ལས་ཀྱི་ཚོགས་བསྟན་ཏེ། དེ་ཡང་དབང་པོ་རབ་ཀྱིས་བཀླགས་པ་དང་དྲན་པ་ཙམ་གྱིས་འགྲུབ་པར་བསྟན། མིང་རུས་ཞེས་བྱ་བ་ལ་སོགས་པས་སྔོན་དུ་བསྙེན་པ་སོང་བས་ལས་ཀྱི་སྦྱོར་བ་ཇི་ལྟ་བ་བཞིན་དུ་བྱས་ཏེ། དགྲ་རྣམས་གསད་པ་ལ་སོགས་པའི་ལས་འགྲུབ་པ་བསྟན། དེ་ནས་རྒྱལ་པོའམ་ཞེས་བྱ་བ་ལ་སོགས་པས་ནི། རྗེ་བཙུན་མའི་ཙཀྲ་ལ་བརྟེན་ཏེ་དབང་དུ་བྱ་བའི་ལས་བསྟན། ལྷག་མ་དགུག་པ་ལ་སོགས་པའི་ལས་རྣམས་གཞུང་ཉིད་དུ་གསལ་བས་འདིར་མ་བྲིས་སོ།།  །།ལེའུ་ཞེ་བརྒྱད་པས་ནི་ལས་དེ་དག་བསྒྲུབ་པའི་སྔགས་དང་པོར་བསྟན། སྔགས་འདི་ཞེས་བྱ་བ་ལ་སོགས་པས་རྗེ་བཙུན་མའི་སྙིང་པོའི་སྔགས་ཀྱི་ཆེ་བ་བསྟན། མེ་ཏོག་འབྲས་བུ་ཞེས་བྱ་བ་ལ་སོགས་པས་གོང་དུ་བསྟན་པའི་དངོས་གྲུབ་རྣམས་ཀྱང་བསྐྱེད་པའི་རིམ་པ་ལ་བརྟེན་ནས་འགྲུབ་པ་དེ་ཡང༌། ལྷ་སོ་བདུན་གྱི་དཀྱིལ་འཁོར་རྫོགས་པ་ལ་བརྟེན་ཏེ་བསྒྲུབས་ན་ལས་ཐམས་ཅད་འགྲུབ་པར་བསྟན་ཏོ།།  །།ལེའུ་ཞེ་དགུ་པས་ནི་འབྲས་བུའི་གསང་བ་ལ་འཇུག་པ་སྐྱེ་བ་བདུན་པའི་བསྒྲུབ་པ་བསྟན་ཏེ། དེ་ཡང་ལེའུ་བཅུ་གཅིག་པར་སྐྱེ་བ་བདུན་པའི་མཚན་ཉིད་ལ་སོགས་པ་མདོར་བསྟན་ནས་བཅུ་བཞི་པས་རྒྱས་པར་བཤད། འདིར་བརྟག་པ་དང་སྒྲུབ་པའི་ཐབས་ལ་སོགས་པས་སོ་སོར་བཤད་དེ། དེ་ལྟར་ན་ལེའུ་གསུམ་གྱིས་སྐྱེ་བ་བདུན་པ་བསྒྲུབ་པ་བསྟན་ཏོ། །དེ་ཡང་དང་པོར་ཚིགས་བཅད་གཅིག་གིས་མཚམས་སྦྱར་བ་བསྟན། སཱ་ལུ་ཞེས་བྱ་བ་ལ་སོགས་པས་བརྟག་པའི་ཐབས་བསྟན། དེ་ཡང་སྔོན་དུ་བསྙེན་པ་སོང་བ་གཅིག་གིས་རྗེ་བཙུན་མའི་ཉེ་བའི་སྙིང་པོའི་འཁོར་ལོ་བཅས་ལ་དེའི་སྙིང་གར། ཕྱུགས་ལ་སོགས་པ་གང་ཡང་རུང་བའི་སྐྱེ་བ་བདུན་པ་སྟོན་པའི་སྤེལ་ཚིག་དང་བཅས་པ་བྲིས་ཏེ། དེ་ལ་རབ་གནས་བྱས་ལ། དེ་ནས་འབྲས་སཱ་ལུའི་ཟན་ལ། བོང་བུའི་གཟུགས་བརྙན་གཅིག་བྱས་ལ། དེའི་སྙིང་གར་འཁོར་ལོ་བཅུག་ལ། དེའི་མདུན་དུ་མེ་ལོང་ཚིལ་ཆེན་ལ་སོགས་པས་བྱུགས་པ་བཞག་ལ། བོང་བུའི་གཟུགས་ཀྱི་ནང་ནས་བལྟས་ན་གང་གི་སྐྱེ་བ་བདུན་པ་ཡིན་པ་དེའི་གཟུགས་བརྙན་བདུན་འབྱུང་ངོ༌། །དེ་ནི་བརྟག་པའོ། །གཞན་ཁ་དྲི་ཞིམ་པོ་ལ་སོགས་པའི་རྟགས་ཀྱང་ཤེས་པར་བྱའོ། །དེ་ལྟར་ངོ་ཤེས་ནས་རྣམ་ཤེས་འཕོ་བའི་ཐབས་ནི། བླ་མ་བགྲེས་པོ་རྣམས་བསྒྲལ་མི་དགོས་ཏེ། དེ་ནི་བྱང་ཆུབ་སེམས་དཔའ་མངོན་ཤེས་ཅན་ཡིན་པས་སྐྱེ་བ་ལ་དབང་ཐོབ་པ་ཡིན་པས། དེ་ལ་མཎྜལ་ལ་སོགས་པ་བྱས་ཏེ། བསྙེན་བཀུར་བྱས་པས་རང་གི་ལུས་འདོར་གསུང༌། བརྡ་བསྟན་པ་མི་སྐྱེ་བ་བསྟན་པ་ཡིན་ན། སཾ་བུ་ཊ་ལ་སོགས་པ་ནས་འབྱུང་བ་ལྟར། ཧིཀ་ཟློས་སུ་བཅུག་པས་འཕོ་བར་བཞེད་དོ། །དབུགས་ནང་དུ་འཇུག་པ་ན་ཧིཀ་ཞེས་མྱུར་བར་བཟླས་པས་དབུགས་ཐུང་དུ་འགྲོ་སྟེ། དབུགས་ཕྱིར་འབྱུང་ཙམ་ན། ཧིའི་གི་གུ་ཀ་ལ་སྤོས་ལ། ཧ་ཀི་ཞེས་པ་བཟླས་པས་འཕོ་གསུང༌། དུད་འགྲོ་ཡིན་ན་ལིངྒ་བྱས་ལ། སྔར་གྱི་འཁོར་ལོ་དང་འདྲ་བ་གཅིག་བྱས་ལ། ལྟེ་བར་རྣམ་ཤེས་འཕོ་བར་གྱིས་ཤིག་པའི་སྤེལ་ཚིག་དང་བཅས་པ་བྲིས་ཏེ། རབ་གནས་བྱས་ཏེ། གཟུགས་བརྙན་གྱི་སྙིང་ག་ནས་སྔར་སྔགས་བཟླས་པས་ཡི་གེ་ཉེར་གཉིས་པ་ལྟ་བུ་བཏོན་ལ་སྙིང་གའི་ཙཀྲ་ལ་བསྟིམ། དེ་ནས་སྔགས་ཀྱི་འོད་ཀྱིས་བསྒྲུབ་བྱ་སྐྱེ་བ་བདུན་པ་དེའི་ཤེས་པ་ཧཱུྃ་གི་རྣམ་པས་བཀུག་ལ། འཁོར་ལོ་ལ་བསྟིམ་པས་འཕོ་གསུང༌། ཇོ་བོའི་གཞུང་འདི་བླ་མའི་ལས་ལོགས་པར་མཛད། དེ་ནི་ཟོས་པ་ཞེས་བྱ་བ་ལ་སོགས་པས་ཁ་ཟས་སུ་བྱ་བ་བསྟན་ཏེ། དེའི་ཤ་ལ་སོགས་པ་དང་རང་ལས་གང་འདོད་ཀྱི་རྫས་བསྲེས་ལ་བྱ་སྟེ། ཞི་བ་ལ་ཙནྡན་དཀར་པོ་དང༌། དབང་ལ་གུར་གུམ་ལ་སོགས་པ་དང༌། རྒྱས་པ་ལ་གི་ཝང་ལ་སོགས་པ་དང༌། དྲག་པོ་ལ་སྐེ་ཚེ་ལ་སོགས་པ་དང་བསྲེས་ལ། སྦྱང་བ་དང༌། སྦར་བ་དང༌། རྟོག་པ་ལ་སོགས་པས་ཐ་མལ་པའི་དུག་སྦྱངས་ཏེ། དེ་ནས་ཁ་ཟས་སུ་བྱས་པས་མཁའ་སྤྱོད་ལ་སོགས་པ་འགྲུབ་པར་འགྱུར་རོ། །ཡང་ཐིག་ལེའི་སྦྱོར་བས་ཀྱང་དངོས་གྲུབ་ཏུ་འགྱུར་རོ། །ཡང་ན་ཤིང་ཡོངས་འདུ་ཞེས་བྱ་བའི་མེ་ཏོག་དམར་པོ་ཅན་དེའི་ཁུ་བ་དང༌། གོ་རོ་ཙ་ན་བསྲེས་པའི་ཐིག་ལེས་ཀྱང་གང་འདོད་པའི་གཟུགས་སུ་འགྱུར་རོ། །དེ་ཡང་དེའི་གོ་རོ་ཙ་ན་དང་གོང་དུ་འདོད་པ་དེའི་སྤུ་བསྲེས་ལ། སྐུད་པ་བྱས་ཏེ་བཏགས་པས་ཀྱང་གང་འདོད་པའི་གཟུགས་འཛིན་པར་འགྱུར་རོ། །དེ་ཡང་སྐྱེ་བ་བདུན་པའི་ཤ་དང༌། རུས་པ་དང༌། པགས་པ་དང༌། སོ་དང༌། སེན་མོ་དང་ལྔའི་ཕྱེ་མ་དང༌། གང་འདོད་པའི་སྤུ་བསྲེས་ཏེ་སྐུད་པ་བྱས་ལ། སྤྱི་བོར་བཅིངས་པ་ལ་སོགས་པས་ཀྱང་དེ་བཞིན་དུ་འགྱུར་རོ། །རྣལ་འབྱོར་ཞེས་བྱ་བ་ལ་སོགས་པས་སྐྱེ་བ་བདུན་པ་བསྒྲུབ་པ་འདི་གང་རུང་དུ་མི་བྱ་བར་བསྟན། གླང་པོ་ཞེས་བྱ་བ་ལ་སོགས་པས་སྐྱེ་བ་བདུན་པའི་ཤ་ལ་སོགས་པ། དུད་འགྲོ་གང་གིས་ཟོས་པ་དེ་ཡང་མཁའ་སྤྱོད་ལ་སོགས་པར་འགྱུར་བའི་ཕན་ཡོན་བསྟན་ཏོ།།  །།ལེའུ་ལྔ་བཅུ་པས་ནི་རྗེ་བཙུན་མའི་ལས་བསྒྲུབ་པ་བསྟན་ཏོ། །དེ་ལ་བསྐྱེད་པའི་རིམ་པ་ནི་དཀྱིལ་འཁོར་རྫོགས་པའི་བསྙེན་པ་བསྐྱལ་པ་ཡང་རུང༌། ཨ་བྷི་དྷ་ན་ནས་འབྱུང་བ་བཞིན་ཡི་གེ་བཅུ་གསུམ་པ་འདི་ཉིད་ཀྱིས་སྒྲུབ་པའི་ཐབས་བསྒོམ་པས། སྔོན་དུ་བསྙེན་པ་འབུམ་ཕྲག་བཞི་བསྐྱལ་ཏེ། དེ་ནས་འདི་སྔར་དབང་དང་རྒྱས་པ་གཙོ་བོར་བསྟན་པ་དང༌། ལས་གང་བསྟན་པའི་འཁོར་ལོ་བཞི་དང༌། སྣ་ཚོགས་པ་ཤེས་པར་བྱས་ལ། བཛྲ་བཻ་རོ་ཙ་ནའི་འཁོར་ལོ་ཇི་ལྟ་བ་བཞིན་བྲིས་ཏེ། རབ་གནས་ལ་སོགས་པ་བྱས་ལ། དེ་བཏགས་པ་དང་ལྡན་པའི་ལག་པས་ཤ་ལྔ་བདུད་རྩི་ལྔ་ཟོས་ནས་སྐྱུགས་པ་ལ་སོགས་པའི་སྦྱིན་སྲེག་གིས་དབང་དུ་བྱ་བ་དང༌། དབྱེ་བ་དང་བསྐྲད་པ་ལ་སོགས་པ་རྣམས་འགྲུབ་པའང་གཞུང་ཉིད་དུ་གསལ་ལོ། །དེ་ནས་གཞན་ཡང་བཤད་བྱ་བ། །ཞེས་བྱ་བ་ལ་སོགས་པས་ཕྱིའི་དཀྱིལ་འཁོར་བསྐྱེད་པའི་རིམ་པ་ལུས་ཀྱི་དཀྱིལ་འཁོར་དང་བཅས་པ་དང༌། ཡང་ནང་རྩ་སོ་བདུན་ལ་བརྟེན་ནས་རྫོགས་པར་བསྒོམ་པས། ཚོགས་བསགས་པ་དང་སྒྲིབ་པ་སྦྱངས་པས། ཕ་རོལ་ཕྱིན་པ་ལ་གྲགས་པའི་ས་བཅུ་ཐོབ་པར་བཤད་དོ།།  །།ལེའུར་གཅིག་པས་གོང་དུ་བསྟན་པའི་ལེའུ་ཞེ་དགུས་རྒྱས་པར་བཤད་པའི་ལམ་དང་འབྲས་བུའི་གསང་བ་རྣམས་འདིས་མཇུག་བསྡུས་ཏེ་བསྟན་ཏོ། །དེ་ཡང་དེ་ཁོ་ན་ཉིད་བཅུ་བཞི་ནི་ལམ་གྱི་གསང་བའི་གཙོ་བོར་མཇུག་བསྡུས་ཏེ་བསྟན་ལ། ཡང་དེས་འབྲས་བུའི་གསང་བ་ཡང་མཇུག་བསྡུས་གསུང༌། མི་མཆོག་ཅེས་བྱ་བས་ནི་ལམ་གྱི་གསང་བའི་ཕན་ཡོན་གྱི་ཚུལ་གྱིས་འབྲས་བུའི་གསང་བ་མཇུག་བསྡུས་ཏེ་བསྟན་ཏོ། །དེ་ཉིད་བཅུ་བཞི་ཡང་མངལ་སྐྱེས་ཀྱི་དབང་དུ་བྱས་ནས་བསྐྱེད་རིམ་འབའ་ཞིག་ཏུ་བཤད་ལ། སྒོང་སྐྱེས་ཀྱི་དབང་དུ་བྱས་ཏེ་བསྐྱེད་རྫོགས་གཉིས་ཀ་བསྟན་ཏེ། དེ་ལྟར་ན་ལམ་གྱི་གསང་བ་ཐམས་ཅད་བསྡུས་ནས་བསྟན་ཏོ། །དེ་ལ་མངལ་སྐྱེས་ལྟར་ན་གོས་ནི་འབྱུང་བ་ཆེན་པོ་སྔོན་དུ་སོང་བའི་གཞལ་ཡས་ཁང་བསྐྱེད་པའོ། །རྗེས་སྤྱོད་དང་སྦྱར་ན་སྟག་གི་པགས་པའི་ཤམ་ཐབས་ལ་སོགས་པའོ། །ཕྱག་རྒྱ་ལྔ་ནི་རྗེས་སྤྱོད་ཁོ་ན་སྟེ། རྗེ་ལ་རུས་པའི་རྒྱན་འདོགས་པའོ། །ཤེས་རབ་ཡན་ལག་ནི་མཉམ་གཞག་ལ་ཡབ་ཡུམ་བསྟན་ཏོ། །རྗེས་སྤྱོད་ལ་རྣམ་ཐར་སྒོ་གསུམ་གྱི་ངོ་བོ་ཁ་ཊྭཱཾ་གའོ། །ཕུར་བུ་མཉམ་གཞག་སྲུང་བའི་འཁོར་ལོ། རྗེས་སྤྱོད་ལ་ཡང་ཚོམ་སྔགས་ཀྱིས་བསྲུང་བ་བྱའོ། །ཨཱ་ལི་ཀཱ་ལི་ལ་སོགས་པ་མཉམ་གཞག་ཁོ་ན་ལ་སྦྱར་ཏེ། ཉི་མ་དང་ཟླ་བ་དང༌། མེ་ལོང་ལྟ་བུ་དང་མཉམ་པ་ཉིད་དོ། །རྒྱུ་སོགས་སྟོང་པ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སོ། །འདི་ནི་མངོན་བྱང་ལྔ་ལས་ལྷ་བསྐྱེད་པའི་སྔོན་དུ་བྱ་བ་སྟེ། ཨཱ་ལི་ལས་ཟླ་བ་ལ་སོགས་པ་དང་འདྲ་བར་ལྷ་བསྐྱེད་པའི་རྒྱུར་བྱས་ལ་ཁོངས་སུ་སྡུད་དེ། མངལ་སྐྱེས་ཀྱི་ལུགས་ལ་སོགས་པར་མི་བགྲངས་ན། སྔོན་དུ་འགྲོ་བ་སོ་སོར་རྟོག་པ་སྟེ། བར་གྱི་ས་བོན་ཧཱུྃ་འཇུག་པས། སྒྲ་ལ་སོགས་ཞེས་བྱ་བ་ཧཱུྃ་ལས་འོད་འཕྲོས་པས་བྱ་བ་གྲུབ་པའོ། །འོད་སླར་བསྡུས་ཏེ་གཅིག་ཏུ་གྱུར་པ་ལས་རྒྱུ་རྡོ་རྗེ་འཛིན་པ་བསྐྱེད་ལ་ཆོས་ཀྱི་དབྱིངས་སོ། །བདུད་རྩི་ནི་རྒྱུ་རྡོ་རྗེ་འཛིན་པ་འོད་དུ་ཞུ་བའོ། །མྱང་འདས་འབྲས་བུ་རྡོ་རྗེ་འཛིན་པར་བཞེངས་པའོ། །ལག་པའི་མཆོད་པ་ལག་མཆོད། དབང་བསྐུར་ནི་མཉམ་གཞག་གི་དབང་བསྐུར་དང་ཁྲུས་གཉིས་ཀ་བསྟན། གོ་ཆ་ཆེན་པོ་ནི་མཉམ་རྗེས་གཉིས་ཀ་ལ་སྦྱར། སྔགས་ཀྱི་མཆོད་པ་ནི་

རྩ་བའི་སྔགས་ལ་སོགས་པ་ཐམས་ཅད་དོ། །སྒོང་སྐྱེས་དང་སྦྱར་ན་གོས་ཞེས་བྱ་བས་སྔགས་གཉིས་ཚངས་པའི་གནས་བཞི་བསྒོམ་པ་ལ་སོགས་པ་བསྟན་ཏེ། ཕྱག་རྒྱ་ལྔས་མཉམ་གཞག་གི་ལྷའི་རྒྱན་ནོ། །ཤེས་རབ་ཡན་ལག་ནི་ཕུང་པོ་སོགས་ཀྱི་དག་པ་དྲན་པའོ། །ཕུར་བུ་དྲྭ་བ་ནི་སྲུང་བའི་འཁོར་ལོའོ། །ཨཱ་ལི་ཀཱ་ལི་ནི་འོག་མ་གཉིས་ལུས་ངག་ཡིད་གསུམ་དག་པར་ཤེས་པར་བྱའོ། །རྒྱུ་སོགས་སྟོང་པ་སྔོན་འགྲོ་ནི་ཚོགས་གཉིས་བསགས་པའོ། །འཇུག་པ་སྒྲ་ལ་སོགས་པ་བྱ་བ་ནི། ལཱུ་ཧི་པ་ལྟར་ཨཱ་ལི་ལས་ཟླ་བ་སྐྱེད་པ་ལ་སོགས་པ་རིམ་གྱིས་རྟེན་དང་བརྟེན་པ་དུས་གཅིག་བསྐྱེད་པའོ། །ཅི་སྲིད་བསྡུས་པ་ཞེས་བྱ་བ་ནི། ལུས་ཀྱི་དཀྱིལ་འཁོར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ལྷའི་རྣམ་པར་དྲན་པར་བྱས་པ་ལ་སོགས་པའོ། །བདུད་རྩི་ནི་བདུད་རྩི་མྱང་བའོ། །མྱང་འདས་ནི་ཕྱག་རྒྱ་བཞི་དང་རྡོ་རྗེ་སེམས་དཔའ་བསྡུས་པ་ལ་སོགས་པ་རྫོགས་པའི་རིམ་པ་རྣམས་སོ། །དེ་དག་གིས་ནི་དོན་བསྡུས་མཉམ་གཞག་ཁོ་ན་བསྟན་ཏོ། །ལག་པའི་མཆོད་པ་ལ་སོགས་པ་བཞི་ནི་རྗེ་སྤྱོད་ཁོ་ན་ལ་སྦྱང་བར་ལེགས་སོ། །ལྷག་མ་རྣམས་ནི་གཞུང་ཉིད་དུ་ཤེས་པར་བྱའོ། །རྗེ་བླ་མ་དམ་པའི་གདམས་ངག་གསུངས་པ་ལས་དཀའ་བ་རྣམས་རང་དོན་དུ་ཡི་གེར་བཀོད་པའོ། །ས་མཱཔྟ་མི་ཐི།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*