༈ ས་སྐྱ་བཀའ་འབུམ་ལས་པོད་༼ག་༽པ།
སློབ་དཔོན་བསོད་ནམས་རྩེ་མོའི་གསུང་པོད་དང་པོ།
པཉྩསྠཱབིདྱཱཡཱམཧཱཔཎྜིཏེཏིཔརིཡཤསཡཱཙཱརྻརཏྣཿཔུཎྱཱགྲཥྱཔྲཝཙནཾཔུསྟཀཿཔྲཐམཱཏྟནྟྲསེནསཱམཱནྱསྱབྱཝསྠཱནཾབིཛཧཱར།།
༄༅། །གནས་ལྔ་རིག་པའི་པཎྜི་ཏ་ཆེན་པོ་ཞེས་ཡོངས་སུ་གྲགས་པའི་སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོའི་གསུང་རབ་གླེགས་བམ་དང་པོ་ལས་རྒྱུད་སྡེ་སྤྱིའི་རྣམ་པར་གཞག་པ་བཞུགས་སོ།།
ཨོཾསྭསྟིསིདྡྷཾ། ནམསྶངྒུརུབྷཊྚཱརཀསྱཔཱདཱཡཤིརསཱདརེཎ། ནམཿཤྲཱིབཛྲསཏྭཱཡ།།
ཨོཾ་སྭསྟི་སིདྡྷཾ། བླ་མ་རྗེ་བཙུན་དམ་པའི་ཞབས་ལ་སྤྱི་བོས་གུས་པར་ཕྱག་འཚལ་ལོ། །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །སྡེབ་སྦྱོར་མཉམ་པའི་བྲྀཏ་བཅུ་བཞི་པ་ནུས་ལྡན་ལ་ངོ་མཚར་རྟོགས་བྱེད་ཀྱི་དགོངས་པས་ཆིག་ཁྲི་དྲུག་སྟོང་སུམ་བརྒྱ་གྱ་བཞི་མཆིས་པའི་ནང་གསེས་ཉིས་སྟོང་དང་བཞི་བརྒྱ་སོ་བརྒྱད་པ་ནས་རྙེད་པའི་པྲསྟྭཱ་རས་བཅིངས་པའོ།།
པྲབྷུརྫགནྣཱཐོབཛྲདྷརཿཤྲཱིཔྲདྷཱནཾ། ཧིནེནྡྲདནྟཱཡཔྲཀྲྀཏིནིརྨིཏྭཀཱཡཾ། བྷགོཡཐཱནནྟཔཱཙནཝཱཀྐཱཡཙིཏྟཱ། ནམོགུརོཝཱདཱཡཱཉྫལིཙཻརྨཱུརྡྷནེབྷིཿ
ཁྱབ་བདག་འགྲོ་མགོན་རྡོ་རྗེ་འཆང་དཔལ་གཙོ། །བློ་དམན་གདུལ་ཕྱིར་ཕལ་པའི་སྐུ་བཟུང་ནས། །སྐལ་བཞིན་སྨིན་མཛད་སྐུ་གསུང་ཐུགས་མཐའ་ཡས། །བླ་མའི་ཞབས་ལ་ཐལ་སྦྱར་སྤྱི་བོས་འདུད། །གང་གི་ཐུགས་རྗེས་རབ་ཏུ་ཁྲོས་པའི་སྐུ། །གཉིས་མེད་དོན་གསལ་ཉི་མ་འབུམ་གྱི་གཟི། །ཧཱུྃ་ཞེས་བརྗོད་པས་བགེགས་ཀུན་སེལ་མཛད་པ། །དཔའ་བརྟན་རྡོ་རྗེ་བསྣམས་ཀྱིས་བསྐྱང་དུ་གསོལ། །ཐོབ་བྱ་ཐོབ་བྱེད་རྒྱུད་སྡེའི་རྣམ་དབྱེ་བ། །བླ་མའི་གསུང་ལ་ཆོས་རྗེས་འབྲང་བའི་བློ། །སྤྲོས་ལ་དགའ་རྣམས་རབ་ཏུ་མགུ་བྱེད་པ། །ལུང་དོན་རྟོགས་པའི་གསལ་བྱེད་གཞན་དུ་གསལ། །འདིར་ནི་སྤྲོས་ཉུང་རྟོགས་པ་དོན་གཉེར་བ། །དད་པའི་རྗེས་འབྲང་བླ་མའི་གསུང་ཉིད་ལ། །གཙོར་འཛིན་དོན་ཕྱིར་གསུང་ལ་བཟུང་བ་ཙམ། །རེ་ཞིག་མདོར་བསྡུས་རྒྱུད་སྡེའི་རྣམ་གཞག་བྲི། །གང་ཕྱིར་མཁས་པ་རྣམས་ཀྱིས་རབ་གསལ་མཛད་ཟིན་ཀྱང༌། །རང་གཞན་རྟོགས་པ་སྤེལ་དང་ལེགས་བཤད་གོམས་བྱའི་ཕྱིར། །ལུས་སྟོབས་རབ་རྫོགས་འདབ་ཆགས་མཁའ་ལ་འཕུར་བའི་ཚེ། །དེ་ཡི་ཕྲུ་གུ་མ་ཚར་བར་ཡང་སློབ་པ་བཞིན། །འདི་ན་རྟོགས་པ་དང་ལྡན་པའི་སྐྱེ་བོ་ཕལ་ཆེར་ནི་དམིགས་པར་བྱ་བའི་ཡུལ་ལམ་ཐོབ་པར་བྱ་བའི་འབྲས་བུ་དང་ཐོབ་པར་བྱེད་པའི་ལམ་གྱི་རྣམ་པར་དབྱེ་བ་ཤེས་ནས་འཇུག་པར་འགྱུར་བ་ཡིན་པས། རྒྱུད་སྡེ་རྣམས་ཀྱི་ཀླད་དུ་སྤྱིའི་རྣམ་པར་གཞག་པ་འདི་བརྗོད་པར་བྱ་བར་རིགས་པ་ཡིན་ནོ། །དེ་ལྟར་ཞུགས་པའི་ལམ་དེ་གཞན་པས་ཁྱད་པར་དུ་འཕགས་པར་བསྟན་པར་བྱ་བའི་ཕྱིར་དེའི་རྗེས་སུ་རྒྱུད་རྣམས་ཀྱི་མཚན་གྱི་དོན་འབྱུང་བ་ཡིན་ནོ། །དེ་ལྟ་བུའི་ལམ་ཁྱད་པར་དུ་འཕགས་པ་དེ་བློ་དམན་པས་ཀྱང་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར་དེའི་རྗེས་སུ་རྒྱུད་བཤད་ཐབས་ཀྱི་མན་ངག་སྟོན་པ་ཡིན་ནོ། །དེ་ལྟར་རྒྱུད་ཀྱི་དོན་ལེགས་པར་རྟོགས་ནས་ཉམས་སུ་ལེན་པ་ན་གང་ཟག་གི་རྒྱུད་ལ་ཇི་ལྟར་སྐྱེ་བའི་རིམ་པ་བསྟན་པའི་ཕྱིར་དེའི་རྗེས་ལ་རྒྱུད་ཀྱི་མངོན་པར་རྟོགས་པ་འབྱུང་བ་ཡིན་ནོ། །ཚུལ་བཞི་པོ་འདི་ནི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་བིརྺ་པའི་གསུང་རབ་མཁས་པ་རྣམས་ཀྱིས་བགྲོད་པར་བྱ་བའི་འཇུག་ངོགས། རྒྱུད་མ་ལུས་པ་གསལ་བར་བྱེད་པའི་སྒྲོན་མེ། བསོད་ནམས་དང་མི་ལྡན་པ་རྣམས་ཀྱིས་རྟོགས་པར་དཀའ་བ་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འཇུག་པ་རྣམས་ཀྱི་ཐེམ་སྐས་ཏེ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའོ་ཞེས་བྱ་བར་རྟོགས་པར་བྱའོ། །དེ་ལ་དང་པོའི་སྤྱིའི་རྣམ་པར་གཞག་པ་ནི་གཉིས་ཏེ། དམིགས་པར་བྱ་བའི་ཡུལ་ལམ་ཐོབ་བྱའི་འབྲས་བུ་རྣམ་པར་གཞག་པ་དང༌། དེ་ཐོབ་པར་བྱེད་པའི་ལམ་གྱི་རྣམ་པར་གཞག་པ་རབ་ཏུ་དབྱེ་བ་དང་བཅས་པའོ། །དང་པོ་ནི་སྤྱིར་དམིགས་པར་བྱ་བའི་ཡུལ་ལམ་ཐོབ་པར་བྱ་བའི་འབྲས་བུ་མཐར་ཐུག་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཞེས་བྱ་བའི་འབྲས་བུ་གཅིག་ཁོན་ཡིན་ནོ། །འདི་ལ་གཉིས་ཏེ། མཚན་ཉིད་བསྟན་པ་དང༌། དེ་གཅིག་ཁོ་ནར་བསྒྲུབ་པའོ། །དེ་ལ་དང་པོར་སངས་རྒྱས་ཀྱི་མཚན་ཉིད་དེ་ཇི་ལྟ་བུ་ཡིན་ཞེ་ན། དེ་ནི་དངོས་པོའི་གནས་ལུགས་ཕྱིན་ཅི་མ་ལོག་པར་རྟོགས་པ་དང༌། ཟག་པ་མེད་པའི་བདེ་བ་ཕུན་སུམ་ཚོགས་པ་དང་ལྡན་པ་དང༌། སྒྲིབ་པའི་དྲི་མ་མ་ལུས་པ་སྤངས་པ་ཞེས་བྱ་བ་གསུམ། དེ་ལྟར་ཡིན་པར་ཡང་ལུང་ལས། དངོས་པོ་རྟོགས་ཕྱིར་སངས་རྒྱས་ང༌། །ཞེས་པ་དང༌། བདེ་བ་རྟོགས་ཕྱིར་རྣམ་སངས་རྒྱས། །ཞེས་པ་དང༌། ཚངས་པ་སྒྲིབ་བྲལ་སངས་རྒྱས་ཉིད། །ཅེས་གསུངས་པས་ཤེས་པར་ནུས་སོ། །གསུམ་པོ་དེ་ལའང་དང་པོ་ཁོ་ནར་སྒྲིབ་པ་དང་བྲལ་བ་ཞེས་བྱ་བ་འདི་རྒྱུ་ཡིན་ཏེ། ཞེ་སྡང་ལ་སོགས་པ་ཉོན་མོངས་པའི་སྒྲིབ་པ། ཤེས་བྱ་ཇི་སྙེད་པ་མཁྱེན་པའི་གེགས་དང༌། ཇི་ལྟ་བ་མཁྱེན་པའི་གེགས་སུ་གྱུར་པ་ཤེས་བྱའི་སྒྲིབ་པ་དང༌། སྙོམས་འཇུག་གི་སྒྲིབ་པ་ཞེས་བྱ་བ་གསུམ་སྟེ། གསུམ་པོས་སྒྲིབ་པ་མ་ལུས་པ་བསྡུས་པའོ། །བྲལ་བ་ནི་གཏན་ནས་བྲལ་བའོ། །དེས་ན་སྤངས་པ་ཕུན་སུམ་ཚོགས་པ་སྟེ། དཔེར་ན་མི་གཉིད་སངས་པ་ལྟ་བུ་སྟེ། བུདྡྷ་ཞེས་བྱ་བའི་དོན་ཏོ། །རྒྱུད་དེ་ལྟ་བུ་ཐོབ་པ་ཉིད་ཀྱིས་དངོས་པོའི་གནས་ལུགས་ཆོས་ཅན་ཇི་སྙེད་པ་དང་ཆོས་ཉིད་ཇི་ལྟ་བ་རྟོགས་པ་སྟེ། དེ་ནི་རྟེན་འབྲེལ་ཟབ་མོ་ཐུགས་སུ་ཆུད་པས་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ཆོས་ཀྱི་སྐུ་སྟེ། དེ་ལྟ་བུ་ཐོབ་པ་དེ་ཉིད་ཀྱིས་བདེ་བ་རྟོགས་པ་ཞེས་བྱ་སྟེ། སྐུ་དང་ཡེ་ཤེས་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་ཚད་མེད་པ་དང་ལྡན་པ་ནི་རྣམ་པར་གྲོལ་བ་ཅན་གྱི་བདེ་བ་ཞེས་བྱའོ། །དེ་ལྟར་གཉིས་པོ་དེ་ནི་པདྨ་རྒྱས་པ་དང་འདྲ་བར་བློ་ཕྱེ་ཞིང་རྒྱས་པས་ན་བུདྡྷ་ཞེས་བྱ་བའི་དོན་ཏོ། །དེ་ནི་ཡེ་ཤེས་ཕུན་སུམ་ཚོགས་པའོ། །དེ་ལྟར་གསུམ་པོ་རེ་རེས་ཀྱང་ཡོན་ཏན་གཞན་ཐམས་ཅད་ཤུགས་ལས་ཤེས་པར་ནུས་ལ། ཡང་མདོ་རྒྱུད་རྟོག་པ་དང་བསྟན་བཅོས་མང་པོ་ནས་སངས་རྒྱས་ཀྱི་མཚན་ཉིད་མང་པོ་གསུངས་ཀྱང༌། འདིར་གསུམ་པོ་འདི་ཁོ་ན་འཆད་པ་ནི། ལུང་བརྟག་པ་གཉིས་པ་དང་སྃ་པུ་ཊ་ནས་འབྱུང་བ་ཙམ་བླ་མ་དམ་པ་གསུང་པ་སྟེ། འདིས་སངས་རྒྱས་ཀྱི་མཚན་ཉིད་དམ་ཡོན་ཏན་ཐམས་ཅད་འདུས་པར་ཤེས་པར་བྱའོ། །དོན་གཉིས་པ་མཐར་ཐུག་གི་འབྲས་བུ་དེ་གཅིག་ཏུ་བསྒྲུབ་པ་ལ་གཉིས་ཏེ། གཅིག་ཏུ་ངེས་པའི་འཐད་པ་དང༌། དེ་ལ་རྩོད་པ་སྤང་བའོ། །དང་པོ་ནི་སྤྱིར་ལམ་མི་མཐུན་པ་དུ་མ་ཡོད་ཀྱང་མཐར་ཐུག་གཅིག་ཁོ་ན་ཡིན་ནོ། །དེ་ལྟར་དཔལ་ཁ་སྦྱོར་ལས་ཀྱང༌། གང་ཕྱིར་ཆོས་ནི་དུ་མས་ནི། །ཆུ་བོའི་རྒྱུན་ནི་རྒྱ་མཚོ་ལྟར། །ཐར་པ་ཉིད་ནི་གཅིག་པུ་ཉིད། །མང་པོ་དམིགས་པར་མི་འགྱུར་རོ། །ཞེས་གསུངས་པ་དང༌། རྒྱུད་ཕྱི་མ་ལས་ཀྱང་ཆུ་བོ་དང་རྒྱ་མཚོའི་དཔེས་ནི་ཕྱོགས་གཉིས་ཀའི་དཔེར་བརྗོད་དོ་ཞེས་པ་དང༌། ཡང་དཔེར་ན་རྒྱ་མཚོ་ཆེན་པོ་ལས་ཆུ་བོ་དུ་མ་བབས་པ་ནི་སོ་སོར་སྣང་བའི་སྐབས་མེད་དོ་ཞེས་གསུངས་ཏེ། གྲུབ་མཐའ་དུ་མ་ཡོད་ཀྱང་གནས་ལུགས་གཅིག་ལས་མེད་པ་དང༌། ལམ་དུ་མ་ཡོད་ཀྱང་མཐར་ཐུག་གཅིག་ལས་མེད་པར་གྲུབ་བོ། །དེའང་འབྲས་བུ་མཐར་ཐུག་པ་ནི་དངོས་པོའི་གནས་ལུགས་རྟོགས་པ་ཡིན་ལ། དངོས་པོའི་གནས་ལུགས་དུ་མ་མེད་པའི་ཕྱིར་མཐར་ཐུག་ཀྱང་དུ་མ་མེད་དོ། །དེའང་གཅིག་ཅེས་བྱ་བའང་སྤངས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པར་རིགས་གཅིག་པ་ཡིན་གྱི་མུ་སྟེགས་བྱེད་ཀྱི་བདག་ལ་ཐིམ་པ་ལྟ་བུ་རང་གི་ངོ་བོ་གཅིག་དུ་གྱུར་པ་ནི་མ་ཡིན་ནོ། །གཉིས་པ་དེ་ལ་རྩོད་པ་སྤང་བ་ལ་གཉིས་ཏེ། གྲུབ་མཐའ་དུ་མ་ཡོད་པའི་སྐྱོན་སྤང་བ་དང༌། ཐེག་པ་གསུམ་གསུངས་པའི་སྐྱོན་སྤང་བའོ། །དང་པོ་ནི་གལ་ཏེ་དངོས་པོའི་གནས་ལུགས་དུ་མ་ཡོད་དེ། མུ་སྟེགས་ཀྱི་བདག་ལ་སོགས་པ་གྲུབ་པའི་མཐའ་དུ་མར་སྣང་བའི་ཕྱིར་རོ་སྙམ་ན། དུ་མར་སྣང་བ་ནི་མཐར་ཐུག་མ་རྟོགས་པ་རྣམས་ཀྱིས་རང་རང་གི་རྣམ་པར་རྟོག་པ་དུ་མར་བརྟགས་ཀྱིས། རྟོགས་པ་རྣམས་ལ་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་མོ་ལས་མ་གཏོགས་པ་སྣ་ཚོགས་འགའ་ཡང་མེད་དོ། །དཔེར་ན་རྒྱ་མཚོ་ལས་ཕྱི་རོལ་དུ་ཆུ་བོ་སྣ་ཚོགས་སྣང་ཡང་རྒྱ་མཚོར་ཐིམ་པ་ན་རོ་གཅིག་པའམ། ཉི་མའི་དཀྱིལ་འཁོར་གཅིག་ཉིད་ལ་རང་གི་ཡུལ་གྱི་དབང་གིས་སྣང་བ་ཐ་དད་དུ་འཆར་བའམ། དམུས་ལོང་བརྒྱས་གླང་པོ་ཆེ་ལ་བྱུགས་པ་ན་རང་གི་ཚོར་བ་ཐ་དད་པ་ལྟ་བུའོ། །གཉིས་པ་ཐེག་པ་གསུམ་གསུངས་པའི་སྐྱོན་སྤང་ཡང་འདི་སྙམ་དུ། འོ་ན་བཅོམ་ལྡན་འདས་ཀྱིས་རིགས་ཅན་གསུམ་ལ་དགོངས་ཏེ་བྱང་ཆུབ་རྣམ་པ་གསུམ་གསུངས་པ་འདི་ཇི་ལྟར་དྲང་ཞེ་ན། དེ་ནི་རེ་ཞིག་དམན་པ་རྣམས་དྲང་བའི་དོན་དུ་རེ་ཞིག་པའི་ལམ་གྱི་འབྲས་བུར་གསུངས་པ་ཡིན་ནོ། །འདིས་ནི་ཐེག་པ་གཅིག་པ་ཉིད་དུ་སྒྲུབ་པ་ཞེས་ཀྱང་བྱ། དེ་ཉིད་ལ་རྟོགས་པའི་ལྟ་བ་ཞེས་ཀྱང་བྱ་སྟེ། བྱང་ཆུབ་ཀྱི་སེམས་བསྐྱེད་པ་ནི། ལམ་གྱི་ཐོག་མ་ཡིན་པས་དེ་འདིས་གསལ་བར་བྱེད་པས་ཐོག་མར་བསྟན་ནོ། །དབུ་མའི་བསྟན་བཅོས་ལ་སོགས་པ་དེ་ཁོ་ན་ཉིད་ཀྱི་དོན་གཏན་ལ་འབེབས་པའི་བསྟན་བཅོས་མཐའ་དག་གིས་ཀྱང་འདིའི་དོན་གསལ་བར་བྱེད་པས། རྒྱས་པར་ནི་དེ་དག་ཏུ་ཤེས་པར་ནུས་སོ། །རྒྱུད་སྡེ་སྤྱིའི་རྣམ་པར་གཞག་པ་ལས་ལམ་མཐའ་དག་གི་ཐོག་མར་དམིགས་པར་བྱ་བའི་ཡུལ་མཐར་ཐུག་གི་འབྲས་བུ་གཏན་ལ་དབབ་པའི་སྐབས་ཏེ་དང་པོའོ།། །།དེ་ཐོབ་པར་བྱེད་པའི་ལམ་གྱི་རྣམ་པར་གཞག་པ་ལ་ལྔ་སྟེ། ལམ་རང་གི་ངོ་བོ་གང་ཡིན་པ་དང༌། ལམ་དེའི་རབ་ཏུ་དབྱེ་བ་དང༌། དབྱེ་བ་སོ་སོའི་མཚན་ཉིད་དང༌། ཕ་རོལ་དུ་ཕྱིན་པའི་ཐེག་པ་ལས་གསང་སྔགས་ཀྱི་ཐེག་པ་ཁྱད་པར་དུ་འཕགས་པའི་ཚུལ་དང༌། གསང་སྔགས་ཀྱི་ཐེག་པ་བྱེ་བྲག་ཏུ་གཏན་ལ་དབབ་པའོ། །དང་པོ་ལ་གཉིས་ཏེ། ལམ་གྱི་མཚན་ཉིད་དང༌། དེའི་དབྱེ་བའོ། །དང་པོ་ནི། རང་རང་གི་དམིགས་པར་བྱ་བ་ཐོབ་པར་བྱེད་པའི་ཐབས་སོ། །དབྱེ་ན་གཉིས་ཏེ། ལམ་ཐུན་མོང་བ་དང༌། ཐུན་མོང་མ་ཡིན་པའོ། །དང་པོ་ལ་གསུམ་སྟེ། ངན་འགྲོ་ཉིད་སྐྱེད་པ་དང༌། བདེ་འགྲོ་ཙམ་ཐོབ་པར་བྱེད་པ་དང༌། ཐར་པ་ཙམ་ཐོབ་པར་བྱེད་པའི་ལམ་མོ། །དང་པོ་ནི་མུ་སྟེགས་དམན་པ་ཆད་པར་ལྟ་བ་ལ་སོགས་པ་ཁ་ཅིག་ཡིན་ནོ། །བདེ་འགྲོ་ཙམ་ཐོབ་པར་བྱེད་པ་ནི་མུ་སྟེགས་མཆོག་གཅེར་བུ་པ་ལ་སོགས་པ་རྣམས་ཡིན་ནོ། །ཐར་པ་ཙམ་ཐོབ་པར་བྱེད་པ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ་ཡིན་ནོ། །སྤྱི་དོན་གཉིས་པ་ཐུན་མོང་མ་ཡིན་པའི་ལམ་ལ་གཉིས། ལམ་ཐུན་མོང་བ་བསྟན་པའི་དགོས་པ་དང༌། ཐེག་པ་ཆེན་པོ་ཐུན་མོང་མ་ཡིན་པའི་མཚན་ཉིད་དོ། །དང་པོ་ནི་ལམ་ཐུན་མོང་མ་ཡིན་པས་ཆོག་མོད། ཐུན་མོང་བ་བསྟན་པས་ཅི་བྱ་སྙམ་ན་འདི་ལ་དགོས་པ་གསུམ་སྟེ། ཐེག་པ་ཆེན་པོ་བས་སེམས་ཅན་གྱི་ཁམས་རྣམ་པ་སྣ་ཚོགས་རྗེས་སུ་བཀྲི་བ་དང༌། ལམ་མཐུན་པ་དང་མི་མཐུན་པ་ཤེས་པས་ལམ་ལ་ཐེ་ཚོམ་སེལ་བ་དང༌། ལམ་ཐུན་མོང་བ་ཙམ་ཡང་རྒྱུད་ལ་མ་སྐྱེས་པར་ཐེག་པ་ཆེན་པོར་རློམ་པ་དགག་པའོ། །དེ་ལ་དང་པོར་སེམས་ཅན་གྱི་ཁམས་ལ་རིགས་གསུམ་དུ་རྒྱུད་བླ་མ་ལས་གསུངས་པ། སྲིད་པར་འདོད་པ་དང༌། སྲིད་པ་དང་བྲལ་བར་འདོད་པ་དང༌། དེ་གཉིས་ཀ་མངོན་པར་མི་འདོད་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེའི་དོན་ཡང་སྲིད་པར་འདོད་པ་ནི་མུ་སྟེགས་དམན་པ་ཁ་ཅིག་གོ །ཞི་བར་འདོད་པ་ལ་གཉིས་ཏེ། ཐབས་ལ་མི་མཁས་པ་དང༌། ཐབས་ལ་མཁས་པའོ། །དེའང་ཐབས་ལ་མི་མཁས་པ་ནི་མུ་སྟེགས་མཆོག་རྣམས་ཡིན་ལ། མཁས་པ་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་སོ། །གསུམ་པ་སྲིད་ཞི་མཉམ་པར་འདོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཏེ་སྤྱོད་འཇུག་ལས། ཆགས་དང་འཇིག་མཐའ་ལས་གྲོལ་བ། །འཁོར་བར་གནས་པ་གྲུབ་པ་ནི། །ཞེས་གསུངས་པ་ལྟ་བུའོ། །དེ་ལྟར་ན་གསུམ་པོ་དེ་དག་ལ། རང་རང་གི་ལམ་དེ་དག་བསྟན་ནས་མཇུག་ཏུ་ཐེག་པ་ཆེན་པོར་འཛུད་པའི་དགོས་པ་སྟེ། འདི་ལ་དགོངས་ནས། རྒྱལ་བའི་སྲས་ཀྱིས་མི་བསླབ་པ། །དེ་ནི་གང་ཡང་ཡོད་མ་ཡིན། །ཞེས་གསུངས་སོ། །གཉིས་པ་ལམ་མཐུན་པ་དང་མི་མཐུན་པ་ཤེས་པས་ལམ་ལ་ཐེ་ཚོམ་སེལ་བ་ནི། ལམ་ཐམས་ཅད་ཤེས་པས་ཆོས་རྣམས་ཀྱི་བྱེ་བྲག་ཕྱེད་དེ། རང་གི་ལམ་མཆོག་ཏུ་རྟོགས་ནས་ལམ་གཞན་ཡིད་ལ་བྱེད་པ་སྤང་བའི་དགོས་པའོ། །གསུམ་པ་ལམ་ཐུན་མོང་བ་ཙམ་ཡང་རྒྱུད་ལ་མ་སྐྱེས་པར་ཐེག་པ་ཆེན་པོར་རློམ་པ་དགག་པ་ནི། གང་ཟག་ཁ་ཅིག་མུ་སྟེགས་མཆོག་གི་བློ་ཙམ་ཡང་རྒྱུད་ལ་མ་སྐྱེས་པར་ང་ཐེག་པ་ཆེན་པོ་བའོ་ཞེས་རློམ་པ་རྣམས་ལ། ལམ་འདི་ནི་རང་གིའོ། །འདི་ནི་གཞན་གྱིའོ་ཞེས་རྟོགས་ནས་ཐེག་པ་ཆེན་པོའི་དོན་ཤེས་པར་བྱ་བའི་དགོས་པའོ། །དེའི་ཕྱིར་ལམ་ཐུན་མོང་བ་བསྟན་དགོས་སོ། །གཉིས་པ་ཐེག་པ་ཆེན་པོ་ཐུན་མོང་མ་ཡིན་པའི་མཚན་ཉིད་ལ་གསུམ། ཐུན་མོང་མ་ཡིན་པའི་ལམ་གྱི་ངོ་བོ་དང༌། དེ་ལམ་ཐུན་མོང་བ་རྣམས་ལས་ཇི་ལྟར་ཁྱད་པར་དུ་འཕགས་པའི་ཚུལ་དང༌། ཁྱད་པར་དུ་འཕགས་པ་དེའི་དབྱེ་བའོ། །དང་པོ་ནི་འབྲས་བུ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་པའི་ཐབས་ཐེག་པ་ཆེན་པོའོ། །གཉིས་པ་དེ་ཐུན་མོང་བ་ལས་ཁྱད་པར་དུ་འཕགས་པའི་ཚུལ་ལ་བཞི་སྟེ། སྡུག་བསྔལ་སྤོང་བའི་ཐབས་ལ་ཞུགས་པས་ཁྱད་པར་དུ་འཕགས་པ་དང༌། འཁོར་བ་ལ་ཞེན་པ་མེད་པ་དང༌། ཐར་པའི་ཐབས་སངས་རྒྱས་ཀྱི་ཐེག་པ་ལ་ཞུགས་པ་དང༌། ཐར་པ་ཁོ་ན་འདོད་པ་མ་ཡིན་ཏེ་སྲིད་ཞི་མཉམ་པའི་ལམ་སྟོང་པ་དང་སྙིང་རྗེ་གཉིས་སུ་མེད་པར་སྟོན་པ་ཐེག་པ་ཆེན་པོ་ལ་ཞུགས་པས་ཁྱད་པར་དུ་འཕགས་པའོ། །དང་པོ་སྡུག་བསྔལ་སྤོང་བའི་ཐབས་ལ་ཞུགས་པ་ལ་གཉིས་ཏེ། ཚེ་འདིའི་སྡུག་བསྔལ་སྤོང་བ་དང༌། ཕྱི་མའི་སྡུག་བསྔལ་སྤོང་བའོ། །དང་པོ་ནི་ལུགས་ཀྱི་བསྟན་བཅོས་ལ་སོགས་པ་ནས་ཇི་ལྟར་བཤད་པ་ལ་ཞུགས་པ་སྟེ། འདིས་གྲུབ་མཐའ་ལ་གཏན་མ་ཞུགས་པའི་རྨོངས་པ་བ་ལང་རྫི་ལ་སོགས་པ་ལས་ཁྱད་པར་དུ་འཕགས་པའོ། །ཚེ་ཕྱི་མའི་སྡུག་བསྔལ་སྤོང་བ་ནི། ལས་རྒྱུ་འབྲས་ལ་ཡིད་ཆེས་པས་མངོན་པར་མཐོ་བའི་ལམ་རྒྱུད་ལ་སྐྱེས་པ་སྟེ། འདིས་ནི་འཇིག་རྟེན་རྒྱང་འཕེན་ལ་སོགས་པ་ལོག་པར་ལྟ་བའི་གྲུབ་མཐའ་ངན་པ་རྣམས་ལས་ཁྱད་པར་དུ་འཕགས་སོ། །གཉིས་པ་འཁོར་བར་ཞེན་པ་མེད་པ་ནི། འདི་ལྟར་ཀྱེ་མ་སྡུག་བསྔལ་སྤོང་བར་འདོད་ཀྱང་འཁོར་བ་འདི་མ་སྤངས་ན་སྡུག་བསྔལ་ལས་ཐར་བར་མི་འགྱུར་བས། དེ་བས་ན་ཐར་བར་བྱའོ་སྙམ་པ་སྟེ། འདིས་ནི་འཇིག་རྟེན་པའི་ལམ་མཐའ་དག་སྤོང་བའི་བློ་སྟེ། དེ་ལྟ་བུའི་བློ་ཙམ་ནི་མུ་སྟེགས་མཆོག་རྣམས་ལའང་ཅི་རིགས་པར་ཡོད་ཀྱང༌། དེ་ལྟ་ནའང་དེ་དག་ཐར་བའི་ཐབས་དངོས་ལ་མ་ཞུགས་པའོ། །གསུམ་པ་སངས་རྒྱས་པའི་ཐེག་པ་ཐབས་ལ་ཞུགས་པ་ལ་གཉིས་ཏེ། སྐྱབས་གནས་དཀོན་མཆོག་གསུམ་འཛིན་པ་དང༌། ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་པའོ། །དང་པོ་ནི་སངས་རྒྱས་ལ་སྐྱབས་སུ་སོང་བས་དབང་ཕྱུག་ལ་སོགས་པ་འཇིག་རྟེན་པའི་སྟོན་པ་རྣམས་དང་དེ་དག་གི་གོ་འཕང་འདོད་པ་དོར་བ་ཡིན་ནོ། །ཆོས་ལ་སྐྱབས་སུ་སོང་བས་འཇིག་རྟེན་པའི་ལམ་སེམས་ཅན་ལ་གནོད་པར་འགྱུར་བ་གཞི་དང་བཅས་པ་སྤོང་བས་འགྲུབ་པ་ཡིན་ནོ། །དགེ་འདུན་ལ་སྐྱབས་སུ་སོང་བས་གྲོགས་མུ་སྟེགས་བྱེད་པ་རྣམས་སྤོང་བའོ། །དེའང་སྐྱབས་སུ་སོང་བ་ཉིད་ཀྱིས་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་ཏེ། འདུས་བྱས་ཐམས་ཅད་མི་རྟག་པ་དང༌། ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་བ་དང༌། མྱ་ངན་ལས་འདས་པ་ཐམས་ཅད་ཞི་ཞིང་བདེ་བ་དང༌། ཆོས་ཐམས་ཅད་བདག་མེད་པ་ཞེས་བྱ་བ་བཞི་པོ་འདིའོ། །གལ་ཏེ་དཀོན་མཆོག་གསུམ་ལ་སྐྱབས་སུ་འཛིན་ན་བཀའ་རྟགས་བཞི་ཁས་མི་ལེན་ཡང་སངས་རྒྱས་པ་ཉིད་ཡིན་ཏེ། དཔེར་ན་ཉན་ཐོས་གནས་མའི་བུ་ལྟ་བུའོ། །ཁ་ཅིག་འདི་སངས་རྒྱས་པ་མ་ཡིན་པར་བཅོམ་ལྡན་འདས་ཀྱིས་གསུངས་སོ་ཟེར་ན། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་མི་སྨྲ་བ་རྣམས་ནི་ངའི་སློབ་མ་མ་ཡིན་ནོ། །ཞེས་གསུངས་པས་སེམས་ཙམ་པ་ལ་སོགས་པ་ཡང་ཐལ་བར་འགྱུར་རོ། །དེ་དག་གིས་ནི་མུ་སྟེགས་བྱེད་ཐམས་ཅད་ལས་ཁྱད་པར་དུ་བསྟན་པའོ། །བཞི་པ་ཁྱད་པར་དུ་ཐེག་པ་ཆེན་པོ་ཉིད་ལ་ཞུགས་པ་ཞེས་བྱ་བ་ནི། སྔར་བསྟན་པའི་ཚུལ་གྱིས་སྡུག་བསྔལ་སྤང་བ་ལ་ཞུགས་པས་གྲུབ་མཐའ་ལ་མ་ཞུགས་པ་ལས་ཁྱད་པར་དུ་བྱས་ལ། དཀོན་མཆོག་གསུམ་བཟུང་བས་ཕྱི་རོལ་པ་ལས་ཁྱད་པར་དུ་བྱས་ལ། སྲིད་ཞི་མཉམ་པ་ལ་ཞུགས་པས་ཉན་ཐོས་དང་རང་སངས་རྒྱས་ལས་ཁྱད་པར་དུ་བྱས་པའོ། །དེ་ལ་ཉན་ཐོས་ལས་ཁྱད་པར་དུས་ཁྱད་པར་དུ་འཕགས་ཤེ་ན། དེ་ལ་གསུམ་སྟེ། སྡེ་སྣོད་དམ་གྲུབ་མཐའི་དབང་དུ་བྱས་པའི་ཐེག་པ་ཆེ་ཆུང་དང༌། ལམ་དང་འབྲས་བུའི་དབང་དུ་བྱས་པའི་ཐེག་པ་ཆེ་ཆུང་དུ་གཞག་པ་དང༌། དེ་ལྟར་སྡེ་སྣོད་དང་ལམ་འབྲས་སོ་སོར་གཞག་པའི་འཐད་པའོ། །དང་པོ་ནི་གྲུབ་པའི་མཐའ་འཛིན་པའི་ཉན་ཐོས་མངོན་པའི་ང་རྒྱལ་ཅན་དག་ལ་གྲགས་པའི་གསུང་རབ་ཡན་ལག་བཅུ་གཉིས་བསྟན་བཅོས་མངོན་པ་སྡེ་བདུན་ལ་སོགས་པ་ནི་ཉན་ཐོས་ཀྱི་སྡེ་སྣོད་ཅེས་བྱ་ལ། དེ་དག་ལ་མ་གྲགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཕལ་པོ་ཆེ་ལ་སོགས་པ་ཤིན་ཏུ་རྒྱས་པའི་སྡེ་སྣོད་རྒྱ་ཆེན་པོ་རྣམས་ནི་ཐེག་པ་ཆེན་པོའི་སྡེ་སྣོད་ཅེས་བྱའོ། །དེ་གཉིས་ཀྱི་ཁྱད་པར་ཡང་ཞིབ་ཏུ་ཕྱེ་ན་མཐའ་ཡས་པ་ཡོད་མོད་ཀྱང༌། འཕགས་པ་ལང་ཀར་གཤེགས་པ་ལས། ཆོས་ལྔ་དག་དང་རང་བཞིན་གསུམ། །རྣམ་པར་ཤེས་པ་བརྒྱད་ཉིད་དང༌། །བདག་མེད་གཉིས་ཀྱི་དངོས་པོར་ནི། །ཐེག་པ་ཆེན་པོ་མཐའ་དག་འདུས། །ཞེས་གསུངས་སོ། །དེ་ལ་ཆོས་ལྔ་ནི་མིང་དང༌། རྒྱུ་མཚན་དང༌། རྣམ་པར་རྟོག་པ་དང༌། དེ་བཞིན་ཉིད་དང༌། ཡང་དག་པའི་ཡེ་ཤེས་སོ། །རང་བཞིན་ནི་ཀུན་བརྟགས་དང༌། གཞན་དབང་དང༌། ཡོངས་གྲུབ་གསུམ་མོ། །རྣམ་ཤེས་བརྒྱད་ནི་མིག་ལ་སོགས་པ་ཚོགས་དྲུག་དང༌། ཉོན་མོངས་པའི་ཡིད་དང༌། ཀུན་གཞིའི་རྣམ་ཤེས་སོ། །བདག་མེད་གཉིས་ནི། གང་ཟག་དང་ཆོས་ཀྱི་བདག་མེད་དེ། དེ་དག་སྟོན་པ་ནི་ཐེག་པ་ཆེན་པོའི་གཞུང་ངོ༌། །གཞན་སློབ་དཔོན་ཀླུ་སྒྲུབ་དང་ཐོགས་མེད་ལ་སོགས་པས་ཁྱད་པར་དུ་མ་གསུངས་ཏེ་རྒྱས་པར་གཞན་དུ་བཙལ་བར་བྱའོ། །གཉིས་པ་ལམ་དང་འབྲས་བུའི་དབང་དུ་བྱས་ནས་ཐེག་པ་ཆེ་ཆུང་གི་ཁྱད་པར་ནི། ཐེག་པ་ཆེན་པོ་མདོ་སྡེ་རྒྱན་ལས། དམིགས་པ་ཆེ་བ་ཉིད་དང་ནི། །དེ་བཞིན་སྒྲུབ་པ་གཉིས་དག་དང༌། །ཡེ་ཤེས་བརྩོན་འགྲུས་རྩོམ་པ་དང༌། །ཐབས་ལ་མཁས་པར་གྱུར་པ་དང༌། །ཡང་དག་སྒྲུབ་པ་ཆེན་པོ་དང༌། །སངས་རྒྱས་ཕྲིན་ལས་ཆེན་པོ་སྟེ། །ཆེན་པོ་བདུན་དང་ལྡན་པའི་ཕྱིར། །ཐེག་ཆེན་ཞེས་ནི་ངེས་པར་བརྗོད། །ཅེས་གསུངས་ཏེ། དེ་ལ་ལྔ་ནི་འདིས་འདོང་བས་ན་ཐེག་པ་སྟེ་ལམ་ཡིན་ལ། ཕྱི་མ་གཉིས་ནི་འདིར་འདོང་བས་ན་ཐེག་པ་སྟེ། རང་དང་གཞན་གྱི་དོན་ཆེན་པོ་སྟེ་འབྲས་བུའོ། །ཁྱད་པར་གྱི་འཇོག་ཚུལ་མི་གཅིག་པ་དུ་མ་གསུངས་ཀྱང་འདི་དག་ཏུ་འདུས་པར་ཤེས་པར་བྱའོ། །འདི་རྣམས་ཀྱང་སྙིང་རྗེ་ཆེན་པོ་དང་ཤེས་རབ་ཆེན་པོ་གཉིས་སུ་འདུས་པ་ཡིན་ནོ། །དེས་ན་སྡེ་སྣོད་དང་ལམ་འབྲས་གཉིས་ཀའི་སྒོ་ནས་ཐེག་པ་ཆེན་པོ་མཐར་ཐུག་གོ །གསུམ་པ་ནི། གལ་ཏེ་འདི་གཉིས་ཀྱི་ཁྱད་པར་སྡེ་སྣོད་དམ་གྲུབ་མཐའ་བསྟན་པས་ཆོག་མོད་ལམ་དང་འབྲས་བུ་ཅི་དགོས། ཡང་ན་ལམ་འབྲས་བུ་བསྟན་པས་ཆོག་མོད་སྙམ་ན་མ་ཡིན་ཏེ། ཉན་ཐོས་སྡེ་པ་དག་ཁོ་རང་ལ་གྲགས་པའི་ཤིན་ཏུ་རྒྱས་པའི་སྡེ་སྣོད་ཉིད་ཐེག་པ་ཆེན་པོ་ཡིན་གྱིས་གཞན་འབུམ་ལ་སོགས་པ་སངས་རྒྱས་ཀྱིས་མ་གསུངས་སོ་ཞེས་ཟེར་བ་དགག་པའི་ཕྱིར་སྡེ་སྣོད་དང་གྲུབ་པའི་མཐའི་དབྱེ་བ་བྱས་སོ། །དེ་བས་ན་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀར་བསྒྲུབ་པའང་འདི་ལ་དགོངས་པ་ཡིན་ནོ། །ཡང་ཐེག་པ་ཆེན་པོ་པ་ཁ་ཅིག་སྡེ་སྣོད་འདིར་ཆུད་ནས་ཉན་ཐོས་དང་རང་སངས་རྒྱས་སུ་གཏན་མི་འགྱུར་རོ་ཞེས་ལོག་རྟོག་བསལ་བའི་ཕྱིར་ལམ་དང་འབྲས་བུའི་ཁྱད་པར་བསྟན་ཏེ། དེའང་ཐེག་པ་ཆེན་པོའི་གྲུབ་མཐའ་འཛིན་ཀྱང༌། རང་གི་བློ་ཆེན་པོ་བདུན་དང་མི་ལྡན་ན་ཉན་ཐོས་སུ་འགྱུར་བའི་ཕྱིར་རོ། །སྤྱི་དོན་གསུམ་པ་ཁྱད་པར་དུ་འཕགས་པ་དེ་ལ་དབྱེ་ན་བཞི་སྟེ། ལམ་གསུམ་ལ་འབྲས་བུ་གསུམ་འདོད་པ་དང༌། ལམ་གཅིག་ལ་འབྲས་བུ་གསུམ་འདོད་པ་དང༌། ལམ་གཅིག་ལ་འབྲས་བུ་གཅིག་འདོད་པ་དང༌། ལམ་གསུམ་ལ་འབྲས་བུ་གཅིག་འདོད་པའོ། །དང་པོ་ནི་སློབ་དཔོན་ཐོགས་མེད་ལ་སོགས་པ་བཞེད་དེ། ཉན་ཐོས་ཀྱི་སྡེ་སྣོད་ཀྱིས་དགྲ་བཅོམ་པ་དང་རང་སངས་རྒྱས་ཐོབ་པར་བྱེད་པ་ཡིན་ལ། ཐེག་པ་ཆེན་པོའི་སྡེ་སྣོད་ཀྱིས་ནི་སངས་རྒྱས་ཐོབ་པར་བྱེད་དེ། འདིར་ཡང་ལམ་གོལ་ན་ཉན་ཐོས་དང་རང་སངས་རྒྱས་སུ་འགྱུར་རོ་ཞེས་བསྟན་པའི་ཕྱིར་ཐེག་པ་ཆེན་པོར་ཡང་རིགས་ཅན་གསུམ་ཀའི་ལམ་གསུངས་སོ། །ཞེས་བཞེད་དོ། །གཉིས་པའང་སློབ་དཔོན་ཟླ་གྲགས་ནི་ཉན་ཐོས་ཀྱི་གྲུབ་མཐས་ནི་དགྲ་བཅོམ་ཡང་མི་ཐོབ་སྟེ། རིགས་ཅན་གསུམ་ཀ་ཐེག་པ་ཆེན་པོའི་གྲུབ་མཐས་གྲོལ་མོད་ཀྱི། ཉན་ཐོས་ཀྱི་གྲུབ་མཐའ་དེ་ནི་ཐེག་པ་ཆེན་པོ་ལ་དྲང་བའི་དོན་ཙམ་ཡིན་པར་དགོངས་སོ། །གསུམ་པའང་ཁ་ཅིག་ལམ་ཐེག་པ་ཆེན་པོ་ལ་བརྟེན་ནས་གནས་སྐབས་སུ་འབྲས་བུ་གཅིག་བསྒྲུབས་ཏེ་མཐར་ཐུག་འཚང་རྒྱའོ་ཞེས་བཞེད་དོ། །བཞི་པ་ནི་དམ་པའི་ཆོས་པདྨ་དཀར་པོ་ལ་སོགས་པའི་རྗེས་སུ་འབྲངས་ནས་སློབ་དཔོན་ཁ་ཅིག་བཞེད་དེ། དེའང་ཁྱིམ་བདག་གི་དཔེས་མཚོན་ནས་གནས་སྐབས་སུ་ལམ་གསུམ་ལ་བཀོད་ནས་མཐར་ཐུག་འཚང་རྒྱ་སྟེ། ལང་ཀར་གཤེགས་པ་ལས། ཏིང་ངེ་འཛིན་གྱི་ལུས་ཐོབ་ནས། །བསྐལ་པའི་བར་དུ་མི་འཚང་ངོ༌། །དཔེར་ན་སྐྱེས་བུ་མྱོས་གྱུར་པ། །མྱོས་གྱུར་སངས་ཚེ་མེད་པ་ལྟར། །དེ་ལྟར་དེ་དག་ང་ཡི་སྐུ། །སངས་རྒྱས་ཆོས་ཞེས་བྱ་བ་ཐོབ། །ཅེས་གསུངས་པས་སོ། །ཚུལ་འདི་དང་ལམ་གཅིག་ལ་འབྲས་བུ་གཅིག་ཏུ་འདོད་པ་གཉིས་ངོ་བོ་མཚུངས་པས་ཁོ་བོ་ཡང་འདི་ལྟར་འཐད་དོ། །ཚུལ་ཐོག་མ་གཉིས་ནི་ལུང་དང་རིགས་པས་དགོངས་པར་བསྒྲུབ་བོ། །དེ་ལྟར་ན་ལམ་རང་གི་ངོ་བོ་དེ་ནི། ཁྱད་པར་བཞི་དང་ལྡན་པའི་ཐེག་པ་ཆེན་པོ་ཡིན་ནོ་ཞེས་བྱའོ། །ཚུལ་འདི་དག་རྒྱས་པར་རིགས་པ་དྲུག་ཅུ་པ་དང༌། རིན་ཆེན་ཕྲེང་བ་དང༌། ཐེག་པ་ཆེན་པོ་རྒྱུད་བླ་མ་དང༌། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་ལ་སོགས་པ་ལས་གསལ་བར་གསུངས་པས་དེ་དག་ཏུ་རྟོགས་པར་བྱའོ། །ལམ་རང་གི་ངོ་བོའི་རྣམ་པར་གཞག་པ་འདི་ནི་བླ་མ་རྗེ་བཙུན་འདིར་མི་གསུང་ཡང༌། གཞན་དུ་གསུངས་པ་བཟུང་སྟེ་སྐབས་འདིར་ཉེ་བར་མཁོ་བས་བྲིས་པ་ཡིན་ནོ། །ཇི་ལྟར་མཁོ་ཞེ་ན་འདིར་ལམ་གྱི་དབྱེ་བ་བྱེད་པ་ན། ལམ་གྱི་སྤྱི་མེད་ན་དབྱེ་བའི་གཞི་མ་གྲུབ་པས་དབྱེ་བའང་མི་མཛེས་ལ། གསང་སྔགས་དང་ཕ་རོལ་ཏུ་ཕྱིན་པ་གཉིས་ཀ་ཐེག་པ་ཆེན་པོ་ཡིན་པ་ལ་ཐེག་པ་ཆེན་པོ་སྤྱི་མ་ཤེས་པས་ལོག་པར་རྟོག་པར་འགྱུར་ཏེ། གངས་ཅན་འདི་ཉིད་ན་གསང་སྔགས་པ་ཁ་ཅིག་དང༌། ཐེག་པ་ཆེན་པོར་ཁས་ལེན་པའི་ཉན་ཐོས་པ་ཁ་ཅིག ཐེག་པ་ཆེན་པོ་ཉིད་བློ་གྲོས་དོག་པར་བྱེད་པ་དང༌། སྔགས་ཀྱི་གཞུང་བག་མེད་པར་བྱེད་པ་དག་མཐོང་ངོ༌། །དེ་བས་ན་ལོག་པར་འཛིན་པ་དག་བསལ་བའི་ཕྱིར་དབྱེ་བའི་གཞི་སྐབས་འདིར་སྨྲས་སོ། །རྒྱུད་སྡེ་སྤྱིའི་རྣམ་པར་གཞག་པ་ལས་ལམ་རང་གི་ངོ་བོའི་སྐབས་ཏེ་གཉིས་པའོ།། །།གཉིས་པ་ལམ་གྱི་དབྱེ་བ་ལ་བཞི་སྟེ། དབྱེ་བའི་གཞི་དང༌། དབྱེ་བའི་དོན་དང༌། གྲངས་ངེས་པ་དང༌། མིང་གི་དོན་ཏོ། །དང་པོ་ནི་གཞུང་ལུགས་ཀྱི་དབང་དུ་བྱས་པ་དང༌། ལམ་དང་འབྲས་བུའི་དབང་དུ་བྱས་པ་གཉིས་ཀའི་སྒོ་ནས་ཐེག་པ་ཆེན་པོ་སྟེ་གོང་དུ་བཤད་པ་ཉིད་དོ། །དེ་ནི་དབྱེ་བའི་གཞིའོ། །དེ་ལ་དབྱེ་ན་གཉིས་ཏེ། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་དང༌། གསང་སྔགས་ཀྱི་ཐེག་པ་ཆེན་པོའོ། །དེའང་ཁྱད་པར་བཞི་དང་མི་ལྡན་པའི་ཐེག་པ་ཆེན་པོ་རྣམས་ལ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཞེས་བྱ་ལ། ཁྱད་པར་བཞིས་འཕགས་པ་རྣམས་ལ་གསང་སྔགས་ཀྱི་ཐེག་པ་ཞེས་བྱའོ། །ལམ་འདི་གཉིས་ཀྱང་ཕན་ཚུན་སྤངས་ཤིང་མི་མཐུན་པའི་དབྱེ་བ་ནི་མ་ཡིན་ཏེ། སྤྱི་དང་བྱེ་བྲག་གི་དབྱེ་བའམ་ཁྱད་པར་དུ་འཕགས་པ་དང་མ་འཕགས་པའི་དབྱེ་བ་ཡིན་ནོ། །དེ་ལ་སྤྱི་ནི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་སྟེ་གཉིས་ཀའི་ལམ་ཐུན་མོང་དུ་གྱུར་པའི་ཕྱིར་རོ། །བྱེ་བྲག་ནི་རྡོ་རྗེ་ཐེག་པ་སྟེ་དེ་དག་ལ་མ་གྲགས་པའི་ཟབ་པ་དང་རྒྱ་ཆེ་བས་ཁྱད་པར་དུ་འཕགས་པའི་ཕྱིར་རོ། །དེ་གཉིས་ཀྱི་ཁྱད་པར་རྒྱས་པར་འོག་ནས་འཆད་དོ། །དབྱེ་བའི་དོན་ཏོ། །གསུམ་པ་དེ་ལྟར་གཉིས་སུ་གྲངས་ངེས་པ་ལ་གཉིས། ལམ་གཉིས་སུ་ངེས་པ་དང༌། འབྲས་བུ་གཉིས་སུ་ངེས་པའོ། །དེ་རེ་རེ་ལའང་རིགས་པའི་སྒོ་ནས་དང༌། ལུང་གི་སྒོ་ནས་སོ། །དེ་ལ་དང་པོ་ལམ་གཉིས་སུ་གྲངས་ངེས་པའི་གཏན་ཚིགས་ནི་སྤྱིར་ཆོས་ཐམས་ཅད་གདུལ་བྱ་རྟེན་གྱི་གང་ཟག་གི་ཕྱིར་གསུངས་པ་ཡིན་པས། གདུལ་བྱ་ལ་རིགས་གཉིས་ཏེ། སྤྱིར་ཡང་ཉོན་མོངས་པ་ཆུང་ལ་ཁྱད་པར་དུ་འདོད་པ་ལ་གདུང་བ་ཆུང་ཞིང་དེ་སྤངས་པས་བྱང་ཆུབ་འདོད་པ་དབང་པོ་རྟུལ་བ་ལ་དགོངས་ནས་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་གསུངས་ལ། གང་ཟག་ཁ་ཅིག་སྤྱིར་ཡང་ཉོན་མོངས་པ་ཆེ་ལ་ཁྱད་པར་དུ་འདོད་པ་ལ་གདུང་བ་ཆེ་བས་དེ་སྤང་བར་ནི་མི་ནུས་ལ། བླ་ན་མེད་པའི་བྱང་ཆུབ་ཀྱང་འདོད་པ་དབང་པོ་རྣོ་བ་ལ་དགོངས་ནས་གསང་སྔགས་ཀྱི་ཐེག་པ་གསུངས་སོ། །དེ་ལྟར་ཉོན་མོངས་པ་ཤས་ཆེ་བ་ལ་གསང་སྔགས་གསུངས་ན། ཉོན་མོངས་པ་ཤས་ཆེ་བ་དེ་དམན་པ་ཡིན་པས་གསང་སྔགས་ཀྱང་ཁྱད་པར་དུ་མ་འཕགས་པར་མི་འགྱུར་རམ་ཞེ་ན། ཉོན་མོངས་པ་ཆེ་བས་གང་ཟག་དམན་པར་མི་འགྱུར་ཏེ། གཉེན་པོ་བསྟེན་མི་ནུས་པ་དམན་པ་ཡིན་ནོ། །ཡང་ཉོན་མོངས་པ་ཤས་ཆེ་བ་ཉིད་འཇོམས་པའི་ཕྱིར་ཡང་ཐབས་ཆེ་བ་ཡིན་ཏེ། མདོ་སྡེ་རྒྱན་ལས། ཐབས་ཆེན་དག་དང་ལྡན་པ་ལ། །ཉོན་མོངས་བྱང་ཆུབ་ཡན་ལག་འགྱུར། །འཁོར་བ་ཞི་བའི་བདག་ཉིད་པས། །དེ་ཕྱིར་རྒྱལ་སྲས་བསམ་མི་ཁྱབ། །ཅེས་གསུངས་པ་ལྟ་བུ་སྟེ། དཔེར་ན་གཉེན་པོ་མེ་ཆུང་བ་ལས་མེད་ན། སྤང་བྱ་བུད་ཤིང་ཆེན་པོ་བསྟེན་པར་མི་ནུས་ལ། གཉེན་པ་མེ་ཆེ་ན་སྤང་བྱ་བུད་ཤིང་ཆེ་བ་ཉིད་མེ་འབར་བའི་གྲོགས་སུ་འགྱུར་བ་བཞིན་ནོ། །གལ་ཏེ་འོ་ན་ཕ་རོལ་ཏུ་ཕྱིན་པ་དང་གསང་སྔགས་གཉིས་ཀ་ལ་གང་ཟག་ཉོན་མོངས་པ་ཆེ་འབྲིང་གསུམ་ཀའི་ཐབས་ཡོད་ན། སོ་སོར་ངེས་པས་ཅི་བྱ་སྙམ་ན། སོ་སོ་ཉིད་ལ་ཡང་དབྱེ་བ་ཡོད་པ་འགལ་བ་མ་ཡིན་ནོ། །དེ་ལྟར་ན་གང་ཟག་གཉིས་སུ་ངེས་པས་ལམ་ཡང་གཉིས་སུ་ངེས་པ་ཡིན་ནོ། །གཉིས་པ་ལུང་གིས་བསྒྲུབ་པ་ནི། བཅོམ་ལྡན་འདས་ཀྱིས་ཡང་དག་པར་སྦྱོར་བ་ལས་གསུངས་པ། ཐེག་པ་ཆེན་པོ་འདི་ནི་ཐེག་པ་ཆེན་པོ་སྟེ་བྱང་ཆུབ་སེམས་དཔའི་ལམ་འབྲས་བུ་དང་བཅས་པའོ། །དེ་བས་ན་ཆེན་པོ་རྣམ་པ་བདུན་དུ་སྦྱོར་བའི་ཕྱིར་ཕ་རོལ་ཏུ་ཕྱིན་པའི་མདོ་དག་ཏུ་གྲུབ་བོ། །དེ་བས་ཆེས་ཁྱད་པར་དུ་འཕགས་པའི་རྡོ་རྗེའི་ཐེག་པ་འདི་ནི་སྐྱེ་བ་འདིར་སངས་རྒྱས་ལ་སོགས་པ་འགྲུབ་པར་བྱེད་པས་ན་དེའི་ཡོན་ཏན་དམ་པར་འགྱུར་པའོ། །ཞེས་གསུངས་སོ། །སློབ་དཔོན་སངས་རྒྱས་གསང་བས་ཀྱང༌། རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཉིད་གསང་སྔགས་ཀྱི་སྤྱོད་པ་སྟོན་པར་བྱེད་པ་དང༌། ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་སྟོན་པར་བྱེད་པའི་མདོ་སྡེ་རྣམས་ཀྱིས་བསྟན་ཏོ། །ཞེས་རྣམ་སྣང་མངོན་པར་བྱང་ཆུབ་པའི་དོན་བསྡུས་པ་ལས་གསུངས་སོ། །སྤྱི་དོན་གཉིས་པ་འབྲས་བུ་གཉིས་སུ་ངེས་པ་ལ་ཡང་གཉིས། རིགས་པ་དང༌། ལུང་ངོ༌། །དང་པོ་རིགས་པ་ནི་གང་དག་རྒྱུ་ལ་ཁྱད་ཞུགས་པས་འབྲས་བུ་ལ་ཁྱད་འཇུག་པ་ཆོས་ཉིད་དེ། དཔེར་ན་ཀོ་ཊ་པ་དང༌། སཱ་ལུ་བཞིན་ནོ། །དེས་ན་ལམ་གཉིས་ཡོད་པས་འབྲས་བུ་ཡང་གཉིས་འབྱུང་ངོ༌། །གཉིས་པ་ལུང་ཡང༌། ཡང་དག་པར་སྦྱོར་བ་ལས་སྐྱེ་བ་འདིར་སངས་རྒྱས་ཉིད་དམ་རྡོ་རྗེ་སེམས་དཔའ་ཐོབ་པར་འགྱུར་ཏེ། གང་དག་བསམ་གྱིས་མི་ཁྱབ་པའི་གནས་མ་ཐོབ་པ་དེ་ནི་བདེ་བར་གཤེགས་པ་སྟེ་སངས་རྒྱས་ཡིན་ལ། མཚན་གཞི་མཚོན་པ་ནི་རྡོ་རྗེ་སེམས་དཔའ་ཡང་དག་པའོ། །ཞེས་གསུངས་པས་སྤངས་ཐོབ་མ་ལུས་པ་མ་བརྙེས་པ་ནི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ། ཐམས་ཅད་མངོན་དུ་མཛད་པ་ནི་རྡོ་རྗེ་ཐེག་པའི་འབྲས་བུའོ། །རྒྱས་པར་ལུང་དང་རིགས་པས་བསྙད་ལ་རྟོགས་པར་བྱའོ། །ལམ་དེ་གཉིས་ཀྱི་མིང་གི་དོན་ནི། ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་སྟོན་བྱེད་དང༌། གསང་སྔགས་ཀྱི་སྤྱོད་པ་སྟོན་བྱེད་དོ། །ཡང་ཐེག་པ་ཆེན་པོ་ཙམ་དང༌། རྡོ་རྗེའི་ཐེག་པའོ། །ཡང་བྱང་ཆུབ་སེམས་དཔའི་སྡེ་སྣོད་དང༌། རིག་པ་འཛིན་པའི་སྡེ་སྣོད་ཅེས་བྱ་བ་མིང་གི་རྣམ་གྲངས་ནི་སྤྱིའི་མིང་བྱེ་བྲག་ལ་བཏགས་པར་ཤེས་པར་བྱ་སྟེ། སྤྱི་ཙམ་ལས་མེད་པ་ནི་སྤྱི་མིང་ཡིན་ལ། དེ་ལས་བྱེ་བྲག་ཏུ་གྱུར་པ་ལ་ནི་བྱེ་བྲག་གི་མིང་སྟེ། དཔེར་ན་ཟངས་དང་ཟངས་ཀྱི་བུམ་པ་ཞེས་སོ་སོར་ཕྱེ་བ་ལྟ་བུའོ། །དེ་ལྟར་ཡིན་པར་ཅིས་ཤེས་ན་རྡོ་རྗེ་རྩེ་མོ་ལས། ཕ་རོལ་ཕྱིན་དྲུག་སྤྱོད་པ་དག །སྟོན་པས་རྟོག་པ་ཞེས་བཤད་དོ། །ཞེས་བྱ་བ་ལ་སོགས་པ་གསུངས་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གསང་སྔགས་ཏེ། རིག་པ་ཆེན་མོའི་གསང་སྔགས་ཞེས་བྱ་བ་ལ་སོགས་པ་རྒྱལ་བའི་ཡུམ་ལས་ཀྱང་གསུངས་སོ། །དེ་བས་ན་གཙོ་ཆེ་བའི་དབང་དུ་བྱས་པའི་མིང་ངོ༌། །ཡང་གཞི་སྤོང་བའི་ཐེག་པ་དང༌། གཞི་མི་སྤོང་བའི་ཐེག་པ་ཞེས་བྱ་བའམ། རྒྱུའི་ཐེག་པ་དང༌། འབྲས་བུའི་ཐེག་པ་ཞེས་བྱ་བའམ། ཐེག་པ་ཆེན་པོ་ཐུན་མོང་བ་དང་ཐུན་མོང་མ་ཡིན་པ་ཞེས་བྱ་བ་འདི་ནི་སོ་སོར་ངེས་པའི་མིང་ཡིན་ནོ། །མིང་འདི་དག་གི་སྒྲའི་དོན་གྱི་བཤད་པ་ནི། སོ་སོའི་མཚན་ཉིད་ཀྱི་སྐབས་སུ་བཤད་པས་དེར་ཤེས་པར་བྱའོ། །རྒྱུད་སྡེའི་སྤྱིའི་རྣམ་པར་གཞག་པ་ལས་ལམ་དེའི་རབ་ཏུ་དབྱེ་བའི་སྐབས་ཏེ་གསུམ་པའོ།། །།དེ་ལྟར་ལམ་གྱི་རབ་ཏུ་དབྱེ་བ་ཤེས་པར་བྱས་ནས་དེ་ཉིད་གསལ་བར་ཤེས་པར་བྱ་བའི་ཕྱིར་ལམ་སོ་སོའི་མཚན་ཉིད་བཤད་པར་བྱའོ། །དེའང་དང་པོ་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་ལམ་གྱི་རྣམ་པར་གཞག་པ་བྱེད་དེ། དེ་ནི་ལམ་གྱི་གཞིའམ་ཐུན་མོང་དུ་གྱུར་པའི་ཕྱིར་རོ། །དེའི་འོག་ཏུ་གསང་སྔགས་ཀྱི་རྣམ་པར་གཞག་པ་བྱེད་དེ། དེ་ལས་ཁྱད་པར་དུ་འཕགས་པ་སྟོན་པའི་ཕྱིར་རོ། །དང་པོ་ལ་བཞི་སྟེ། གང་ཞིག་འཁོར་བ་དང་མྱ་ངན་ལས་འདས་པར་གང་གིས་འགྱུར་བའི་གཞི་གཏན་ལ་དབབ་པ་དང༌། གཞི་སྤངས་པས་ལམ་དུ་བྱེད་པའི་ཚུལ་བསྟན་པ་དང༌། ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་ལམ་གྱི་རྣམ་པར་གཞག་པ་དང༌། ལམ་དེས་འབྲས་བུ་འགྲུབ་པའི་དུས་བསྟན་པའི་ཞར་ལ་རྒྱུའི་ཐེག་པར་གཏན་ལ་དབབ་པའོ། །དང་པོ་ལ་གཉིས་ཏེ། གཞིའི་མཚན་ཉིད་དང༌། གཞི་དེས་འཁོར་འདས་གཉིས་ཀྱི་རྒྱུ་ཐུན་མོང་བར་སྒྲུབ་པའོ། །དེ་ལ་དང་པོ་ནི་གཞི་ཞེས་བྱ་བ་སྤྱིར་རྒྱུ་དང་རྐྱེན་དང་ཉེར་གནས་དང་སྔོན་འགྲོ་དང་གནས་དང་རྣམ་གྲངས་ལྔ་ལ་འཇུག་ཀྱང༌། འདིར་རྐྱེན་གྱི་རྒྱུ་ལ་བྱའོ། །རྒྱུ་དེ་ཉིད་གང་ཡིན་ཞེ་ན། རྒྱས་པར་ཕྱེ་ན་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་དུ་མར་འགྱུར་ཡང༌། བསྡུ་ན་འདོད་པའི་ཡོན་ཏན་ལྔ་ཡིན་ནོ། །ལྔ་པོར་ཇི་ལྟར་འདུས་སྙམ་ན། འཁོར་འདས་ཀྱི་བྱེད་པ་པོ་ནི་སེམས་ཡིན་ལ། དེའི་ཡུལ་ནི་ཡུལ་དྲུག་གམ་བཅུ་གཉིས་ཡིན་ཡང་ཐམས་ཅད་ལྔ་པོ་ཉིད་དང་དེའི་རྗེས་སུ་འབྲང་བ་ལས་མ་གཏོགས་པ་མེད་པས་ན། ལྔ་པོ་ཉིད་གཞི་ཡིན་ནོ། །དོན་གཉིས་པ་དེ་ལྟ་བུ་དེ་འཁོར་བ་དང་མྱ་ངན་ལས་འདས་པའི་གཞི་ཐུན་མོང་ཡིན་ནམ་སོ་སོ་ཡིན་ནམ་སྙམ་ན་ཐུན་མོང་བ་ཡིན་ནོ། །འོ་ན་མྱ་ངན་ལས་འདས་པ་འདོད་པས་གཞི་སྤོང་བ་མ་ཡིན་ནམ་དེ་ལྟ་ན་ཐུན་མོང་དུ་མི་འགྱུར་རོ་སྙམ་ན། སྤོང་བ་བདེན་མོད་སྤོང་བ་ཉིད་ལ་ཡུལ་དུ་བྱ་དགོས་པས་དེས་ན་མྱ་ངན་ལས་འདས་པའི་གཞིར་ཡང་གྲུབ་སྟེ། མཛོད་ལས། དེ་དག་ཉིད་དུས་གཏམ་གཞི་དང༌། །ངེས་པར་འབྱུང་བཅས་གཞི་དང་བཅས། །ཞེས་པ་དང༌། སྡུག་བསྔལ་ཀུན་འབྱུང་འཇིག་རྟེན་དང༌། །ལྷ་གནས་སྲིད་པའང་དེ་དག་ཡིན། །ཞེས་གསུངས་པ་ལྟ་བུའོ། །དེ་ལ་ཐོག་མར་འཁོར་བའི་གཞི་བྱེད་པའི་ཚུལ་ནི་དང་པོ་ཁོ་ནར་ཡུལ་མྱོང་ངོ༌། །དེར་དེའི་རང་བཞིན་མི་ཤེས་པས་ང་དང་ང་ཡིར་འཛིན་པའི་སྒོ་ནས་མངོན་པར་ཞེན་པ་སྐྱེའོ། །དེ་ལ་བརྟེན་ཏེ་རྣམ་པར་རྟོག་པ་སྣ་ཚོགས་འབྱུང་བ་འདི་ནི་མ་རིག་པ་དང་སྲེད་པ་དང་ལེན་པ་ཞེས་བྱའོ། །དེ་དག་ནི་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་ཡིན་ནོ། །དེ་ལ་བརྟེན་ཏེ་ལས་དགེ་བ་དང་མི་དགེ་བ་བྱེད་པ་ནི་འདུ་བྱེད་དང་སྲིད་པ་སྟེ། དེ་གཉིས་ནི་ལས་ཀྱི་ཀུན་ནས་ཉོན་མོངས་པའོ། །དེ་ལས་འགྲོ་བ་རྣམས་སུ་རྣམ་པར་ཤེས་པ་དང་མིང་དང་གཟུགས་དང་སྐྱེ་མཆེད་དྲུག་དང་རེག་པ་དང་ཚོར་བ་དང་སྐྱེ་བ་དང་རྒ་ཤི་ཞེས་བྱ་བ་བདུན་ནི་སྡུག་བསྔལ་ཏེ་སྐྱེ་བའི་ཀུན་ནས་ཉོན་མོངས་པའོ། །དེ་ལྟར་ན་སྲིད་པའི་ཡན་ལག་བཅུ་གཉིས་ཉོན་མོངས་པ་གསུམ་གྱིས་བསྡུས་པས་འཁོར་ཏེ། རྒྱ་ཆེ་རོལ་པ་ལས། སྲེད་སྲིད་མ་རིག་དབང་གིས་སྐྱེ་བོ་རྣམས། །མི་དང་ལྷ་གནས་ངན་སོང་རྣམ་གསུམ་པོ། །འགྲོ་བ་ལྔ་པོ་རྣམས་སུ་མི་མཁས་འཁོར། །དཔེར་ན་རྫ་མཁན་འཕང་ལོ་འཁོར་བ་བཞིན། །ཞེས་གསུངས་སོ། །ཡང་དེ་མྱ་ངན་ལས་འདས་པའི་གཞིར་ཇི་ལྟར་འགྱུར་ཞེ་ན། དང་པོ་ཁོ་ནར་ཡུལ་མྱོང་ངོ༌། །དེ་ནས་དེ་ལ་དཔྱད་པས་དེའི་རང་བཞིན་ཤེས་སོ། །དེས་དེ་ལ་མངོན་པར་ཞེན་པ་མི་སྐྱེའོ། །དེས་མ་རིག་པ་འགག་གོ །དེས་ན་ལས་མི་བྱེད་དོ། །ལས་མ་བྱས་པས་སྐྱེ་བའི་ཀུན་ནས་ཉོན་མོངས་པ་མི་འབྱུང་སྟེ། མས་རིམ་གྱིས་འགག་སྟེ། དབུ་མ་ལས། མ་རིག་འགགས་པར་གྱུར་པས་ནི། །ཤེས་པས་དེ་ཉིད་བསྒོམས་པས་སོ། །དེ་དང་དེ་ནི་འགགས་གྱུར་པས། །དེ་དང་དེ་ནི་མངོན་མི་འབྱུང༌། །ཞེས་སོ། །དེས་ན་རང་གི་ཤེས་པ་དང་མ་ཤེས་པའི་རྐྱེན་དེས་འགྱུར་གྱིས། ཡུལ་རྣམས་ལ་ནི་ངོ་བོ་ཉིད་ཀྱིས་འཁོར་བ་དང་མྱ་ངན་ལས་འདས་པ་གཅིག་ཁོ་ནའི་གཞིར་འགྱུར་བའི་ངེས་པ་མེད་དེ། དཔེར་ན་དགྲ་ཟིན་གྱི་བར་གྱི་མཚོན་ཆ་གང་སྟོབས་ཆེ་བའི་ཡིན་པའམ། སླེ་ཏྲེས་ཀྱི་མེ་ཏོག་གླང་པོ་ཐལ་ཀས་ཟོས་ན་ལྕི་བ་དྲི་ཞིམ་ལ། གླང་པོ་ནག་པོས་ཟོས་ན་ལྕི་བ་དྲི་ང་བ་ལྟ་བུའམ། འོ་མ་སྐྱེས་བུ་ལ་བདུད་རྩིར་འགྱུར་ལ་སྦྲུལ་ལ་དུག་ལྟ་བུའམ། ནོར་བུ་མིག་ཕུག་ན་རྒྱན་དུ་རུང་ལ་གས་ན་རྒྱན་དུ་མི་རུང་བ་ལྟ་བུར་རྐྱེན་གྱིས་འགྱུར་བ་ཡིན་ནོ། །དེས་ན། དེ་ལྟར་འཁོར་བར་འདོད་པ་ཡི། །ཡོན་ཏན་ལྔ་ལྡན་རིན་ཆེན་ཉིད། །མ་དག་པས་ནི་དུག་ཏུ་འགྱུར། །དག་པས་བདུད་རྩི་ལྟ་བུར་འགྱུར། །ཞེས་དཔལ་བརྟག་པ་གཉིས་པ་ལས་གསུངས་སོ། །གཞི་བསྟན་ཏོ། །སྤྱི་དོན་གཉིས་པ་གཞི་དེ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་བས་སྤོང་པས་ལམ་དུ་བྱེད་དེ། དེ་ལ་གཉིས། དང་པོ་ཡུལ་ལ་མི་མཐུན་པར་ལྟ་བ་དང༌། དེ་སྤོང་བའི་ཚུལ་ལོ། །དང་པོ་ནི་འཁོར་བའི་སྡུག་བསྔལ་ལ་ལེགས་པར་བརྟགས་ན་སྐྱོ་བར་འགྱུར་རོ། །སྐྱོ་བས་སྡུག་བསྔལ་འདིའི་རྒྱུ་གང་ལས་བྱུང་ཞེས་བཙལ་ན། དེ་ལས་ལས་བྱུང་ངོ༌། །དེ་ཉོན་མོངས་པ་ལས་སོ། །ཉོན་མོངས་པ་དེ་ཡུལ་རྣམས་ལ་བརྟེན་ཏེ་སྐྱེ་བར་འགྱུར་རོ། །དེས་ན་ཡུལ་རྣམས་ནི་སྡུག་བསྔལ་གྱི་རྒྱུ་ཡིན་ནོ་ཞེས་མི་མཐུན་པའི་འདུ་ཤེས་སྐྱེའོ། །ཡང་ཡུལ་རྣམས་ནི་ཆོག་མི་ཤེས་པའོ། །ཞེས་བྱ་བ་ལ་སོགས་པ་དུ་མ་གསུངས་ཏེ། མདོ་ལས། འདོད་པ་རྣམས་ནི་དུག་གི་ལོ་མ་ལྟ་བུའོ། །ཞེས་བྱ་བ་ལ་སོགས་པའོ། །སློབ་མ་ལ་སྤྲིངས་པ་ལས་ཀྱང༌། ཡུལ་དང་དུག་མཚུངས་དང་པོ་མྱོང་བ་ཙམ་ན་བདེ། །ཡུལ་དང་དུག་མཚུངས་རྣམ་སྨིན་རྩུབ་ལ་མི་བཟད་པ། །ཡུལ་དང་དུག་མཚུངས་གཏི་མུག་མུན་པས་ཐིབས་པོར་བྱེད། །ཡུལ་དང་དུག་མཚུངས་ཤུག་བཟློག་དཀའ་ཞིང་གཡོ་བ་ཡིན། །ཞེས་བྱ་བ་ལ་སོགས་པ་རྣམ་པ་དུ་མས་མི་མཐུན་པར་བལྟས་ཏེ། འདོད་པ་དང་བྲལ་བ་ནི་བདེ་བའོ་ཞེས་འདུ་ཤེས་བསྐྱེད་དོ། །གཉིས་པ་གཞི་སྤོང་བའི་ཚུལ་དངོས་ནི། དང་པོ་ཁོ་ནར་འཁོར་བས་འཇིགས་ཏེ་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ནས། ཚུལ་ཁྲིམས་ཀྱི་སྡོམ་པ་བླངས་ཏེ་སྤོང་བར་བྱེད་དོ། །དེའི་འོག་ཏུ་ཡིད་ཆེས་པའི་ལུང་ཐོས་པ་དང་རིགས་པའི་སྒོ་ནས་བསམ་པས་ཡུལ་གྱི་རང་བཞིན་ཤེས་པར་བྱེད་དོ། །དེའི་རྗེས་ལ་བསྒོམས་པས་ཡུལ་ལ་ཞེན་པ་མཐའ་དག་སྤོང་སྟེ། འདི་ལ་གཉིས། ཀུན་རྫོབ་ཀྱི་བསྒོམ་པ་དང༌། དོན་དམ་པའི་བསྒོམ་པའོ། །དང་པོ་ནི་འདོད་ཆགས་ཤས་ཆེ་བ་ལ་མི་སྡུག་པ་བསྒོམ་པ་དང༌། རྣམ་པར་རྟོག་པ་ཤས་ཆེ་བ་ལ་རླུང་བགྲང་བ་དང༌། རྗེས་སུ་རྟོག་པ་དང༌། ཞེ་སྡང་ལ་བྱམས་པ་ལ་སོགས་པ་བསྒོམ་སྟེ་སེམས་གནས་པར་བྱེད་དོ། །དེའི་འོག་ཏུ་གཙང་བ་དང་བདེ་བ་དང་རྟག་པ་དང་བདག་ཏུ་འཛིན་པ་ལ་སོགས་པ་ཕྱིན་ཅི་ལོག་བཞིའི་གཉེན་པོར་དྲན་པ་ཉེ་བར་གཞག་པ་བཞི་བསྒོམ་པར་བྱའོ། །ཞེས་བྱ་བ་ལ་སོགས་པའོ། །དོན་དམ་པའི་བསྒོམ་པ་ནི་ཐམས་ཅད་རང་བཞིན་མེད་པར་བསྒོམས་པས་སྤོང་སྟེ། འདོད་པ་རྣམས་དང་འབྱོར་དང་སྲིད་གསུམ་རྒྱལ་བ་ཡིས། །སྒྱུ་མ་སྨིག་རྒྱུ་ཆུ་ཟླ་སྤྲུལ་པ་འདྲ་བར་གསུངས། །ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །དེ་ལྟར་གཞི་སྤོང་བའི་ཚུལ་བསྟན་ཏོ། །གལ་ཏེ་གཞི་སྤོང་བ་ཙམ་གྱི་ལམ་དེ་ཉན་ཐོས་ལའང་ཡོད་པས། ཇི་ལྟར་ན་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཁྱད་པར་དུ་འཕགས་པ་ཡིན་སྙམ་ན། བདེན་མོད་སྤྱིར་ལམ་སྔ་མ་སྔ་མ་ཕལ་ཆེར་ཐུན་མོང་བ་ཡིན་ལ་ཕྱི་མ་ནི་ཁྱད་པར་དུ་འཕགས་པའི་ལམ་མོ། །དེས་ན་གཞི་སྤོང་བ་ཙམ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་ཉན་ཐོས་ཐུན་མོང་བ་ཡིན་ཡང་ཐེག་པ་ཆེན་པོ་ནི་སྔར་བཤད་པའི་རྣམ་པས་ལྟ་བ་དང་སྤྱོད་པས་ཁྱད་པར་དུ་འཕགས་པ་ཡིན་ནོ། །སྤྱི་དོན་གསུམ་པ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་པའི་ལམ་གྱི་རྣམ་གཞག་ལ་གཉིས། ལམ་རང་གི་ངོ་བོའི་རྣམ་པར་གཞག་པ་དང༌། ལམ་དེའི་མངོན་པར་རྟོགས་པ་སྐྱེ་བའི་ཚུལ་ལོ། །དེ་ལ་དང་པོ་ལམ་རང་གི་ངོ་བོ་གང་ཞེ་ན། སྤྱིར་ལམ་གྱི་རྣམ་པར་གཞག་པ་མི་འདྲ་བ་བསམ་གྱིས་མི་ཁྱབ་ཀྱང༌། རེ་ཞིག་རྒྱུ་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་པའི་སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ཅེས་བྱ་བ་འདིར་འདུས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྗེས་སྤྱོད་ལས་ཕྱེ་བས་ཕ་རོལ་ཏུ་ཕྱིན་པ་བཅུ་ཞེས་བྱ་བར་འགྱུར་ཏེ། དབུས་མཐའ་ལས། སྦྱིན་པ་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་དང་ནི་ཤེས་རབ་ཐབས། །སྨོན་ལམ་སྟོབས་དང་ཡེ་ཤེས་ཏེ། །འདི་དག་ཕ་རོལ་ཕྱིན་བཅུར་འདོད། །ཅེས་སོ། །བཅུ་པོ་འདིའི་དབྱེ་བ་ལ་སོགས་པ་དང་བསླབ་པ་གསུམ་དང༌། ཚོགས་གཉིས་སུ་བསྡུ་བ་ལ་སོགས་པ་རྣམ་པར་གཞག་པ་བསམ་གྱིས་མི་ཁྱབ་པ་ནི་གཞན་ཉིད་དུ་བཙལ་བར་བྱའོ། །གཉིས་པ་ལམ་འདིའི་མངོན་པར་རྟོགས་པ་ཇི་ལྟར་སྐྱེ་ཞེ་ན། སྐབས་བཅུར་མདོ་སྡེ་རྒྱན་ལས་གསུངས་པ། རིགས་དང་ཆོས་ལ་མོས་པ་དང༌། །དེ་བཞིན་དུ་ནི་སེམས་བསྐྱེད་དང༌། །སྦྱིན་ལ་སོགས་པ་སྒྲུབ་པ་དང༌། །སྐྱོན་མེད་པ་ལ་འཇུག་པ་དང༌། །སེམས་ཅན་རྣམས་ཡོངས་སྨིན་བྱེད་དང༌། །ཞིང་ནི་རྣམ་པར་སྦྱོང་བ་དང༌། །མི་གནས་མྱ་ངན་འདས་པ་དང༌། །བྱང་ཆུབ་མཆོག་དང་སྟོན་པའོ། །ཞེས་གསུངས་སོ། །ཡང་གནས་སྐབས་བཞིར་གསུངས་ཏེ། ས་ཐོབ་པ་ནི་མོས་པ་དང༌། །སྤྱོད་པ་དག་ལ་འཇུག་པ་དང༌། །རྟོགས་པའི་ཕྱིར་དང་ས་རྣམས་ནི། །གྲུབ་པའི་སྒོ་ནས་རྣམ་པ་བཞི། །ཞེས་བྱ་སྟེ། སའི་སྒྲས་སེམས་བསྐྱེད་པ་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཇི་སྐད་བཤད་པ་མཐའ་དག་ཤེས་པར་བྱའོ། །དེའང་དང་པོ་ཁོ་ནར་སྐལ་བ་དང་ལྡན་པའི་རྒྱུ་རིགས་ཞེས་བྱ་བ་འབྱུང་ངོ༌། །དེ་ནས་རྒྱུ་སྙིང་རྗེས་ཀུན་ནས་བསླངས་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ནས་ཆོས་ལ་མོས་པ་འབྱུང་ངོ༌། །དེ་ནས་སྤྱོད་པ་ལ་འཇུག་པའི་གཞི་སེམས་བསྐྱེད་པ་འབྱུང་ངོ༌། །དེ་ནས་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་དངོས་འབྱུང་ངོ༌། །བཞི་པོ་དེ་ནི་མོས་པས་སྤྱོད་པའི་ས་ཞེས་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་པ་ཞེས་བྱ་སྟེ། ས་དང་པོ་ཐོབ་པ་འབྱུང་ངོ༌། །དེ་ནས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་ཞེས་བྱ་བ་ས་བདུན་པའི་བར་འབྱུང་ངོ༌། །དེ་ནས་ཞིང་སྦྱོང་བ་དང་མི་གནས་པའི་མྱ་ངན་ལས་འདས་པ་ཞེས་བྱ་བ་གཉིས་ཕྱིར་མི་ལྡོག་པའི་ས་གསུམ་པའོ། །དེ་དག་ནི་ལམ་མོ། །དེ་ནས་བྱང་ཆུབ་སྟེ་མངོན་པར་བྱང་ཆུབ་པ་དང་མྱ་ངན་ལས་འདས་པ་ཆེན་པོ་སྟོན་པ་སྟེ། སེམས་ཅན་གྱི་དོན་མཛད་པ་ནི་འབྲས་བུའོ། །དེ་ལྟར་ན་འཁོར་གསུམ་ཡོངས་སུ་དག་པའི་སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་སངས་རྒྱས་ཀྱི་སར་མཆོག་ཏུ་འགྲོ་བས་ན་པ་ར་མི་ཏ་ཞེས་བྱའོ། །དེའང་ལམ་འདིས་འདོང་བས་ན་ཐེག་པའམ། འབྲས་བུ་འདིར་འདོང་བས་ན་ཐེག་པ་ཞེས་བྱའོ། །སྤྱི་དོན་བཞི་པ་ལམ་དེས་འབྲས་བུ་ཇི་སྙེད་ཅིག་ན་འགྲུབ་ཅེ་ན། རབ་ཀྱིས་བསྐལ་པ་གྲངས་མེད་གསུམ་ན། འབྲིང་གིས་སུམ་ཅུ་རྩ་དྲུག ཐ་མས་བསམ་གྱིས་མི་ཁྱབ་པ་ན་འགྲུབ་བོ། །དེས་ན་རྒྱུ་ལ་ཡུན་རིང་བས་ན་རྒྱུའི་ཐེག་པ་ཞེས་མིང་བཏགས་ཏེ། དཔེར་ན་འགྲོས་ཞན་པ་ལ་འགྲོས་མེད་ཅེས་ཟེར་བ་བཞིན་ནོ། །ཡང་ན་རྒྱུ་བླ་མ་བསུ་བ་ལ་སོགས་པས་འབྲས་བུ་ཕྱག་ཞབས་འཁོར་ལོས་མཚན་པ་ལ་སོགས་པ་མི་འདྲ་བ་འགྲུབ་པས་ན། ད་ལྟ་འབྲས་བུ་དང་འདྲ་བ་ཙམ་ཡང་མེད་པས་ན་རྒྱུ་སྟེ། དཔེར་ན་མྱུ་གུ་ལ་ནས་ཀྱི་རྒྱུ་ཞེས་ཟེར་བ་བཞིན་ནོ། །སྤྲོས་པས་ཆོག་གོ །ལམ་དེས་བསྒྲུབས་པའི་འབྲས་བུ་ནི་གོང་དུ་བསྟན་པ་ཉིད་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པའི་རྣམ་པར་གཞག་པ་སྟེ་ལམ་ཐུན་མོང་བ་བཤད་ཟིན་ཏོ། །ད་ནི་ལམ་གཉིས་པའི་རྣམ་པར་གཞག་པ་ལ་བཞི་སྟེ། གཞི་མི་སྤོང་བའི་ཚུལ་དང༌། གསང་སྔགས་ཀྱི་སྤྱོད་པའི་རྣམ་པར་གཞག་པ་དང༌། རྡོ་རྗེའི་ཐེག་པར་རྣམ་པར་གཞག་པ་དང༌། དེས་འབྲས་བུ་འགྲུབ་པའི་དུས་བསྟན་པའི་ཞར་ལ་འབྲས་བུའི་ཐེག་པར་རྣམ་པར་གཞག་པའོ། །དང་པོ་ལ་གསུམ་སྟེ། གཞི་མི་སྤོང་བའི་འཐད་པ་དང༌། མི་སྤོང་བའི་ཐབས་དང༌། དེ་ལས་གྲོལ་བའི་ཚུལ་ལོ། །དང་པོ་ལ་གཞི་ནི་སྔར་བཤད་ཟིན་ཏེ་འདོད་པའི་ཡོན་ཏན་ལྔའོ། །དེ་དག་ནི་གཞི་ཉིད་ཡིན་ཡུལ་ཉིད་ཡིན་ན་ཇི་ལྟར་སྤང་བར་བྱ། ཡང་གང་ཟག་ཀུན་ནས་དཀྲིས་པས་ཤས་ཆེ་བ་རྣམས་ཀྱིས་ཀྱང་ཇི་ལྟར་སྤང་ནུས་པར་འགྱུར་ཏེ་སྤང་བར་བྱ་བ་མ་ཡིན་ནོ། །དེས་ན་རྡོ་རྗེ་གུར་ལས་ཀྱང༌། འདོད་ཆགས་ཀྱིས་བསྐྱེད་འཇིག་རྟེན་པ། །འདོད་ཆགས་ཉིད་ཀྱིས་རྣམ་གྲོལ་འགྱུར། །ཞེས་པ་དང༌། དཔལ་གསང་བ་འདུས་པ་ལས་ཀྱང༌། ཆགས་ཅན་ཡེ་ཤེས་འདོད་པ་ཡིས། །རྟག་ཏུ་འདོད་ཡོན་ལྔ་རྣམས་བསྟེན། །ཅེས་གསུངས་སོ། །འོ་ན་ཡུལ་རྣམས་ཀྱིས་འཆིང་བར་མི་འགྱུར་རམ་ཞེ་ན། ཐབས་མེད་པ་རྣམས་ནི་འཆིང་བར་འགྱུར་ཏེ་སོ་སོའི་སྐྱེ་བོ་བཞིན་ནོ། །ཐབས་དང་ལྡན་ན་དེ་ཉིད་ཀྱིས་གྲོལ་བའི་གྲོགས་བྱེད་དོ། །དཔེར་ན་དུག་བཞིན་ནམ། མེ་ལ་སོགས་པ་བཞིན་ནོ། །དེ་བས་ན་ཡུལ་རྣམས་ནི་ངོ་བོ་ཉིད་ཀྱིས་འཆིང་བར་བྱེད་པ་མ་ཡིན་ཏེ། དེ་ལ་བརྟེན་པའི་ཕྱིན་ཅི་ལོག་གི་རྣམ་པར་རྟོག་པས་འཆིང་བར་བྱེད་དོ། །དེའི་ཕྱིར་འཆིང་བའི་རྒྱུ་རང་གི་ངོ་བོ་སྤངས་པས་ན་གྲོལ་བས་དེའི་རྐྱེན་དུ་འགྱུར་བའི་ཡུལ་རྣམས་གྲོལ་བའི་རྐྱེན་དུ་འགྱུར་རོ། །དེ་ལྟར་དཔལ་ཀྱེའི་རྡོ་རྗེ་ལས་ཀྱང༌། སྐྱེ་བོ་མི་བཟད་པ་ཡི་ལས། །གང་དང་གང་གིས་འཆིང་འགྱུར་བ། །ཐབས་དང་བཅས་ན་དེ་ཉིད་ཀྱིས། །སྲིད་པའི་འཆིང་བ་ལས་གྲོལ་འགྱུར། །ཞེས་གསུངས་པ་ལྟ་བུའོ། །ཐབས་དང་བཅས་ཞེས་པ་ལ་འཆིང་བའི་རྒྱུ་སྤོང་བའི་ཐབས་དེ་གང་ཡིན་ཞེ་ན། གཉིས་པ་གཞི་མི་སྤོང་བའི་ཐབས་ནི་གཉིས་ཏེ། བསྐྱེད་པའི་རིམ་པའི་ཐབས་ལ་མཁས་པ་དང༌། རྫོགས་པའི་རིམ་པའི་ཐབས་ལ་མཁས་པའོ། །དང་པོ་ལ་གཉིས་ཏེ། རང་གི་ལྷག་པའི་ལྷའི་ཐབས་ལ་མཁས་པ་དང༌། ལྷ་སོ་སོའི་ཐབས་ལ་མཁས་པའོ། །དང་པོ་ནི་ཅི་དང་ཅི་སྣང་བའི་ཡུལ་དང་ཡུལ་ཅན་རྣམས་རང་གི་ལྷ་གཅིག་ཉིད་དུ་ཤེས་ནས་ལོངས་སྤྱོད་པ་སྟེ། དཔལ་གསང་བ་འདུས་པ་ལས། འདོད་པའི་ལོངས་སྤྱོད་ཐམས་ཅད་ནི། །ཇི་ལྟར་འདོད་པས་བསྟེན་བྱ་སྟེ། །རང་གི་ལྷ་ཡི་སྦྱོར་བ་ཡིས། །བདག་དང་གཞན་ལ་མཆོད་པར་བྱ། །ཞེས་སོ། །དེ་བཞིན་དུ་གཞན་ལས་ཀྱང་གསུངས་སོ། །དེ་ནི་ཉུང་ངུ་ལ་མོས་པ་རྣམས་ཀྱི་ཐ་མལ་གྱི་རྣམ་པར་རྟོག་པ་ཟློག་པར་བྱེད་དོ། །གཉིས་པ་ལྷ་སོ་སོའི་ཐབས་ལ་མཁས་པ་ནི་ཡུལ་དང་ཡུལ་ཅན་གྱི་རབ་ཏུ་དབྱེ་བ་མཐའ་ཡས་པར་བྱས་ལ། དེ་དག་རེ་རེ་ལ་ཡང་ལྷ་སོ་སོར་ཤེས་པར་བྱེད་པ་སྟེ། དཔལ་གསང་བ་འདུས་པ་ལས། མདོར་ན་ཕུང་པོ་ལྔ་རྒྱལ་བ། །དེ་བཞིན་གཤེགས་པ་ཐམས་ཅད་ཡིན། །རྡོ་རྗེ་སྐྱེ་མཆེད་འདི་དག་ཀྱང༌། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག །ཅེས་བྱ་བ་དང༌། དཔལ་ཀྱེའི་རྡོ་རྗེ་ལས་ཀྱང༌། གཟུགས་ལ་གཽ་རཱིར་རབ་ཏུ་གྲགས། །སྒྲ་ཡི་ཆ་ལ་ཙཽ་རཱི་སྟེ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ནི་རྒྱ་ཆེན་པོ་ལ་དགའ་བ་རྣམས་ལ་ཐ་མལ་པར་འཛིན་པ་དང༌། རིལ་པོར་འཛིན་པའི་རྣམ་པར་རྟོག་པ་ཐམས་ཅད་བཤིག་པ་ཡིན་ནོ། །དེ་ལྟར་ན་འཆིང་བའི་རྒྱུ་ནི་ཐ་མལ་གྱི་རྣམ་པར་རྟོག་པ་ཡིན་ལ། དེ་ལྷའི་རྣམ་པར་ཤེས་ན་ཐ་མལ་པ་འགགས་པས་ཐམས་ཅད་རིམ་གྱིས་སྤང་བར་འགྱུར་རོ། །གཉིས་པ་རྫོགས་པའི་རིམ་པའི་ཐབས་ལ་མཁས་པ་ནི། ཐབས་གང་ཡང་རུང་བ་ལ་བརྟེན་ཏེ། རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་སྐྱེས་པ་དང༌། དེས་ཡུལ་རྣམས་ཁ་དོག་བསྒྱུར་ཏེ་ལོངས་སྤྱོད་པར་བྱེད་དོ། །དེ་ལྟར་ཡང༌། འདུས་པའི་རྒྱུད་ཕྱི་མ་ལས། ཐབས་དང་ཤེས་རབ་ལས་བྱུང་བའི། །རྫོགས་པའི་རིམ་པའི་སྦྱོར་བ་ཡིས། །ཕུང་པོ་ཁམས་དང་སྐྱེ་མཆེད་གཟུགས། །སྔགས་པས་སྦྱོར་བ་ངེས་བྱས་ལ། །ཞེས་པ་ལ་སོགས་པ་གསུངས་སོ། །དེ་ལྟར་འཆིང་བའི་རྒྱུ་རྣམ་པར་རྟོག་པ་ཡིན་ལ། རྟོག་མེད་ཀྱི་ཏིང་ངེ་འཛིན་གྱི་རྣམ་རྟོག་བསལ་བས་ན། འཆིང་བ་ཐམས་ཅད་རིམ་གྱིས་གྲོལ་བར་འགྱུར་རོ། །གསུམ་པ་དེ་ལས་གྲུབ་པའི་ཚུལ་ནི། དེ་ལྟར་སྤྱིར་ནི་འཆིང་བའི་རྒྱུ་ནི་རྣམ་པར་རྟོག་པ་ཙམ་དང༌། བྱེ་བྲག་ཏུ་ཐ་མལ་གྱི་རྣམ་པར་རྟོག་པ་ཡིན་ཏེ། དེ་ལ་བརྟེན་ནས་ཉོན་མོངས་པ་ལ་སོགས་པ་རིམ་གྱིས་སྐྱེ་བའི་ཕྱིར་རོ། །དེ་བས་ན་ཐབས་གཉིས་པོས་རྒྱུ་རང་གི་ངོ་བོ་དེ་བསལ་ན་ཡུལ་རྣམས་ཁ་དོག་འགྱུར་བས་སླར་གཉེན་པོའི་གྲོགས་བྱེད་པར་འགྱུར་བས་ཡུལ་རྣམས་བརྟེན་ཏེ་སྔར་གྱི་དཔེ་བཞིན་ནོ། །དེ་ལྟར་བརྟག་པ་གཉིས་པ་ལས་ཀྱང༌། དག་པས་དུག་མེད་བྱས་ནས་ནི། །བསྟེན་བྱ་འདི་དག་བསྟེན་པ་ཉིད། །ཅེས་སོ། །དེའང་དང་པོ་གཉེན་པོ་སྟོབས་ཆུང་སྟེ་ཡུལ་གྱིས་གནོད་དེ་སྣང་བ་དགྲ་བོར་འཆར་བའི་དུས་ཞེས་བྱའོ། །དེ་བཞིན་དུ་བསྟེན་པས་བར་དུ་སྟོབས་མཉམ་པ་ན་རེས་གནོད་རེས་ཕན་པ་འབྱུང་སྟེ་སྣང་བ་ཁྲ་བོར་འཆར་བའི་དུས་ཞེས་ཀྱང་བྱའོ། །དེ་གཉིས་ལ་མཉམ་གཞག་ཅེས་མིང་ཐོབ་བོ། །མཐར་གཉེན་པོ་སྟོབས་ཆེ་བ་ན་ཡུལ་རྣམས་ཀྱིས་རྟོགས་པའི་གྲོགས་བྱེད་དེ། དེ་ཙམ་ན་སྣང་བ་དགེ་བའི་བཤེས་གཉེན་དུ་འཆར་བའི་དུས་ཞེས་བྱ། དུག་ལྔ་སྨན་དུ་འགྱུར་བ་ཞེས་བྱ་སྟེ། དེ་ནི་ཏིང་ངེ་འཛིན་རྒྱུན་ཏུ་སྐྱེ་བས་ན་ཤིན་ཏུ་མཉམ་གཞག་ཅེས་བྱ་སྟེ། དཔལ་ཁ་སྦྱོར་ལས། དབང་པོ་གང་དང་གང་ལམ་ཉིད། །དེ་ནི་དེ་ཡི་ངོ་བོར་འགྱུར། །མཉམ་པར་མ་གཞག་རྣལ་འབྱོར་གྱིས། །རྟག་པར་ཤིན་ཏུ་མཉམ་གཞག་ཉིད། །ཅེས་བྱ་བ་དང༌། གཟུགས་རྣམས་སྣ་ཚོགས་ལྟོ་བ་དང༌། །ཞེས་བྱ་བ་ལ་སོགས་པ་རྒྱུན་གྱི་རྣལ་འབྱོར་གསུངས་སོ། །དོན་གཉིས་པ་ནི། དེ་ལྟ་བུའི་གཞི་མི་སྤོང་བའི་ཐབས་དེ་ཉིད་ལ་གསང་སྔགས་ཀྱི་སྤྱོད་པ་ཞེས་བྱའོ། །ཇི་ལྟར་ན་གསང་སྔགས་ཀྱི་སྤྱོད་པ་ཡིན་ཞེ་ན། སྔགས་ཀྱི་དོན་གང་ཡིན་པ་དང༌། དེའི་སྤྱོད་པ་གང་ཡིན་པའོ། །དང་པོ་ལ་ལྔ། སྤྱིར་སྔགས་འབྱུང་བའི་རྒྱུ་གང་ཡིན་པ་དང༌། སྔགས་ཀྱི་ཚིག་གང་ཡིན་པ་དང༌། སྔགས་ཀྱི་དོན་དང༌། སྔགས་ཀྱི་དབྱེ་བ་དང༌། སྔགས་ཀྱི་ངེས་ཚིག་གམ། སྒྲའི་དོན་ཞེས་བྱ་བའི་རྣམ་པར་གཞག་པ་རྒྱས་པ་ནི་གཞན་ཉིད་དུ་ཤེས་པར་བྱའོ། །འདིར་རེ་ཞིག་དོན་དམ་པའི་སྔགས་ཀྱི་དོན་ནི་མཚན་མ་དང་རྣམ་པར་རྟོག་པ་ལས་ཡིད་སྐྱོབ་པས་སྔགས་ཡིན་ལ། དེ་དང་རྗེས་སུ་མཐུན་པའི་སྤྱོད་པ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་དམ་ཚིག་ནི་སྔགས་ཀྱི་སྤྱོད་པ་སྟེ། དཔལ་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། དབང་པོ་དང་ནི་ཡུལ་རྣམས་ཀྱི། །རྐྱེན་ལས་གང་གང་བྱུང་བ་ཡི། །ཡིད་དེ་མན་ཞེས་བྱ་བར་བཤད། །ཏྲ་ནི་སྐྱོབ་པར་བྱེད་པའི་དོན། །འཇིག་རྟེན་སྤྱོད་ལས་རྣམ་གྲོལ་བར། །གང་བཤད་དམ་ཚིག་སྡོམ་པ་སྟེ། །རྡོ་རྗེ་ཀུན་གྱིས་བསྲུང་བ་ནི། །སྔགས་ཀྱི་སྤྱོད་པ་ཞེས་བཤད་དོ། །ཞེས་དང༌། དབང་ཡོན་ཏན་རིམ་པ་ལས་ནི། སྔགས་ཀྱི་སྒྲའི་དོན་སྟོང་པ་དང་སྙིང་རྗེ་གཉིས་སུ་མེད་པ་ལ་བཤད་དེ། སྟོང་པ་དང་ནི་སྙིང་རྗེ་ཉིད། །གཉིས་སུ་མེད་དང་གཉིས་ཀྱི་ཚུལ། །གསང་སྔགས་ཞེས་ནི་དེ་ལས་བཤད། །ཅེས་གསུངས་སོ། །གཞན་རྡོ་རྗེ་རྩེ་མོ་ལས་གསུངས་པ་ལ་སོགས་པ་ཐམས་ཅད་གཞན་དུ་ཤེས་པར་བྱའོ། །གསུམ་པ་དེ་ཉིད་ལ་རྡོ་རྗེའི་ཐེག་པ་ཞེས་བྱ་སྟེ། འདི་ལྟར་རྡོ་རྗེ་ནི་སངས་རྒྱས་ཀྱི་སྐུ་གསུང་ཐུགས་རྡོ་རྗེའོ། །ཐེག་པ་ནི་འདིས་འདོང་བས་ན་ལམ་དང༌། འདིར་འདོང་བས་ན་འབྲས་བུ་ལ་བྱའོ། །དེ་ལ་ལམ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་འདིས་འདོང་བས་ན་ཐེག་པ་སྟེ། དང་པོར་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བར་ཕ་རོལ་ཏུ་ཕྱིན་པ་དང་འདྲ་བར་བྱས་ལ། དེ་ནས་དཀྱིལ་འཁོར་དུ་འཇུག་པ་དང་དབང་བསྐུར་བ་བྱས་པའི་དུས་སུ་སློབ་དཔོན་གྱིས་སློབ་མའི་ལུས་ངག་ཡིད་གསུམ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་རྡོ་རྗེར་བྱིན་གྱིས་རློབ་པར་བྱེད་དོ། །དེ་ནས་དེ་དང་མ་བྲལ་བཞིན་དུ་ལམ་རིམ་པ་གཉིས་བསྒོམ་པའི་དུས་སུའང་སངས་རྒྱས་ཀྱི་སྐུ་གསུང་ཐུགས་རྡོ་རྗེར་བྱས་ཤིང་སྤྱོད་དོ། །དེ་ནས་ལུས་ངག་ཡིད་གསུམ་དང་ཉོན་མོངས་པ་ཐམས་ཅད་རྡོ་རྗེའི་ངོ་བོ་ཡིན་པ་ལ་རྡོ་རྗེར་ཤེས་པར་བྱས་པ་འདིས་རིམ་གྱིས་ཇེ་གསལ་ཇེ་གསལ་གྱུར་པ་འདི་ནི་ལམ་ཡིན་ནོ། །དེ་ལས་འབྲས་བུ་ས་བཅུ་གསུམ་པ་གྲུབ་པའི་ཚེ་སྐུ་གསུང་ཐུགས་རྡོ་རྗེར་མངོན་སུམ་དུ་བྱས་པ་འདི་ནི་འདིར་འདོང་བས་ན་ཐེག་པའོ། །ཡང་གསང་བ་འདུས་པ་ལས། འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །རྡོ་རྗེ་ལ་དགའ་རྟག་པར་གནས། །དེས་ན་སངས་རྒྱས་རྣམས་ཀྱི་ཐབས། །རྡོ་རྗེ་ཐེག་པ་ཞེས་བཤད་དོ། །ཞེས་གསུངས་པ་ལྟ་བུའོ། །བཞི་པ་འབྲས་བུའི་ཐེག་པར་རྣམ་པར་གཞག་པ་ནི། དེ་ལྟ་བུའི་རྡོ་རྗེ་ཐེག་པ་འདི་དུས་ནམ་གྱི་ཚེ་འགྲུབ་ཅེ་ན། གང་ཟག་རབ་ཀྱིས་ཚེ་འདི་ཉིད་ལ་འགྲུབ་ལ། འབྲིང་གིས་བར་མ་དོར་འགྲུབ་ཅིང༌། ཐ་མས་སྐྱེ་བ་བདུན་ན། ཤིན་ཏུ་ཐ་མས་ཀྱང་སྐྱེ་བ་བཅུ་དྲུག་ན་འགྲུབ་བོ། །དང་པོའང་གསང་བ་འདུས་པ་ལས། འདི་ཡིས་ཆོས་ཀྱི་བདག་ཉིད་ཆེ། །སྐུ་གསུམ་མི་ཕྱེད་ལས་བྱུང་བ། །ཡེ་ཤེས་རྒྱ་མཚོས་རྣམ་པར་བརྒྱན། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །ཞེས་སོ། །བར་དོར་འགྲུབ་པ་བླ་མའི་གསུང་སྟེ། འདི་ཡང་ཡེ་ཤེས་ཐིག་ལེ་ལས། ཡང་ན་ལུས་ནི་སྤངས་མ་ཐག །བརྩོན་པར་མི་ལྡན་པས་ཀྱང་འགྲུབ། །ཅེས་གསུངས་པས་ལུས་སྤངས་མ་ཐག་བར་དོར་འགྲུབ་པས་སོ། །སྐྱེ་བ་བདུན་ན་འགྲུབ་པའང༌། གསང་བའི་མཛོད་ལས། དབང་བསྐུར་ཡང་དག་སྦྱིན་ལྡན་ན། །སྐྱེ་ཞིང་སྐྱེ་བར་དབང་བསྐུར་འགྱུར། །དེ་ཡིས་སྐྱེ་བ་བདུན་ན་ནི། །མ་བསྒོམས་པར་ཡང་དངོས་གྲུབ་ཐོབ། །ཅེས་སོ། །བཅུ་དྲུག་ན་འགྲུབ་པའང༌། དམ་ཚིག་ལྔ་པ་ལས། གལ་ཏེ་ལྟུང་བ་མེད་གྱུར་ན། །སྐྱེ་བ་བཅུ་དྲུག་དག་ན་འགྲུབ། །ཅེས་གསུངས་སོ། །དེ་ལྟར་གྲུབ་པ་དེ་དག་གང་ཟག་མཆོག་ལ་དགོངས་པ་ཡིན་ནམ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཀྱང་འགྲུབ་བམ་སྙམ་ན་འགྲུབ་སྟེ་རྡོ་རྗེ་རྩེ་མོ་ལས། ཕ་རོལ་ཕྱིན་པའི་འབྱུང་བས་ནི། །བསྐལ་པ་གྲངས་མེད་མི་འཐོབ་པ། །གལ་ཏེ་རྣལ་འབྱོར་པ་དེ་བརྩོན། །ཚེ་འདི་ཉིད་ལ་མྱ་ངན་འདའ། །ཡང་ན་མཐོང་བ་ཙམ་གྱིས་ནི། །སྐྱེ་བ་བཅུ་དྲུག་མྱ་ངན་འདའ། །སོ་སོ་སྐྱེ་བོས་སངས་རྒྱས་ཉིད། །འགྲུབ་པར་འགྱུར་ཏེ་གཞན་དུ་མིན། །ཞེས་གསུངས་པས་སོ། །དེ་བས་ན་འབྲས་བུ་ཚེགས་མེད་པ་ཉིད་ཀྱིས་འགྲུབ་པས་འབྲས་བུའི་ཐེག་པ་ཞེས་བྱ་སྟེ། ཡང་ན་ད་ལྟ་ནས་འབྲས་བུའི་རྣམ་པ་བསྒོམས་པས་འབྲས་བུའི་ཐེག་པ་ཞེས་བྱ་སྟེ། མངོན་པར་བྱང་ཆུབ་རྣམ་པ་ལྔ། །སངས་རྒྱས་ཀུན་གྱི་བདག་ཉིད་དགེ །ཞེས་བྱ་བ་ལ་སོགས་པ་གསུངས་པས་སོ། །དེ་བས་ན་གསང་སྔགས་ཀྱི་ལུགས་ཀྱིས་འབྲས་བུ་ལམ་དང་བཅས་པ་དེ། ད་ལྟ་ཉིད་ཀྱིས་མངོན་པར་རྟོགས་པ་ཚར་གཅིག་ལ་ཚང་བར་བྱེད་དོ། །དེ་བས་ན་འབྲས་བུ་དང་འདྲ་བས་འབྲས་བུའི་ཐེག་པ་སྟེ། དཔེར་ན་སྐྱེས་བུ་ཤིན་ཏུ་མཛེས་པ་ལ་ལྷ་ཞེས་བརྗོད་པ་བཞིན་ནོ། །ལམ་ཐུན་མོང་མ་ཡིན་པའོ། །རྒྱུད་སྡེ་སྤྱིའི་རྣམ་པར་གཞག་པ་ལས་ལམ་སོ་སོའི་མཚན་ཉིད་གཏན་ལ་དབབ་པའི་སྐབས་ཏེ་བཞི་པའོ།། །།དེ་ལྟར་ལམ་སོ་སོའི་རྣམ་པར་གཞག་པ་བསྟན་པ་དེ་ལ། གསང་སྔགས་ཀྱི་སྤྱོད་པ་སྟོན་པ་འདི་ཇི་ལྟར་དུས་ཁྱད་པར་དུ་འཕགས་པའི་ཚུལ་བསྟན་པར་བྱའོ། །དེ་ལ་ཁྱད་པར་དུས་ཁྱད་པར་དུ་འཕགས་ཤེ་ན། སློབ་དཔོན་ཀྲི་བི་ཏ་ཀ་མ་ལས་ཚུལ་གསུམ་གྱི་སྒྲོན་མ་ལས་བཤད་པ། དོན་གཅིག་ནའང་མ་རྨོངས་དང༌། །ཐབས་མང་དཀའ་བ་མེད་པ་དང༌། །དབང་པོ་རྣོན་པོས་དབང་བྱས་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་གསུངས་སོ། །དེ་ལ་གསུམ་སྟེ། རྟོགས་བྱའི་དོན་གཅིག་པར་བསྟན་པ་དང༌། རྟོགས་བྱེད་ཀྱི་ཐབས་ཁྱད་པར་དུ་འཕགས་པའི་ཚུལ་དངོས་དང༌། དེ་ལ་བརྩད་པ་སྤང་བའོ། །དེ་ལ་དང་པོ་དོན་གཅིག་པ་ནི་རྟོགས་པར་བྱ་བ་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་དང༌། ཐོབ་པར་བྱ་བའི་འབྲས་བུ་སངས་རྒྱས་དང༌། ཐོབ་པར་བྱེད་པའི་ཐབས་བྱང་ཆུབ་ཀྱི་སེམས་ལ་ཁྱད་པར་ཡོད་པ་མ་ཡིན་ཏེ། འོན་ཀྱང་དེ་དག་ཉིད་བདག་གི་རྒྱུད་ལ་སྐྱེ་བར་བྱེད་པ་ལ་ཐབས་བཞིས་ཁྱད་པར་དུ་འཕགས་པ་ཡིན་ཏེ། རྟོགས་པའི་ལྟ་བ་ལ་མ་རྨོངས་པ་ཉིད་དང༌། འབྲས་བུ་འགྲུབ་པར་བྱེད་པའི་ཐབས་མང་བ་དང༌། དཀའ་བ་མེད་པས་བྱང་ཆུབ་སྒྲུབ་པ་དང༌། འབྲས་བུ་མྱུར་དུ་འགྲུབ་པའི་ཕྱིར་དབང་པོ་རྣོ་བ་ཞེས་བྱའོ། །དེ་ལ་དང་པོ་ནི་སྤྱིར་ལྟ་བ་ཞེས་བྱ་བ་ནི། དངོས་པོའི་གནས་ལུགས་ཡིན་ལ། དངོས་པོའི་གནས་ལུགས་དེ་ཉིད་སྤྲོས་པ་དང་བྲལ་བ་ཡིན་ལ་དེ་མ་རྟོགས་པར་འཚང་མི་རྒྱ་བར་ཐེག་པ་ཆེན་པོ་པ་ཐམས་ཅད་མཐུན་པ་ཡིན་ནོ། །དེའི་ཕྱིར་རྟོགས་པར་བྱེད་པ་ལ་ཕ་རོལ་ཏུ་ཕྱིན་པ་བས་དཔེ་དང་གཏན་ཚིགས་ལ་སོགས་པས་གཏན་ལ་འབབས་ཏེ། ཇི་ལྟར་ཕབ་ཀྱང་བློ་སྤྲོས་པའི་མཐའ་གཅིག་ཏུ་འཛིན་པ་ལས་མ་གཏོགས་པ་རྟོག་མེད་དུ་འགྱུར་མི་སྲིད་དོ། །དེ་བས་ན་གསང་སྔགས་པས་ཡེ་ཤེས་ཕབ་པའམ་དབང་གསུམ་པ་ལ་སོགས་པའི་དུས་སུ་ཡེ་ཤེས་རྒྱུད་ལ་སྐྱེས་པ་ན་སྤྲོས་པ་དང་བྲལ་བ་མངོན་སུམ་དུ་རྟོགས་པས་ཁྱད་པར་དུ་འཕགས་པ་ཡིན་ནོ། །གཉིས་པ་ཐབས་མང་བ་ལ་གཉིས། འབྲས་བུ་ཐུན་མོང་བ་གྲུབ་པའི་ཐབས་མང་བ་དང༌། མཆོག་གྲུབ་པའི་ཐབས་མང་བའོ། །དང་པོ་འབྲས་བུ་ཐུན་མོང་བ་ནི་མི་སྣང་བ་དང་མངོན་ཤེས་ལ་སོགས་པ་ནས་ལོངས་སྤྱོད་ཆེ་བ་དང༌། ཤེས་རབ་ཆེ་བ་དང༌། ཚེ་རིང་བ་ལ་སོགས་པའི་བར་རྣམས་སོ། །དེ་དག་ཕ་རོལ་ཏུ་ཕྱིན་པ་བས་ནི་རིམ་གྱིས་སྦྱིན་པ་ལ་སོགས་པའི་ཐབས་སམ། ཡང་ཚེ་འདིར་འདོད་ན་འཇིག་རྟེན་པ་རྣམས་དང་ཐུན་མོང་བ་ཉིད་དུ་འགྱུར་བ་ལས་ཐབས་གཞན་མེད་དོ། །སྔགས་པས་ནི་འཇམ་དཔལ་དང་ནོར་རྒྱུན་མ་ལ་སོགས་པའི་སྒྲུབ་པའི་ཐབས་དཔག་ཏུ་མེད་པས་དེ་དག་ཚེགས་མེད་པར་འགྲུབ་པར་བྱེད་ཅིང་བྱང་ཆུབ་ཀྱི་གྲོགས་སུའང་འགྱུར་རོ། །ཡང་མཆོག་སྒྲུབ་པའི་ཐབས་ཀྱང་མང་སྟེ། དེ་ལ་གཉིས། དོན་དམ་ཟབ་མོ་རྟོགས་པའི་ཐབས་དང༌། ཀུན་རྫོབ་རྒྱ་ཆེ་བ་རྟོགས་པའི་ཐབས་སོ། །དང་པོ་ནི་ཕ་རོལ་ཏུ་ཕྱིན་པ་ལ་སྤྲོས་པ་དང་བྲལ་བའོ་ཞེས་ཤེས་པ་ཙམ་ལས་མེད་པ་ལ་གསང་སྔགས་པས་བསྐྱེད་རིམ་ཙམ་ཞིག་བསྒོམས་ཀྱང་ཕྱག་བཅུ་དྲུག་སྟོང་པ་ཉིད་བཅུ་དྲུག་ལ་སོགས་པར་སྟོན་ལ། རྫོགས་རིམ་ཙཎྜཱ་ལཱི་ལ་སོགས་པ་ཐབས་བསམ་གྱིས་མི་ཁྱབ་པས་རྟོག་མེད་ཀྱི་ཏིང་ངེ་འཛིན་སྐྱེད་པར་བྱེད་དོ། །ཡང་རྒྱ་ཆེ་བ་ལ་ཡང་གཉིས་ཏེ། རྟོགས་པ་རྒྱ་ཆེ་བ་སྟེ་འཇིག་རྟེན་གྱི་ཁམས་བཀོད་པ་ལ་སོགས་པ་དང༌། སྤྱོད་པ་རྒྱ་ཆེ་བ་ལ་སོགས་པར་སྤྱོད་པ་སྟེ། དེ་དག་ཀྱང་ཕ་རོལ་ཏུ་ཕྱིན་པ་ལ་སྤྱིའི་རྣམ་པ་ཙམ་ལས་མེད་པ་ལ། སྔགས་པས་དཀྱིལ་འཁོར་གཅིག་བསྒོམས་ཀྱང་དེ་གཉིས་ཀ་ཚང་བར་ཤེས་ལ། གཏོར་མ་ལ་སོགས་པ་ཐབས་བསམ་གྱིས་མི་ཁྱབ་པ་གང་གིས་ཀྱང་དེ་གཉིས་ཀ་རྟོགས་ཤིང་སྐྱོད་པར་ནུས་པའི་ཕྱིར་རོ། །དེའི་ཕྱིར་ཐབས་མང་བས་ཁྱད་པར་དུ་འཕགས་སོ། །དཀའ་བ་མེད་པ་ཉིད་ནི། ཕ་རོལ་ཏུ་ཕྱིན་པ་དཀའ་ཐུབ་དང་དཀའ་སྤྱད་ཀྱི་ལམ་ཡིན་པས་ཚེགས་ཆེ་ལ། གསང་སྔགས་པ་སྤྱོད་པ་བདེ་བས་བྱང་ཆུབ་བསྒྲུབ་པའོ། །དེས་ན་ཁྱད་པར་དུ་འཕགས་སོ། །དབང་པོ་རྣོན་པོས་དབང་བྱས་པ་ཞེས་བྱ་བ་ལའང༌། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་བ་ནི་དབང་པོ་རྟུལ་ཏེ། ཤིན་ཏུ་མྱུར་བས་ཀྱང་མངོན་པར་རྫོགས་པར་འཚང་རྒྱ་བ་ལ་བསྐལ་པ་གྲངས་མེད་གསུམ་ཐོགས་ལ། གསང་སྔགས་པས་ནི་མྱུར་བས་སྐྱེ་བ་འདི་ཉིད་ལ་འགྲུབ་ལ། འབྲིང་གིས་བར་མ་དོར་འགྲུབ་ཅིང༌། ཐ་མས་ཀྱང་བདུན་ནམ་བཅུ་དྲུག་ན་འགྲུབ་པར་གསུངས་སོ། །དེ་ནི་སྔར་རྒྱུའི་ཐེག་པ་དང་འབྲས་བུའི་ཐེག་པ་སྤྱད་པའི་སྐབས་སུ་བཤད་ཟིན་ཏོ། །དེས་ན་ཁྱད་པར་དུ་འཕགས་སོ། །གསུམ་པ་དེ་ལྟར་ཁྱད་པར་དུ་འཕགས་པ་དེ་ལ་བརྩོད་པ་སྤང་བ་ལ་བཞི་སྟེ། དོན་གཅིག་པ་ཡིན་པ་ལ་བརྩད་པ་སྤང་བ་དང༌། ཁྱད་པར་གྱི་དབྱེ་བ་བཞི་པོ་མི་རིགས་པར་བརྩད་པ་སྤང་བ་དང༌། གསུང་རབ་བམ་སྡེ་སྣོད་ཀྱི་དབྱེ་བ་དང་འགལ་བར་འགྱུར་བའི་རྩོད་པ་སྤང་བ་དང༌། གསང་སྔགས་སྦྱང་བའི་དུས་མ་ཡིན་པར་རྩོད་པ་སྤང་བའོ། །དང་པོ་ལ་གཉིས་ཏེ། དོན་མི་མཚུངས་པར་རྒོལ་བ་དང༌། མཚུངས་ན་དྲང་དོན་དུ་ཐལ་བའི་རྒོལ་བ་སྤང་བའོ། །དང་པོ་ནི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་བ། ཟབ་མོའི་དོན་ལ་བློ་སྡང་བར་གྱུར་པས་གསང་སྔགས་ཀྱི་ཐེག་པ་ལ་ཞེ་སྡང་བར་གྱུར་པའི་བླུན་པོ་འགའ་ཞིག འདི་སྐད་ཅེས་གསང་སྔགས་ཀྱི་ཐེག་པ་དང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་གཉིས་དོན་མི་འདྲ་སྟེ། ཕ་རོལ་ཏུ་ཕྱི་པའི་ཐེག་པ་བས་འབྲས་བུ་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་ཀྱི་དབྱེ་བ་དང༌། ས་དང་ཕ་རོལ་ཏུ་ཕྱིན་པའི་དབྱེ་བ་དང༌། སྟོང་པ་དང་སྙིང་རྗེ་ལ་སོགས་པ་བཤད་ལ། རྡོ་རྗེ་ཐེག་པ་ལས་བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པ་ལ་སོགས་པ་བཤད་པས་དོན་མི་གཅིག་གོ་ཞེས་རྒོལ་བ་ན། དེ་ནི་མ་ཡིན་ཏེ། གསང་སྔགས་ཀྱི་ཐེག་པ་ལས་ཀྱང་དོན་དེ་དག་ཉིད་བསྟན་ཏེ། འཕགས་པ་སྒྱུ་འཕྲུལ་དྲ་བ་ལས་ཀྱང༌། ཕ་རོལ་ཕྱིན་པ་བཅུ་ཡི་ཚུལ། །མགོན་པོ་ས་བཅུའི་དབང་ཕྱུག་སྟེ། །ས་བཅུ་ལ་ནི་གནས་པ་པོ། །ཤེས་བཅུ་རྣམ་དག་བདག་ཉིད་ཅན། །ཞེས་བྱ་བ་ལ་སོགས་པ་གསུངས་པ་དང༌། རྡོ་རྗེ་གུར་གྱི་རྒྱུད་ལས་ཀྱང༌། སྟོང་ཉིད་སྙིང་རྗེ་ཐ་དད་མེད། །གང་དུ་སེམས་ནི་རབ་བསྒོམ་པ། །དེ་ནི་སངས་རྒྱས་ཆོས་དང་ནི། །དགེ་འདུན་གྱི་ཡང་བསྟན་པའོ། །ཞེས་གསུངས་ན། འདིས་ཐེག་པ་མཐའ་དག་བསྡུས་པ་མ་ཡིན་ནམ། དེ་བཞིན་དུ་རྒྱུད་མཐའ་དག་ནས་གསུངས་པའི་ཁུངས་ནི་ཡི་གེ་མངས་པས་འཇིགས་པས་མ་བྲིས་སོ། །གཞན་ཡང་གསང་སྔགས་ཀྱིས་བསྐྱེད་པའི་རིམ་པའི་དཀྱིལ་འཁོར་གཅིག་བསྒོམ་པའམ། རང་གི་ལུས་ཙམ་ཉིད་ལའང་དེ་མཐའ་དག་ཚང་བར་བསྟན་ཏེ། མི་མཉམ་མེད་པ་ཟུར་བཞི་པ། །དྲན་པ་དབང་པོ་སྒོ་བཞི་ཡིན། །ཞེས་བྱ་བ་ལ་སོགས་པ་གསུངས་ན། ཁྱེད་གཞུང་གི་དོན་མ་རྟོགས་པར་སྨྲ་བ་ནི་སྨད་པའི་གནས་ཉིད་ཡིན་ནོ། །གཉིས་པ་ནི། ཡང་གལ་ཏེ་དེ་ལྟར་དོན་མཚུངས་ན་དོན་དེ་དེ་ཉིད་བསྟན་པས་ཆོག་པ་ལ་གྲུ་བཞི་པ་ལ་སོགས་པ་བསྟན་པས་གསང་སྔགས་ཀྱི་དོན་གཞན་ལ་ཚིག་གཞན་དང་དོན་གཞན་སྦྱོར་བས་དྲང་བའི་དོན་ཉིད་དུ་འགྱུར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། དེ་ལ་འདི་སྐད་ཅེས་དྲི་བར་བྱ་སྟེ། ཅི་དྲང་བའི་དོན་དང་ངེས་པའི་དོན་ཞེས་བྱ་བ་འདི་གཉིས་ཀྱི་ཁྱད་པར་གང་ཡིན་ཞེས་དྲི་བར་བྱའོ། །དེ་ལ་འདི་སྐད་དུ་དྲང་བ་ཞེས་བྱ་བ་ནི་ཡང་དག་པའི་དོན་ལ་སྐལ་བ་དམན་པ་རྣམས་གཞུག་པའི་དོན་དུ་བཀྲི་བའི་ཐབས་གསུངས་པ་ཡིན་ལ། ངེས་པ་ཞེས་བྱ་བ་ནི་ཡང་དག་པ་སྟེ་སྐལ་ལྡན་རྣམས་གཞུག་པའི་དོན་དུ་གསུངས་པ་སྟེ། དབུ་མ་ལ་འཇུག་པ་ལས། མདོ་གང་དེ་ཉིད་མིན་བཤད་དྲང་དོན་ཅན། །སྟོང་ཉིད་དོན་ཅན་ངེས་དོན་ཤེས་པར་གྱིས། །ཞེས་གསུངས་པ་ལྟ་བུའོ། །ཞེས་སྨྲ་ན། འདི་སྐད་དུ་བརྗོད་དེ་ཅི་སྟོང་པ་ཉིད་ཅེས་བྱ་བའམ་ཡང་དག་པའི་དོན་ཞེས་བྱ་བ་དེ་ཉིད་ཤེས་རབ་དགག་པའི་ཕྱོགས་སུ་བསྟན་པ་ལ་བྱ་བའམ། འོན་ཏེ་བདེན་པ་གཉིས་གཉིས་སུ་མེད་པ་ལ་ཡང་དག་ངེས་པའི་དོན་ཞེས་བྱ་ཞེས་དྲིའོ། །དེ་ལ་འདི་སྐད་དུ་བདེན་པ་གཉིས་གཉིས་སུ་མེད་པ་སྤྲོས་པ་དང་བྲལ་བར་སྟོན་པ་འདི་ངེས་པའི་དོན་ཡིན་ནོ་ཞེ་ན། དེ་དངོས་སུ་སྟོན་པ་ལ་བྱའམ་འོན་ཏེ་ཤུགས་ལ་སྟོན་པ་ལ་བྱ། དངོས་སུ་སྟོན་པའོ་ཞེ་ན། དེ་ནི་སུས་ཀྱང་བསྟན་པར་མི་ནུས་ཏེ། དེ་འདི་ཡིན་ཞེས་དེ་ཉིད་ནི། །རྒྱལ་བ་ཡིས་ཀྱང་བརྗོད་མི་ནུས། །ཞེས་སློབ་དཔོན་པདྨ་བས་ཀྱང་གསུངས་ལ། འཕགས་པ་ལི་ཙ་བྱི་དྲི་མ་མེད་པར་གྲགས་པས་ཀྱང་བསྟན་པར་མ་ནུས་པས་ཅང་མི་གསུང་བར་བཞུགས་སོ། །གལ་ཏེ་དངོས་སུ་བསྟན་པར་མི་ནུས་ཀྱང་སྒྲའི་ཁྱད་པར་གཉིས་སུ་མེད་པ་དང་སྟོང་པ་ཉིད་ལ་སོགས་པའི་མིང་གང་ལ་ཡོད་པ་དེ་ངེས་པའི་དོན་གྱི་མདོ་ཡིན་ཞེ་ན། དེ་ལྟ་བུའི་མིང་དེ་གསང་སྔགས་ལས་ཀྱང་གསུངས་མོད་ཀྱང༌། མིང་དེ་ཙམ་གྱིས་ཤེས་པའི་དོན་དེ་ནི་དེ་ཁོ་ན་ཉིད་མ་ཡིན་ལ། མིང་ལ་བརྟེན་ཏེ་རྟོགས་པ་རིམ་གྱིས་བསྐྱེད་པ་ལྟར། གྲུ་བཞི་པ་ལ་སོགས་པས་ཀྱང་མཉམ་པ་ཉིད་ཀྱི་རྟོགས་པ་སྐྱེ་བར་འགྱུར་བས་གསང་སྔགས་ངེས་པའི་དོན་ཡིན་ནོ། །ཡང་ཤུགས་ལ་དེ་བཞིན་སྟོན་པ་ནི་སངས་རྒྱས་ཀྱི་གསུང་ཐམས་ཅད་ཀྱང་ཡིན་པས་དྲང་དོན་དང་ངེས་དོན་གྱི་མདོའི་རྣམ་དབྱེ་ཤེས་པར་མི་ནུས་སོ། །ཡང་གལ་ཏེ་ཤེས་རབ་དགག་ཕྱོགས་སྟོན་པ་དེ། ངེས་པའི་དོན་ཡིན་སྙམ་ན། དེ་ལྟ་བུ་ནི་གསང་སྔགས་ལས་ཀྱང་མང་དུ་གསུངས་ལ། ཡང་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་ས་དང་ལམ་གྱི་རྣམ་པ་དུ་མ་བསྟན་པས་དྲང་བའི་དོན་ཡང་ཡོད་དེ། དེའི་ཕྱིར་གསང་སྔགས་དང་ཕ་རོལ་ཏུ་ཕྱིན་པའི་མདོ་རེ་རེ་ལའང་བསམ་གྱིས་མི་ཁྱབ་པ་ཡོད་པས་ཐམས་ཅད་ཁྲེ་འུར་གསུངས་ཏེ། དེའི་ཕྱིར་འཕགས་པ་བྱམས་པས་ཀྱང་དགོངས་པ་རྣམ་པ་བཞི་དང༌། ལྡེམ་པོའི་ངག་རྣམ་པ་བཞིའི་དབྱེ་བས་མདོ་ཐམས་ཅད་འཆད་པར་གསུངས་སོ། །ཡང་འཕགས་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་དྲང་དོན་དང་ངེས་དོན་གྱི་མཚན་ཉིད་མི་འདྲ་བ་བརྒྱད་བཤད་དེ། ལམ་ལ་འཇུག་པ་དྲང་དོན་དང༌། །འབྲས་བུ་ལ་འཇུག་ངེས་པའི་དོན། །ཀུན་རྫོབ་སྒྲུབ་བྱེད་དྲང་དོན་དང༌། །དོན་དམ་སྒྲུབ་བྱེད་ངེས་དོན་ནོ། །ལས་ཀྱི་བྱ་བ་ལ་འཇུག་དྲང༌། །ལས་དང་ཉོན་མོངས་ཟད་སྟོན་ངེས། །ཀུན་ནས་ཉོན་མོངས་བསྟན་པ་དྲང༌། །རྣམ་བྱང་བསྟན་པ་ངེས་པའི་དོན། །འཁོར་བ་སྐྱོ་བསྐྱེད་དྲང་དོན་ལ། །འཁོར་འདས་གཉིས་མེད་ངེས་པའི་དོན། །ཚིག་འབྲུ་སྣ་ཚོགས་སྟོན་པ་དྲང༌། །ཟབ་ཅིང་རྟོགས་དཀའ་ངེས་པའི་དོན། །ཚིག་མང་སེམས་ཅན་མགུ་བྱེད་དྲང༌། །ཚིག་ཉུང་གཟུང་བདེ་ངེས་པའི་དོན། །བདག་སོགས་གཙོར་བཤད་དྲང་བའི་དོན། །བདག་མེད་བསྟན་པ་ངེས་པའི་དོན། །དེ་དག་གི་ལྟར་ནའང་གསང་སྔགས་ལ་ངེས་པའི་དོན་ཕལ་ཆེ་བར་མངོན་ནོ། །ཡང་གལ་ཏེ་འདི་སྙམ་དུ་ཕ་རོལ་ཏུ་ཕྱིན་པ་ལས་དྲན་པ་ཉེ་བར་གཞག་པ་བཞི་ལ་སོགས་པར་བཤད་པ་དེ་གསང་སྔགས་པས་སྒོ་བཞི་ལ་སོགས་པར་བཤད་པའི་རིགས་པ་འདིས་གསང་སྔགས་དྲང་བའི་དོན་ཡིན་ནོ་ཞེ་ན། དེ་ལྟ་བུར་བཤད་པ་དེ་ལ་དྲང་དོན་དུ་བཤད་པ་གང་ནའང་མེད་ལ། དེ་དྲང་དོན་ཡིན་དུ་ཆུག་ཀྱང༌། དེ་ཉིད་ཀྱི་ཕྱིར་ཡང་གསང་སྔགས་ངེས་པའི་དོན་ཡིན་ཏེ། དྲན་པ་ཉེ་བར་གཞག་པ་བཞི་ལ་སོགས་པའི་བྱང་ཆུབ་ཀྱི་ཕྱོགས་དེ་དག་ལ། མིང་དང༌། ཉམས་སུ་བླང་བ་དང༌། མཐར་ཕྱིན་པ་གསུམ་ཡིན་ལ། དེ་ལ་མིང་ཙམ་ནི་མཐུན་ལ། དེའང་བྱིས་པ་གཞུག་པའི་ཕྱིར་ཐོག་མར་ཕ་རོལ་ཏུ་ཕྱིན་པ་ལས་བསྟན་ལ། དེ་འདིར་ཡང་འདྲའོ་ཞེས་བསྟན་པ་ནི། ལམ་ལ་སོམ་ཉི་སྤོང་བའི་དགོས་པ་ཡོད་དོ། །གཉིས་པ་ཉམས་སུ་བླང་བའི་དབང་དུ་བྱས་ན། ཕ་རོལ་ཏུ་ཕྱིན་པ་ལ་ནི་མིང་གི་རྗེས་སུ་འབྲངས་ཏེ་སྤྱིའི་རྣམ་པ་ཙམ་རིམ་གྱིས་ཉམས་སུ་བླངས་པས་རིང་ལ། གསང་སྔགས་ནི་འཕྲལ་དུ་རྟོགས་པ་བསྐྱེད་པས་དོན་གྱི་རྗེས་སུ་འབྲངས་ཏེ། ཅིག་ཅར་དུ་ཉམས་སུ་བླང་བ་སྟོན་པས་ལམ་འདི་མྱུར་ཞིང་མཆོག་གོ །འབྲས་བུ་མཐར་ཕྱིན་པའི་དབང་དུ་བྱས་ནས་གྲུབ་པ་ཡིན་པས་དེ་ནི་དཀྱིལ་འཁོར་ལ་སོགས་པའི་དེ་ཁོ་ན་ཉིད་དུ་བསྟན་ཏེ། ཕ་རོལ་ཏུ་ཕྱིན་པ་ཉིད་ལའང་ཤེས་རབ་རྣལ་མ་ས་དྲུག་པ་ལ་ཡོད་ཀྱང་ད་ལྟ་དེ་དང་མཐུན་པ་ཉམས་སུ་ལེན་པའི་ལམ་གྱི་རིམ་པ་ཡོད་པས་མཚུངས་སོ། །དེས་ན་མཐར་ཕྱིན་གྱི་འབྲས་བུ་འདྲ་བས་དོན་གཅིག་པ་ཡིན་ཞིང་གསང་སྔགས་ལས་ངེས་པའི་དོན་གཙོར་སྟོན་པར་གྲུབ་བོ། །གཉིས་པ་ཁྱད་པར་གྱི་དབྱེ་བ་བཞི་པོ་མི་རིགས་པར་བརྩད་པ་སྤང་བ་ལ་གསུམ་སྟེ། ཁྱད་པར་བཞི་པོ་མཚུངས་པར་ཡོད་པར་བརྩད་པ་སྤང་བ་དང༌། མི་མཚུངས་ན་ལམ་གོལ་བར་ཐལ་བ་སྤང་བ་དང༌། བྱ་སྤྱོད་ཀྱི་རྒྱུད་གསང་སྔགས་མ་ཡིན་པར་ཐལ་བ་སྤང་བའོ། །དང་པོ་ལ་རྒོལ་བ་ནི། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་བ་འདི་སྐད་དུ། ཅི་ཁྱེད་གསང་སྔགས་པ་ཁྱད་པར་བཞིས་ཁྱད་པར་དུ་འཕགས་སོ། །ཞེས་ཟེར་བ་དེ། ཕ་རོལ་ཏུ་ཕྱིན་པའི་དང་མཚུངས་པ་ཉིད་ཡིན་ཏེ། མ་རྨོངས་པ་ཞེས་བྱ་བ་དེ་ལམ་ཡིན་ནམ་གང་ཟག་ཡིན། ལམ་ལ་ནི་རྨོངས་པ་དང་མ་རྨོངས་པ་མི་འཐད་ལ། གང་ཟག་ནི་སྔགས་པ་ལའང་རྨོངས་པ་མཐོང་ལ། ཕ་རོལ་ཏུ་ཕྱིན་པའི་གང་ཟག་ལའང་མ་རྨོངས་པ་མཐོང་བའི་ཕྱིར་རོ། །ཡང་གཉིས་པ་ཐབས་མང་བ་ཞེས་བྱ་བ་འདིའང་མཚུངས་པ་ཡིན་ཏེ། མཚན་ཉིད་གསུམ་དང་བདེན་པ་གཉིས་དང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་ལམ་གྱི་དབྱེ་བ་བསམ་གྱིས་མི་ཁྱབ་པ་མཐོང་བའི་ཕྱིར་རོ། །ཡང་གསུམ་པ་དཀའ་བ་མེད་པ་ཡང་འདྲ་སྟེ། ཕ་རོལ་ཏུ་ཕྱིན་པ་ལས་བྱང་ཆུབ་སེམས་དཔའ་ཆོས་འཕགས་བུད་མེད་དྲུག་ཁྲི་བརྒྱད་སྟོང་ཐབས་ཅིག་ཏུ་འདོད་པའི་ཡོན་ཏན་ལྔས་རྩེ་དགའ་ཞིང་སྤྱོད་དོ་ཞེས་བྱ་བའམ། བྱང་ཆུབ་སེམས་དཔའ་རྟག་ཏུ་ངུའང་ཚོང་དཔོན་གྱི་བུ་མོ་ལ་སོགས་པ་བུ་མོ་ལྔ་བརྒྱ་དང་ཐབས་ཅིག་གོ་ཞེས་བཤད་པ་ལྟ་བུ་དང་བྱང་ཆུབ་སེམས་དཔའ་ལ་ལ་ནི་བུ་དང་ཆུང་མ་གདོན་མི་ཟ་བར་དགོས་སོ་ཞེས་བཤད་པ་ལྟ་བུ་ཡོད་དོ། །བཞི་པ་དབང་པོ་རྣོན་པོའང་འདྲ་སྟེ། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་ནི་འདོད་ན་གཞག་བདུན་གྱིས་ཀྱང་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་ཞེས་གསང་ཆེན་ཐབས་མཁས་པ་ལས་གསུངས་ལ། ལས་དང་པོ་པ་ཅིག་བྱང་ཆུབ་པ་ལ་བསྐལ་པ་གྲངས་མེད་པ་གསུམ་ན་འགྲུབ་པ་འདི་ལས་ཆེས་མྱུར་བ་གང་ནའང་མེད་དོ། །དེས་ན་ཁྱད་པར་བཞི་པོ་མཚུངས་པ་ཉིད་དོ་ཞེས་རྒོལ་བའོ། །དེའི་ལན་བརྗོད་པར་བྱ་སྟེ། དེ་ལྟར་ལམ་མཚུངས་པར་བཤད་པ་དེ་དག་ཀྱང་ཕྱོགས་རེའི་ཆ་ནས་བདེན་ཏེ། དེ་ནི་ཁོ་བོ་ཅག་གི་འདོད་པ་འགྱུར་ཏེ་འདིས་གསང་སྔགས་ཀྱི་ལམ་རྩོད་པ་མེད་ཅིང་དོན་གཅིག་པ་ཉིད་དུ་གྲུབ་བོ། །དེ་ལྟ་མོད་ཀྱང་གསང་སྔགས་ནི་དེ་ལས་ཆོས་ཁྱད་པར་དུ་འཕགས་པར་བསྟན་ཏོ། །དེ་ལ་དང་པོ་མ་རྨོངས་པ་ལམ་ཡིན་ནམ་གང་ཟག་ཡིན་ཞེས་སྔར་དྲིས་པ་དེ་ལ། རྨོངས་པ་དང་མ་རྨོངས་པ་ནི་གང་ཟག་ཡིན་ལ་དེ་གཉིས་ཀ་ལ་ཡོད་པའང་བདེན་ལ། རྨོངས་པ་དང་མ་རྨོངས་པ་ཉིད་ལམ་མ་ཡིན་པའང་བདེན་མོད་ཀྱི། མ་རྨོངས་པ་སྟོན་པར་བྱེད་པ་དང་རྨོངས་པ་སྟོན་པར་བྱེད་པ་ཞེས་བྱ་བ་འདི་ལམ་ལ་ཡོད་དོ། །དེ་བས་ན་སྔགས་ལས་དེ་ཁོ་ན་དཔེས་དངོས་སུ་སྟོན་པས་གང་ཟག་མ་རྨོངས་པར་བྱེད་པའི་ལམ་ཡིན་ཞིང༌། ཕ་རོལ་ཏུ་ཕྱིན་པ་ལས་དེ་ལྟ་བུ་མ་བསྟན་པས་གང་ཟག་རྨོངས་པར་བྱེད་པའི་ལམ་ཡིན་ནོ། །གཉིས་པ་ཐབས་མང་བ་མཚུངས་སོ་ཞེས་བྱ་བའང་ཕ་རོལ་ཏུ་ཕྱིན་པ་ལས་ཐབས་མང་པོ་བཤད་པའང་བདེན་མོད། ལམ་དེ་དག་གསང་སྔགས་པས་སྤོང་བ་མ་ཡིན་ལ་དེའི་སྟེང་དུ་གསང་སྔགས་ལས། མཆོག་སྒྲུབ་པ་དང་ཐུན་མོང་སྒྲུབ་པའི་ཐབས་ལ་རིམ་པ་གཉིས་དང༌། བཟླས་པ་དང༌། སྦྱིན་སྲེག་ལ་སོགས་པ་བསམ་གྱིས་མི་ཁྱབ་པས་ཁྱད་པར་དུ་འཕགས་ཏེ་སྔར་བསྟན་པ་ལྟ་བུའོ། །གསུམ་པ་དཀའ་བ་མེད་པ་མཚུངས་སོ་ཞེས་བྱ་བ་ལ། ཕ་རོལ་ཏུ་ཕྱིན་པ་ནས་བཤད་པ་དེ་དག་ནི་གང་ཟག་འཕགས་པ་ལ་དགོངས་པ་སྟེ། ཆོས་འཕགས་ནི་གཟུངས་ཐོབ་པ་ཡིན་ཞིང་རྟག་ཏུ་ངུས་ཀྱང་ནམ་མཁའ་ལས་སྒྲ་ཐོས་པ་ན་ཚོགས་ལམ། དཀའ་བ་སྤྱོད་པ་ན་སྦྱོར་ལམ། འགྲོ་འོང་མེད་པ་ཐོབ་པ་ན་མཐོང་ལམ་རྒྱུད་ལ་ཐོབ་པས། དེ་དག་ལ་འདོད་པས་མི་འཆིང་བ་དང༌། ཡང་གཞན་གང་ཟག་འདོད་པ་ཅན་གཞུག་པའི་ཕྱིར་ཡིན་ལ། གསང་སྔགས་པས་ཐབས་ཁྱད་པར་ཅན་གྱིས་ཟིན་ན་བྱང་ཆུབ་ཏུ་འགྱུར་བས་ན་ཁྱད་པར་དུ་འཕགས་པ་ཡིན་ནོ། །གལ་ཏེ་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་ལས་དང་པོ་པ་ལ་འདོད་པ་གནང་ངོ་སྙམ་ན་དེ་ནི་འདོད་པ་སྤོང་མ་ནུས་པ་ལ་དེ་དག་དང་འཚམ་པར་བསྟན་གྱི་དེ་ཉིད་ལམ་དུ་བྱེད་པ་ནི་མ་ཡིན་ནོ། །བཞི་པ་དབང་པོ་རྣོན་པོའང་མཚུངས་སོ་ཞེས་བྱ་བའང་ཕྱིར་མི་ལྡོག་པའི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ས་བརྒྱད་པ་ཡིན་ལ། དེ་ཐོབ་པ་ཉིད་ལ་བསྐལ་པ་གྲངས་མེད་གཉིས་འགོར་བས་ཤིན་ཏུ་རིང་ལ། གསང་སྔགས་པས་ནི་ལས་དང་པོ་པ་ཉིད་ཀྱི་བརྩོན་འགྲུས་ཀྱི་བྱེ་བྲག་གིས་སྐྱེ་བ་འདིའམ་འཆི་ཁའམ་བར་དོའམ་སྐྱེ་བ་བདུན་ནམ་བཅུ་དྲུག་ཚུན་ཆད་ན་འཚང་རྒྱ་བས་ཤིན་ཏུ་དབང་པོ་རྣོ་སྟེ་ལུང་ནི་གོང་དུ་འབྲས་བུའི་ཐེག་པར་གཞག་པའི་སྐབས་སུ་བཤད་ཟིན་ཏོ། །དེ་བས་ན་ཁྱད་པར་ཡོད་པ་ཡིན་ནོ། །སྤྱི་དོན་གཉིས་པ་མི་མཚུངས་ན་ལམ་གོལ་བར་ཐལ་བ་སྤང་བ་ལ་གསུམ་སྟེ་མ་རྨོངས་ན་བདེན་མཐོང་དུ་འགྱུར་བ་སྤང་བ་དང༌། ཐབས་མང་དཀའ་བ་མེད་པས་ལམ་ལོག་པར་འགྱུར་བ་སྡང་བ་དང༌། དབང་པོ་རྣོན་པོ་དང་སྤྱོད་པ་རྒྱ་ཆེ་བ་མ་བསྟན་པས་ཉན་ཐོས་ཀྱི་ལམ་དང་མཚུངས་པར་བརྩད་པ་སྤང་བའོ། །དང་པོ་ནི་ཁ་ཅིག་ན་རེ་ཁྱེད་གསང་སྔགས་པས་དབང་དང་བསྒོམ་པའི་དུས་སུ་ཡེ་ཤེས་སྐྱེས་པ་དེ་ལ། བླ་མས་དེ་ཁོ་ན་ཉིད་འདི་ཡིན་ནོ་ཞེས་ངེས་ཤེས་བསྐྱེད་པ་དེ། ཅི་དེ་ཁོ་ན་ཉིད་དངོས་ཡིན་ནམ་འོན་ཏེ་དེས་མཚོན་ནས་ཤེས་བྱེད་ཀྱི་ཐབས་ཡིན། ཐབས་ཡིན་ནོ་ཞེ་ན། དེ་ནི་གཅིག་དང་དུ་བྲལ་ལ་སོགས་པའི་གཏན་ཚིགས་དང་ཁྱད་པར་ཅི་ཡོད། འོན་ཏེ་དེ་ཁོ་ན་དངོས་ཡིན་ན་བདེན་པ་མཐོང་བ་ཉིད་དུ་འགྱུར་རོ་ཞེས་ཟེར་བ་ལ། རྨོངས་པ་ཁ་ཅིག་ན་རེ་དེ་འདོད་པ་ཡིན་ཏེ་དེ་ཁོ་ན་མཐོང་བ་དང་འདི་ལ་རྟོགས་པ་ཁྱད་པར་མེད་པ་ཡིན་ནོ་ཞེ་ན། འོ་ན་རང་གི་ལུས་དང་སྣང་བའང་སེམས་ལས་ལོགས་པ་མེད་ལ། སེམས་རྟོག་པ་མེད་པར་གྱུར་པ་ན་མཚན་མ་དང་འཛིན་པ་འདིས་ཅི་བྱ་ཐོགས་པ་མེད་པ་ཉིད་ཀྱིས་གྲུབ་པར་སོང་ཤིག གལ་ཏེ་རྣལ་འབྱོར་པའི་ལུས་འདི་རེ་ཞིག་རྒྱས་བཅིངས་ཀྱི་འདི་དོར་བ་ན་གྲོལ་བར་འགྱུར་རོ་སྙམ་ན། དེ་ལྟར་ནའང་དེས་ལྕེབ་པའི་རིགས་པ་བྱ་དགོས་པར་འགྱུར་རོ། །གལ་ཏེ་ལྟུང་བར་འགྱུར་རོ་སྙམ་ན། བཟོད་པ་ཐོབ་པའང་ངན་སོང་དུ་མི་འགྲོ་ན་བདེན་པ་མཐོང་བ་ལ་དེས་གང་དུ་ལྟུང་དེས་ན་བཞད་གད་ཀྱི་གནས་སོ། །གལ་ཏེ་ཁོ་བོས་ནི་གྲུབ་སྟེ། ཁྱེད་མ་དག་པས་མ་མཐོང་བར་ཟད་དོ་སྙམ་ན། བདག་ཉིད་ལ་བརྫུན་མི་སྨྲ་ན་ལེགས་སོ་མངོན་པའི་ང་རྒྱལ་དུ་མ་གྱུར་ཅིག གལ་ཏེ་ཡང་ཅུང་ཟད་ཅིག་ཁོ་ན་མཐོང་བའོ། །ཞེ་ན། འོ་ན་ས་དང་པོ་མཐོང་བའི་ལམ་དུ་མི་འགྱུར་ཏེ། སྔར་མཐོང་ཟིན་པའི་ཕྱིར་རོ། །ཁོ་བོས་ནི་སྔར་རྟོགས་ཏེ་ད་ལྟ་ཉམས་སོ་ཞེ་ན། དེ་ལྟ་ན་དེ་ཁོ་ན་ཉིད་རྟོགས་ནས་ཀྱང་ཉམས་པར་འགྱུར་བའི་ཕྱིར། མཐོང་ལམ་ཀྱང་ཉམས་པར་འགྱུར་བས་བཞད་གད་ཀྱི་གནས་སོ། །ཡང་དེ་ཁོ་ན་ཉིད་རྟོགས་པའི་གནས་སྐབས་དེ་ན་གླིང་གཞི་བྱེ་བ་ཕྲག་བརྒྱ་བསྒུལ་པ་ལ་སོགས་པའི་ཡོན་ཏན་སྟོན་ནུས་པར་ཐལ། རྟོགས་པ་ལ་ཁྱད་པར་མེད་པའི་ཕྱིར་རོ། །གང་དག་རྟོགས་པ་ལ་ཁྱད་པར་མེད་པ་དེ་ལ་ཡོན་ཏན་ལ་ཁྱད་པར་མེད་པ་ཆོས་ཉིད་དེ། དཔེར་ན་སངས་རྒྱས་བཞིན་ནོ། །དོན་གྱི་ཡེ་ཤེས་སུ་འདོད་པ་ལ་ནི་སྐྱོན་དེ་དག་དང་གཞན་ཡང་དཔག་ཏུ་མེད་པ་འབྱུང་ངོ༌། །ཁོ་བོ་ཅག་ནི་དཔེ་ཙམ་དུ་འདོད་དོ། །དེ་ལྟར་ན་གཅིག་དང་དུ་བྲལ་ལ་སོགས་པའི་ཐབས་དང་ཁྱད་པར་ཅི་ཡོད་སྙམ་ན། ཡོད་དེ་དེ་དག་གིས་ནི་རང་བཞིན་མེད་པར་ཤེས་པ་ཙམ་ཡིན་གྱི་སེམས་རྟོག་པ་མེད་པར་མ་གྱུར་ཏེ། དཔེར་ན་ཟླ་བ་ལྟ་འདོད་པ་ལ་ཁ་དོག་དང་དབྱིབས་ཀྱི་སྒོ་ནས་བཤད་པ་ལྟ་བུའོ། །འདིར་དབང་ལ་སོགས་པའི་དུས་སུ་རྟོགས་པའི་ཡེ་ཤེས་དེ་སྤྲོས་པ་དང་བྲལ་བའི་ཆ་ནས་མཐོང་བའི་ལམ་གྱི་ཡེ་ཤེས་དང་འདྲ་སྟེ་དཔེར་ན་ཟླ་བ་ལྟ་འདོད་པ་ལ་ཆུ་ནང་གི་ཟླ་བས་མཚོན་པ་བཞིན་ནོ། །དེའི་ཕྱིར་མ་རྨོངས་ཀྱང་བདེན་མཐོང་དུ་མི་འགྱུར་རོ། །ཡང་དཔེའི་ཡེ་ཤེས་རྟོགས་ནས་གོམས་པར་མ་བྱས་ན། ཡེ་ཤེས་འཇུག་ལྡོག་ཅེས་བྱ་བ་ཡིན་པས་སྒྲིབ་པ་ཚན་ཆེ་བས་བསྒྲིབས་པའི་ཕྱིར་ཡང་ཡེ་ཤེས་དེ་འགག་པར་འགྱུར་རོ། །དེས་ན་རྣལ་འབྱོར་པ་འདིས་ཀྱང་རྟོགས་པ་མཆོག་ཏུ་རློམ་སེམས་པར་མི་བྱ་སྟེ། བརྩོན་འགྲུས་ཉིད་ཀྱིས་འབད་པ་ཆེར་བྱ་དགོས་སོ། །དེ་ལྟ་མ་ཡིན་ན་དོན་གྱི་ཡེ་ཤེས་མ་ཡིན་པའི་ཕྱིར་འགག་པ་ཆོས་ཉིད་དོ། །གཉིས་པ་ཐབས་མང་དཀའ་བ་མེད་པས་ལམ་གོལ་པར་འགྱུར་བའི་རྒོལ་བ་ནི། ཅི་དེ་ཁོ་ན་ཉིད་རྟོགས་པའི་ཐབས་སུ་བསྐྱེད་པའི་རིམ་པ་དང་རྩ་དང་རླུང་དང་ཐིག་ལེ་ལ་སོགས་པ་མཆོག་གི་དངོས་གྲུབ་སྒྲུབ་པའི་ཐབས་མང་བ་ཞེས་བྱ་བ་འདི་ཡང་དག་པ་མ་ཡིན་ཏེ། འདི་ལྟར་བསྐྱེད་ཀྱི་རིམ་པ་ནི་གཟུགས་ཀྱི་སྐུ་ཙམ་དུ་འགྱུར་ལ་དེའི་དེ་ཁོ་ན་ཉིད་ནི་ཕ་རོལ་ཏུ་ཕྱིན་པ་དང་མཚུངས་སོ། །ཐིག་ལེ་དང་རྩ་རླུང་ལ་སོགས་པའི་ཐབས་མང་པོ་མུ་སྟེགས་བྱེད་ལའང་ཡོད་པས་དེ་དག་ཐབས་སུ་ག་ལ་འགྱུར། ཡང་ཐུན་མོང་སྒྲུབ་པའི་ཐབས་མང་པོ་ཞེས་བྱ་བ་འདིའང་སེམས་ཅན་གསོད་པ་དང་དགུག་པ་ལ་སོགས་པའི་ཐབས་སེམས་ཅན་ལ་འཚེ་བར་འགྱུར་ན། འདི་ལ་བྱང་ཆུབ་ལྟ་ག་ལ་ཞིག་བདེ་འགྲོའང་རིང་བར་འགྱུར་རོ། ཡང་དཀའ་བ་མེད་དེ་བདེ་བས་བྱང་ཆུབ་སྒྲུབ་བོ་ཞེས་ཟེར་བའང་འདོད་པ་རྣམས་ལ་འཇོལ་ཉོག་ཏུ་སྤྱད་པས་འགྲུབ་ན་སོ་སོ་སྐྱེ་བོ་ཐམས་ཅད་གྲུབ་པར་འགྱུར་བ་དང༌། དེ་ཉིད་ཤེས་པས་ཡུལ་ལ་སྤྱད་ན་མི་གོས་ཤིང་དེས་འགྲུབ་པར་འགྱུར་རོ། །ཞེས་བྱ་བའང་གྲངས་ཅན་གྱི་ལྟ་བ་དང་མཚུངས་པར་འགྱུར་རོ་ཞེས་རྒོལ་བའོ། །དེའི་ལན་ལ། བསྐྱེད་པའི་རིམ་པས་མི་འགྲུབ་བོ་ཞེས་རྒོལ་བ་ལ་བསྐྱེད་པའི་རྣམ་པ་ཙམ་ལ་ཞེན་ན་མི་འགྲུབ་པར་གསང་སྔགས་ཉིད་ལས་ཀྱང་གསུངས་ལ། དེ་ལ་རྫོགས་པའི་རིམ་པ་བསྒོམས་པས་ཟུང་ངུ་ཆུད་ཅིང་དེའི་དེ་ཉིད་ཤེས་ནས་གྲོལ་བར་འགྱུར་རོ། །དེས་ན་ཕ་རོལ་ཏུ་ཕྱིན་པ་ལས་ཁྱད་ཡོད་དེ། ལྷ་གཅིག་གི་དེ་ཁོ་ན་ཉིད་ལའང་ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་ཐམས་ཅད་གཏན་ལ་ཕེབས་ཤིང༌། ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་ཐམས་ཅད་འདུས་པ་དང༌། དུས་རྒྱུན་ཏུ་ཚོགས་རྫོགས་པར་འགྱུར་བ་དང༌། ཚེ་འདིར་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བ་ལ་སོགས་པ་དགོས་པ་བསམ་གྱིས་མི་ཁྱབ་པ་མངོན་སུམ་དུ་གྲུབ་པ་ཡིན་པས་ཁྱད་པར་དུ་འཕགས་སོ། །ཡང་རླུང་ལ་སོགས་པ་མུ་སྟེགས་བྱེད་ལའང་ཡོད་པས་ལམ་མ་ཡིན་ནོ་ཞེས་བྱ་བ་ལའང་འདི་སྐད་ཅེས་དྲི་བར་བྱ་སྟེ། མུ་སྟེགས་བྱེད་ལ་ཡོད་པ་མ་ལུས་པ་སྤོང་ངམ། འོན་ཏེ་མི་སྤོང༌། མི་སྤོང་ན་ཁ་རོག་འདུག་ཅིག སྤོང་ན་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་མུ་སྟེགས་ལའང་ཡོད་པས་སྤང་བྱར་འགྱུར་རོ། །དེ་ལ་འདི་སྐད་དུ། སྐྱབས་གསུམ་དང་བྱང་ཆུབ་ཀྱི་སེམས་དང་འཁོར་གསུམ་ཡོངས་སུ་དག་པས་ཟིན་པས་ན་མུ་སྟེགས་ཀྱི་སྦྱིན་པ་ལ་སོགས་པ་ལས་ཁྱད་པར་དུ་བྱས་སོ་ཞེ་ན། འདིར་ཡང་དེ་དང་མཚུངས་ཏེ། སྐྱབས་གསུམ་དང་བྱང་ཆུབ་ཀྱི་སེམས་དང་འཁོར་གསུམ་ཡོངས་སུ་དག་པས་རྩ་དང་རླུང་དང་ཐིག་ལེ་ལ་སོགས་པ་བསྒོམས་པས་མུ་སྟེགས་ལས་ཁྱད་པར་དུ་འཕགས་སོ་ཞེས་མཚུངས་པར་མགོ་བསྒྲེའོ། །ཡང་གསོད་པ་དང་དགུག་པ་ལ་སོགས་པའི་ཐབས་མང་པོ་དེ་སེམས་ཅན་ལ་གནོད་པར་འགྱུར་བས་ཐབས་མ་ཡིན་ནོ་ཞེས་ཟེར་བ་དེ་ལའང་འདིར་གང་ཟག་མཆོག་དང་མཆོག་མ་ཡིན་པ་གཉིས་སུ་ཤེས་པར་བྱའོ། །དེ་ལ་གང་ཟག་མཆོག་ནི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་གསུངས་ཏེ། འཕགས་པ་དཀོན་མཆོག་བརྩེགས་པ་ལས་གྲོང་ཁྱེར་གྱི་ལུས་གང་ཡིན་པ་དེ་བུ་རམ་གྱི་ཞིང་ལ་ཕན་པར་འགྱུར་རོ། །དེ་བཞིན་དུ་ཉོན་མོངས་པའི་ལུད་གང་ཡིན་པ་དེའང་བྱང་ཆུབ་སེམས་དཔའི་བྱང་ཆུབ་ཀྱི་ཞིང་ལ་ཕན་པར་འགྱུར་རོ། །ཞེས་སོ། །དེ་བཞིན་དུ་དེད་དཔོན་སྙིང་རྗེ་ཆེན་པོས་མི་ནག་པོ་ལ་མདུང་བསྣུན་ཏེ་བསད་པས་བསྐལ་པ་མང་པོའི་སྡིག་པ་བསྙིལ་བ་ལ་སོགས་པ་དུ་མ་འབྱུང་ངོ༌། །འདིར་ཡང་སྡང་བས་གསོད་པ་ལ་སོགས་པ་ནི་བཀག་སྟེ། ལུང་ལས། སེམས་ཅན་གནོད་པ་ཙམ་གྱིས་ནི། །ཕྱག་རྒྱའི་དངོས་གྲུབ་རྙེད་མི་འགྱུར། །ཞེས་གསུངས་སོ། །ཐབས་ལ་མཁས་པས་ཟིན་པ་ནི་རྗེས་སུ་གནང་བ་ཉིད་ཡིན་ནོ། །གལ་ཏེ་གང་ཟག་མཆོག་ལ་དེ་ལྟར་ཡིན་མོད། གང་ཟག་དམན་པ་རྣམས་ཀྱང་འདིར་ཞུགས་པས་མ་ལེགས་སོ་སྙམ་ན། འོ་ན་རབ་ཏུ་བྱུང་བའི་ཚུལ་ཁྲིམས་ལ་སོགས་པ་དང༌། སྟོང་པ་ཉིད་བསྟན་པ་ལ་སོགས་པས་ཀྱང་དེ་ལ་བརྟེན་ཏེ་སྡིག་པར་འགྱུར་བས་མ་ལེགས་སོ། །གལ་ཏེ་མ་ལེགས་པ་བདེན་ཀྱང་དེ་དག་ལ་ཐར་པའི་ས་བོན་གྱི་བག་ཆགས་གཞག་པས་དམན་པའིའང་ལམ་ཡིན་སྙམ་ན། འདིར་ཡང་དེ་བཞིན་དུ་ཤེས་པར་བྱའོ། །ཡང་འདོད་པ་རྣམས་ལ་འཇོལ་ཉོག་ཏུ་སྤྱོད་པ་ཞེས་བྱ་བ་དེ་ལའང་འདི་དྲི་བར་བྱ་སྟེ། འོ་ན་ཕ་རོལ་ཏུ་ཕྱིན་པ་བས་ཁ་ཟས་ལ་སོགས་པ་ལ་གཏན་མི་སྤྱོད་ཅིང་དཀོན་མཆོག་མཆོད་པའང་གཏན་མེད་པར་འགྱུར་རོ། །གལ་ཏེ་རང་གི་ལས་ཀྱི་སྲིན་བུ་གསོ་བ་དང་དཀོན་མཆོག་མཆོད་པ་ལ་སོགས་པའི་བསམ་པས་ཟིན་ན་འགལ་བ་མེད་དོ་སྙམ་ན། འདིར་ཡང་ཐབས་ལ་མཁས་པས་ཟིན་པ་ལ་ཡིན་གྱིས། སེམས་རྣམ་པར་གཡེང་བའི་བྱ་བ་ནི་ནམ་ཡང་བཀག་གོ །འོ་ན་ཡང་ལམ་མཉམ་པོར་འགྱུར་རོ་སྙམ་ན། བདེན་མོད་ལམ་གྱི་སྤྱིའམ་རྩ་བ་མཚུངས་པས་གསང་སྔགས་ལ་རྩོད་པ་མེད་པ་ཡིན་ལ། བྱེ་བྲག་མང་ཞིང་སྤྱོད་པ་བདེ་བ་དེ་གསལ་བར་སྟོན་པས་ཁྱད་པར་དུ་འཕགས་པའང་ཡིན་ཏེ། དཔེར་ན་སྟོང་པ་ཉིད་དང་རྒྱ་ཆེན་པོ་ཉན་ཐོས་ཀྱི་སྡེ་སྣོད་དུའང་བསྟན་པས་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀར་ཡང་གྲུབ་ལ། དེ་གསལ་བར་བསྟན་པས་ཁྱད་པར་དུ་འཕགས་པར་ཡང་བསྟན་པ་བཞིན་ནོ། །གསུམ་པ་ཉན་ཐོས་ཀྱི་ལམ་དང་མཚུངས་པར་རྩོད་པ་སྤང་བ་ནི། གལ་ཏེ་གསང་སྔགས་པ་དབང་པོ་རྣོ་བས་སྐྱེ་བ་འདི་ཉིད་དམ་བར་མ་དོ་ལ་སོགས་པར་གྲུབ་པས། ཧ་ཅང་མྱུར་ཆེས་པས་འབྲས་བུ་དམན་པ་ལས་མི་ཐོབ་སྟེ། དཔེར་ན་ཀོ་ཊ་བ་དང་སཱ་ལུ་བཞིན་དུ་འདིར་ཡང༌། ཉན་ཐོས་པ་དག་མྱུར་བ་སྲིད་པ་གསུམ་གྱིས་གྲོལ་ཞེས་ཟེར་བས་འབྲས་བུ་དམན་པ་དགྲ་བཅོམ་པ་སྲིད་པ་གསུམ་ན་འགྲུབ་ལ། འབྲས་བུའི་མཆོག་སངས་རྒྱས་སྒྲུབ་པ་ལ་བྱ་དཀའ་བ་སྣ་ཚོགས་ཀྱིས་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་མ་སྤྱད་པར་བླ་ན་མེད་པའི་བྱང་ཆུབ་མི་འགྲུབ་བོ། །དེ་བས་ན་གསང་སྔགས་དབང་པོ་རྣོ་བ་ཡིན་དུ་ཆུག་ཀྱང་སྤྱོད་པ་རླབས་པོ་ཆེ་མ་སྤྱད་པའི་ཕྱིར་ཉན་ཐོས་པས་འབྲས་བུ་དམན་པར་འགྱུར་རོ་ཞེས་རྒོལ་བའོ། །དེའི་ལན་ལ་སློབ་དཔོན་ཁ་ཅིག་གསང་སྔགས་པ་སྐྱེ་བ་ཅིག་གིས་འགྲུབ་པ་ཞེས་བྱ་བ་ནི། ས་དང་པོ་ལ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཅེས་བྱ་ལ་དེ་སྐྱེ་བ་འདི་ལ་འགྲུབ་པར་རུང་སྟེ་དབང་པོ་རྣོ་བའི་ཕྱིར་རོ། །དེས་ན་ཕ་རོལ་ཏུ་ཕྱིན་པའི་ལམ་དང་མཚུངས་ཏེ་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ན་ཞག་བདུན་གྱིས་ཀྱང་བྱང་ཆུབ་ཐོབ་བོ་ཞེས་གསུངས་པའི་ཕྱིར་རོ་ཞེས་བྱ་བར་བཞེད་དོ། །ཡང་སློབ་དཔོན་མཁས་པ་དཔལ་དབྱངས་ཀྱི་བཞེད་ཀྱིས་ནི། གསང་སྔགས་སྤྱོད་པའི་ཆོ་ག་ཡིས། །ཚེ་ལ་དབང་བའི་རིག་འཛིན་ཐོབ། །རིག་པ་འཛིན་པའི་ཚེ་ཉིད་ཀྱིས། །སངས་རྒྱས་གྲུབ་པར་བཤད་པ་ཡིན། །ཞེས་གསུངས་ཏེ། ཚེ་དཔག་ཏུ་མེད་པར་གྱུར་ན། བྱ་དཀའ་བ་སྣ་ཚོགས་ཀྱང་སྤྱད་པ་ལ་འགལ་བ་ཅི་ཡོད་ཅེས་བྱ་བར་ཡང་དགོངས་སོ། །དཔལ་ཀུན་ཏུ་ཁ་སྦྱོར་དང༌། རྡོ་རྗེ་མཁའ་འགྲོ་ལས། བཅུད་ཀྱིས་ལེན་གྲུབ་པར་གྱུར་པའི་ཚེ་འགྲུབ་བོ་ཞེས་གསུངས་པའི་དགོངས་པའང་མཐུན་པ་ཡིན་ནོ། །རྗེ་བཙུན་གྱི་ཞལ་སྔ་ནས་ནི། དཔལ་གསང་བ་འདུས་པ་ལས། བྱང་ཆུབ་སེམས་ནི་རྒྱལ་རྒྱ་མཚོ། །རྡོ་རྗེ་སེམས་དཔའི་ཚེ་དེས་ཐོབ། །ཅེས་གསུངས་པ་ལ། སློབ་དཔོན་ཟླ་གྲགས་ཀྱིས་རྡོ་རྗེ་སེམས་དཔའི་ཚེ་ནི་ནད་མེད་པ་དང་འཚོ་བ་དང་ལྡན་པ་དང་བར་ཆད་མེད་པའོ་ཞེས་སོ། །དེ་དང་མཐུན་ཏེ་ཟག་པ་དང་བཅས་པའི་ལུས་ཀྱིས་ཚེ་འདི་ཉིད་ལ་བརྩོན་འགྲུས་དྲག་པོས་འབད་ན་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ཀྱང་སྐྱེ་བར་འགྱུར་རོ། །རྫུ་འཕྲུལ་ལ་སོགས་པ་གྲུབ་པའི་ཡོན་ཏན་མཐའ་དག་ཀྱང་འབྱུང་བར་འགྱུར་རོ། །དེས་སྐད་ཅིག་ལ་སེམས་ཅན་བསམ་གྱིས་མི་ཁྱབ་པའི་དོན་ཡང་རྫོགས་པར་བྱེད་ན་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་ཡང་རྫོགས་པར་བྱེད་པ་ཉིད་དེ། དཔལ་ཁ་སྦྱོར་ལས། ཁ་ཅིག་ཏུ་ནི་བྱང་ཆུབ་ཆེན་པོའི་སེམས། །ཁ་ཅིག་ཏུ་ནི་བདུད་ལས་མཆོག་ཏུ་རྒྱལ། །ཞེས་བྱ་བ་ལ་སོགས་པ་དང༌། ལུས་ཀྱི་སྦྱིན་པ་བྱིན་ནས་ནི། །ཕྱི་ནས་སྤྱོད་པ་ཡང་དག་སྤྱད། །ཅེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བས་ན་དུས་ཡུན་རིང་བས་ཚོགས་རྫོགས་པ་མ་ཡིན་ཏེ། འཁོར་བའི་སྡུག་བསྔལ་བཞིན་ནོ། །ཡུན་ཐུང་ཡང་ཚོགས་རྫོགས་ཏེ། དེ་བཞིན་གཤེགས་པ་སྐར་རྒྱལ་ལ་ཚིགས་སུ་བཅད་པ་གཅིག་གིས་བསྟོད་དེ་བསྐོར་བ་བདུན་བྱས་པས་བསྐལ་པ་དགུའི་ཚོགས་འདུམས་པར་བཤད་དོ། །དེ་ལྟར་རྗེ་བཙུན་གྱི་གསུང་འདི་ལ་ནི་སློབ་དཔོན་སྔ་མ་གཉིས་ཀྱི་བཞེད་པའང་མི་འགལ་ཞིང་འདུས་པར་ཤེས་པར་བྱའོ། །སྤྱི་དོན་གཉིས་པ་བྱ་སྤྱོད་གསང་སྔགས་མ་ཡིན་པར་ཐལ་བ་སྤང་བ་ནི། གལ་ཏེ་ཁྱད་པར་བཞི་པོས་གསང་སྔགས་ཁྱད་པར་དུ་འཕགས་པ་ཡིན་ན། བྱ་སྤྱོད་ཀྱི་རྒྱུད་ལ་མ་རྨོངས་པ་དང༌། དཀའ་བ་མེད་དེ་བདེ་བས་བྱང་ཆུབ་བསྒྲུབ་པའི་ཁྱད་པར་མེད་པས་གསང་སྔགས་མ་ཡིན་པར་འགྱུར་རོ། །དེ་ལ་གསང་སྔགས་སུ་གྲགས་པ་ཙམ་གྱིས་རྒྱུ་མཚན་དུ་མི་རུང་སྟེ། ཕ་རོལ་ཏུ་ཕྱིན་པ་ལའང་གསང་སྔགས་སུ་བཏགས་ནས་ཡོད་པས་ཐལ་ཆེས་པར་འགྱུར་རོ་ཞེས་བྱ་བ་རྒོལ་བའོ། །དེའི་ལན་ནི་འོ་ན་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་མེད་ན་སངས་རྒྱས་པ་མ་ཡིན་ཞེས་བྱ་བར་ཐམས་ཅད་མཐུན་པ་ཡིན་པས། འཕགས་པ་ཉན་ཐོས་པ་ལ་ཆོས་ཐམས་ཅད་བདག་མེད་པ་མེད་ལ། གནས་མ་བུ་བདག་འདུས་བྱས་ཐམས་ཅད་མི་རྟག་པར་ཡང་མི་འདོད་པས་སངས་རྒྱས་པར་ག་ལ་རུང༌། གལ་ཏེ་དེ་དག་ལས་གཏན་མ་བཤད་པ་ནི་མ་ཡིན་ཏེ། བློ་དམན་པ་ལ་སྦས་ཏེ་གསུངས་སོ་སྙམ་ན། འདིར་ཡང་འདྲ་སྟེ། བྱ་སྤྱོད་དུའང་བྱིན་གྱིས་བརླབས་པ་ཡོད་པས་མ་རྨོངས་པ་དང༌། ལྟ་བ་དང་དགོད་པའི་བདེ་བ་ཙམ་གནང་བས་དཀའ་བ་མེད་པའང་ཡོད་དེ། དེར་རྒྱས་པར་མ་གསུངས་པ་ཡིན་ནོ། །དེས་ན་རྣལ་འབྱོར་ཆེན་པོ་ལ་ལྟོས་ནས་ཁྱད་པར་ཆུང་ཡང༌། ཕ་རོལ་ཏུ་ཕྱིན་པ་ལ་ལྟོས་ནས་ཁྱད་པར་ཆེ་བས་ན་གསང་སྔགས་སུ་འགྱུར་རོ། །སྤྱི་དོན་གསུམ་པ་སྡེ་སྣོད་ཀྱི་དབྱེ་བ་དང་འགལ་བ་སྤང་བ་ནི། འོ་ན་སངས་རྒྱས་ཀྱི་བཀའ་རྣམས་སྡེ་སྣོད་གསུམ་དུ་མ་འདུས་པ་མེད་པར་མདོ་ལས་གསུངས་པ། ཁྱེད་ལ་གསང་སྔགས་ཀྱི་སྡེ་སྣོད་གཅིག་ཀྱང་ཡོད་པས་སྡེ་སྣོད་བཞིར་འགྱུར་རོ། །དེ་ལྟར་ན་མདོ་དང་འགལ་ལོ་ཞེ་ན། མ་ཡིན་ཏེ། སྡེ་སྣོད་གསུམ་ནི་ཕ་རོལ་ཏུ་ཕྱིན་པ་ལ་དགོངས་ལ། གསང་སྔགས་ཐུན་མོང་མ་ཡིན་པའི་ཕྱིར་དེར་མ་གྲགས་པས་འདིར་རིག་པ་འཛིན་པའི་སྡེ་སྣོད་ཅེས་བྱ་བ་ཁྱད་པར་དུ་འཕགས་པ་བྱེ་བྲག་པ་ཡིན་ཏེ། དཔེར་ན་ཉན་ཐོས་པར་མ་གྲགས་པའི་ཐེག་ཆེན་བཞིན་ནོ། །དེ་ལྟ་ཡིན་མོད་ཀྱང་སྡེ་སྣོད་གསུམ་དང་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་ནང་དུ་འདུ་དགོས་སོ་ཞེ་ན་ཚུལ་འདི་ལྟར་བསྡུ་སྟེ། གསུང་རབ་ཀྱི་དབང་དུ་བྱས་ན་ཤིན་ཏུ་རྒྱས་པའི་སྡེ་སྣོད་ཅེས་བྱ་བར་ཐེག་པ་མཐའ་དག་འདུ་བ་ཡིན་པས། གསང་སྔགས་ཀྱང་དེར་འདུས་སོ། །དེ་ལྟར་ཡང་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལས་ཀྱང༌། ཤིན་ཏུ་རྒྱས་པ་ཆེན་པོ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཞེས་འབྱུང་ལ། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་དང༌། འཇམ་དཔལ་གྱི་རྩ་བའི་རྟོག་པ་ལས་ཀྱང་དེ་བཞིན་དུ་གསུངས་སོ། །སྡེ་སྣོད་གསུམ་གྱི་དབང་དུ་བྱས་ན་པཎྜི་ཏ་འཇིགས་མེད་འབྱུང་གནས་སྦས་པ་ན་རེ། གསུམ་ཀ་ཡོད་དེ། ཚུལ་ཁྲིམས་སྟོན་པས་འདུལ་བའང་ཡིན་ལ། སེམས་སྟོན་པས་མདོ་སྡེའང་ཡིན་ལ། ཤེས་རབ་སྟོན་པས་མངོན་པའང་ཡིན་ནོ་ཞེས་འཆད་དོ། །ཁ་ཅིག་ནི་མི་རྟོག་པའི་བྱ་བ་གཙོ་བོར་སྟོན་པས་ན་མངོན་པའོ་ཞེས་འཆད་དོ། །རྗེ་བཙུན་གྱི་ཞལ་སྔ་ནས་ནི། མདོ་སྡེའི་སྡེ་སྣོད་ཡིན་ཏེ། གཏན་ཚིགས་ནི་ལྷག་པ་སེམས་ཀྱི་བསླབ་པ་གཙོར་སྟོན་པའི་ཕྱིར་རམ། བསླབ་པ་གསུམ་ཀ་སྟོན་པའི་ཕྱིར་ཏེ། མདོ་སྡེ་རྒྱན་ལས་སྡེ་སྣོད་གསུམ་གྱི་མཚན་ཉིད་འདི་སྐད་གསུངས་ཏེ། ལྟུང་དང་འབྱུང་དང་ལྡང་བ་དང༌། །ངེས་པར་འབྱུང་དང་གང་ཟག་དང༌། །བཅས་པ་དང་ནི་རབ་དབྱེ་དང༌། །རྣམ་པར་ངེས་ཕྱིར་འདུལ་བའི་ཆོས། །འདུལ་བའོ། །མངོན་རྒྱུའི་ཕྱིར་དང་ཡང་ཡང་དང༌། །ཟིལ་གནོན་རྟོགས་ཕྱིར་མངོན་པའི་ཆོས། །མངོན་པའོ། །གནས་རྣམས་དང་ནི་མཚན་ཉིད་དང༌། །ཆོས་དོན་སྨོས་ཕྱིར་མདོ་ཡིན་ནོ། །དེ་ལྟར་མདོ་སྡེའི་མཚན་ཉིད་འཕགས་པ་ཐོགས་མེད་ཀྱིས་ཆོས་མངོན་པ་ལས་ཀྱང་གསུངས་པ་དང་མཐུན་ནོ། །གསང་སྔགས་ཀྱི་གཞུང་ཕལ་ཆེར་ལས་ཀྱང་མདོ་སྡེ་འདི་ནི་ཞེས་གསུངས་སོ། །སྤྱི་དོན་བཞི་པ་ནི། ཡང་འདི་ནི་ཐེག་པ་ཆེན་པོར་མངོན་པར་རློམ་པའི་ཉན་ཐོས་ཁ་ཅིག གསང་སྔགས་ཀྱི་ཐེག་པ་ཞེས་བྱ་བ་ནི་ཁྱད་པར་དུ་འཕགས་པའི་དམ་པའི་ཆོས་ཡིན་མོད། དེ་ད་ལྟ་སྤྱད་པའི་དུས་མ་ཡིན་ཏེ། སློབ་དཔོན་དང་སློབ་མ་མཚན་ཉིད་དང་ལྡན་པ་མེད་པའི་ཕྱིར་དང༌། བསྲུངས་ན་ཕན་ཡོན་ཆེ་ཡང་མ་བསྲུངས་ན་ཉེས་པ་ཆེ་བའི་ཕྱིར་དང༌། དམ་ཚིག་བསྲུང་བར་མི་ནུས་པའི་ཕྱིར་དང༌། དུས་ངན་པས་སྡུག་བསྔལ་མང་པོས་གཟིར་བས་དངོས་གྲུབ་མི་འཐོབ་པའི་ཕྱིར་རོ་ཞེས་ཟེར་རོ། །དེ་ནི་ཡང་དག་པ་མ་ཡིན་ཏེ། མཚན་ཉིད་མཐའ་དག་དང་ལྡན་པ་རྙེད་པར་དཀའ་ཡང་རྒྱུད་དང་བསྟན་བཅོས་ལས་བཤད་པའི་རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད། བརྟན་ཞིང་དུལ་ལ་བློ་གྲོས་ལྡན། །བཟོད་ལྡན་དྲང་ལ་གཡོ་སྒྱུ་མེད། །ཅེས་བྱ་བ་ལ་སོགས་པ་ཅི་རིགས་པ་དང་ལྡན་པ་རྙེད་དེ། དེ་ལྟ་མ་ཡིན་ན་རབ་ཏུ་བྱུང་བའི་མཁན་པོ་ལྔ་ཕྲུགས་ཉེ་ཤུ་རྩ་གཅིག་ལས་གང་ཡང་རུང་བ་དང་ལྡན་པ་ལ་སོགས་པའང་རྙེད་པར་དཀའ་བས་རབ་བྱུང་ཡང་འགོག་པར་འགྱུར་རོ། །མ་བསྲུངས་ན་ཉེས་པ་ཆེ་བས་མི་སྲུང་ནའང༌། དམ་པའི་ཆོས་མཐའ་དག་དེ་དང་འདྲ་བས་ཆོས་ལ་མི་འཇུག་པར་རིགས་པར་འགྱུར་རོ། །གལ་ཏེ་དམ་ཆོས་ཐོས་པ་ཙམ་ལ་ཕན་ཡོན་ཡོད་དོ་སྙམ་ན། འདིར་ཡང་དེ་དང་མཚུངས་སོ། །དམ་ཚིག་བསྲུང་བར་མི་ནུས་ཞེས་བྱ་བའང་རིགས་པའང་མ་ཡིན་ཏེ། དགེ་ཚུལ་ཇི་ལྟ་བ་བཞིན་ཐུབ་ན་དགེ་སློང་བསྲུང་བ་སླ་བ་དང་འདྲ་བར་བྱང་ཆུབ་སེམས་དཔའི་ཐུན་མོང་གི་ཚུལ་ཁྲིམས་གསུམ་བསྲུངས་ན་གསང་སྔགས་ལའང་ཐོགས་པ་མེད་པར་འཇུག་ནུས་པར་འགྱུར་རོ། །དུས་ངན་པའི་ཕྱིར་བྱ་བའང་མི་རིགས་ཏེ་དེ་ཉིད་ཀྱི་ཕྱིར་གསང་སྔགས་མ་ཡིན་པ་གཞན་གྱིས་འབྲས་བུ་འགྲུབ་པར་བྱེད་མི་ནུས་ཏེ། རྣལ་འབྱོར་མ་ཀུན་ཏུ་སྤྱོད་པ་ལས། །གཞན་ཡང་ཕྱི་མའི་དུས་ཀྱི་ཚེ། །དུས་མཐར་དངོས་གྲུབ་མི་ཐོབ་སྟེ། །ཆོས་འདི་དེ་ལྟར་ཤེས་ནས་ནི། །བསམ་པ་ཐམས་ཅད་རྫོགས་བྱེད་ཡིན། །ཞེས་གསུངས་པས་ཕ་རོལ་ཏུ་ཕྱིན་པ་བས་ནི་སྙིགས་མའི་དུས་འདིར་མི་འགྲུབ་ལ། གསང་སྔགས་པས་སྙིགས་མའི་དུས་འདི་ཉིད་དུ་འགྲུབ་སྟེ། ཁྲག་འཐུང་མངོན་འབྱུང་ལས། ཧེ་རུ་ཀ་དཔལ་གཟུང་བྱས་ན། །སྙིགས་མའི་དུས་སུ་འགྲུབ་པར་འགྱུར། །ཞེས་གསུངས་པས་སོ། །དེ་བས་ན་དུས་ད་ལྟའི་དུས་ཁོ་ནར་གསང་སྔགས་ལ་འཇུག་པར་རིགས་པ་ཡིན་ནོ། །དེ་ལྟར་ཡང་ཕ་རོལ་ཏུ་ཕྱིན་པ་ལས་གསང་སྔགས་ཀྱི་ཐེག་པ་ཁྱད་པར་དུ་འཕགས་པའི་ཚུལ་འདི་ནི་རྗེ་བཙུན་དམ་པས་གནས་སྐབས་གཞན་དུ་གསུང་ཡང་སྐབས་འདིར་ཉེ་བར་མཁོ་བས་བྲིས་པ་ཡིན་ནོ། །དོན་འདི་དག་ལུང་དང་རིགས་པའི་སྒོ་ནས་ཤིན་ཏུ་རྒྱས་པར་སྤྲོས་ལ་རྟོགས་པར་བྱའོ། །རྒྱུད་སྡེ་སྤྱིའི་རྣམ་པར་གཞག་པ་ལས་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས་གསང་སྔགས་ཀྱི་ཚུལ་ཁྱད་པར་དུ་འཕགས་པ་བསྟན་པའི་སྐབས་སྟེ་ལྔ་པའོ།། །།ད་ནི་གསང་སྔགས་ཀྱི་ཐེག་པ་བྱེ་བྲག་ཏུ་གཏན་ལ་དབབ་པ་བཤད་པར་བྱའོ། །དེ་ལ་དོན་གཉིས་ཏེ། རྒྱུད་སྡེའི་རབ་ཏུ་དབྱེ་བ་དང༌། གསང་སྔགས་ཀྱི་ཐེག་པའི་བྱུང་ཚུལ་རྣམ་པར་གཞག་པའོ། །དང་པོ་ལ་གསུམ་སྟེ། གསང་སྔགས་མཐའ་དག་རྒྱུད་སྡེ་བཞིར་དབྱེ་བ་དང༌། བྱེ་བྲག་ཏུ་རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྡེའི་དབྱེ་བ་དང༌། རྒྱུད་སྡེ་རྣམས་ཀྱི་ཚད་བསྟན་པའོ། །དང་པོ་ནི། བྱ་བའི་རྒྱུད་དང༌། སྤྱོད་པའི་རྒྱུད་དང༌། རྣལ་འབྱོར་གྱི་རྒྱུད་དང༌། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཅེས་བྱ་བ་བཞིར་དབྱེ་བར་བྱའོ། །དེའི་རྣམ་པར་གཞག་པ་ལ་བླ་མ་གོང་མ་རྣམས་འདི་སྐད་གསུང་སྟེ། རྒྱུད་སྡེ་བཞིར་གྲངས་ངེས་པའི་གཞག་ཚུལ་དང༌། དེ་ལ་གསུམ་དང་ལྔ་དང་དྲུག་ལ་སོགས་པའི་དབྱེ་བ་དང་མི་འགལ་བའི་ཚུལ་བསྟན་པའོ། །དང་པོ་ལ་ལྔར་གསུང་ཡང༌། འདིར་རྟོགས་སླ་བའི་ཕྱིར་བཞིར་བྱ་སྟེ། རྒྱུད་སྡེ་བཞིར་གྲངས་ངེས་པ་དང༌། གྲངས་དང་གོ་རིམ་ངེས་པ་དང༌། མིང་གི་དོན་དང༌། རྩོད་པ་སྤང་བའོ། །དང་པོ་ལ་གསུམ་སྟེ། ཕྱི་རོལ་མུ་སྟེགས་བྱེད་ལ་ལོག་པར་རྟོག་པའི་དབང་གིས་ལོག་པའི་སྤྱོད་པ་བཞི་ཡོད་པས་དེ་དག་རྗེས་སུ་གཟུང་བར་བྱ་བའི་ཕྱིར་བཞིར་དབྱེ་བ་དང༌། སངས་རྒྱས་པ་ཉིད་ལའང་མཚན་ཉིད་ཀྱི་ཐེག་པ་ལ་གྲུབ་མཐའ་མི་མཐུན་པ་བཞི་ཡོད་པས་དེ་དང་ལུང་སྒོ་བསྟུན་གྱི་དབང་དུ་བྱས་ཏེ་ལྷའི་སྐྱེད་ཆོག་མི་འདྲ་བ་བཞིས་རྒྱུད་སྡེ་བཞིར་དབྱེ་བ་དང༌། གསང་སྔགས་ནི་འདོད་ཁམས་ཀྱི་སེམས་ཅན་ལ་གཙོར་གསུངས་ན་འདོད་པའི་ཁམས་ཀྱི་སེམས་ཅན་ལ་ཆགས་པ་ཆེ་འབྲིང་བཞི་ཡོད་པས་དེ་དག་མ་སྤངས་ཀྱང་བྱང་ཆུབ་ཀྱི་ལམ་ཡོད་པར་བསྟན་པའི་ཕྱིར་བཞིར་དབྱེ་བའོ། །དང་པོ་ནི་འདི་ལྟར་ཕྱི་རོལ་མུ་སྟེགས་པའི་རྩ་བ་ནི་རིག་བྱེད་ལ་ཚད་མར་འདོད་པ་དག་ཡིན་ལ་གཞན་ནི་དེ་ལས་འཕྲོས་པ་ཡིན་ནོ། །དེ་ལ་རིག་བྱེད་པ་དག་ལ་འཇུག་ཚུལ་རྣམ་པ་བཞི་ཡོད་དེ། འདོད་ཆགས་ཅན་ལྷ་ཆེན་པོའི་རྗེས་སུ་འབྲང་བ་འདོད་ཆགས་ཆོས་སུ་སྨྲ་བ་དང༌། ཞེ་སྡང་ཅན་ཁྱབ་འཇུག་གི་རྗེས་སུ་འབྲང་བའི་འཚེ་བ་ཆོས་སུ་སྨྲ་བ་དང༌། གཏི་མུག་ཅན་ཚངས་པའི་རྗེས་སུ་འབྲང་བ་གཙང་སྦྲ་ཆོས་སུ་སྨྲ་བ་དང༌། རྐྱེན་མཉམ་པ་སྐབས་ཀྱི་སྟོབས་ཀྱིས་གསུམ་ཀའི་རྗེས་སུ་འབྲང་བ་གསུམ་ཀ་ཆོས་སུ་སྨྲ་བའོ། །དེ་དག་ནི་སྐྱབས་གནས་གསུམ་གྱིས་མ་ཟིན། ལྟ་བ་བདག་མེད་ཀྱིས་ཀྱང་མ་ཟིན། ཐབས་ལ་མཁས་པ་ཁྱད་པར་ཅན་གྱིས་ཀྱང་མ་ཟིན་པས། ངན་སོང་གི་རྒྱུ་ཡིན་ནོ། །དེ་དག་རྗེས་སུ་འཛིན་པ་ལ་དེ་དག་དང་རྗེས་སུ་མཐུན་པའི་སྤྱོད་པ་དགོས་པས། དེ་བསྟན་པས་དེ་དག་འཇུག་པར་འགྱུར་ལ། ཞུགས་པ་དང་དེ་དག་ལ་ཐབས་ལ་མཁས་པའི་རྩིས་བསྒྱུར་བས་བླ་ན་མེད་པའི་བྱང་ཆུབ་ཏུ་དྲང་བར་བྱ་བའི་ཕྱིར་རྒྱུད་སྡེ་བཞི་བཤད་དོ། །དེའང་འདོད་ཆགས་ཅན་ལྷ་ཆེན་པོའི་རྗེས་སུ་འབྲང་བ་དག་ནི། ཐོབ་པར་བྱ་བའི་འབྲས་བུ་དབང་ཕྱུག་ཆེན་པོ་ལོངས་སྤྱོད་རྫོགས་པའི་སྐུ་ལ་དམིགས་ཏེ། རང་གི་ལུགས་ཀྱི་དབང་རྫོགས་པར་བླངས་ནས་རླུང་བུམ་པ་ཅན་གྱི་མན་ངག་དང༌། བྱ་ཁྱུང་གི་མན་ངག་ལ་སོགས་པ་བསླབས་ཏེ། དུས་ཁྱད་པར་ཅན་གྱི་དུས་སུ་འདུས་ནས། ཆོ་ག་བྱེད་པ་ན། ཕོ་རྣམས་ནི་གཡས་གྲལ། མོ་རྣམས་ནི་གཡོན་གྲལ་དུ་བྱས། དབུས་སུ་མར་མེ་གླིང་དགུ་པ་སྤར་ཏེ། དེ་འབར་བཞིན་དུ་རྩེ་མོ་ཐུར་དུ་བཙུགས་ཏེ་ཆུའི་ནང་དུ་བཅུག་ནས་མ་དང་སྲིང་མོ་ལ་སོགས་པ་ལའང་ལོངས་སྤྱོད་པར་བྱེད་དོ། །དེའང་གཽ་ཏམ་བུད་མེད་མེ་ཡིན་ཏེ། །དེ་ཡི་ཉེ་གནས་ཐབ་ཁུང་ཡིན། །དེར་སྐྱེས་སྤུ་ནི་དུ་བ་སྟེ། །དེ་ཡི་ནང་ཞུགས་སོལ་བ་ཡིན། །དེ་ཡི་ཁུ་བ་མེ་སྟག་སྟེ། །དེ་ལྟ་བུ་ཡི་མེ་དེ་ལ། །སྐྱེས་བུ་ལྷ་ཡི་ས་བོན་སྲེག །དེ་ལས་སྐྱེས་བུ་འབྱུང་བར་འགྱུར། །ཞེས་སོ། །དེ་བཞིན་དུ་བདུད་རྩི་ལྔ་དང་ཤ་ལྔ་ལ་སོགས་པ་ཟ་ཞིང་ཁྱི་ཕག་གི་སྤྱོད་པ་བྱེད་དེ། ཁྱིའི་བརྟུལ་ཞུགས་ཅན་དང་བ་ལང་གི་བརྟུལ་ཞུགས་ཅན་ལ་སོགས་པ་དུ་མའོ། །དེ་ལྟ་བུ་དེ་དག་ཀྱང་ལྟ་བ་བདག་མེད་རྣམ་པ་གཉིས་དང་ཐབས་ལ་མཁས་པ་ཁྱད་པར་ཅན་སྙིང་རྗེ་ཆེན་པོ་ལ་སོགས་པས་མ་ཟིན་པས་ངན་སོང་ལ་སོགས་པར་ལྟུང་བའི་རྒྱུར་གྱུར་པ་ཡིན་ནོ། །དེ་ལྟ་བུ་དེ་རྗེས་སུ་འཛིན་པ་ལ་དེ་དང་རྗེས་སུ་མཐུན་པའི་སྤྱོད་པ་དགོས་པས་རྣལ་འབྱོར་བླ་ན་མེད་པའི་རྒྱུད་གསུངས་སོ། །དེ་སྐད་དུ་དཔལ་གསང་བ་འདུས་པ་ལས་ཀྱང༌། ཆགས་ཅན་ཡེ་ཤེས་འདོད་པ་ཡིས། །རྟག་ཏུ་འདོད་ཡོན་ལྔ་རྣམས་བསྟེན། །ཞེས་བྱ་བ་དང༌། བུ་མོ་ཨུཏྤལ་མཐིང་གའི་མདོག །རྙེད་ནས་འདོད་པས་མཆོད་པར་བྱ། །ཞེས་སོ། །བདེ་མཆོག་ལས་ཀྱང༌། སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །ཞེས་སོ། །དེ་ལྟར་རྣལ་འབྱོར་བླ་ན་མེད་པའི་རྒྱུད་མཐའ་དག་ལས་འདོད་ཆགས་ཀྱི་ཀུན་ཏུ་སྤྱོད་པ་གསུངས་སོ། །དེ་ལྟར་དེ་དག་དང་རྗེས་སུ་མཐུན་པའི་སྤྱོད་པ་བསྟན་པས་དེ་དག་འཇུག་པར་འགྱུར་ལ། ཞུགས་པ་དང་ཤེས་རབ་ལོ་གྲངས་བཅུ་དྲུག་ནི་སྟོང་པ་ཉིད་བཅུ་དྲུག་ཡིན་ནོ་ཞེས་པ་ལ་སོགས་པ་སྤྲོས་པ་དང་བྲལ་བའི་ལྟ་བ་དང༌། སྙིང་རྗེ་ཆེན་པོ་ལ་སོགས་པ་ཐབས་མཁས་པའི་སྤྱོད་པ་རྒྱ་ཆེན་པོ་བསྟན་པས་བླ་ན་མེད་པའི་བྱང་ཆུབ་ལ་འཇུག་པར་འགྱུར་བར་བྱ་བའི་ཕྱིར་རོ། །ཡང་ཁ་ཅིག་ཞེ་སྡང་ཅན་ཁྱབ་འཇུག་གི་རྗེས་སུ་འབྲངས་ནས་འཚེ་བ་ཆོས་སུ་སྨྲ་བ་ཡོད་དེ། ཐོབ་པར་བྱ་བའི་འབྲས་བུ་ཁྱབ་འཇུག་སྤྲུལ་པའི་སྐུ་ལ་དམིགས་ནས། རང་གི་ལྷ་རྟེན་གྱི་དྲུང་དུ་དུད་འགྲོ་རྣམས་དང༌། མི་རྣམས་དང་རང་གི་ལུས་ཀྱི་སྲོག་གཅོད་པའི་མཆོད་སྦྱིན་བྱེད་དེ། ཇི་སྐད་དུ་མཆོད་སྦྱིན་གྱི་རིག་བྱེད་ལས། བར་གྱི་དུས་ལ་བབ་པ་ན། །བྱོལ་སོང་དྲུག་གམ་བདུན་སྦྱར་བྱ། །རྟ་ཡིས་གཙང་མའི་རིགས་ཡིན་ནོ། །ཉུང་ན་བྱོལ་སོང་གསུམ་གྱིས་སོ། །ཞེས་བྱ་བ་དང༌། ཡང༌། རྒྱལ་རིགས་ལ་ནི་རྒྱལ་རིགས་གསད། །བྲམ་ཟེ་ལ་ནི་བྲམ་ཟེ་གསད། །མ་རུངས་དག་ལ་རྗེ་རིགས་ཏེ། །རྨོངས་རིགས་ལ་ནི་རྨོངས་རིགས་གསད། །ཞེས་དེ་ལྟ་བུའི་རིགས་ཐོབ་པར་འདོད་ན་དེ་དག་གི་གསོད་པའི་ལས་མཆོད་སྦྱིན་བྱའོ་ཞེས་འདོད་དོ། །དེ་ལྟ་བུའི་འཚེ་བ་ཆོས་སུ་སྨྲ་བ་དེ་དག་ཐབས་ལ་མཁས་པ་དང་བྲལ་བས་ངན་འགྲོའི་རྒྱུ་ཡིན་ལ། དེ་ལྟ་བུ་རྗེས་སུ་འཛིན་པ་ལ་དེ་དང་མཐུན་པའི་སྤྱོད་པ་དགོས་པས་བཅོམ་ལྡན་འདས་ཀྱིས་སྤྱོད་པའི་རྒྱུད་གསུངས་ཏེ། ཇི་སྐད་དུ་ཁྲོ་བོ་རྣམ་པར་རྒྱལ་བའི་རྟོག་པ་ལས། བཅོམ་ལྡན་འཇམ་པའི་དབྱངས་ཉིད་ནི། །ཁྲོ་བའི་མིང་ནི་གཤིན་རྗེ་གཤེད། །དེ་མཐོང་ནས་ནི་ཁྲོ་བོ་གཞན། །ཐམས་ཅད་ཐམས་ཅད་ལག་ཆ་ཤོར། །ཞེས་བྱ་བ་ལ་སོགས་པ་འཇིགས་པའི་སྐུ་བསྟན་པའམ། ཡང་དེ་ཉིད་ལས། དེ་ནས་འདིར་ནི་གསད་བྱ་བ། །ཇི་ལྟར་ཡང་དག་སྦྱོར་ལྡན་པས། །དོགས་པ་མེད་པར་འགྲུབ་འགྱུར་བས། །གསོད་པའི་མཆོག་ནི་གསད་པར་བྱ། །ཞེས་པ་དང༌། ཨེ་མ་གསོད་པ་འདི་ནི་བཟང༌། །གསོད་པ་གསོད་པ་མ་ཡིན་ཏེ། །ཇི་སྲིད་གསོད་པ་དག་ལས་གྲོལ། །བསད་པས་བྱང་ཆུབ་ཐོབ་པར་བྱེད། །ཅེས་བྱ་བ་དང༌། ཡང་དེ་ནས་གང་གིས་ལངས་པ་ལས། །མཚོན་ཆ་རྣོན་པོ་འབར་བ་ཡིས། །བསད་པའི་ཤ་དང་ཁྲག་བཅས་པའི། །ཨརྒྷཾ་དེ་ལ་དབུལ་བར་བྱ། །ཞེས་པ་དང༌། རྡོ་རྗེ་འཇིགས་བྱེད་ཀྱི་རྟོག་པ་ལས་ཀྱང༌། དེ་ལ་འདིར་ཇི་ལྟར་གསོད་པར་འདོད་པའི་སྔགས་པས་ཞེས་བྱ་བ་ལ་སོགས་པ་རབ་ཏུ་གཏུམ་ཞིང་སྡང་བའི་ཆོས་བསྟན་ཏོ། །དེས་དེ་དག་དང་རྗེས་སུ་མཐུན་པར་བསྟན་པས་དེ་དག་འཇུག་པར་འགྱུར་ལ། ཞུགས་པ་དང་དེ་དག་ལ་ཐབས་མཁས་པ་བསྟན་ཏེ། གདུག་པ་རྣམས་ནི་གདུལ་བའི་ཕྱིར། །སྦྱོར་བ་འདི་ནི་ཀུན་ཏུ་གསུངས། །དཀོན་མཆོག་གསུམ་ལ་ཆེར་གནོད་ལ། །བྱ་བར་བཤད་ཀྱིས་གཞན་དུ་མིན། །ཞེས་པ་ཡུལ་དང༌། ཡང་བྱང་ཆུབ་སེམས་དང་ལྡན་པ་ལ། །འགྲུབ་འགྱུར་འདི་ནི་གཞན་དུ་མིན། །འདི་ནི་དེ་བཞིན་གཤེགས་པ་ཡི། །དམ་ཚིག་ཐམས་ཅད་གྲུབ་སྦྱིན་པའོ། །ཞེས་པ་དང༌། ཡང་གསོད་པ་ནི་ཉོན་མོངས་པ་དང་རྣམ་རྟོག་གསོད་ཀྱི་སེམས་ཅན་ནི་མ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པ་བསམ་པའི་ཐབས་ལ་མཁས་པ་གསུངས་པས་དེ་དག་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ལ་དགོད་པའི་ཕྱིར་སྤྱོད་པའི་རྒྱུད་གསུངས་སོ། །ཡང་ཁ་ཅིག་གཏི་མུག་ཅན་ཚངས་པའི་རྗེས་སུ་འབྲངས་ནས་མི་ཤེས་པའི་དབང་གིས་གཙང་སྒྲ་ཆོས་སུ་སྨྲ་བ་ཡོད་དེ། ཐོབ་པར་བྱ་བའི་འབྲས་བུ་ཚངས་པ་ཆོས་ཀྱི་སྐུ་ལ་དམིགས་ནས། ཐོག་མར་བྲམ་ཟེ་དབང་བསྐུར་བ་ཞེས་བྱ་བ་བྱེད་དེ། དེའང་བྲམ་ཟེར་སྐྱེས་པ་དང་ལོ་བཅུ་གཉིས་ལོན་ནས་དབང་བསྐུར་བྱས་པས་སྐྱེ་བ་གཉིས་པ་ཞེས་བྱ་ལ། དེའང་བྱས་པའི་ཤུགས་བཞི་བཅུ་རྩ་བརྒྱད་ཀྱིས་བྱས་པས་ཤིན་ཏུ་གཙང་བའི་རིགས་ཡིན་ནོ། །དེས་བྱ་བའི་ལས་ཀྱང་རིག་བྱེད་བཞི་ལས་ཇི་ལྟར་འབྱུང་བ་གཙང་བའི་སྤྱོད་པ་བྱེད་དེ། སྔ་བར་ལངས་ནས་འཆགས་ཆེ་ཆུང་དུ་བཅགས་ནས། སའི་ཁྲུས་གསུམ་དང་ཆུའི་ཁྲུས་གསུམ་བྱས་ཏེ། ཚངས་སྐུད་དང་ཀུ་ཤ་དང་རིལ་བ་བཟུང་ནས་མེ་ལ་སྦྱིན་སྲེག་བྱེད་དོ། །མེ་ཚུར་སྤྱོན་དང་པོར་མཆོད་སྦྱིན་ལ་ཕན་ནོ། །ལྷའི་ནང་ན་མཆོག་ཏུ་གྱུར་པ། སྦྱིན་སྲེག་གི་གནས་རིན་པོ་ཆེ་སྦྱིན་པར་བྱེད་པ་ཞེས་བྱ་བ་ལ་སོགས་པ་བརྗོད་ཅིང་མཆོད་སྦྱིན་བྱེད་དོ། །ཡང་དེས་སྨྱུང་བ་བྱེད་དེ། ནུབ་གཅིག་གམ་ནི་ནུབ་གསུམ་མམ། །བདུན་དུའམ་ནི་ཉིན་གཅིག་ཉིད། །གང་ཞིག་སྨྱུང་བར་གནས་པ་ཡིས། །སྐྱེ་བོ་དེ་ནི་མཐོ་རིས་འགྲོ། །ཞེས་སོ། །ཡང་དེས་འབབ་སྟེགས་སུ་ཁྲུས་ཀྱིས་སྡིག་པ་དག་པར་བྱེད་དེ། འདག་ཆལ་དག་གིས་བསྒོས་པའི་གོས། །དྲི་མ་མེད་པར་འགྱུར་བ་བཞིན། །ལུས་ཅན་མཆོད་སྦྱིན་གྱིས་བསྒོས་པ། །འདབ་སྟེགས་བཀྲུས་པའང་དེ་ལྟར་འདག །ཅེས་གཙང་སྦྲའི་སྤྱོད་པས་གྲོལ་བར་འདོད་དོ། །དེ་ལྟར་གཙང་སྦྲ་ཆོས་སུ་འདོད་པ་དེའང་ཐབས་ལ་མཁས་པ་དང་བྲལ་ཞིང་རང་གི་རིགས་དང་ཆོས་ལ་མངོན་པར་ཞེན་པས་གཞན་ལ་སྡང་བ་དེ་དག་ངན་འགྲོའི་རྒྱུ་ཡིན་ལ། དེ་རྗེས་སུ་འཛིན་པ་ལའང་དེ་དང་རྗེས་སུ་མཐུན་པའི་སྤྱོད་པ་དགོས་པས་བཅོམ་ལྡན་འདས་ཀྱིས་བྱ་བའི་རྒྱུད་གསུངས་ཏེ། ལེགས་པར་གྲུབ་པ་ལས། ཤ་ཆང་ཀེའུ་བཙོང་དང་སྒོག་རྡོག་དང༌། །འབྲུ་མར་ཏིལ་དང་ལ་ཕུག་སུ་ར་ན། །འབྱུང་པོའི་ཤ་དང་ལྷ་བཤོས་གཏོར་མ་དང༌། །གུ་ལང་མཆོད་བྱས་གཏོར་མ་མི་བཟའོ། །ངས་ནི་སྔགས་པས་ཁ་ཟས་དཀར་གསུམ་དང༌། །རྩ་བ་སྡོང་བུ་འབྲས་བུ་ཚོད་མ་དང༌། །འབྲུ་མར་ཚིགས་མ་དར་བ་འོལ་ཀོན་དང༌། །ཐུག་པ་རྣམས་ནི་བཟའ་བཏུང་ཡིན་པར་གསུངས། །ཞེས་པ་དང༌། ཡང༌། དུས་སུ་ཟོས་ནས་དུས་སུ་ཁྲུས་བྱས་ནས། །ཕྲེང་བ་མར་མེ་བདུག་པ་བསྟོད་དང་དྲི། །ཤ་ཆང་མེད་པའི་ལྷ་བཤོས་ཕུལ་ནས་སུ། །ཀུ་ཤའི་ཁྲེས་ལ་འདུག་ལ་བཟླས་བརྗོད་བརྩམ། །ཞེས་བྱ་བ་ལ་སོགས་པ་གཙང་བའི་ཟས་དང་སྤྱོད་པ་དང༌། ཁྲུས་བྱ་བ་དང་སྦྱིན་སྲེག་བྱ་བ་ལ་སོགས་པ་བསྟན་པས་དེ་དག་མགུ་བར་འགྱུར་ལ། དེས་དེ་དག་འཇུག་པར་འགྱུར་རོ། །ཞུགས་པ་དང༌། དཔུང་བཟང་ལས་གསུངས་པ། བུ་གཅིག་ལུས་དག་པར་ནི་བྱ་བའི་ཕྱིར། །དེ་བཞིན་གཤེགས་པས་སྨྱུང་བ་མི་གསུང་སྟེ། །བསམ་གཏན་བདེ་བས་འགྲུབ་པར་བྱ་བའི་ཕྱིར། །དེ་བཞིན་གཤེགས་པས་སྨྱུང་བ་རྗེས་སུ་གསུངས། །ཞེས་བྱ་བ་ལ་སོགས་པ་དང༌། ཡང་ཆུའི་ཁྲུས་ཀྱིས་སྡིག་པ་འདག་པའང་ཀླུའི་རྒྱལ་པོ་མ་དྲོས་པ་བྱང་ཆུབ་སེམས་དཔའི་སྨོན་ལམ་གྱི་མཐུའོ། །ཞེས་བྱ་བ་ལ་སོགས་པས་རིམ་གྱིས་ནང་གི་ཐབས་ལ་མཁས་པ་ལ་སྦྱར་ཏེ། བླ་ན་མེད་པའི་བྱང་ཆུབ་ལ་དགོད་པའི་ཕྱིར་བྱ་བའི་རྒྱུད་གསུངས་སོ། །ཡང་ཁ་ཅིག་རྐྱེན་མཉམ་པ་སྐབས་ཀྱི་སྟོབས་ཀྱིས་གསུམ་ཀའི་རྗེས་སུ་འབྲང་བ་ཞེས་བྱ་བ་ཡོད་དེ། ཐོབ་པར་བྱ་བ་གསུམ་ཀ་ལ་དམིགས་ནས་གསུམ་ཀ་ཆོས་སུ་སྨྲ་སྟེ། འདོད་ཆགས་ཆོས་སུ་སྨྲ་བའི་སློབ་དཔོན་དང་ཕྲད་ན་འདོད་ཆགས་ཀྱི་སྤྱོད་པ་བྱེད། ཞེ་སྡང་ཆོས་སུ་སྨྲ་བ་དང་ཕྲད་ན་འཚེ་བའི་སྤྱོད་པ་བྱེད། གཏི་མུག་ཆོས་སུ་སྨྲ་བ་དང་ཕྲད་ན་གཙང་སྦྲའི་སྤྱོད་པ་བྱེད་དེ་གང་ཡང་མ་བཀག་པའི་སྤྱོད་པ་བྱེད་ལ། དེ་དག་ཀྱང་ཐབས་མཁས་པ་དང་བྲལ་བས་ངན་འགྲོའི་རྒྱུ་ཡིན་ནོ། །དེ་རྗེས་སུ་འཛིན་པ་ལ་དེ་དང་མཐུན་པའི་སྤྱོད་པ་དགོས་པས་བཅོམ་ལྡན་འདས་ཀྱིས་རྣལ་འབྱོར་གྱི་རྒྱུད་གསུངས་ཏེ། དེ་ཁོ་ན་ཉིད་འདུས་པའི་རྒྱུད་ཀྱི་དུམ་བུ་དང་པོ་རྡོ་རྗེ་དབྱིངས་ཀྱི་དུམ་བུར་འདོད་ཆགས་ཅན་རྗེས་སུ་གཟུང་བའི་ཕྱིར་ལྷ་ཐམས་ཅད་རྗེས་སུ་ཆགས་པའི་ཉམས་དང་ལྡན་པའོ། །དུམ་བུ་གཉིས་པ་ཁམས་གསུམ་རྣམ་པར་རྒྱལ་བའི་དུམ་བུར་ཁྲོ་བས་ཁྲོ་བ་སྤོང་བ་ཞེ་སྡང་ཅན་གཟུང་བའི་ཕྱིར་ལྷ་ཐམས་ཅད་ཁྲོ་བོའི་ཉམས་ཅན་ནོ། །དུམ་བུ་གསུམ་པ་འགྲོ་བ་འདུལ་བའི་དུམ་བུར་གཏི་མུག་ཅན་གཟུང་བའི་ཕྱིར་ལྷ་ཐམས་ཅད་ཞི་བའི་ཉམས་དང་ལྡན་པའོ། །དུམ་བུ་བཞི་པ་དོན་ཐམས་ཅད་གྲུབ་པའི་དུམ་བུར་མ་ངེས་པ་རྗེས་སུ་གཟུང་བའི་ཕྱིར་ལྷ་ཐམས་ཅད་སྣ་ཚོགས་མདོག་དང་ཉམས་དང་ལྡན་པ་གསུངས་སོ། །ཡང་རྒྱུད་དེར་རྟོག་པ་ཐམས་ཅད་ཀྱི་བཟླས་བརྗོད་ཅེས་བྱ་བ་གཙང་སྦྲ་ལ་སོགས་པ་སྣ་ཚོགས་ཀྱི་སྤྱོད་པ་གང་མོས་པས་བཟླ་བ་གསུངས་ཏེ། དེས་ན་མ་ངེས་པ་གསུངས་པས་དེ་དག་འཇུག་པར་འགྱུར་ལ། དེ་དག་ཞུགས་པ་དང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྣམ་པར་གྲོལ་བའི་ཐབས་ལ་མཁས་པ་བྱིན་པས་བླ་ན་མེད་པའི་བྱང་ཆུབ་ལ་གཟུད་པའི་ཕྱིར་རྣལ་འབྱོར་གྱི་རྒྱུད་གསུངས་སོ། །དེ་ལྟར་ན་མུ་སྟེགས་རིག་པ་སྤྱོད་པ་ཅན་ཞེས་བྱ་བ་ལ་ལོག་པའི་སྤྱོད་པ་བཞི་ཡོད་པ་རྗེས་སུ་གཟུང་བའི་ཕྱིར་རྒྱུད་སྡེ་བཞི་ཡིན་ནོ་ཞེས་དེ་ཉིད་འདུས་པའི་རྗེས་སུ་འབྲངས་ནས། སྔོན་གྱི་སློབ་དཔོན་རབ་འབྱོར་བསྐྱངས་དང་ཀུན་དགའ་སྙིང་པོ་ལ་སོགས་པ་དག་བཞེད་དོ་ཞེས་གྲག་གོ། །།གཉིས་པ་སངས་རྒྱས་པ་ལ་གྲུབ་མཐའ་མི་མཐུན་པ་བཞི་ཡོད་པས་དེ་དང་བསྟུན་ཏེ་སྐྱེད་ཆོག་མི་འདྲ་བ་བཞིས་རྒྱུད་སྡེ་བཞིར་གཞག་པ་ནི། ཉན་ཐོས་དབང་པོ་ཐ་མ་གནས་མ་བུ་ཞེས་བྱ་བ་དང༌། འབྲིང་པོ་ཉི་འོག་བྱེ་བྲག་ཏུ་སྨྲ་བ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་མདོ་ལས། དགེ་སློང་དག་ཁུར་ཡང་ཡོད་ཁུར་ཁྱེར་བ་པོ་ཡང་ཡོད་དོ། །ཞེས་བྱ་བའི་རྗེས་སུ་འབྲངས་ནས་གང་ཟག་གི་བདག་ཅེས་བྱ་བ་ཡོད་པར་འདོད་ལ། དེའང་རྟག་པར་བརྗོད་དུ་མེད་དེ་འདིའི་ཕུང་པོ་དོར་ནས་ཕ་རོལ་གྱི་ཕུང་པོ་ལེན་པས་སོ། །མི་རྟག་པར་བརྗོད་དུ་མེད་དེ་འདིར་ལས་བྱས་པ་དེ་ཕ་རོལ་ཏུ་བདག་གིས་ཉམས་སུ་མྱོང་བའོ། །ཕུང་པོ་དེ་ཉིད་དུ་བརྗོད་དུ་མེད་དེ་ཕུང་པོ་མི་རྟག་པའི་ཕྱིར་རོ། །གཞན་དུ་བརྗོད་དུ་མེད་དེ་ཕུང་པོའི་རྒྱུན་ཡིན་པའི་ཕྱིར་རོ། །དེས་ན་བརྗོད་དུ་མེད་པའི་གང་ཟག་ཅེས་བྱ་བ་འདོད་དོ། །དེ་བཞིན་དུ་བྱ་བའི་རྒྱུད་ཀྱི་སྐྱེད་ཆོག་གསུངས་ཏེ། མདུན་དུ་རས་བྲིས་བཀྲམ། མཆོད་པ་བཤམས་ཁྲུས་ལ་སོགས་པ་བྱས་ནས། མདུན་དུ་ཡེ་ཤེས་སེམས་དཔའ་སྤྱན་དྲང་བའི་ཆོ་ག་བྱས་ཏེ་དེའི་ཐུགས་ཀར་སྔགས་ཕྲེང་བཀོད་ནས་བཟླས་པ་བྱེད་དེ། རྗེ་དཔོན་ལྟ་བུ་ལས་དངོས་གྲུབ་ལེན་པའི་ཚུལ་ཞེས་བྱའོ། །དེའང་གྲུབ་མཐའ་དང་བསྟུན་ན། ཡེ་ཤེས་སེམས་དཔའ་ཞེས་བྱ་བ་ནི་འདོད་ལ། དེ་རས་རིས་ཀྱང་མ་ཡིན་ལ། བདག་ཀྱང་མ་ཡིན་ཏེ་བདག་ཐ་མལ་པ་ཡིན་ནོ། །དེ་ལྟར་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ལས། བདག་ཉིད་ལྷ་ཡི་སྙེམས་པ་མེད་པ་དང༌། །ཡེ་ཤེས་སེམས་དཔའི་བདེ་བ་མེད་པ་ནི། །བྱ་བའི་རྒྱུད་ལ་ཞུགས་སོ་ཞེས་གསུངས་སོ། །ཡང་ཉན་ཐོས་ཀྱི་གྲུབ་མཐའ་ལ། རབ་ཁ་ཆེ་བྱེ་བྲག་སྨྲ་བ་དང་མདོ་སྡེ་པ་གཉིས་ནི། བཅོམ་ལྡན་འདས་ཀྱིས་ལས་ཡོད། རྣམ་པར་སྨིན་པ་ཡོད། བྱེད་པ་པོ་ནི་མ་དམིགས་སོ། །ཞེས་བྱ་བའི་ལུང་ལ་བརྟེན་ནས་གང་ཟག་གི་བདག་ཅེས་བྱ་བ་དེ་ལྟ་བུ་ནི་མི་འདོད་ལ། གཟུང་བར་བྱ་བའི་ཡུལ་རྡུལ་ཕྲན་དོན་དམ་པ་དང༌། འཛིན་པའི་ཤེས་པ་སྐད་ཅིག་མ་དོན་དམ་པར་འདོད་དོ། །དེ་དང་འདྲ་བར་སྤྱོད་པའི་རྒྱུད་ཀྱི་སྐྱེད་ཆོག་གསུངས་ཏེ། བདག་དམ་ཚིག་པ་བསྐྱེད། མདུན་དུ་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནས་དེའི་ཐུགས་ཀར་སྔགས་བཀོད་ནས་ཟློ་བ་གྲོགས་པོ་ལྟ་བུ་ལས་དངོས་གྲུབ་ལེན་པའི་ཚུལ་ཞེས་བྱ་སྟེ། གྲུབ་མཐའ་གཟུང་འཛིན་གཉིས་འདོད་པ་དང་འདྲ་བར་ལྷ་གཉིས་ཀྱི་སྐྱེད་ཆོག་གོ །ཡང་འཕགས་པ་རང་སངས་རྒྱས་དག ཡུལ་རྡུལ་ཕྲན་ཏེ་ཆ་དྲུག་ཏུ་བགོས་ན་རང་བཞིན་མེད་པས་གཟུང་བར་བྱ་བའི་ཡུལ་མེད་ལ། འཛིན་པའི་ཤེས་པ་སྐད་ཅིག་མ་ཙམ་ཡོད་དེ་སྐད་ཅིག་ལ་ཆ་ཤས་མེད་པའི་ཕྱིར་རོ། །དེ་ལྟར་ཡང༌། གཟུང་བའི་རྟོག་པ་སྤང་ཕྱིར་དང༌། །འཛིན་པ་མི་སྤང་ཕྱིར་ན་ཡང༌། །རྟེན་གྱིས་བསེ་རུ་ལྟ་བུའི་ལམ། །ཞེས་མངོན་རྟོགས་རྒྱན་ལས་བཤད་པ་ལྟ་བུའོ། །དེ་དང་བསྟུན་པའི་སྐྱེད་ཆོག་ནི་རྣལ་འབྱོར་གྱི་རྒྱུད་ཀྱི་ལུགས་ཏེ། བདག་དམ་ཚིག་སེམས་དཔར་བསྐྱེད་ནས་དེ་ལ་ཡེ་ཤེས་པ་བཅུག་སྟེ་དེ་ནི་ཀུན་རྫོབ་ཏུ་གཟུང་འཛིན་གཉིས་འདོད་པ་དང་འདྲའོ། །ཡང་ཐེག་པ་ཆེན་པོ་བདག་ནི། གཟུང་བ་མེད་པས་དེར་འཛིན་མེད། །ཅེས་སེམས་ཙམ་པའང་འདོད་ལ། དབུ་མ་པའང་འདོད་དེ། ཀུན་རྫོབ་ཏུ་ནི་གཟུང་འཛིན་གཉིས་ཀ་འདོད་དོ། །དེ་དང་མཐུན་པ་ནི་རྣལ་འབྱོར་བླ་ན་མེད་པའི་སྐྱེད་ཆོག་སྟེ། དང་པོར་བདག་དམ་ཚིག་པ་བསྐྱེད། དེ་ནས་ཡེ་ཤེས་པ་འཇུག་སྟེ་ཀུན་རྫོབ་ཏུ་གཟུང་འཛིན་གཉིས་ཀ་འདོད་པ་དང་འདྲའོ། །དོན་དམ་པར་གཉིས་ཀ་མི་འདོད་པ་ལྟར་ཡེ་ཤེས་སེམས་དཔའ་གཤེགས་སུ་གསོལ་བའང་མི་འདོད་པས་ཡེ་ཤེས་སེམས་དཔའ་མི་གཤེགས་པའི་སྐྱེད་ཆོག་ཅེས་བྱའོ། །དེ་ལྟར་སྐྱེད་ཆོག་མི་འདྲ་བ་བཞིས་རྒྱུད་སྡེ་བཞིར་གཞག་པ་ནི། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྗེས་སུ་འབྲངས་ནས་འཕགས་པ་ཀླུ་སྒྲུབ་ལ་སོགས་པ་བཞེད་དོ། །ཞེས་གོང་མ་རྣམས་གསུང་ངོ༌། །གསུམ་པ་འདོད་ཁམས་ཀྱི་སེམས་ཅན་གྱི་ཕྱིར་གསང་སྔགས་གསུངས་པས། དེ་ལ་ཆགས་པ་ཆེ་འབྲིང་བཞི་ཡོད་པས། དེ་མ་སྤངས་པར་བྱང་ཆུབ་ཀྱི་ལམ་ཡོད་པར་བསྟན་པའི་ཕྱིར་རྒྱུད་སྡེ་བཞིར་ངེས་པ་ནི། འདོད་པའི་ཁམས་ཀྱི་ལྷ་གཞན་འཕྲུལ་དབང་བྱེད་ནི་བལྟས་པ་ཙམ་གྱིས་ཆགས་པ་ཚིམ་ལ། དེ་ཙམ་གྱིས་བདེ་བ་གནང་བ་ནི་བྱ་བའི་རྒྱུད་ཡིན་ཏེ། བྱ་བའི་རྒྱུད་རྡོ་རྗེ་གཙུག་ཏོར་ལས། དཀྱིལ་འཁོར་ལྷ་རྣམས་ཐམས་ཅད་ནི། །དཀར་པོའི་རས་ལ་རྟག་གནས་ཤིང༌། །ཕོ་ཡང་མོ་ལ་ལྟ་བ་དང༌། །མོ་ཡང་ཕོ་ལ་ལྟ་བ་བྲི། །ཞེས་སོ། །ཡང་འདོད་ཁམས་ཀྱི་ལྷ་འཕྲུལ་དགའ་བ་དག་ནི། བལྟས་པའི་སྟེང་དུ་དགོད་པ་ཙམ་གྱིས་ཆགས་པ་ཚིམ་ལ་དེ་ཙམ་གྱི་བདེ་བ་གནང་བ་ནི་སྤྱོད་པའི་རྒྱུད་ཡིན་ཏེ། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་ལས། རྣམ་པར་སྣང་མཛད་རྒྱལ་པོ་ཆེ། །ཡིད་ཙམ་འཛུམ་པའི་བཞིན་དུ་བྲི། །ཞེས་སོ། །ཡང་འདོད་ཁམས་ཀྱི་ལྷ་དགའ་ལྡན་དང་འཐབ་བྲལ་བ་དག་ལྟ་བ་དང་དགོད་པའི་སྟེང་དུ་ལག་བཅངས་དང་འཁྱུད་པ་ཙམ་གྱིས་ཆགས་པ་ཚིམ་པ་ཡོད་ལ་དེ་ཙམ་གྱི་བདེ་བ་གནང་བ་ནི་རྣལ་འབྱོར་གྱི་རྒྱུད་ཡིན་ཏེ། དཔལ་མཆོག་དང་པོ་ལས། དཀྱིལ་འཁོར་གྱི་ནི་ལྷ་རྣམས་ཀུན། །དཔུང་པ་ཡིད་ཙམ་བསྡམས་པར་གཞག །ཅེས་པ་དང༌། ཡང་རྡོ་རྗེ་རྩེ་མོ་ལས། མངོན་འདོད་རིག་མ་སྡུག་གང་ཡིན། །དེ་ལ་རྣལ་འབྱོར་པས་མཆུ་སྦྱིན། །ལག་པ་ཕྱག་རྒྱ་ཆེར་གྱུར་ནས། །དཔུང་པ་དམ་དུ་བསྡམས་པར་བྱ། །ཞེས་གསུངས་པ་ལྟ་བུའོ། །ཡང་སུམ་ཅུ་རྩ་གསུམ་དང་རྒྱལ་ཆེན་རིགས་བཞི་དང་མི་ལ་སོགས་པ་རྣམས་སྔ་མའི་སྟེང་དུའང་དབང་པོ་གཉིས་སྦྱོར་གྱིས་ཆགས་པ་ཚིམ་པ་ཡིན་ལ་དེ་ཙམ་གྱི་བདེ་བར་གནང་བ་ནི་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཡིན་ཏེ། ཧེ་བཛྲ་ལས། བོལླ་ཀཀྐོ་ལ་སྦྱོར་བས། །དེ་ཡི་བདེ་བ་ཤེས་པར་འགྱུར། །ཞེས་སོ། །དེ་ལ་འདོད་ཁམས་པའི་ཆགས་པ་དེ་དག་ཏུ་ངེས་པའང་མཛོད་ལས། གཉིས་གཉིས་འཁྱུད་དང་ལག་བཅངས་དང༌། །དགོད་དང་བལྟས་པས་འཁྲིག་པ་ཡིན། །ཞེས་བྱ་བ་དང༌། དེ་རྗེས་སུ་འཛིན་པའི་རྒྱུད་ཀྱང་བཞི་ཁོ་ནར་ངེས་ཏེ། ཧེ་བཛྲ་ལས། དགོད་དང་ལྟ་བ་དག་གིས་དང༌། །འཁྱུད་དང་དེ་བཞིན་གཉིས་གཉིས་ཀྱིས། །རྒྱུད་ཀྱང་རྣམ་པ་བཞི་རྣམས་ཀྱིས། །ཞེས་གསུངས་པའི་རྗེས་སུ་འབྲངས་ནས་སློབ་དཔོན་བྷ་བ་ལ་སོགས་པའི་རྗེས་སུ་འབྲང་བ་དང་བཅས་པ་བཞེད་དོ་ཞེས་གསུང་སྟེ་ལུགས་འདི་རྒྱུད་སྡེ་ལྔར་མངོན་ཏེ་ལུགས་ལེགས་པ་ཡིན་ནོ། །སྤྱི་དོན་གཉིས་པ་གྲངས་དང་གོ་རིམ་ངེས་པ་ནི། རྡོ་རྗེ་གུར་ལས། དམན་པ་རྣམས་ལ་བྱ་བའི་རྒྱུད། །བྱ་མིན་རྣལ་འབྱོར་དེ་ལྟག་ལ། །སེམས་ཅན་མཆོག་ལ་རྣལ་འབྱོར་མཆོག །རྣལ་འབྱོར་བླ་མེད་དེ་ལྟག་ལ། །ཞེས་གསུངས་པས་ན་གང་ཟག་སྦྱངས་པ་ཆེ་འབྲིང་བཞི་ལ་དགོངས་ནས་རྒྱུད་སྡེ་བཞིར་གཞག་སྟེ། དེ་ལ་གང་ཟག་དབང་པོ་ཐ་མ་བློ་དམན་པ་རྣམས་ནི་ཕྱིའི་བྱ་བ་ཁྲུས་ལ་སོགས་པ་ལ་དགའ་བ་ཡིན་ལ། དེའི་དོན་དུ་ཕྱིའི་བྱ་བ་སྟོན་པ་བྱ་བའི་རྒྱུད་གསུངས་སོ། །གང་ཟག་དེ་བས་མཆོག་རྣམས་ཕྱི་ལུས་ངག་དང་ནང་ཏིང་ངེ་འཛིན་གཉིས་ཀ་ལ་སྤྱོད་པས་དེའི་དོན་དུ་སྤྱོད་པའི་རྒྱུད་གསུངས་སོ། །དེ་བས་ཀྱང་གང་ཟག་མཆོག་རྣམས་ཏིང་ངེ་འཛིན་ཁོ་ན་ལ་གཙོར་སྤྱོད་པས་དེའི་དོན་དུ་རྣལ་འབྱོར་གྱི་རྒྱུད་གསུངས་སོ། །དེ་བས་ཀྱང་གང་ཟག་མཆོག་ཏུ་གྱུར་པ་རྣམས་ཏིང་ངེ་འཛིན་གྱི་ཁྱད་པར་གོང་ན་མེད་པ་ལ་སྤྱོད་པས་དེའི་དོན་དུ་རྣལ་འབྱོར་བླ་ན་མེད་པའི་རྒྱུད་གསུངས་སོ། །དེ་ལྟར་གང་ཟག་བཞི་རྗེས་སུ་གཟུང་བའི་ཕྱིར་འཇུག་ཚུལ་མི་འདྲ་བ་བཞིར་ངེས་སོ། །ཞེས་བྱ་བ་འདི་ནི་རྒྱུད་རྡོ་རྗེ་གུར་གྱི་རྗེས་སུ་འབྲངས་ནས་དངོས་གྲུབ་བརྙེས་པའི་སློབ་དཔོན་བིརྺ་པ་དང༌། ཌོམྦི་ཧེ་རུ་ཀ་ལ་སོགས་པ་བཞེད་པ་ཡིན་ཏེ་ཚུལ་འདི་ནི་དེ་ཁོ་ན་ལྟར་རྒྱུད་ལ་བཞུགས་པས་ལུགས་ཤིན་ཏུ་ལེགས་པ་ཡིན་ནོ། །སྤྱི་དོན་གསུམ་པ་མིང་གི་དོན་ནི། ཅིའི་ཕྱིར་བྱ་བའི་རྒྱུད་ཅེས་བྱ་ཞེ་ན་ཕྱི་ལུས་ངག་གི་བྱ་བ་གཙོར་སྟོན་པའི་ཕྱིར་ཏེ་བསམ་གཏན་ཕྱི་མའི་འགྲེལ་པ་ལས། རྒྱུད་འདི་ནི་ཕྱི་ལུས་ངག་གི་བྱ་བ་གཙོར་སྟོན་པས་བྱ་བའི་རྒྱུད་ཅེས་གསུངས་པས་སོ། །ཅིའི་ཕྱིར་སྤྱོད་པའི་རྒྱུད་ཅེས་བྱ་ཞེ་ན་ལུས་ངག་གི་བྱ་བ་དང་ཏིང་ངེ་འཛིན་ཆ་མཉམ་པར་སྤྱོད་པ་སྟེ། རྣམ་སྣང་མངོན་བྱང་གི་དོན་བསྡུས་ལས་རྒྱུད་འདི་ནི་གཙང་སྦྲ་ལ་སོགས་པ་ལ་སྨད་པ་འཇིག་རྟེན་དང་འགལ་བར་སྤྱོད་པ་གཉིས་ཀ་ལ་སྤྱོད་པས་སྤྱོད་པའི་རྒྱུད་དོ། །ཞེས་གསུངས་སོ། །ཅིའི་ཕྱིར་རྣལ་འབྱོར་གྱི་རྒྱུད་ཅེས་བྱ་ཞེ་ན། ཏིང་ངེ་འཛིན་གཙོར་སྟོན་པའི་ཕྱིར་ཏེ། དེ་ཁོ་ན་ཉིད་སྣང་བར་བྱེད་པའི་དོན་བསྡུས་ལས། རྒྱུད་འདི་ནི་ཏིང་ངེ་འཛིན་གཙོར་སྟོན་པས་རྣལ་འབྱོར་གྱི་རྒྱུད་དོ་ཞེས་གསུངས་པས་སོ། །ཅིའི་ཕྱིར་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཅེས་བྱ་ཞེ་ན། ཏིང་ངེ་འཛིན་གྱི་ཁྱད་པར་གོང་ན་མེད་པ་སྟོན་པའི་ཕྱིར་ཏེ། སཾ་པུ་ཊར་ལས། གསང་བའི་ཡེ་ཤེས་བླ་མེད་པ། །སྙིང་པོ་བཅོམ་ལྡན་བཤད་དུ་གསོལ། །ཞེས་པ་དང༌། གསང་བ་འདུས་པ་ལས་ཀྱང༌། སྐུ་དང་གསུང་དང་ཐུགས་ཀྱི་མཆོག །དེ་བཞིན་གཤེགས་པ་ཀུན་གྱི་གསུང༌། །བྱང་ཆུབ་སེམས་ནི་བླ་ན་མེད། །སྙིང་པོ་བཅོམ་ལྡན་བཤད་དུ་གསོལ། །ཞེས་གསུངས་པས་སོ། །སྤྱི་དོན་བཞི་པ་རྒྱུད་སྡེ་བཞིར་གྲངས་ངེས་པ་ལ་རྩོད་པ་སྤང་བ་ལ་གཉིས་ཏེ། གསུམ་དང་ལྔ་དང་དྲུག་ཏུ་འདོད་པ་མི་འགལ་བ་དང༌། བཞིར་གྲངས་ངེས་པའི་འཐད་པའོ། །དང་པོ་ནི་གལ་ཏེ་དེ་ལྟར་རྒྱུད་བཞི་ཁོ་ན་ཡིན་ན། སློབ་དཔོན་ཁ་ཅིག་གསུམ་དུ་འདོད། ཁ་ཅིག་ལྔར་འདོད། ཁ་ཅིག་དྲུག་ཏུ་འདོད་པ་དེ་དག་དང་འགལ་བར་འགྱུར་བས་ན་རྒྱུད་སྡེ་བཞིར་གྲངས་ངེས་པ་ལ་གནོད་དེ། དེ་ལ་རྒྱུད་སྡེ་གསུམ་དུ་འདོད་པ་ནི། སངས་རྒྱས་གསང་བས། རྣལ་འབྱོར་སྤྱོད་དང་བྱ་དབྱེ་བས། །རྒྱུད་སྡེ་རྣམ་པ་གསུམ་དུ་འདོད། །ཅེས་གསུངས་སོ་ཞེ་ན། དེ་ནི་ཏིང་ངེ་འཛིན་གཙོ་བོར་གྱུར་པ་ཙམ་ལ་དགོངས་ནས་རྣལ་འབྱོར་བླ་ན་མེད་པའང་རྣལ་འབྱོར་གྱི་རྒྱུད་དུ་བསྡུས་པའོ། །ལུགས་འདི་འདོད་པའི་སློབ་དཔོན་མང་ངོ༌། །ཡང་རྒྱུད་སྡེ་ལྔར་འདོད་པའི་ལུགས་ནི་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ལས། འདོད་ཆགས་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་སྟོན་པའི་ཕྱིར་བཙུན་མོའི་འཁོར་གྱི་དབུས་སུ་བྷ་ག་ལ་བཞུགས་ཏེ། འཇིག་རྟེན་དང་འགལ་བའི་སྤྱོད་པ་དང༌། མཐའ་དྲུག་གི་བཤད་པ་སྟོན་པ་ནི་རྣལ་འབྱོར་གྱི་རྒྱུད་ལ་བཞུགས་སོ། །རིག་པ་དང་ལྷ་མོའི་དཀྱིལ་འཁོར་ལ་བཀོད་དེ། དེ་ལས་ཕྲིན་ལས་བསྒྲུབ་པ་དེ་ཁོ་ན་ཉིད་བཅུ་སྟོན་པ་གཉིས་ཀའི་རྒྱུད་ལ་བཞུགས་སོ། །ལས་ཀྱི་བྱ་བ་རྒྱ་ཆེན་པོ་སྟོན་པ་ཕྱག་རྒྱ་དམིགས་པའི་མཚན་ཉིད་སྟོན་པ་སྒྲུབ་པར་བྱེད་པ་སྤྱོད་པའི་རྒྱུད་ལ་བཞུགས་སོ། །འཇིག་རྟེན་པར་དམིགས་ཏེ་ཤིན་ཏུ་གཙང་སྦྲ་དང༌། ཡེ་ཤེས་སེམས་དཔའི་བདེ་བ་མེད་པ་དང༌། བདག་ཉིད་ལྷའི་སྙེམས་པ་མེད་པ་དང༌། རྨད་དུ་བྱུང་བའི་སྤྱོད་ཡུལ་སྐྱོན་གྱི་རྒྱུའི་རྟོག་པས་རབ་ཏུ་སྤྱོད་པ་བྱ་བའི་རྒྱུད་ལ་བཞུགས་སོ། །སྔགས་དང་སྦྱིན་སྲེག་དང་ཕྱེ་མ་དང་རྐང་མགྱོགས་ལ་སོགས་པའི་དངོས་གྲུབ་བརྒྱད་སྤྱད་པས་སྒྲུབ་པར་བྱེད་པ་རྟོག་པའི་རྒྱུད་ལ་བཞུགས་སོ། །ཞེས་གསུངས་པའི་རྗེས་སུ་འབྲངས་ནས་སློབ་དཔོན་ཀླུ་སྒྲུབ་ལ་སོགས་པ་རྒྱུད་སྡེ་ལྔར་བཞེད་པ་དེའང༌། རྟོག་པའི་རྒྱུད་ཀྱང་ཕྱིའི་བྱ་བ་གཙོར་སྟོན་པ་ཙམ་ལ་དགོངས་ནས་རྟོག་པའི་རྒྱུད་དུ་ཕྱེ་བ་སྟེ་ངོ་བོ་བྱ་བའི་རྒྱུད་དུ་འདུའོ། །གཞན་ནི་མིང་མི་མཐུན་པ་ཙམ་དུ་ཟད་དེ། ཡང་ལྔར་འདོད་པའི་ལུགས་གཞན་ནི་ཧེ་བཛྲ་ལས། དགོད་དང་ལྟ་བ་དག་གིས་དང༌། །འཁྱུད་དང་དེ་བཞིན་གཉིས་གཉིས་ཀྱིས། །རྒྱུད་ཀྱང་རྣམ་པ་བཞི་རྣམས་ཀྱི། །དགོངས་པའི་སྐད་ནི་མ་བསྒྲགས་པ། །ཞེས་བཞིར་གསུངས་པའི་ཤུགས་ལ་ལྔ་པ་ཞེས་སྟོན་པས་དེའི་རྗེས་སུ་འབྲངས་ནས་སློབ་དཔོན་བིརྺ་པ་ལ་སོགས་པ་བྱ་བ་དང་སྤྱོད་པ་དང་རྣལ་འབྱོར་དང་བླ་མ་དང་རྣལ་འབྱོར་བླ་མེད་རྒྱུད་ཅེས་བྱ་བ་ལྔར་བཞེད་པ་དེའང་དགྱེས་པའི་རྡོ་རྗེ་ཆེ་བ་དབྱུང་བ་ཡིན་གྱི་རང་གི་ངོ་བོ་རྣལ་འབྱོར་བླ་མ་དང་རྣལ་འབྱོར་བླ་ན་མེད་པ་གཉིས་ཀ་གསང་བའི་ཡེ་ཤེས་བླ་ན་མེད་པར་འདུ་བས་རྒྱུད་སྡེ་བཞིའོ། །རྒྱུད་སྡེ་དྲུག་ཏུ་འདོད་པའང་དཔལ་བདེ་མཆོག་རྩ་བའི་རྒྱུད་ལས། ཇི་སྲིད་མདོ་བྱ་སྤྱོད་པ་ནི། །རྣལ་འབྱོར་གསང་མཐའི་དབྱེ་བ་ལས། །སེམས་ཅན་མོས་པ་སྣ་ཚོགས་པ། །དེ་དང་དེ་ལ་དགའ་བ་ཡིན། །ཞེས་གསུངས་པའི་རྗེས་སུ་འབྲངས་ནས་སློབ་དཔོན་ཀ་མ་ལ་ལ་སོགས་པ་རྒྱུད་སྡེ་དྲུག་ཏུ་བཞེད་དེ། མདོ་སྡེ་རྟོག་པའི་རྒྱུད་དང༌། བྱ་བ་དང༌། སྤྱོད་པ་དང༌། རྣལ་འབྱོར་དང༌། རྣལ་འབྱོར་གསང་བ་སྟེ་གསང་བ་འདུས་པ་ལ་སོགས་པ་དང༌། གསང་བའི་མཐའ་སྟེ་དྲུག་པ་དཔལ་བདེ་མཆོག་གི་རྒྱུད་དོ། །དེ་ལྟར་དྲུག་ཏུ་ཕྱེ་བ་དེའང་ཆོས་ཀྱི་རྣམ་གྲངས་སྟོན་པ་ཙམ་དུ་ཟད་ཀྱི་ངོ་བོ་སྔར་གྱི་བཞི་པོ་ཉིད་ལས་མ་འདས་ཏེ། རྟོག་པའི་རྒྱུད་ནི་དངོས་གྲུབ་ཕྲ་མོ་སྟོན་པ་ཙམ་ལ་དགོངས་ནས་ལོགས་སུ་བྱས་ཀྱིས། ཕྱིའི་བྱ་བ་སྟོན་པ་དམན་པ་འཛིན་པས་བྱ་བའི་རྒྱུད་ཡིན་ནོ། །ཡང་གསང་བའི་མཐའ་ཞེས་བྱ་བ་རྣལ་འབྱོར་མའི་རྒྱུད་ལོགས་སུ་སྨོས་པ་དེའང༌། གཞན་གྱི་ལུགས་ཀྱིས་སྤྲུལ་པའི་སྐུ་ད་ལྟ་མིའི་ཡུལ་ན་མི་བཞུགས་པར་འདོད་ལ་བདེ་མཆོག་གི་ལུགས་ཀྱི་ད་ལྟ་ཡུལ་ཉི་ཤུ་རྩ་བཞི་ན་བཞུགས་པར་འདོད་པས་གཞན་པས་དངོས་གྲུབ་ཉེ་བར་འདོད་པ་དང༌། ཡང་རྒྱུད་ཀྱི་བརྗོད་བྱེད་ཀྱི་ཚིག་གཞན་ནི་ཕྱིས་སྤྲུལ་པའི་སྐུ་གཞན་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གསལ་བར་བྱས་པས་རྟོགས་པར་སླ་བ་ཡིན་ལ། བདེ་མཆོག་གི་རྒྱུད་ནི་ཐོག་མའི་སངས་རྒྱས་ཀྱིས་གསུངས་པ་ཁོ་ན་ལས་མ་བཅོས་པས་བརྡ་དང་སྒྲ་ཉམས་པ་ལ་སོགས་པ་དུ་མར་གནས་པས་བླ་མའི་མན་ངག་མ་གཏོགས་པ་གཞན་གྱིས་བཤད་དུ་མི་བཏུབ་པས་སློབ་དཔོན་ཤཱནྟི་པ་ལྟ་བུ་ཐམས་ཅད་མཁྱེན་པ་གཉིས་པར་གྲགས་པས་ཀྱང་འགྲེལ་པ་བརྩམ་པར་མ་ནུས་སོ། །དེ་བས་ན་རྗོད་བྱེད་རྟོགས་དཀའ་བ་ཙམ་ལ་དགོངས་ནས་ལོགས་སུ་བྱས་ཀྱི། དོན་གསང་བའི་ཡེ་ཤེས་བླ་ན་མེད་པ་ལས་ལོགས་སུ་གྱུར་པ་ཡོད་པ་མ་ཡིན་ནོ། །གཉིས་པ་བཞིར་ངེས་པའི་འཐད་པ་ལ་གསུམ། གང་ཟག་དང༌། དབང་དང༌། ལམ་མོ། །དང་པོ་ནི་བཅོམ་ལྡན་འདས་ཀྱིས་རྒྱུད་རྣམས་སེམས་ཅན་གྱི་དོན་དུ་གསུངས་ལ། སེམས་ཅན་ལ་རིགས་བཞིར་ངེས་པའི་ཕྱིར། རྒྱུད་སྡེ་བཞིར་ངེས་ཏེ། དཔེར་ན་གཟུང་བྱ་ཡུལ་དྲུག་ལ་འཛིན་བྱེད་ཀྱི་རྣམ་ཤེས་ཚོགས་དྲུག་འབྱུང་བ་བཞིན་ནོ། །གཉིས་པ་ཡང་སྦྱང་བྱ་དྲི་མ་བཞིར་ངེས་ལ། སྦྱོང་བྱེད་ཀྱང་དབང་བཞིར་ངེས་པས། དེ་སྟོན་པའི་རྒྱུད་བཞིར་ངེས་ཏེ། དཔེར་ན་རིན་པོ་ཆེའི་ཤུན་ལྤགས་སེལ་བ་ལ་དེ་དང་རྗེས་སུ་མཐུན་པའི་རྫས་ངེས་པ་བཞིན་ནོ། །གསུམ་པ་ཡང་གང་ཟག་རིགས་བཞིས་སྨིན་བྱེད་ཚུལ་བཞི་ཐོབ་པས་ལམ་ཚུལ་བཞི་ཉམས་སུ་བླང་དགོས་པས་དེ་སྟོན་པའི་རྒྱུད་སྡེ་བཞིར་ངེས་ཏེ་དཔེ་སྔ་མ་བཞིན་ནོ། །དེས་ན་གང་ཟག་དང་དབང་དང་ལམ་བཞིར་ངེས་པས་རྒྱུད་སྡེ་བཞིར་ངེས་ཏེ། འདི་ནི་རང་བཞིན་གྱི་གཏན་ཚིགས་ཡིན་ནོ། །གཉིས་པ་དེ་ལྟ་བུའི་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ལ་གསུམ་དུ་དབྱེ་བ་ནི། རྣལ་འབྱོར་ཆེན་པོ་ཐབས་ཀྱི་རྒྱུད་དང༌། ཤེས་རབ་ཀྱི་རྒྱུད་དང༌། ཐབས་ཤེས་རབ་གཉིས་སུ་མེད་པའི་རྒྱུད་དོ། །འདིའི་ཁྱད་པར་ལ་གསུམ་སྟེ། རྗོད་བྱེད་སྒྲའི་ཁྱད་པར་དང༌། བརྗོད་བྱ་དོན་གྱི་ཁྱད་པར་དང༌། ཞུ་བ་པོའམ་གདུལ་བྱའི་ཁྱད་པར་བསྟན་པའོ། །དེ་ལ་དང་པོ་ནི་སློབ་དཔོན་ནག་པོ་སྤྱོད་པ་བས་གསང་བའི་དེ་ཁོ་ན་ཉིད་གསལ་བ་ལས། རྣལ་འབྱོར་རྒྱུད་དུ་དེ་བཞིན་གཤེགས། །འདི་སྐད་ལ་སོགས་གང་གསུངས་པ། །དེ་ཉིད་རྣལ་འབྱོར་མ་རྒྱུད་དུ། །གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཞེས་གསུངས་པའི་རྗེས་སུ་འབྲངས་ནས། གསང་བ་འདུས་པ་ལ་སོགས་པ་ནས་འདི་སྐད་ལ་སོགས་པ་ཡི་གེ་བཞི་བཅུས་ཐོག་དྲངས་པ་ནི་རྣལ་འབྱོར་གྱི་རྒྱུད་ཡིན་ལ། བདེ་མཆོག་ལ་སོགས་པ་གསང་བ་མཆོག་གི་དགེས་པ་ལ་སོགས་པས་ཐོག་དྲངས་པ་ནི་རྣལ་འབྱོར་མའི་རྒྱུད་ཡིན་ལ། ཧེ་བཛྲའི་རྒྱུད་ནི་རྩ་རྒྱུད་དུ་འདི་སྐད་ལ་སོགས་པས་ཐོག་དྲངས་ལ། རྡོ་རྗེ་གུར་དུ། གསང་བ་མཆོག་གི་དགྱེས་པ་ན། །ཞེས་བྱ་བ་ལ་སོགས་པས་ཐོག་དྲངས་ལ། སཾ་པུ་ཊ་ལས་གཉིས་ཀ་འབྱུང་བས་ཐབས་ཤེས་རབ་གཉིས་སུ་མེད་པའི་རྒྱུད་དོ། །གཉིས་པ་བརྗོད་བྱ་དོན་གྱི་ཁྱད་པར་ལ་གསུམ་སྟེ། བསྐྱེད་པའི་རིམ་པའི་ཁྱད་པར། རྫོགས་པའི་རིམ་པའི་ཁྱད་པར། རྗེས་སྤྱོད་ཀྱི་རྣམ་དག་གི་ཁྱད་པར་རོ། །དང་པོ་ནི་རྡོ་རྗེ་གུར་ལས། དེ་འདི་སངས་རྒྱས་ཐམས་ཅད་ཀྱི། །མཁའ་འགྲོ་མ་ནི་དམ་པའི་ཚོགས། །མཁའ་འགྲོ་ལྔ་ནི་རབ་གྲུབ་ཕྱིར། །མཁའ་འགྲོ་མ་ཡི་རྒྱུད་ཅེས་བཤད། །ཅེས་གསུངས་པའི་རྗེས་སུ་འབྲངས་ནས། ལྷ་ཡབ་ཀྱིས་གཙོ་བྱས་ཤིང་གཙོ་ཆེ་བ་ཐབས་ཀྱི་རྒྱུད་དང༌། ཡུམ་གྱིས་གཙོ་བྱས་ཤིང་གཙོ་ཆེ་བ་ཤེས་རབ་ཀྱི་རྒྱུད་དོ། །ཞེས་གསུངས་ཏེ། སངས་རྒྱས་ཀྱི་མཁའ་འགྲོ་མ་ཞེས་བྱ་བའི་ཚིག་འདིས་དེ་བཞིན་གཤེགས་པ་མཁའ་འགྲོ་མའི་སྐུར་སྟོན་པ་མཁའ་འགྲོ་མའི་རྒྱུད་ཡིན་ལ། སངས་རྒྱས་ལྷའི་སྐུར་སྟོན་པ་འདུས་པ་ལ་སོགས་པ་ཐབས་ཀྱི་རྒྱུད་ཡིན་ལ། ཧེ་བཛྲ་ལྟ་བུ་ཡབ་ཀྱི་གཙོ་བྱས་པའང་ཡིན་ལ་མཁའ་འགྲོ་མའང་ཡིན་པ་གཉིས་སུ་མེད་པའི་རྒྱུད་དོ། །རྫོགས་པའི་རིམ་པའི་ཁྱད་པར་ནི། རྡོ་རྗེ་གུར་ལས། ཤེས་རབ་ཕ་རོལ་ཕྱིན་པའི་ཐབས། །རྣལ་འབྱོར་མ་ཞེས་མངོན་པར་བརྗོད། །གང་ཕྱིར་དེ་ཉིད་སྟོན་པ་ནི། །རྣལ་འབྱོར་གྱི་ནི་རྒྱུད་ཅེས་བཤད། །ཅེས་པའི་རྗེས་སུ་འབྲངས་ནས། ཤེས་རབ་ཀྱི་ཐབས་དཀྱིལ་འཁོར་འཁོར་ལོའི་རྫོགས་རིམ་སྟོན་པ་ནི་ཤེས་རབ་ཀྱི་རྒྱུད་ཡིན་ལ། ཕྲ་ཐིག་ལ་སོགས་པའི་རིམ་པ་སྟོན་པ་ནི་ཐབས་ཀྱི་རྒྱུད་ཡིན་ཞིང་གཉིས་ཀ་སྟོན་པ་གཉིས་སུ་མེད་པའི་རྒྱུད་དོ། །གསུམ་པ་རྣམ་དག་གི་ཁྱད་པར་ནི། རགས་པ་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་རྣམ་དག་སྟོན་པ་རྣལ་འབྱོར་གྱི་རྒྱུད་དེ། གསང་བ་འདུས་པ་ལས། མདོར་ན་ཕུང་པོ་ལྔ་རྒྱལ་བ། །དེ་བཞིན་གཤེགས་པ་ཐམས་ཅད་ཡིན། །ཞེས་བྱ་བ་ལ་སོགས་པ་གསུངས་ལ། བདེ་མཆོག་ལས། འདི་དག་གནས་སུ་མཁའ་འགྲོ་མ། །རྩ་གཟུགས་མཛེས་པས་ཡང་དག་གནས། །ཞེས་གསུངས་ལ། ཧེ་བཛྲ་ལས་གཉིས་ཀ་གསུངས་ཏེ། གཟུགས་ཕུང་རྡོ་རྗེ་མ་ཡིན་ཏེ། །ཞེས་བྱ་བ་ལ་སོགས་པ་དང༌། རྩ་ནི་གཉིས་གཉིས་རྣལ་འབྱོར་མ། །རེ་རེ་རྣམ་པ་རྣམས་སུ་བརྗོད། །ཅེས་བྱ་བ་ལ་སོགས་པ་གསུངས་སོ། །གསུམ་པ་ཞུ་བ་པོའམ་གདུལ་བྱའི་ཁྱད་པར་ནི། རྡོ་རྗེ་གུར་ལས། སྐྱེས་བུ་རྣམས་ནི་གདུལ་བའི་ཕྱིར། །རྣལ་འབྱོར་གྱི་ནི་རྒྱུད་བཤད་དོ། །བཙུན་མོ་རྣམས་ནི་བསྡུ་བའི་ཕྱིར། །རྣལ་འབྱོར་མ་ཡི་རྒྱུད་བཤད་དོ། །ཞེས་གསུངས་པས་རྗེས་སུ་འབྲངས་ཏེ། གསང་བ་འདུས་པ་ལ་སོགས་པར་དེ་ནས་བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གསོལ་པ་ཞེས་བྱ་བ་ལ་སོགས་པ་གསུངས་པས་ཐབས་རྒྱུད། རྡོ་རྗེ་མཁའ་འགྲོ་ལ་སོགས་པ་ལས། དེ་ནས་བཅོམ་ལྡན་འདས་ལ་ལྷ་མོས། །མཆོད་ནས་ཕྱག་འཚལ་འདི་སྐད་གསོལ། །ཞེས་བྱ་བ་ལ་སོགས་པ་གསུངས་པས་མ་རྒྱུད་ཡིན་ལ། ཧེ་བཛྲ་ནི་ཐབས་ཤེས་རབ་གཉིས་སུ་མེད་པ་སྟེ། ཀྱེ་ཡི་རྡོ་རྗེ་རྣལ་འབྱོར་རྒྱུད། །དང་པོ་རྒྱལ་བ་རྣམས་ཀྱིས་བཤད། །ཕྱི་ནས་རྣལ་འབྱོར་མ་རྒྱུད་ནི། །དེ་ཉིད་བུད་མེད་གཟུང་ཕྱིར་རོ། །ཞེས་གསུངས་སོ། །གལ་ཏེ་ཀྱེའི་རྡོ་རྗེ་རྣལ་འབྱོར་མ་རྒྱུད་ཡིན་ཏེ། རྣལ་འབྱོར་མ་རྒྱུད་ཀྱེའི་རྡོ་རྗེ། །ཞེས་གསུངས་པ་དང༌། གུར་ལས་ཀྱང་མའི་རྒྱུད་བཅུ་བཞིར་བཤད་པའི་ནང་ནའང་ཀྱེའི་རྡོ་རྗེ་ཞེས་བྱ་བ་ཡོད་དེ། ཡང་གུར་ལས། མཁའ་འགྲོ་མའི་རྒྱུད་ཅེས་བཤད་ཅེས་གསུངས་སོ་ཞེ་ན། བདེན་ཏེ་མཁའ་འགྲོ་མའི་རྒྱུད་ཅེས་བྱ་བའང་ཡིན་མོད། དེ་ལ་ཐབས་ཤེས་རབ་གཉིས་སུ་མེད་པའི་རྒྱུད་ལ་འགལ་བ་མེད་དེ། གཉིས་སུ་མེད་པའི་རྒྱུད་ལ་ཤེས་རབ་ཀྱི་རྒྱུད་དགོས་པའི་ཕྱིར་དང༌། ཡང༌། ཐབས་དང་ཤེས་རབ་བདག་ཉིད་རྒྱུད། །དེ་ནི་ང་ཡིས་བཤད་ཀྱིས་ཉོན། །ཞེས་པ་དང༌། ཀྱེ་ཡི་རྡོ་རྗེ་རྣལ་འབྱོར་རྒྱུད། །ཅེས་བྱ་བ་ལ་སོགས་པ་གོང་དུ་བཤད་པའི་ལུང་གིས་ཀྱང་ཤེས་པར་ནུས་སོ། །གསུམ་པ་ཐབས་ཤེས་རབ་གཉིས་སུ་མེད་པའི་རྒྱུད་གཏན་ལ་དབབ་པ་ལ་གཉིས་ཏེ། རྒྱུད་སྤྱིའི་ངེས་ཚུལ་དང༌། བྱེ་བྲག་ཏུ་ཀྱེའི་རྡོ་རྗེའི་རྒྱུད་གཏན་ལ་དབབ་པའོ། །དང་པོ་ལ་བཞི་སྟེ། རྩ་བ་དང་བཤད་རྒྱུད་ཀྱི་ཁྱད་པར་དང༌། བཞུགས་ཚུལ་དང༌། མདོ་རྒྱས་དང༌། གཞུང་གི་ཚད་བརྩི་བའོ། །དང་པོ་ལ་གཉིས། མཚན་ཉིད་དང༌། དབྱེ་བའོ། །དང་པོ་ནི་གང་ཞིག་ཐོག་མར་བྱུང་ཞིང་བཤད་གཞིར་འདུག་པ་རྩ་རྒྱུད་རྗེས་ལ་བྱུང་ཞིང་འཆད་བྱེད་དུ་འདུག་པ་བཤད་རྒྱུད་དོ། །གཉིས་པ་དབྱེ་ན་གཉིས་ཏེ། རྩ་བའི་རྒྱུད་ལས་རྒྱས་བསྡུས་གཉིས། བཤད་པའི་རྒྱུད་ལ་ཡང་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་སོ། །དེ་ལ་རྩ་རྒྱུད་རྒྱས་པ་ཕལ་ཆེར་ནི་ཆོས་ཀྱི་འཁོར་ལོ་བསྐོར་བའི་གནས་སྐབས་དེ་ཉིད་ཀྱི་གདུལ་བྱའི་དོན་དུ་གསུངས་པ་གཙོ་ཆེའོ། །བསྡུས་པ་ནི་མ་འོངས་པའི་གདུལ་བྱ་ཚེ་ཐུང་ཞིང་བློ་དམན་པ་རྣམས་ཀྱིས་རྒྱུད་རྒྱས་པ་རྣམས་བཟུང་བར་མི་ནུས་པས་དེའི་དོན་དུ་གསུངས་པ་གཙོ་ཆེའོ། །བཤད་པའི་རྒྱུད་ལ་གཉིས། ཐུན་མོང་དང༌། ཐུན་མོང་མ་ཡིན་པའོ། །དེའང་རྒྱུད་སྡེ་དུ་མ་གསལ་བར་བྱེད་པ་ཐུན་མོང་བ་ཡིན་ལ། བྱེ་བྲག་ཏུ་རང་རང་གི་རྒྱུད་སྡེ་གསལ་བར་བྱེད་པ་ཐུན་མོང་མ་ཡིན་པའོ། །དེ་ལ་སྤྱིར་བཤད་པའི་རྒྱུད་དུ་འགྲོ་བའི་ཚུལ་དྲུག་སྟེ། མི་གསལ་བ་གསལ་བར་བྱེད་པ། མ་ཚང་བ་ཁ་སྐོང་བ། ཚུལ་མི་འདྲ་བ། དོན་བསྡུས་པ། ཆ་མཐུན་པ་ངེས་པ་སྐྱེད་པ། ཚིག་དང་དོན་རྣམ་པར་ཕྱེ་བས་བཤད་པའི་རྒྱུད་དོ། །དེ་ལ་དང་པོ་མི་གསལ་བ་གསལ་བར་བྱེད་པས་བཤད་པའི་རྒྱུད་ཇི་ལྟ་བུ་ཞེ་ན། ཧེ་བཛྲ་ལས། གང་ཞིག་དབང་ནི་རབ་ཕྱེ་བ། །རང་གི་དཀྱིལ་འཁོར་ཆོ་གས་སྦྱིན། །ཞེས་གསུངས་པའི་དབང་གི་དོན་མི་གསལ་བ་དེ་རྡོ་རྗེ་གུར་ལས་གསལ་བར་བཤད་པ་ལྟ་བུ་དང༌། ཞེ་སྡང་རྡོ་རྗེའི་བྱིན་རླབས་འདི། །རིགས་ནི་ལྔ་དང་དྲུག་ཏུ་འགྱུར། །ཞེས་བྱ་བ་ལ་སོགས་པ་ཙམ་ལས་མེད་པ་ལ་གུར་ལས་རིགས་སོ་སོ་བ་དང༌། བསྡུས་པའི་ཚུལ་གསལ་བར་བཤད་པ་ལྟ་བུའོ། །མ་ཚང་བ་ཁ་སྐོང་བའང་བརྟག་པ་གཉིས་པར་མ་ཚང་བ་གུར་ལས་རྡོ་རྗེའི་མིང་གསུང་བ་ལྟ་བུའོ། །ཆ་མཐུན་པའང་བརྟག་གཉིས་དང་གུར་གཉིས་ཀར་བདག་མེད་མ་ལྷ་མོ་བཅོ་ལྔ་མཚུངས་པར་བཤད་པ་ལྟ་བུའོ། །ཚུལ་མི་འདྲ་བའང་གཽ་རཱི་ལ་སོགས་པའི་ཕྱག་མཚན་དང༌། སྔགས་ལྟ་བུ་ཅུང་ཟད་ཚུལ་མི་འདྲ་བར་སྟོན་པ་ལྟ་བུའོ། །དོན་བསྡུས་ཏེ་སྟོན་པ་བཤད་པའི་རྒྱུད་ཀྱང་བརྟག་གཉིས་ལས་སྤྱོད་པ་རྒྱས་པར་གསུངས་པ་དེ་གུར་ལས་བསྡུས་ཏེ་གསུངས་པ་ལྟ་བུ་དེའང་རྡོ་རྗེ་སྙིང་པོ་མངོན་བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་རྒྱུད་རྒྱས་པའི་ཚིག་དང་དོན་མདོར་བསྡུས་པ་ལྟ་བུའོ། །ཚིག་དོན་རྣམ་པར་ཕྱེ་བའང༌། བརྟག་གཉིས་སུ་ཉེ་རྒྱུ་ལེའུ་བརྒྱད་པ་ལ་སོགས་པར་ཅུང་ཟད་གསུངས་པ། གུར་ལེའུ་བཅོ་ལྔ་པར་དུས་ལ་སོགས་པ་གསལ་བར་གསུངས་པ་ལྟ་བུ་དང༌། རྩ་རྒྱུད་དུ་མི་ཕྱེད་མ་ལ་སོགས་པ་རྩའི་མིང་ཙམ་དང༌། གནས་དང་ཉེ་བའི་གནས་དང་ནི། །ཞེས་པ་ལ་སོགས་པའི་མིང་ཙམ་ལས་མ་གསུངས་པ་ལ། སཾ་པུ་ཊ་ལས། མི་ཕྱེད་མ་ནི་སྤྱི་བོར་གནས། །ཞེས་པ་ལ་སོགས་པ་གནས་གང་དུ་གནས་པ་དང༌། གནས་ནི་རབ་ཏུ་དགའ་བའི་ས། །ཞེས་པ་ལ་སོགས་པ་གསལ་བར་གསུངས་པ་ལྟ་བུ་སྟེ། ཚུལ་འདི་དག་དང་གང་ལྡན་པ་དེ་ལ་བཤད་པའི་རྒྱུད་ཅེས་བྱའོ། །འོ་ན་མི་གསལ་བ་གསལ་བར་བྱེད་པ་དང༌། ཚིག་དང་དོན་རྣམ་པར་ཕྱེ་སྟེ་བཤད་པ་ནི་བཤད་པའི་རྒྱུད་དུ་རིགས་ན། ཆ་མཐུན་པ་དང་ཚུལ་མི་འདྲ་བ་དང༌། དོན་བསྡུས་ཏེ་སྟོན་པ་དང༌། མ་ཚང་བ་ཁ་སྐོང་བ་རྣམས་ཇི་ལྟར་བཤད་པའི་རྒྱུད་ཡིན། དེ་ལྟར་རྒྱུད་ཕན་ཚུན་ཐམས་ཅད་མི་མཐུན་པ་དང༌། གཅིག་ན་ཡོད་པ་གཅིག་ན་མེད་པ་ཤ་སྟག་ཡིན་པས་ཐམས་ཅད་ཕན་ཚུན་བཤད་པའི་རྒྱུད་དུ་འགྱུར་རོ་སྙམ་ན། དེ་ནི་མ་ཡིན་ཏེ་ཆ་མཐུན་པ་དེས་རྒྱུད་ཀྱི་དོན་ལ་ངེས་ཤེས་ཁྱད་པར་ཅན་སྐྱེད་པས་བཤད་རྒྱུད་དུ་འགྱུར་རོ། །ཡང་ཚུལ་མི་འདྲ་བ་ཞེས་བྱ་བ་ནི་ལྷ་དེ་ཉིད་ཆོ་ག་དེ་ཉིད་ཡིན་ཏེ་སྐུ་མདོག་དང་ཕྱག་མཚན་མདོར་བསྟན་རྒྱས་བཤད་མི་འདྲ་བ་ཚུལ་མི་འདྲ་བས་བཤད་པའི་རྒྱུད་དོ། །ཡང་ཆོ་གའི་ཡན་ལག་དེ་ཉིད་ཡིན་པའི་མ་ཚང་བ་ཁ་སྐོང་དགོས་པ་རྣམས་ལ་མ་ཚང་བ་ཁ་སྐོང་བས་བཤད་པའི་རྒྱུད་ཅེས་བྱའོ། །ཡང་དོན་བསྡུས་པ་ཡང་རྩ་རྒྱུད་དུ་རྒྱས་པར་གསུངས་པ་དེ་བདེ་བླག་ཏུ་རྟོགས་པར་འགྱུར་བས་བཤད་རྒྱུད་དུ་འགྱུར་རོ། །སྤྱི་དོན་གཉིས་པ་བཞུགས་ཚུལ་ལ་གསུམ། གང་ཟག་གི་རྒྱུད་ལ་སྐྱེ་བའི་རིམ་པ་ལྟར་གནས་པ་དང༌། གཞུག་པའི་གོ་རིམ་ལྟར་གནས་པ་དང༌། རང་དགར་འཇུག་པ་དགག་པའི་གོ་རིམ་དུ་གནས་པའོ། །གསུམ་པ་མདོ་རྒྱས་ནི་ཚིག་གི་མདོ་རྒྱས་དང༌། དོན་གྱི་མདོ་རྒྱས་གཉིས་སུ་འདུའོ། །བཞི་པ་གཞུང་ཚད་བརྩི་བ་ནི་ཚིགས་བཅད་རྣམས་ལ། རྩ་བ་གཉིས་པ་དང༌། གསུམ་པ་དང༌། བཞི་པ་དང༌། ལྔ་པ་དང༌། དྲུག་པ་རྣམས་ཀྱི་དེ་ཉིད་ཤླཽ་ཀ་གཅིག་སྟེ་དེས་བསྔོའོ། །ཚིག་ལྷུག་པ་རྣམས་ཚེག་བར་དགུ་དགུ་ལ་དབང་པོ་རྡོ་རྗེ་ཞེས་བྱ་ལ། དེ་བཞི་ལ་ཤླཽ་ཀ་གཅིག་སྟེ་དེའི་རིགས་པས་བགྲང་ངོ༌། །སྤྱི་དོན་གཉིས་པ་བྱེ་བྲག་ཏུ་ཀྱེའི་རྡོ་རྗེའི་རྒྱུད་གཏན་ལ་དབབ་པ་ལ་དོན་བཞི་སྟེ། རྩ་བ་དང་བཤད་རྒྱུད་དང༌། བཞུགས་ཚུལ་དང༌། མདོ་རྒྱས་དང༌། གཞུང་ཚད་དོ། །དང་པོ་ལ་གཉིས། རྩ་བའི་རྒྱུད་རྒྱས་པ་དང་བསྡུས་པ་དང༌། བཤད་རྒྱུད་ཐུན་མོང་དང་ཐུན་མོང་མ་ཡིན་པའོ། །དེ་ལ་དང་པོ་རྩ་བའི་རྒྱུད་རྒྱས་པ་ནི་བརྟག་པ་ན་སུམ་ཅུ་རྩ་གཉིས། ལེའུ་ན་སྟོང་ཕྲག་སུམ་ཅུ། ཚིགས་སུ་བཅད་པ་འབུམ་ཕྲག་ལྔ་བཞུགས་ཏེ། དེ་ལྟར་ཡང་རྡོ་རྗེ་གུར་ལས། འབུམ་ཕྲག་ལྔ་ཡི་རྒྱ་མཚོ་ཆེ། །ཨེ་མ་རྒྱུད་ནི་རྒྱས་བསྟན་པ། །ཞེས་པ་དང༌། སྟོང་ཕྲག་སུམ་ཅུའི་གྲངས་ཀྱིས་ནི། །འབུམ་ཕྲག་ལྔ་ཡི་རྒྱ་མཚོ་ཆེ། །ཞེས་བྱ་བ་དང༌། རྡོ་རྗེ་སྙིང་པོ་མངོན་བྱང་ཆུབ། །བརྟག་པའི་རྒྱལ་པོ་དང་པོ་ཉིད། །ཅེས་བྱ་བ་ནས། བརྟག་པ་སུམ་ཅུ་པར་ཡང་བཤད། །ཅེས་བྱ་བའི་བར་རྡོ་རྗེ་གུར་ལས་གསུངས་ལ། བརྟག་པ་གཉིས་པ་ལས་ཀྱང༌། བརྟག་པ་སུམ་ཅུ་རྩ་གཉིས་པ་ལས་ཕྱུང་བ་ཞེས་གསུངས་སོ། །ཡང་རྩ་བའི་རྒྱུད་བསྡུས་པ་ནི་བརྟག་པ་གཉིས་ཀྱི་བདག་ཉིད་ལེའུ་ཉི་ཤུ་རྩ་གསུམ། ཚིགས་སུ་བཅད་པ་བདུན་བརྒྱ་ལྔ་བཅུ་པ་འདིའོ། །དེ་ལ་རྩ་བའི་རྒྱུད་བསྡུས་པ་འདི་རྒྱུད་རྒྱས་པ་ལས་ཕྱུང་བ་ཡིན་ནམ། རྒྱུད་ལོགས་པ་ཡིན་ཞེ་ན། དཔལ་ཕམ་ཐིང་པ་ལ་སོགས་པ་ཁ་ཅིག་རྒྱུད་ལོགས་པ་ཡིན་ཏེ། རྒྱུད་རྒྱས་པ་བརྟག་པ་སུམ་ཅུ་རྩ་གཉིས་པ། དེའི་འོག་མ་བརྟག་པ་བཅུ་གཉིས་པ། དེའི་འོག་མ་བརྟག་པ་དགུ་པ། ཆུང་བ་བརྟག་པ་གཉིས་པ་འདིའོ། །ཞེས་བཞེད་དོ། །དེ་ནི་ཡང་དག་པ་མ་ཡིན་ཏེ། འདི་ཉིད་ལས། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་མའི་བརྟག་པ་བརྟག་པ་སུམ་ཅུ་རྩ་གཉིས་པ་ལས་ཕྱུང་བ་ཞེས་གསུངས་པ་དང་འགལ་ལོ། །ཡང་ནཱ་རོ་ཏ་པ་ལ་སོགས་པ་ཁ་ཅིག་རྒྱུད་འདི་རྒྱུད་རྒྱས་པའི་བརྟག་པ་དང་པོ་གཉིས་ཕྱུང་བ་ཡིན་ཏེ། རྡོ་རྗེ་གུར་ལས། རྡོ་རྗེ་སྙིང་པོ་མངོན་བྱང་ཆུབ། །བརྟག་པའི་རྒྱལ་པོ་དང་པོ་ཉིད། །སྒྱུ་མའི་བརྟག་པ་གཉིས་པ་སྟེ། །ཞེས་གསུངས་ལ། འདི་ཉིད་ལས་ཀྱང་རྡོ་རྗེ་སྙིང་པོ་མངོན་པར་བྱང་ཆུབ་པའི་བརྟག་པའི་རྒྱལ་པོ་ཞེས་བྱ་བ་དང༌། སྒྱུ་མའི་བརྟག་པ་ཞེས་བྱ་བ་མི་མཐུན་པའི་ཕྱིར་དང༌། རྒྱུད་ཀྱི་ཐོག་མར་འབྱུང་བའི་གླེང་གཞི་ཡོད་པའི་ཕྱིར་རོ། །ཞེས་བཞེད་དོ། །འདིའང་ཡང་དག་པ་མ་ཡིན་ཏེ། ལེའུ་བཅུ་གཅིག་པ་ལས། གོང་དུ་བརྟག་པ་བཅུ་གཉིས་པར། །རྒྱས་པར་གསུངས་པ་མདོ་རུ་བསྡུ། །ཞེས་པ་དང༌། གོང་མའི་རྒྱུད་ཀྱི་ཆོག་རིམ་པས། །མཆོད་ཡོན་ཞབས་བསིལ་གོང་མ་བཞིན། །ཞེས་གསུངས་པའི་ཚིག་བཤད་དུ་མི་རུང་ངོ༌། །མི་མཐུན་པས་ཀྱང་རྒྱུ་མཚན་དུ་མི་རུང་སྟེ། འདི་ཉིད་ཀྱི་བརྟག་པ་དང་པོ་ལས་ལེའུ་བཞི་པ་དང་བཅུ་པ་གཉིས་ཀ་ལ་དབང་གི་ལེའུ་ཞེས་བརྟགས་ཀྱང་དེ་གཉིས་གཅིག་མ་ཡིན་པ་དང་འདྲའོ། །དེ་བས་ན་འདི་དང་པོ་གཉིས་མ་ཡིན་ཏེ་ཐ་མ་གཉིས་ཡིན་ལ། དེའང་གོང་མ་རྣམས་ཀྱི་དོན་བསྡུས་པས་བསྡུས་པའི་རྒྱུད་ཀྱང་ཡིན་ལ། ཕྱུང་བའི་རྒྱུད་ཀྱང་ཡིན་ནོ། །དེ་ལྟར་ཡིན་པར་ཅིས་ཤེས་ན་འདི་ཉིད་ལས་བརྟག་པ་སུམ་ཅུ་རྩ་གཉིས་པ་ལས་ཕྱུར་བ་ཞེས་གསུངས་ལ། བཤད་པའི་རྒྱུད་རྡོ་རྗེ་གུར་ལས། རྗེས་མ།>>
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply