དཔལ་ཀྱཻ་རྡོ་རྗེའི་རྩ་རྒྱུད་བརྟག་གཉིས་ཀྱི་རྣམ་པར་བཤད་པ་ཉི་མའི་འོད་ཟེར། ༢

ཁྱད་པར་དུ་ལས་ཚོགས་སྟོན་པ་རྣམས་དང་འབྲེལ་ཏོ། །མངོན་པར་རྟོགས་པ་ནི་ཐབས་ཀྱི་རྒྱུད་དེ་ལས་ཀྱང་དངོས་གྲུབ་མཐའ་དག་ཅེས་བྱ་བའི་མངོན་པར་རྟོགས་པ་ཡིན་ནོ། །སྤྱིར་དུ་མངོན་པར་རྟོགས་པ་རེ་རེའི་ནང་དུའང་ཐམས་ཅད་འདུས་པར་ཤེས་པར་བྱ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ལྟ་བུའོ། ། དེ་བས་ན་ལེའུ་འདི་མཐའ་དག་སྔགས་ཞེས་བྱ་བར་བཏུར་རུང་ངོ༌། །དེ་ལ་དོན་བདུན་ཏེ། སྔགས་དངོས་ཨོཾ་ལ་སོགས་པ། དེ་དག་པར་བྱ་བའི་ཕྱིར་བཏུ་བ། བཟླས་པའི་ཐབས། བཟླས་པའི་ཡུལ་ཕྲེང་བ། དེའི་དུས་ཀྱི་ཁ་ཟས། བཟླས་པའི་དགོས་པ། བཟླས་པའི་གནས་སྐབས་ཀྱི་ཆེད་དུ་བྱ་བའོ། །དེ་ལ་བཏུ་བ་ནི་དབྱངས་དང་གསལ་བྱེད་ལས་ཐུ་སྟེ་བརྟག་པ་གཉིས་པར་ཤེས་པར་བྱའོ། །བཟླས་པའི་ཐབས་ནི་མན་ངག་ལས་སོ། །ཕྲེང་བ་དང་ཁ་ཟས་ནི་ཕྱི་མའི་བཅུ་པ་དང་བཤད་པའི་རྒྱུད་ལས་སོ། །དགོས་པ་ནི་སྙན་གསན་འབེབས་པའོ། །ཆེད་དུ་བྱ་བ་ནི་དངོས་གྲུབ་མཐའ་དག་གི་མངོན་པར་རྟོགས་པ་དྲུག་པོ་མཐའ་དག་དང་འབྲེལ་ཏེ། འདིར་དངོས་སུ་བསྟན་པ་གཏོར་མ་དང༌། བཟླས་པ་དང༌། ལས་ཀྱི་ཚོགས་ཏེ་གསུམ་པོ་གསལ་ལ། དམ་ཚིག་དང༌། རབ་གནས་དང༌། སྦྱིན་སྲེག་ཀྱང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང༌། ས་སྦྱང་བའི་ཤུགས་ལས་ཤེས་སོ། །ཡང་དོན་དམ་པའི་སྔགས་ལྟར་བཤད་པ་དང༌། ལྷ་བསྐྱེད་པའི་ས་བོན་ནི་མཆོག་གི་དངོས་གྲུབ་ཏུ་འགྱུར་བར་ཤེས་པར་བྱའོ། །བསྡུས་པའི་དོན་ཏོ། །གཞུང་དུམ་བུ་དྲུག་ཏུ་ཤེས་པར་བྱའོ། །དེ་ལས་དང་པོ་གཏོར་མའི་སྔགས་ལ། ཨོཾ་ཞེས་བྱ་བ་ནི་ཕྱག་འཚལ་བའམ་དམ་བཅའ་བ་སྟེ་སྔགས་ཀྱི་མགོ་འདྲེན་ནོ། །ཨ་ཀཱ་རོ་ཞེས་བྱ་བ་ནི་ཡི་གེ་སྟེ་དབྱངས་དང་པོའོ། །ཡང་ན་ཨ་ནི་ཨའོ། །ཀཱ་རོ་ཞེས་བྱ་བ་ནི་བྱ་བའམ་བྱེད་པའོ། །མུ་ཁཾ་ནི་སྒོའམ་དང་པོའོ། །བསྡུས་པས་ཨའི་བྱ་བ་འདི་ནི་སྒོའམ་དང་པོའོ་ཞེས་བྱ་བའོ། །དེ་ལྟར་ཡང༌། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་སྡེ་ཚན་འདྲེན་པར་བྱེད། །ཅེས་སོ། །དེ་ལ་ཨ་ནི་བཞི་སྟེ། དབྱིབས་ཀྱི་ཨ་ནི་དྲང་པོ་སྟེ་གཟུགས་ཐམས་ཅད་ཀྱི་དང་པོའོ། །བརྗོད་པའི་ཨ་ནི་སྒྲ་གདངས་ཀྱི་རང་གི་ངོ་བོར་གྲུབ་པ་སྟེ་བརྗོད་པའི་དང་པོའོ། །ནང་ལྟར་བཤད་པའི་ཨ་ནི། ལྟེ་བའི་ཨ་ཐུང་ཤད་ལྟ་བུ་སྟེ་ལུས་ཀྱི་ཐོག་མར་གྲུབ་པའོ། །དོན་གྱི་ཨ་ནི་སྐྱེ་བ་མེད་པ་སྟེ་ཆོས་ཐམས་ཅད་ཀྱི་ཐོག་མར་གྲུབ་པའོ། །དེ་བས་ན་སརྦ་དྷརྨཱ་ཎཱཾ་ཞེས་བྱ་བ་སྟེ་མ་ལུས་པའོ། །ཨཱ་དྱ་ནུཏྤནྣ་ཏྭཱད་ནི་གདོད་མ་ནས་མ་སྐྱེས་པའི་དེ་ཁོ་ན་ཉིད་ཅེས་བྱ་བའི་དོན་ཏོ། །དེ་བས་ན་མགྲོན་དང༌། རྣལ་འབྱོར་པའི་ལུས་ངག་ཡིད་གསུམ་ཀ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དང་མཉམ་མོ། །ཞེས་སྟོན་པ་ནི་ཨོཾ་སྟེ་ལུས་དག་པའོ། །ཨཱཿནི་ངག་དག་པའོ། །ཧཱུྃ་ནི་ཐུགས་དག་པའི་བདག་ཉིད་ཅན་ནོ། །མཚན་མ་དང་རྣམ་པར་རྟོག་པ་མ་ལུས་པ་འཇོམས་པར་བྱེད་པས་ཕཊ་དོ། །དེ་ཁོ་ན་ཉིད་དུ་སེམས་ཞི་བར་བྱེད་ཅིང་གཞི་ཚུགས་པས་ན་སྭཱ་ཧཱ་ཞེས་བྱ་བའི་དོན་ཏོ། །འབྱུང་པོ་ཐམས་ཅད་ཅེས་བྱ་བ་ལ་མ་བྱུང་མ་མྱོང་བས་ན་འབྱུང་པོ་སྟེ་འགྲོ་བ་དྲུག་གིས་སེམས་ཅན་ཐམས་ཅད་དོ། །གཏོར་མ་ནི་མཆོད་པའི་ཡོ་བྱད་ཀྱི་ཁྱད་པར་རོ། །དེའི་སྔགས་ནི་དེ་ཁོ་ན་ཉིད་སྟོན་པའི་སྔགས་འདི་བརྗོད་པའི་མཐུས་གཏོར་མའི་ཉེས་པ་རྣམས་རྣམ་པར་དག་ཅིང་ཡོན་ཏན་ཐམས་ཅད་རྫོགས་པར་འཕྲལ་དུ་བྱེད་པའོ། །བཟླས་པ་ལ་སོགས་པ་ཐམས་ཅད་ལ་གཏོར་མ་ཕུལ་ཏེ་འཇུག་པར་བྱ་བས་ན་གཏོར་མ་དེ་ཐོག་མ་ཁོ་ནར་བསྟན་ཏོ། །རིགས་ཀྱི་རབ་ཏུ་དབྱེ་བ་མཐའ་ཡས་ཀྱང་རྣམ་པ་འདི་ལྔ་ཁོ་ནར་འདུས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱི་ཞེས་བྱའོ། །ས་བོན་ཞེས་བྱ་བ་ནི་སྐྱེ་བའི་རྒྱུ་ཞེས་བྱ་བ་སྟེ། བསྐྱེད་པའི་རིམ་པ་རྣམས་ཀྱིའང་ཡི་གེ་འདི་དག་ལས་བསྐྱེད་ཅིང༌། རྫོགས་པའི་རིམ་པ་རྣམས་ཀྱི་ལུས་ལ་འདི་བཞིན་དུ་གནས་ལ། མཐར་ཐུག་པ་ན་ཡེ་ཤེས་ལྔར་ཡང་འདི་རྣམས་ཀྱི་སྟོན་པས་ན་ས་བོན་ནོ། །བྷྲཱུྃ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ་རྣམ་པར་སྣང་མཛད་ཀྱི་ས་བོན་ནོ། །ཨཱྃ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ་རིན་ཆེན་འབྱུང་ལྡན་ནོ། །ཛྲཱིཾ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཏེ་འོད་དཔག་ཏུ་མེད་པའོ། །ཁྃ་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཏེ་དོན་ཡོད་གྲུབ་པའིའོ། །ཧཱུྃ་ནི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་སྟེ་མི་བསྐྱོད་པའི་ས་བོན་ཏེ། འདིས་རིགས་བསྡུས་པའི་དཀྱིལ་འཁོར་གྲུབ་བོ། །རྒྱུད་འདིར་ནི་ཐུགས་ཀྱི་རིགས་གཙོར་གྱུར་ཅིང༌། དེ་ལས་ཀྱང་སྙིང་པོ་ཀྱེའི་རྡོ་རྗེ་ཞེས་བྱ་བ་གཙོ་བོ་ཡིན་པར་བསྟན་པའི་ཕྱིར་དེའི་སྙིང་པོ་གཙོ་བོར་སྟོན་ཏེ། དེ་བ་ཞེས་བྱ་བ་ནི་རོལ་པ་སྟེ་བདེ་བ་ལ་རོལ་པས་ལྷའམ་སེམས་ཅན་གྱི་དོན་ལ་རོལ་པར་བྱེད་དོ་ཞེས་བྱ་བའོ། །པི་ཙུ་ཞེས་བྱ་བ་ནི་འཇམ་པ་སྟེ་ཇི་ལྟར་བལ་འདབ་འཇམ་པོས་སྦར་སྦུར་སྡུད་པ་ལྟར་འདིའི་ཐུགས་རྗེ་འཇམ་པོས་སེམས་ཅན་སྡུད་ཅེས་པའོ། །བཛྲ་ཞེས་བྱ་བ་ནི་རྡོ་རྗེ་མི་ཕྱེད་པ་ལྟར་ཤེས་རབ་སྟོང་པ་ཉིད་ཀྱི་དོན་ཏམ། ཇི་ལྟར་རྡོ་རྗེས་ཕ་རོལ་རྣམས་འཇོམས་པ་ལྟར་ཐུགས་རྗེས་མ་རུངས་པ་རྣམས་འཇོམས་པ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་ཧེ་བཛྲ་འདི་ནི་ཆོས་གསུམ་དང་ལྡན་པ་ཞེས་བྱ་བའི་དོན་ཏོ། །ཧཱུྃ་གསུམ་ནི་སྐུ་གསུམ་སྟེ་སྐུ་གསུང་ཐུགས་མི་ཕྱེད་པ་སྟེ། གསང་བ་འདུས་པ་ལས། ཧཱུྃ་ནི་སྐུ་དང་གསུང་དང་ཐུགས། །རྡོ་རྗེ་མི་ཕྱེད་གསུམ་འབྱུང་བ། །ཞེས་སོ། །ད་ནི་སྔགས་ཐམས་ཅད་ཀྱི་སྤྱིའི་རྣམ་པར་གཞག་པ་ཡི་གེ་ལྔས་ཁྱད་པར་དུ་བྱ་བ་སྟོན་ཏེ། སྔགས་ཐམས་ཅད་ཀྱི་ཞེས་བྱ་བ་ནི་ཡི་གེ་འདི་རྣམས་ཀྱིས་ཁྱད་པར་དུ་མ་བྱས་པ་རྣམས་ལ་ཡིན་གྱི། ཡོད་པ་རྣམས་ལ་བསྣན་པ་ནི་མ་ཡིན་ནོ། །རྐང་པ་དང་པོར་ཨོཾ་ཞེས་བྱ་བ་ལ་སོགས་པའོ། །འདི་རྣམས་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་དུ་ཤེས་པར་བྱ་བའི་ཕྱིར་རམ། དངོས་གྲུབ་ཐམས་ཅད་ཀྱི་རྒྱུའི་ཕྱིར་ངེས་པར་གཞུག་པར་བྱའོ། །དཔལ་རྡོ་རྗེ་རྩེ་མོ་ལས་གསུངས་པ། ཨོཾ་ནི་ཅི་ཞིག་ཡིན་པར་བཤད། །མཆོག་དང་ནོར་སྟེར་དཔལ་དང་གཡང༌། །སྐལ་བ་བཟང་རྣམས་དང་ལྡན་ཞིང༌། །དམ་བཅའ་བ་དང་བཀྲ་ཤིས་དོན། །ནོར་བུ་འཛིན་པའི་སྙིང་པོ་ཡིན། །ཞེའོ། །དེ་བས་ན་དང་པོར་འབྱུང་ངོ༌། །ཨོཾ་ཨ་ཀཱ་རོ་ཞེས་བྱ་བའི་སྒྲ་ལས། ཨོཾ་ཨ་ཀཱ་རོ་ཞེས་བྱ་བར་འབྱུང་བས་ཡང་ཨ་ཡིག་ཀྱང་ཐོག་མར་འབྱུང་ངོ༌། །ཞེས་བྱ་བར་གྲུབ་བོ། །དོན་ནི་གསུང་གི་སྔགས་ཡིན་པས་སམ། ཨ་ཞེས་བྱ་བ་ནི་མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་འབྱུང་བས་སོ། །དེས་ན་ཨ་ཞེས་བྱ་བ་འབྱུང་སྟེ། སྒྱུ་འཕྲུལ་དྲྭ་བ་ལས། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་སྡེ་ཚན་འདྲེན་པར་བྱེད། །ཁོང་ནས་འབྱུང་བ་སྐྱེ་བ་མེད། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཅེས་གསུངས་སོ། །དེ་ནས་རང་རང་གི་སྔགས་ཀྱི་རྗེས་ལ་ཧཱུྃ་ཞེས་བྱ་སྟེ་ཡང་གསུངས་པ། ཡི་གེ་ཧཱུྃ་ནི་ཅི་ཡིན་བརྗོད། །སྡུག་བསྔལ་འཆོས་ཤིང་འཇོམས་བྱེད་ཅིང༌། །སྲིད་པའི་ཞགས་པ་གཅོད་པར་བྱེད། །གདུག་པ་སྔངས་ཤིང་གསོད་བྱེད་པའི། །ཧཱུྃ་ནི་མཆོག་ཏུ་དྲན་པར་བྱ། །ཞེས་སོ། །དེའི་རྗེས་ལ་ཕཊ་ཅེས་བྱ་སྟེ། གདུག་དང་སྡུག་བསྔལ་འཇོམས་བྱེད་ཅིང༌། །བདེ་བ་དག་ནི་འགུགས་པར་བྱེད། །ཕཊ་ནི་འཇོམས་བྱེད་སྒྲ་ཡིན་ཏེ། །གྲོགས་དང་བཅས་པ་འཇོམས་པར་བྱེད། །ཅེས་སོ། །མཐར་ནི་སྭཱ་ཧཱ་ཞེས་བྱ་སྟེ། །སྭཱ་ཧཱ་ཞེས་བྱ་ཅི་ཡིན་བརྗོད། །སྡིག་པ་ཐམས་ཅད་ཞི་བྱེད་ཅིང༌། །དགེ་བའི་ཚོགས་ནི་འཕེལ་བར་བྱེད། །ཉེས་པ་བྱས་པ་འཕྲོག་བྱེད་ཅིང༌། །སྡུག་བསྔལ་ཐམས་ཅད་འཇོམས་པའི་མཆོག །ཅེས་དཔལ་རྡོ་རྗེ་རྩེ་མོ་ལས་གསུངས་པ་འདི་དག་གིས་གྲུབ་བོ། །དེ་བས་ན་ཨོཾ་ཨཱཿབྷྲཱུྃ་ཧཱུྃ་ཕཊ་སྭཱ་ཧཱ་ཞེས་བྱ་བ་ལྟ་བུར་ཡི་གེ་རེ་རེ་ལ་སོ་སོར་སྦྱར་བའམ། ཡང་ན་ཕྲེང་བའི་སྔགས་སུ་སྦྱར་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་ཡི་གེ་རེ་རེ་ལ་དེ་ཁོ་ན་ཉིད་ངེས་པར་བཤད་པ་དེ་ལྟར་མཁས་པས་གསང་སྔགས་མ་ལུས་པ་དེ་ལྟ་བུའོ་ཞེས་ཁོང་དུ་ཆུད་པར་བྱ་བའི་སྔགས་ཐམས་ཅད་ལ་རེ་རེ་ནས་བཤད་པ་རྣམ་པར་སྤྲོ་བ་མང་པོ་རྗེ་བཙུན་མི་གསུང་བས་ན་ག་ལ་རུང༌། ལས་ཀྱི་ཚོགས་མཐའ་དག་ལ་ཧེ་རུ་ཀ་བཞི་བདག་མེད་མ་དང་ལྔ་གང་ཡང་རུང་བ་ལ་བསྐྱེད་རིམ་བརྟན་པར་གྱུར་ཅིང༌། སྔོན་དུ་བསྙེན་པ་འབུམ་ཕྲག་བཞི་སོང་བས་སོ་སོའི་དངོས་གྲུབ་ལ་འཇུག་པར་བྱའོ་ཞེས་བྱ་བ་ནི་བླ་མའི་མན་ངག་གོ །གྲོང་ཁྱེར་དཀྲུགས་པ་ལ་དངོས་གྲུབ་ཀྱི་དོན་དུ་བྱེ་བ་ཕྲག་གཅིག་བཟླས་ལ། མཚན་མ་མཐོང་གི་བར་དུ་བསྒྲུབས་ཏེ། ལས་ལ་སྦྱོར་བ་ན་ལག་པ་འཁོར་ལོ་རྩིབས་བརྒྱད་ལ་ཡི་གེ་བརྒྱད་བཀོད་ཅིང༌། མུ་ཁྱུད་ལ་ཨཱ་ལི་ཀཱ་ལི་བཀོད་ལ། ལྟེ་བ་ལ་སྤེལ་ཚིག་དང་བཅས་པ་བྲིས་ཏེ། དེ་ལག་པ་གཡོན་པས་བཀབ་སྟེ་ཁ་རླངས་མ་ཤོར་བར་སྤེལ་ཚིག་དང་བཅས་པ་སྔགས་བཟླས་ནས་གྲོང་ཁྱེར་ལ་བསྟན་ན་འཁྲུགས་པར་འགྱུར་རོ། །མན་ངག་གོ །ཁ་ཅིག་ནི་ཡིད་བསྒྱུར་ཏེ་དབང་དུ་བྱ་བའོ། །ཞེས་འཆད་དོ། །ཡང་ན་གྲོང་ཁྱེར་ནི་དེ་བཞིན་གཤེགས་པ་ཡུམ་དང་ལྷན་ཅིག་པས་གྲོང་ཁྱེར་དེ་ཆོས་ཀྱི་འཁོར་ལོའོ། །ལྟེ་བའི་ཨྃ་སྡེ་ཚན་བརྒྱད་དང་བཅས་པ་དཀྲུགས་པ་ནི་ཙཎྜཱ་ལཱིའི་མན་ངག་བཞིན་ནོ། །དྲུག་པ་རྣལ་འབྱོར་མ་རྣམས་ཀྱི་ས་བོན་ནི། བཟླས་པའི་སྔགས་སུའང་འགྱུར་རོ། །ཧེ་རུ་ཀ་གསུམ་གྱི་སྔགས་གོ་སླའོ། །བརྒྱད་པ་མངོན་རྟོགས་གསུམ་དང་འབྲེལ་བའི་སྔགས་ནི། ཡི་གེ་གསུམ་ནི། རང་གི་གནས་གསུམ་དང༌། ཁ་ཟས་བྱིན་གྱིས་བརླབ་པ་ནི་དམ་ཚིག་གོ །ཡང་རབ་གནས་ཀྱི་ལྷ་དང་མེ་ལྷ་བྱིན་གྱིས་བརླབ་པར་ཡང་འགྱུར་རོ། །ས་སྦྱང་བའི་སྔགས་ནི་དཀྱིལ་འཁོར་དང་འབྲེལ་བས་དམ་ཚིག་དང་རབ་གནས་ཡིན་ལ། ཐབ་ཁུང་དང་འབྲེལ་བས་སྦྱིན་སྲེག་ཏུའང་འགྱུར་རོ། །གཞུང་གི་ཆ་དགུ་པ་ལྷག་མས་ནི་ལས་ཀྱི་ཚོགས་དང་འབྲེལ་བའི་སྔགས་སྟོན་ཏོ། །དེ་ལ་དབྱེ་བ་ནི་བཅུ་གསུམ་དུ་གནས་སོ། །དེ་ལ་ལས་ཀྱི་ཚོགས་མཐའ་དག་གི་སྤྱི་བསྙེན་ནི་སྔར་བསྟན་ཟིན་པ་བཞིན་ཤེས་པར་བྱའོ། །ཁྱད་པར་གྱི་བསྙེན་པ་ལ་སོགས་པའི་ལས་ལ། དང་པོར་སྔགས་བརྒྱད་པའི་དོན་ནི་འདི་ཡིན་ཏེ། ཚོགས་གཉིས་བསགས་པ་སྔོན་དུ་སོང་ནས། གདན་གྱི་སྟེང་དུ་ས་བོན་ཙམ་ལས་འཆད་པའི་ལྷ་བསྐྱེད་པ་ནི་བསྙེན་པའོ། །ཡེ་ཤེས་པ་གཞུག་པ་ཉེ་བར་བསྒྲུབ་པའོ། །གནས་གསུམ་བྱིན་གྱིས་བརླབ་པ་ནི་སྒྲུབ་པའོ། །དབང་བསྐུར་རྒྱས་གདབ་ནི་སྒྲུབ་ཆེན་ནོ། །དེ་ནས་སྙིང་གར་སྔགས་བཀོད་ལ་བཟླ་བར་བྱའོ། །བཟླས་བསྒོམ་གྱིས་གྲུབ་པ་ནི་རབ་ཡིན་ལ། རྫས་སྦྱོར་ལ་སོགས་པ་ལ་ལྟོས་པ་ནི་འབྲིང་དང་ཐ་མ་སྟེ། བཤད་པའི་རྒྱུད་ཀྱི་བརྟག་པ་བདུན་པ་ལྟར་བྱའོ། །ཨ་ཕུཿཞེས་བྱ་བ་ལ་སོགས་པས་ཆར་དབབ་པའི་ཆོ་ག་གསུངས་ཏེ། སྔོན་དུ་བསྙེན་པ་སོང་བའི་རྣལ་འབྱོར་པས། གྲོང་ཁྱེར་གྱི་རླུང་མཚམས་ན་རྫིང་བུ་དངོས་སུ་ཡོད་དམ་མེད་ནའང་ཕྱོགས་དེར་རྫིང་བུ་བྱས་ཏེ། དེར་དཀྱིལ་འཁོར་བཞེངས་དགོས་པས་སའི་ཆོ་ག་ཇི་ལྟ་བ་བཞིན་བྱའོ། །དེའི་ཕྱིད་ཉིན་ཀླུ་གནས་པའི་མཚོ་འགྲམ་ནས་ས་ནག་པོ་བླངས་ལ་བདུད་རྩི་ལྔ་དང་ཙནྡན་ལ་སོགས་པ་བླུགས་ལ་མཐའ་ཡས་ཀྱི་གཟུགས་བརྙན་སྟོད་མི་གཟུགས་སྦྲུལ་མགོའི་གདེངས་ཀ་བདུན་ཡོད་པ། སྨད་སྦྲུལ་འཁྱིལ་པ། སྙིང་གར་ཐལ་མོ་སྦྱར་བ་བྱས་ཏེ། ཁམ་ཕོར་ཁ་སྦྱར་དུ་བཅུག་ནས་དཀྱིལ་འཁོར་གྱི་འགྲམ་དུ་གཞག་གོ །ཡོ་བྱད་ཀྱི་ཚོགས་མ་ལུས་པ་བསགས་ཏེ། སའི་ལྷ་མོ་དང༌། ལྷ་དང༌། བུམ་པ་སྟ་གོན་དུ་གནས་པ་རྣམས་ཆོ་ག་བཞིན་བྱའོ། །དེ་ནས་མཐའ་ཡས་ཀྱི་ཁམ་ཕོར་ཁ་ཕྱེ་ལ། སྐད་ཅིག་གིས་སྟོང་པར་བསམ། དེ་ནས་ཨ་ཕུཿལས་མཐའ་ཡས་མདོག་སེར་པོར་ཇི་ལྟ་བ་བཞིན་དུ་སྐྱེད་དོ། །དེ་ནས་རང་གི་ས་བོན་གྱི་འོད་ཀྱིས་ས་འོག་ནས་མཐའ་ཡས་རང་བཞིན་པ་བཀུག་ལ་བསྟིམ། སྐུ་གསུང་ཐུགས་བྱིན་གྱིས་བརླབ། དབང་བསྐུར་གྱི་ལྷ་སྤྱན་དྲངས་ཏེ་དབང་བསྐུར་བར་བསམས་ཏེ། དངོས་སུ་བུམ་པ་བདུད་རྩི་ལྔས་གང་བས་མེ་ལོང་ལ་བླུགས་ལ་དབང་བསྐུར་ཏེ། སྣང་བ་མཐའ་ཡས་ཀྱིས་དབུར་བརྒྱན་པར་བྱ་སྟེ་ཡན་ལག་བཞིའོ། །དེ་ནས་མེ་ཏོག་ནག་པོ་དང༌། སྤོས་དང་མར་མེ་དྲི་དང༌། ཞལ་ཟས་ཀྱིས་ཀྱང་མཆོད་ལ། མཁན་པའི་ཁུ་བ་དང་གླང་པོའི་ཆང་གིས་མགོ་ལ་བྱུག བ་ནག་མོའི་འོ་མས་དགང་ཟེར་ཡང་ཅུང་ཟད་གཏོར་ལ། གཞོན་ནུ་མ་ནག་མོས་བཀལ་བའི་སྐུད་པ་ནག་པོས་རྒྱ་གྲམ་དུ་དཀྲིའོ། །སྟ་གོན་ནོ། །དེའི་ནང་པར་དཀྱིལ་འཁོར་ཁྲུ་གསུམ་པའི་ཚད་དུ་བྱས་ལ། དུར་ཁྲོད་ཀྱི་སྲད་བུས་ཐིག་གདབ་པ་དང་བྲི་བ་ལ་སོགས་པ་གཞུང་བཞིན་དུ་བྱའོ། །དེ་ནས་རྒྱན་དགྲམ་པ་ནས་བརྩམས་ཏེ། དཀྱིལ་འཁོར་བསྒྲུབ་པ་དང་མཆོད་པ་དང༌། བདག་ཉིད་འཇུག་པ་ལ་སོགས་པ་མ་ལུས་པ་དཀྱིལ་འཁོར་ཆོ་ག་བཞིན་བྱའོ། །དེ་ནས་མཐའ་ཡས་ཀྱི་ཁམ་ཕོར་ཁ་ཕྱེ་ལ་སྟ་གོན་ལ་གནས་པའི་སྐབས་སུ་ཇི་ལྟར་བྱས་པ་བཞིན་བྱའོ། །ཁྱད་པར་ནི་བ་ནག་མོའི་འོ་མས་བཀང་སྟེ། བདག་ཉིད་དཀྱིལ་འཁོར་གྱི་གཙོ་བོ་དང་ཐ་མི་དད་དུ་མོས་ལ། མ་རུང་པའི་བསམ་པས་ཞེས་བྱ་བ་མཐའ་ཡས་གཟིར་ལ་ཆར་དབབ་བོ་སྙམ་པའི་བསམ་པས། ཨོཾ་ཞེས་བྱ་བ་ལ་སོགས་པའི་སྔགས་བཟླའོ། །གལ་ཏེ་མི་འབབ་ན་ཞེས་བྱ་བ་ནི་སྤོགས་ཏེ་གནད་ལ་དབབ་པའི་ཆོ་ག་སྟེ། སྔགས་བཟློག་པ་ཞེས་བྱ་བ་འབྲུ་རེ་ནས་མི་བཟློག་སྟེ་ཚིག་རེ་ནས་བཟློག་པ་འདི་ནི་མན་ངག་གོ །དེ་བས་དཀྱིལ་འཁོར་གྱི་མཇུག་གི་བྱ་བ་ནི་ཆོ་ག་སྤྱི་དང་འདྲ་བར་ཤེས་པར་བྱའོ། །ཆོ་གའི་ཚུལ་མི་འདྲ་བ་མང་མོད་རང་རང་གི་བླ་མའི་རྗེས་སུ་འབྲང་བར་བྱའི་འཐད་པ་དང་མི་འཐད་པ་སུས་བརྟག་པར་ནུས། སྤྲིན་དྲལ་བ་དང༌། རྡོ་རྗེ་གྲི་གུག་དང༌། ལྷ་དགས་པ་དང༌། ཚ་བས་གདུང་བ་དང༌། ཆང་སྐྱུག་པ་ད་ང༌། མྱོས་མ་དབང་དུ་བྱ་བ་དང༌། ཉི་ཟླ་གཟུང་བ་དང་བདུན་པོ་དེ་དག་ཀྱང་སྔོན་དུ་བསྙེན་པ་དང༌། དངོས་གྲུབ་ཀྱི་ཕྱིར་བཟླས་པ་དང༌། ཆོ་ག་ནི་གཞུང་ནས་འབྱུང་བ་ཉིད་ཡིན་པས་གོ་སླའོ། །ཨོཾ་ནཱ་གྲ་ཞེས་བྱ་བ་ལ་སོགས་པ་རྡོ་རྗེ་མོའི་བྲ་ནི། དུས་མ་ཡིན་པའི་དུས་སུ་ཞེས་བྱ་བ་ནི་སྲོད་ཀྱི་དུས་སུའོ། །དེའང་འོག་ནས་བཅུ་བཞི་པའམ་བརྒྱད་པ་ཞེས་འབྱུང་བས། ཚེས་བཅུ་གསུམ་མམ་བདུན་གྱི་སྲོད་ལ། གཞོན་ནུ་མ་གྲོང་པའི་ཆོས་ཀྱིས་མ་ཕོག་པའི་མིག་ལ། ཨོཾ་ནཱ་གྲ་ནཱ་གྲ་ཧཱུྃ་ཕཊ་སྭཱ་ཧཱ་ཞེས་བྱ་བ་བརྒྱ་རྩ་བརྒྱད་བཟླས་ལ། མེ་ཏོག་ལ་སོགས་པའི་མཆོད་པ་ལྔས་མཆོད་ནས་ངའི་དོན་སྒྲུབས་ཤིག་ཅེས་བརྗོད་དེ་སྙན་གསན་དབབ་བོ། །དེ་ནས་བཅུ་བཞི་པའམ་བརྒྱད་པའི་སྔ་བའི་དུས་ཞེས་བྱ་བ་སྲོད་ནས་བཀུག་ནས་ཐོ་རངས་བལྟར་གཞུག་པའོ། །དེ་བས་ན་དེ་སྲིད་ལ་བཀུག་ལ། བུ་ག་ཐམས་ཅད་བཀག་སྟེ་ནག་པོར་བྱས་ལ་ནང་གི་སྦྱིན་སྲེག་གི་མཆོད་པ་ལ་སོགས་པ་བྱའོ། །དེ་ནས་བུམ་པ་ལ་སོགས་པ་གཞག་ཅིང་ཞེས་བྱ་བ་ནི་བདག་དང་དེའི་བར་དུ་བུམ་པ་ཇི་ལྟ་བ་བཞིན་བཅས་ལ། དེའི་སྟེང་དུ་མར་མེ་གཞག་གོ །དེ་ནས་ཡང་འབྲུ་མར་དང༌། རྒྱ་སྐྱེགས་ཀྱི་ཁུ་བ་ལ་སྔགས་བརྒྱ་རྩ་བརྒྱད་བཟླས་ལ། སྔགས་དེ་ཉིད་བཟླ་ཞིང་རྒྱ་སྐྱེགས་ཀྱི་ཁུ་བས་ལག་པ་གཡོན་པའི་མཐེ་བོང་ལ་བསྐུ། དེ་བཞིན་དུ་འབྲུ་མར་གྱིས་ཀྱང་བསྐུས་ནས། དེ་གཞོན་ནུ་མ་ལ་བསྟན་ལ་ངའི་རྫས་སུས་ཁྱེར་སྨྲོས་ཞེས་བྱ་བ་ལ་སོགས་པ་གཞན་གྱིས་དྲིའོ། །དེས་འདོད་པའི་དོན་མཐོང་སྟེ་སྨྲ་བར་འགྱུར་རོ། །ཁྱི་འབྲོས་པའི་སྔགས་ནི། ཨོཾ་ཤྭ་ན་སྟི་སྟ་སྟི་སྟ་ཧེ་བཛྲ་ཡེ་སྭཱ་ཧཱ། ཞེས་བྱ་བའོ། །གླང་པོ་ལ་སོགས་པ་འབྲོས་པའི་སྔགས་ནི། རྭ་དུང་གི་ཁ་ལ་བྲིས་ཏེ་བུད་པས་འགྲུབ་པར་འགྱུར་རོ། །ཞེས་གསུང་ངོ༌། །རྡོ་རྗེ་མ་དང་ཞེས་བྱ་བ་ལ་སོགས་པ་ནི་གོང་གི་སྔགས་ཀྱི་ལྷའི་རྣལ་འབྱོར་ཏེ། འདི་དང་ལེའུ་བརྒྱད་པར་དང་པོ་ནག་པོ་རབ་ཏུ་བསྒོམ་ཞེས་བྱ་བ་ལ་སོགས་པ་དང༌། ལེའུ་བཅུ་གཅིག་པར་ཀུ་རུ་ཀུལླེའི་སྒྲུབ་ཐབས་དང༌། ལྟུང་བ་ལ་སོགས་པའི་ལས་དང༌། སྔར་གྱི་སྔགས་རྣམས་མངོན་པར་རྟོགས་པའི་ཚུལ་གཅིག་ཏུ་ཤེས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །རྒྱུད་འདིར་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་གཙོར་གྱུར་པས་ལས་ཀྱི་ཚོགས་རྒྱས་པ་ནི་མེད་དེ། དེ་བས་ན་དེ་དོན་དུ་གཉེར་བས་བཤད་པའི་རྒྱུད་ཀྱི་བརྟག་པ་བདུན་པ་ལས་བཙལ་བར་བྱའོ། །ལེའུ་གཉིས་པ་ཚིགས་སུ་བཅད་པ་བཞི་བཅུའི་རྣམ་པར་འགྲེལ་པའོ། །དེ་ནས་ལྷའི་ལེའུ་བཤད་པར་བྱའོ་ཞེས་བྱ་བ་ལ། དེ་ནས་ཞེས་བྱ་བ་ནི་སྔགས་ཀྱི་ལེའུའི་རྗེས་ལའོ། །ཅིའི་ཕྱིར་དེའི་འོག་ཏུ་བསྟན་སྙམ་ན། དེ་ལྟར་སྔགས་བཟླས་པའི་སྒོ་ནས་དངོས་གྲུབ་བསྒྲུབ་པ་ལ་ལུས་ལྷར་བསྐྱེད་དགོས་སོ་ཞེས་བསྟན་པའི་ཕྱིར་རོ། །ཡང་ན་སྔགས་སུམ་ཅུ་རྩ་གཉིས་ཀྱིས་མཚོན་པའི་རྩ་རྣམས་ཀྱི་བྱང་ཆུབ་ཀྱི་སེམས་དེ་ནི་ལུས་ལས་བྱུང་ཞིང་བདེ་བ་ལ་རོལ་པའི་དོན་གྱིས་ན་ལྷ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ། །ལེའུ་འདིའི་བརྗོད་པར་བྱ་བའི་དོན་ནི་བསྐྱེད་པའི་རིམ་པ་སྤྱིའི་དོན་ཏོ། །རྗོད་བྱེད་ཀྱི་སྒྲ་ནི་ཡན་ལག་གི་དོན་གཙོ་བོར་གྱུར་པ་གསུམ་ཀས་འཆད་དོ། །ལུས་རྣམ་པར་གཞག་པ་ལྷ་རྣམས་ཇི་ལྟར་འབྱུང་བ་ཞེས་བྱ་བའི་རྒྱས་པར་བཤད་པའོ། །བཤད་པའི་རྒྱུད་ནི། རྡོ་རྗེ་གུར་གྱི་ལེའུ་བཞི་པ་ལས་བསྐྱེད་རིམ་གྱི་སྤྱིའི་རྣམ་པར་གཞག་པ་བསྡུས་ཏེ་བསྟན་ཏོ། །ལེའུ་བཅུ་གཉིས་པ་ལས་སྔོན་དུ་འགྲོ་བ་དང༌། ཡན་ལག་རྣམས་ཚང་བ་རྒྱས་པར་བཤད་དོ། །བཅོ་ལྔ་པ་ལས་ཧེ་རུ་ཀ་གསུམ་ཉིད་བསྟན་ཏོ། །དེ་བས་ན་གུར་གྱི་རྒྱུད་དུ་ལེའུ་ཀུན་དུ་བསྐྱེད་པའི་རིམ་པ་ཆ་རེ་བསྟན་མོད་ཀྱང་གཙོར་གསུམ་པོ་དེ་དང་འབྲེལ་ཏོ། །ཁ་སྦྱོར་ཐིག་ལེའི་བརྟག་པ་གཉིས་པའི་གསུམ་པ་དང༌། རྒྱུད་ཕྱི་མ་དང་བཅས་པ་འབྲེལ་ཏོ། །མངོན་པར་རྟོགས་པ་ནི་ཐབས་ཀྱི་རྒྱུད་ལས་གཙོར་མཆོག་གི་དངོས་གྲུབ་སྒྲུབ་པའི་མངོན་པར་རྟོགས་པའོ། །དེ་ལ་ལྔ་ལས་ཐོག་མར་རྟོགས་པའི་ལྟ་བ་ནི་བསྟན་ཟིན་ལ། དེ་ནས་རྫོགས་རིམ་གྱི་རྟེན་ཡིན་པས་བསྐྱེད་པའི་རིམ་པ་བསྒོམ་པ་ཞེས་བྱ་བ་ནི་ལེའུ་གསུམ་པ་དང་བཞི་པ་ཡིན་ལ། རྫོགས་པའི་རིམ་པ་ནི་ལྔ་པ་ཡིན་ཞིང༌། དེ་ལྟར་མཆོག་གི་དངོས་གྲུབ་ཀྱི་རྣལ་འབྱོར་པའི་སྤྱོད་པ་ལ་སོགས་པ་ནི་དྲུག་པ་ལ་སོགས་པར་ཞེས་བྱ་བར་འབྲེལ་ཏོ། །ག་ཡ་དྷ་རའི་གསུང་ངོ༌། །སློབ་དཔོན་སྦྱང་དཀའ་ཟླ་བ་ནི་མཆོག་གི་དངོས་གྲུབ་ཀྱི་རྣལ་འབྱོར་པས་ཐོག་མར་རྟོགས་པའི་ལྟ་བ་བྱས་ནས། དངོས་གྲུབ་དེ་ལ་མི་སྐྱོ་བར་བྱ་བ་དང༌། གཞན་རྗེས་སུ་འཛིན་པའི་དོན་དུ་སྔགས་ཡིན་ལ། དེ་ཉིད་ལ་ལུས་དགོས་པའི་ཕྱིར་དང་ལས་དང་པོ་པ་ཐོག་མར་སེམས་སྦྱང་བའི་ཕྱིར་ལེའུ་གསུམ་པ་དང་བཞི་པ་སྟེ། མདོར་ན་དེའི་ཡན་ལག་ཏུ་གྱུར་པའོ། །ཞེས་བྱ་བར་དགོངས་སོ། །དམན་པའི་དངོས་གྲུབ་དེས་ཡིད་མི་འཕྲོགས་པར་བྱ་བའི་ཕྱིར། དེ་ཁོ་ན་ཉིད་དང༌། དེ་ལྟ་བུའི་སྤྱོད་པ་དང༌། སྤྱོད་པ་དེའི་ཡན་ལག་དང༌། རྣལ་འབྱོར་པ་དེའི་བསྐྱེད་པའི་རིམ་པ་དང༌། རྫོགས་པའི་རམ་པ་བསྒོམ་པའི་ཚུལ་དང༌། དེས་གཞན་སྡུད་པའི་སྤྱོད་པ་ཞེས་བྱ་བར་འབྲེལ་ཏོ། །ཞེས་དགོངས་སོ། །ལྷའི་ལེའུ་འདིར་བཤད་ཚུལ་བསམ་གྱིས་མི་ཁྱབ་མོད། སློབ་དཔོན་སྦྱང་དཀའ་ཟླ་བས་ཐོག་མར་ཕྱག་གཉིས་པའི་རྣལ་འབྱོར་དང༌། གཉིས་པོ་དེས་བསྒྲེ་བའོ། །དང་པོ་ནི་མངོན་པར་རྟོགས་པའང་གཞུང་འདི་ནི་ཤིན་ཏུ་དཀྲུགས་པ་ཡིན་ཏེ། དེ་བས་ན་བླ་མའི་མན་ངག་གིས་བཤད་པའི་རྒྱུད་རྡོ་རྗེ་གུར་གྱི་ཚུལ་གྱིས་འདིར་འཁྲུགས་བསྡེབས་ཏེ་འཆད་དོ། །དེ་བས་ན་ཐོག་མར་རང་དང་རྗེས་སུ་མཐུན་པའི་གནས་སུ་འདུག་ལ་མཆོད་པ་ལ་སོགས་པ་བྱའོ་ཞེས་འབྲེལ་ཏེ། རྡོ་རྗེ་གུར་ལས། མེ་ཏོག་འབྲས་བུས་བརྒྱན་པ་ཡི། །རི་ཁྲོད་དང་ནི་སྨན་ལྗོངས་སུ། །རྡོ་རྗེ་སྐྱིལ་ཀྲུང་བཅས་ནས་ནི། །བླ་མ་སངས་རྒྱས་མཆོད་པར་བྱ། །ཞེས་འབྱུང་བས། དང་པོར་རང་གི་སྙིང་གར་རེ་ཕ་བསྒོམ། །ཞེས་བྱ་བའི་ཚིགས་བཅད་གཅིག་འབྱུང་སྟེ། བླ་མ་སངས་རྒྱས་མཆོད་པ་ལ་དེ་དག་སྤྱན་དྲང་དགོས་ཏེ། དེ་ལ་བདག་ལྷར་གནས་པ་དང༌། སེམས་བྱིན་གྱིས་བརླབ་པ་དགོས་པས་སོ། །དེ་ནས་དེའི་འོད་ཀྱིས་ཚོགས་ཀྱི་ཞིང་སྤྱན་དྲངས་ནས་མཆོད་པ་ནི། ནམ་མཁར་རྗེ་བཙུན་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་ཕྱེད་དང་བཞིས་བསྟན་ཏོ། །དེ་ནས་ཡང་བཤད་པའི་རྒྱུད་ལས། བླ་མ་རྡོ་རྗེ་རྣམས་མཆོད་ནས། །བདུན་པོ་རྣམ་པར་དག་པར་བྱ། །ཞེས་འབྲེལ་པ་གསུངས་པས་འདིར་བྱའོ། །གལ་ཏེ་བདུན་པོ་དག་པ་རྒྱུད་འདི་ལས་མ་གསུངས་སོ་སྙམ་ན། དངོས་སུ་མ་གསུངས་པ་བདེན་ཡང་ཤུགས་ལས་གསུངས་ཏེ་འོག་ནས་ཡང་ནི་སྟོང་པའི་བྱང་ཆུབ་སྟེ་ཞེས་བྱང་ཆུབ་སེམས་ལྡབས་པའི་ཚིག་དང་སྟོང་པའི་ཞེས་མི་འདྲ་བའི་ཚིག་གསུངས་པས་ན། བདུན་པོ་དག་པའི་ཁོངས་སུ་སོང་བའི་བྱང་ཆུབ་ཀྱི་སེམས་ཞེས་བྱ་བར་དགོངས་སོ། །དེ་བས་ན། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །ཞེས་བྱ་བ་ལ་སོགས་པ་བསྡུས་པའམ། བདུན་པོ་རྒྱས་པར་བྱ་བར་ཡང་རུང་ངོ༌། །དེའི་རྗེས་ལ། ཚངས་པའི་གནས་ནི་བཞི་པོ་ཡིས། །སེམས་ཀྱི་ངལ་ནི་བསོ་བར་བྱ། །ཕྱི་ནས་བྱང་ཆུབ་སེམས་གནས་ཏེ། །དེ་རྗེས་བསྲུང་བའི་དམ་ཚིག་གོ །ཞེས་འབྱུང་བས། དང་པོར་བྱམས་པ་བསྒོམ་པར་བྱ། །ཞེས་བྱ་བ་ལ་སོགས་པ་དང་འབྲེལ་ཏོ། །སེམས་ཅན་ཐམས་ཅད་བདེ་བར་གྱུར་ཅིག་སྙམ་པ་ནི། བྱམས་པའོ། །སྡུག་བསྔལ་ལས་སེམས་ཅན་ཐམས་ཅད་སྐྱོབ་པར་བྱེད་པ་ནི་སྙིང་རྗེའོ། །དགའ་བ་ནི་བདེ་བ་དང་མི་འབྲལ་བར་བྱེད་པའི་རྒྱུ་དམ་པའི་ཆོས་ལ་སྤྱོད་པའོ། །སེམས་ཅན་ཐམས་ཅད་མཉམ་པ་ཉིད་ཀྱི་ཆོས་ཉིད་ལ་སྤྱོད་པར་བྱེད་པ་ནི་བཏང་སྙོམས་སོ། །འོ་ན་མདོ་སྡེ་རྒྱན་ལས། སྙིང་རྗེ་ནི་སྡུག་བསྔལ་དང་བྲལ་བར་འདོད་པ་ཡིན་ལ། དགའ་བ་ནི་བདེ་བ་དང་མི་འབྲལ་བའི་རྣམ་པ་དང༌། སེམས་ཅན་རྣམས་ཀྱི་ཀུན་ནས་ཉོན་མོངས་པ་མེད་པ་ནི་བཏང་སྙོམས་སོ་ཞེས་བཤད་པ་ཇི་ལྟར་དྲང་སྙམ་ན། བདེན་མོད་དེ་ནི་སེམས་ཅན་ལ་དམིགས་པའི་ཚད་མེད་པ་ཡིན་ལ། དེ་ཉིད་ལས་ཆོས་ལ་དམིགས་པ་ནི་གང་ལས་དེ་དག་བསྟན་པའི་བསྟན་བཅོས་ཡིན་ལ་འཇུག་པ་ཞེས་འབྱུང་ན། བསྟན་བཅོས་དེ་དག་ཐོབ་པར་བྱེད་པའི་རྒྱུ་ཡིན་པས་དེ་ལ་འགལ་བ་ཅི་ཡོད། དེ་བས་ན་མཁན་པོ་སྐལ་ལྡན་གྱིས། དེ་ནི་བྱམས་པ་གནོད་མེད་དང༌། །སྙིང་རྗེ་ཕན་པ་བསྒྲུབ་པ་ཡིས། །དམ་ཆོས་རྟོགས་པ་ངོམས་མེད་དང༌། །ཆོས་སྦྱིན་པ་ལ་སེར་སྣ་མེད། །ཅེས་གསུངས་པ་ལྟ་བུའོ། །ཚད་མེད་པའི་ཡན་ལག་བཞི་བཤད་ནས། སྟོང་པ་ཉིད་ཀྱི་ཡན་ལག་བཞི་བཤད་པའི་ཕྱིར་ཡང་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡན་ལག་དང་པོ་སྟོང་པ་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་ནི་ཆོས་ཐམས་ཅད་བརྟག་ན་མ་གྲུབ་པར་བྱས་ནས། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བས་སྣང་བ་མེད་པའི་སྟོང་པ་ཉིད་དུ་བསྒོམ་མོ། །ཡན་ལག་དང་པོའོ། །ཡན་ལག་ལྷག་མ་རྣམས་ནི་སྟོང་པ་ཉིད་དེ་ལས་བྱུང་བའི་ཕྱིར་རམ། བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་དང་མི་ཕྱེད་པའི་ཕྱིར་སྟོང་པ་ཉིད་ཀྱི་ཡན་ལག་སྟེ་སྲུང་བའི་འཁོར་ལོའོ། །དེ་ལ་ས་བོན་བསྡུ་བ་ནི་སྟོང་པ་ཉིད་མཐའ་ཡས་པ་ལས། སྒྱུ་མ་ལྟ་བུའི་སྐུར་ལྡང་ངོ་སྙམ་པ་དང༌། རེ་ཕས་སྔོན་དུ་ཉི་མ་རྣམ་བསྒོམས་ནས། །ཉི་དེར་ཧཱུྃ་བྱུང་ངོ༌། །གསུམ་པ་ལ་ནི་གཟུགས་བརྙན་རྫོགས་ནི། སྣ་ཚོགས་ཏེའོ། །བཞི་པ་ལ་ནི་ཡི་གེ་འབྲུ་དགོད་ནི། རྡོ་རྗེའི་ལྟེ་བ་ལ་ཧཱུྃ་བཀོད་དེ། དེའི་འོད་ཟེར་ཏེ་རྡོ་རྗེ་དེ་ཉིད་ཀྱིས་ནི་རྭ་བ་དང༌། གུར་བཅིངས་པ་ཡང་རྣམ་པར་བསྒོམ་པར་བྱ། ཞེས་སོ། །དེའི་ནང་དུ་དུར་ཁྲོད་བརྒྱད་བསྒོམས་ཏེ། དེའི་དབུས་སུ་པདྨ་དང་ཉི་མའི་སྟེང་དུ་རོ་བསྒོམ་པ་ནི་དང་པོར་རོ་ནི་ཞེས་བྱ་བ་ལ་སོགས་པ་སྟེ། དེར་བཅོམ་ལྡན་འདས་བསྒོམ་ཞེས་བྱ་བའི་དོན་ཏོ། །དེ་ཇི་ལྟར་བསྒོམ་སྙམ་པ་ལ། མངོན་པར་བྱང་ཆུབ་པ་ལྔ་ལས་བསྒོམ་མོ་ཞེས་སྟོན་པ་ནི་ཨཱ་ལི་ཟླ་བ་ཞེས་བྱ་བ་ཚིགས་བཅད་གཅིག་དང༌། གོང་དུ་ཧཱུྃ་ལས་བྱུང་བའི་ཞེས་ཚིགས་བཅད་གཉིས་དང༌། སྔོ་དང་ཞེས་བྱ་བ་ལ་སོགས་པ་རྐང་པ་བཅུ་གསུམ་གྱིས་གཙོ་བོ་བསྐྱེད་པ་བསྟན་ཏེ། གཙོ་བོ་བསྐྱེད་ནས་འཁོར་སྤྲོ་བའང་བཤད་པའི་རྒྱུད་ལས། དང་པོར་སྐྱེས་བུ་བསམ་དེ་ནས། །རྣལ་འབྱོར་མ་ཡི་འཁོར་ལོ་སྤྲོ། །ཞེས་འབྱུང་བས། ནམ་མཁའི་དཀྱིལ་འཁོར་ཁྱབ་པའི་ཞེས་ཚིགས་བཅད་གཅིག་དང༌། རྣལ་འབྱོར་མ་བརྒྱད་ཅེས་བྱ་བ་ཚིགས་བཅད་གཅིག་གིས་བསྟན་ཏོ། །འདི་ལ་སློབ་དཔོན་པདྨ་བས། །དང་པོར་ཚད་མེད་བཞི་བསྒོམས་ནས། །ཡན་ལག་བཞིའི་དང་པོ་སྟོང་པ་བསྒོམས་ཏེ་སྲུང་འཁོར་བསྒོམ། དེ་ནས་ཡན་ལག་གསུམ་པོས་ལྷ་བསྐྱེད་པ་སྟེ། དཔའ་བོ་གཅིག་པའི་སྒྲུབ་པའི་ཐབས་དང༌། ཡང་ན་ནམ་མཁར་རྗེ་བཙུན་ཞེས་བྱ་བ་ལ་སོགས་པས་དཀྱིལ་འཁོར་དུ་བསྐྱེད་པ་ཞེས་བྱ་བའི་སྒྲུབ་ཐབས་གཉིས་སུ་འཆད་དོ། །ཤཱནྟི་པ་དང༌། དམ་ཚིག་རྡོ་རྗེས་ནི། དང་པོ་ཚད་མེད་བཞི་དང་ཡན་ལག་བཞིས་ནི་ཐ་མལ་པ་རྡོ་རྗེ་བཞིའི་སྒྲུབ་ཐབས་སོ། །ཡང་དེའི་སྟེང་དུ་སྲུང་འཁོར་བསྣན་པ་ནི་སྒྲུབ་ཐབས་གཉིས་པའོ། །དེའི་འོག་ཏུ་བླ་མ་མཆོད་པ་ལ་སོགས་པ་བསྣན་ལ་མངོན་བྱང་ལས་བསྐྱེད་པ་ནི་ལུགས་གསུམ་པའོ། །དཀྱིལ་འཁོར་བསྒོམ་པའི་ཚུལ་ཅུང་ཟད་བསྟན་པ་ནི་རྣལ་འབྱོར་མ་བརྒྱད་ཅེས་བྱ་བ་སྟེ་སྒྲུབ་ཐབས་བཞིར་འཆད་དོ། །ནག་པོ་པ་དང༌། བྷ་ཝ་པས་གཞལ་ཡས་ཁང་དང༌། རྒྱུ་རྡོ་རྗེ་འཆང་དང༌། འབྲས་བུ་རྡོ་རྗེ་འཆང་ལ་སོགས་པ་དཀྱིལ་འཁོར་གྱི་སྒྲུབ་ཐབས་རྒྱས་པར་འཆད་དོ། །བྱང་ཆུབ་སེམས་དཔས་ནི་བཤད་ཚུལ་དཔག་ཏུ་མེད་པར་འཆད་དོ། །ཞར་ལས་འོངས་པ་རྫོགས་སོ།།  །།དབུགས་རྒྱུ་ཞེས་བྱའི་རིགས་པ་འདིས། །ཞེས་བྱ་བ་ལ། ཤྭ་ས་ཏི་ཞེས་བྱ་བའི་ཤ་དང་བ་ཕྲལ་ཏེ་ཤ་བ་ས་ཏི་ཞེས་བྱའོ། །དེ་ལ་ཤ་བ་ནི་རོའོ། །ཡང་བ་མར་སྦྱར་ཏེ་བས་ཏི་ནི་གནས་ཏེ། མདོར་ན་ཤྭ་ས་ཏི་ནི་རོའི་གནས་ཞེས་བྱ་བའི་དོན་ཏོ། །དེ་ལ་ཤྨ་ཤཱ་ན་ཞེས་དུར་ཁྲོད་ཀྱི་སྒྲ་བསྒྱུར་བས་ཡི་དྭགས་ཀྱི་གནས་རྒྱས་པར་འཆད་དོ། །ཡང་ན་རོ་ནི་བདག་མེད་པའི་སེམས་ཅན་ཏེ་སེམས་ཅན་ཐམས་ཅད་དེ་ལྟ་བུ་སྟེ་དེ་ལ་བཅོམ་ལྡན་འདས་བཞུགས་ཞེས་བྱ་བའི་དོན་ཏོ། །ཡང་ན་དབུགས་རྒྱུ་བས་ན་རང་གི་ལུས་སོ། །དེ་ལ་མགོན་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བཞུགས་ཤིང་རོལ་ཞེས་བྱ་བའི་དོན་ཏོ། །ཕྱག་གཉིས་པའི་སྒྲུབ་པའི་ཐབས་སོ། །ཕྱག་བཞི་པ་ལ་སོགས་པ་དེས་བསྒྲེ་བ་ནི། དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྟེ། མངོན་པར་བྱང་ཆུབ་པ་ལ་ཡུམ་གྱི་ས་བོན་དང་ཕྱག་མཚན་དང༌། བཞི་པའི་ཁྱད་པར་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཕྱག་བཞི་པ་ནི་ཞལ་གསུམ་སྟེ། རྡོ་རྗེ་གུར་ལས། ཕྱག་བཞི་པ་ནི་ཉིད་དག་ཀྱང༌། །ཞལ་གསུམ་རྡོ་རྗེ་ལས་བྱུང་བ། །དཀར་པོ་དམར་པོ་དེ་བཞིན་སྔོ། །ཕག་མོ་ལྷན་ཅིག་མཉམ་སྦྱོར་བའོ། །ཞེས་སོ། །ཁ་སྦྱོར་རྒྱུད་ཕྱི་མ་ལས། ཞལ་བཞིར་གསུངས་པ་ནི་དགོངས་པ་གཞན་དུ་རིགས་པར་བྱའོ། །དེ་ལྟར་ན་ཡན་ལག་དང་པོ་དམ་ཚིག་པ་བསྐྱེད་པ་བསྙེན་པའི་ཡན་ལག་གོ །དེ་ནས་ཡན་ལག་གཉིས་པའང་བཤད་པའི་རྒྱུད་ལས་གསུངས་པ། ཡེ་ཤེས་འཁོར་ལོ་ཆེན་པོ་འབར། །དམ་ཚིག་འཁོར་ལོ་ལ་མཉམ་ཐིམ། །སངས་རྒྱས་བྱང་ཆུབ་སེམས་དཔའ་ནི། །བསྒྲུབས་ཏེ་གཞན་དུའང་མ་ཡིན་ནོ། །སེམས་དཔའ་སུམ་བརྩེགས་སུ་བསྒོམ་པའང་བཤད་པའི་རྒྱུད་ཀྱིས་བསྒྲུབ་པར་བྱའོ། །ཉེ་བའི་བསྙེན་པའོ། །ཡན་ལག་གསུམ་པའང་གསུངས་པ། མིག་ལ་སོགས་པ་གཏི་མུག་སོགས། །རྡོ་རྗེ་གསུམ་ནི་གནས་གསུམ་དགོད། །ཅེས་སོ་སྒྲུབ་པའོ། །ལྷའི་ལེའུ་ཚིགས་སུ་བཅད་པ་ཉི་ཤུ་རྩ་བཞིའི་འགྲེལ་པའོ།།  །།ཡན་ལག་བཞི་པ་སྒྲུབ་པ་ཆེན་པོ་དབང་མ་བསྐུར་བ་ནི་ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་བྱ་བ་མི་ཐོབ་པས་ན་དེ་འཐོབ་པར་བྱའི་ཕྱིར། ལྷ་དབང་བསྐུར་བའི་ལེའུ་བཤད་པར་བྱའོ། །ཞེས་སྨོས་སོ། །ཡང་ན་ལྷན་སྐྱེས་ནི་མཚན་མ་དང་རྣམ་པར་རྟོག་པའི་དྲི་མ་འཁྲུད་པའི་ཕྱིར་རོ་ཞེས་ཀྱང་སྦྱར་བར་བྱའོ། །དེ་ནས་ཡེ་ཤེས་སེམས་དཔའི་ས་བོན་གྱི་འོད་ཀྱིས་དབང་བསྐུར་གྱི་ལྷ་སྤྱན་དྲང་བ་ནི་སངས་རྒྱས་ཐམས་ཅད་ཅེས་བྱ་སྟེ། དེ་བཞིན་གཤེགས་པ་ལྔ་དང༌། ཡུམ་བཞི་དང༌། ལྷ་མོ་དྲུག་དང༌། བྱང་ཆུབ་སེམས་དཔའ་བརྒྱད་དང༌། ཁྲོ་བོ་བཅུ་རྣམས་གཟུང་ངོ༌། །དེ་ལ་མཆོད་པ་དང་བསྟོད་པ་བྱ་སྟེ་གསོལ་བ་གདབ་བོ། །ཧེ་རུ་ཀའི་གཟུགས་ཀྱིས་ཞེས་བྱ་བ་ནི་རྒྱུད་འདི་མཁའ་འགྲོ་སྒྱུ་མ་བདེ་མཆོག་གི་རྒྱུད་ཡིན་པས་ན་རྒྱུད་འདིར་སྐུའི་རྣམ་པ་འདི་གཙོ་བོར་གྱུར་ཞེས་བྱ་བའི་དོན་ཏོ། །བུམ་པས་དབང་བསྐུར་ཞེས་བྱ་བ་ནི། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །གསང་གསུམ་གནས་ལས་བྱུང་བ་ཡི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །རྡོ་རྗེའི་དབང་བསྐུར་ཆེན་པོ་སྦྱིན། །ཨོཾ་བཛྲཱི་བྷ་ཝ་ཨ་བྷྀ་ཥིཉྩ་ཞེས་གསུངས་པས་སོ། །ལྷ་མོས་ནི་མཆོད་པའོ། །རིག་མས་ནི་གླུའོ། །བྱང་ཆུབ་སེམས་དཔས་ནི་བཀྲ་ཤིས་སོ། །ཁྲོ་བོས་བགེགས་སྐྲོད་པའོ། །ཆུའི་ལྷག་མ་ལུད་པས་དབུ་རྒྱན་ནི་བརྟག་པ་གཉིས་པ་ལས་འཆད་དོ། །རིགས་ཀྱི་བདག་པོ་ཞེས་བྱ་བ་ནི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པར་མཚོན་པར་བྱ་བའི་དོན་ཏོ། །འདིས་ཧེ་རུ་ཀ་རྫོགས་པ་ཞེས་བྱ་བ་ནི་ཡན་ལག་བཞིས་ཞེས་བྱ་བའི་དོན་ཏོ། །ཐུན་གསུམ་དུ་ཞེས་བྱ་བ་ནི་ཉིན་ལན་གསུམ་མཚན་ལན་གསུམ་དུའང༌། ཐོ་རངས་དང་ཉིན་ཕྱེད་དང་སྲོད་ཅེས་བྱ་བའི་དོན་ཏོ། །ལྷའི་གཟུགས་ཞེས་བྱ་བ་ནི་སྤྱོད་ལམ་སྟེ། རྣལ་འབྱོར་མ་ཀུན་སྤྱོད་ལས། རང་གི་ལྷག་པའི་ལྷ་སྦྱོར་བས། །སེམས་ཅན་ཀུན་ལ་རབ་བརྟག་བྱ། །ཞེས་བྱ་བ་གསུངས་པ་ལྟ་བུའོ། །ཉམས་སུ་བླང་བ་ནི་རྣལ་འབྱོར་མའི་འཁོར་ལོ་སྙིང་གར་བསྡུས་ལ་གཞལ་ཡས་ཁང་གི་ནང་དུ་རྒྱུ་བར་བྱའོ། །འདིས་བསྐྱེད་རིམ་གྱི་ཡན་ལག་རྫོགས་པར་བསྟན་པས་ལེའུ་གུད་དུ་བཅད་དོ། །ལེའུ་བཞི་པ་ཚིགས་སུ་བཅད་པ་དྲུག་གི་འགྲེལ་པའོ།།  །།དེ་ནས་དེ་ཁོ་ན་ཉིད་ཀྱི་ལེའུ་བཤད་པར་བྱའོ་ཞེས་བྱ་བ་ལ། དེ་ནས་ནི་དབང་གི་ལེའུའི་རྗེས་ལའོ། །ཅིའི་ཕྱིར་དེའི་འོག་ཏུ་གསུངས་སྙམ་ན། དེ་ལྟར་ལྷར་བསྐྱེད་ཅིང་དབང་བསྐུར་ནས་སྔགས་བཟླས་པས་དངོས་གྲུབ་ཐུན་མོང་བ་ལེའུ་གཉིས་པ་ལས་གསུངས་པ་དེ་དག་འཐོབ་པར་གྱུར་ཀྱང་ལྷའི་དེ་ཁོ་ན་ཉིད་མ་ཤེས་ན། མི་གྲོལ་ལོ། །དེ་བས་མཆོག་གི་དངོས་གྲུབ་ཅེས་བྱ་བ་གྲོལ་བར་འདོད་པ་འདིས་དེ་ཁོ་ན་ཉིད་ཤེས་པར་བྱའོ་ཞེས་བསྟན་པའི་ཕྱིར་དེའི་འོག་ཏུ་གསུངས་ཏེ་དངོས་གྲུབ་དམན་པས་མི་འཕྲོགས་པར་བྱ་བའི་ཕྱིར་རོ། །ཡང་ན་བྱང་ཆུབ་ཀྱི་སེམས་དེ་མི་རྟོག་པའི་དོན་གྱིས་ན་དེ་ཁོ་ན་ཉིད་དེ་ནི་རྣམ་རྟོག་གི་དྲི་མ་འཁྲུད་པ་ནི་འདི་ལྟ་བུས་ཡིན་ནོ། །ཞེས་ཤེས་པར་བྱ་བའི་ཕྱིར་དེའི་རྗེས་ལའོ། །དེ་ཁོ་ན་ཉིད་ཅེས་བྱ་བ་ནི། རྣལ་མ་ཞེས་བྱ་བའམ་མི་བསླུ་བའམ་མི་འགྱུར་བ་ཞེས་བྱ་བ་མིང་གི་རྣམ་གྲངས་སོ། །དེ་ལ་དངོས་པོ་ཐམས་ཅད་ཀྱི་རང་བཞིན་གྱི་དེ་ཁོ་ན་ཉིད་ནི་མ་བཅོས་པས་ན་དེ་ཁོ་ན་ཉིད་དེ་འདུས་བྱས་པ་ཐམས་ཅད་ལས་གྲོལ་བ་ཅིའི་ངོ་བོར་ཀྱང་མ་གྲུབ་པ་ཞེས་བྱ་བའི་དོན་ཏོ། །དབུ་མ་ལས། གཞན་ལས་ཤེས་མིན་ཞི་བ་དང༌། །སྤྲོས་པ་རྣམས་ཀྱི་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མིན། །དེ་ནི་དེ་ཉིད་མཚན་ཉིད་དོ། །ཞེས་གསུངས་སོ། །འདི་ནི་ངོ་བོས་ཞེས་བྱ་བ་ལ་སོགས་པའོ། །ཡང་དེ་རྟོགས་པར་བྱེད་པའི་ཐབས་ལའང་དེ་ཁོ་ན་ཉིད་ཅེས་གདགས་ཏེ། འབྲས་བུ་འབྱིན་པ་ལ་མི་བསླུ་བའི་ཕྱིར་རོ་དེས་ན་མཐུན་པའི་དོན་དམ་པ་ཞེས་བྱའོ། །འདིར་ནི་མ་དང་ཞེས་བྱ་བ་ལ་སོགས་པའོ། །ཡང་མཐར་ཐུག་པའི་ཆོས་ཀྱི་སྐུ་ནི་དེ་ཁོ་ན་ཉིད་མངོན་དུ་གྱུར་པས་དེ་ཁོ་ན་ཉིད་དེ། འདི་ནི་གྲུབ་པ་ལས་མི་ཉམས་པའི་དེ་ཁོ་ན་ཉིད་ཡིན་ནོ། །ལེའུ་ནི་གང་ལས་དེ་ལྟ་བུ་འབྱུང་བའི་གཞུང་གི་ཆ་སྟེ་འདིར་རང་བཞིན་ཐབས་གཙོ་བོར་བསྟན་ལ། འབྲས་བུ་ཐབས་ཀྱི་ཞར་ལས་བསྟན་ཏོ། །ལེའུ་འདིའི་བརྗོད་པར་བྱ་བའི་དོན་ནི། ཐོག་མར་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་བསྟན་པ་ཙམ་ནི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་སྤྱི་ཡིན་ལ། དེ་ཡེ་ཤེས་ཀྱི་ཚོགས་སུ་བྱས་ནས་ལྷ་བསྐྱེད་པ་ནི་བསྐྱེད་པའི་རིམ་པ་སྤྱི་དོན་དུ་འགྱུར་རོ། །དེ་རྟོགས་པར་བྱེད་པའི་ཐབས་རྣམས་ནི་སྦས་པའི་དོན་ཡིན་ནོ། །རྗོད་བྱེད་ནི་ཡན་ལག་གི་དོན་གཙོ་བོར་གྱུར་པ་གཉིས་པོའང་འཇུག་གོ །ལུས་རྣམ་པར་གཞག་པ་ཡེ་ཤེས་ཀྱི་རྒྱས་པར་བཤད་པའོ། །བཤད་པའི་རྒྱུད་སཾ་པུ་ཊའི་བརྟག་པ་དང་པོའི་དང་པོར་དེ་ཁོ་ནའི་མཚན་ཉིད་རྒྱས་པར་བཤད། དེ་རྟོགས་བྱེད་ཀྱི་ཡེ་ཤེས་ཇི་ལྟ་བུ་ཡིན་པ་དང༌། རྟོགས་པའི་ཐབས་ཀྱི་ཚུལ་རྒྱས་པར་བཅས་པས་གཙོར་དེ་དང་འབྲེལ་ལ། ཡང་གཉིས་པའི་གཉིས་པ་དང་ཡང་འབྲེལ་ལ། དེ་ཁོ་ན་ཉིད་ཀྱི་མཚན་ཉིད་ནི། རྡོ་རྗེ་གུར་གྱི་ལེའུ་དྲུག་པ་དང༌། བཅུ་བཞི་པ་དང་ཡང་འབྲེལ་ཏོ། །མངོན་པར་རྟོགས་པ་ནི་རང་བཞིན་གྱི་དེ་ཁོ་ན་ཉིད་ཐོས་བསམ་གྱིས་སྒྲོ་འདོགས་བཅད་པའི་ཆ་ནི་རྟོགས་པའི་ལྟ་བ་ཡིན་ལ། ལྷག་མ་རྣམས་ནི་ལྷ་ཡེ་ཤེས་སུ་རྟོགས་པའི་རྫོགས་པའི་རིམ་པ་ཡིན་ནོ། །གཞུང་གི་ཆ་འདིར་ཐོག་མར་ངོ་བོས་མེད་ཅེས་བྱ་བ་ལ་སོགས་པས་དངོས་པོའི་གནས་ལུགས་ཀྱི་དེ་ཁོ་ན་ཉིད་བསྟན་ཏོ། །གལ་ཏེ་དེ་ལྟ་བུ་དེ་རྟོག་པར་བྱེད་པའི་ཐབས་གང་ལ་བརྟེན་ཏེ་རྟོགས་སྙམ་ན་སྐྱེད་བྱེད་མ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཅིའི་ཕྱིར་དེ་རྣམས་ཀྱིས་རྟོགས་སྙམ་ན། ཕྱག་རྒྱ་ནི་རིགས་ཡིན་པས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་རྒྱུ་ཡིན་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །དེའི་ངེས་པའི་ཚིག་དང་བཅས་ཏེ་རྒྱས་པར་འཆད་དོ། །འོ་ན་ཐབས་དེ་རྣམས་ལ་རྟོགས་པའི་དེ་ཁོ་ན་ཉིད་ཀྱང་སྤྲོས་པར་འགྱུར་ལ། དེ་ལྟ་ཡིན་ན་ངོ་བོ་མེད་ཅེས་བྱ་བ་ལ་སོགས་པའི་མཚན་ཉིད་དང་འགལ་ལོ་ཞེས་བྱ་བའི་དོགས་པ་བསལ་བའི་ཕྱིར་སྒོམ་པ་པོ་མེད་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །འོ་ན་དེ་ཁོ་ན་ཉིད་རྟོགས་པའི་རྣལ་འབྱོར་པ་འགའ་ཡང་མེད་པས་ཐམས་ཅད་ལ་སྐུར་པ་བཏབ་པར་ཡང་འགྱུར་ལ། དངོས་གྲུབ་ཐམས་ཅད་ཀྱང་མི་འཐོབ་ཅིང༌། དེ་ཁོ་ན་ཉིད་དེ་ཐམས་ཅད་ཀྱི་བདག་ཉིད་ཡིན་པར་ཡང་མི་རུང་ཞིང་འབྲས་བུ་དེ་ལྟར་ཡིན་ན་ཉན་ཐོས་ཀྱི་མྱ་ངན་ལས་འདས་པ་དང་ཁྱད་པར་མེད་པའང་ཐོབ་པར་འགྱུར་རོ། །ཞེས་དོགས་པ་བསལ་བའི་ཕྱིར། སྔགས་དང་ལྷ་ནི་ཡང་དག་གནས། །ཞེས་བྱ་བ་ལ་སོགས་པ་དེ་ཁོ་ན་ཉིད་རྟོགས་པའི་ཕན་ཡོན་དང་བཅས་པ་གསུངས་སོ། །བསྡུས་པའི་དོན་ཏོ།།  །།ཚིག་གི་དོན་བཤད་པར་བྱ་སྟེ། དེ་ལྟར་ལྷ་དང་སྔགས་ལ་མངོན་པར་ཞེན་ཏེ། འདི་ཉིད་ཁོ་ན་རང་བཞིན་གྱིས་གྲུབ་པའོ་སྙམ་དུ་མངོན་པར་རློམ་སེམས་པ་རྣམས་ལ་དེ་ལྟར་མེད་དེ། བློ་ལ་སྣང་བ་ཐམས་ཅད་ནི་བརྟག་པའོ་ཞེས་བསྟན་པའི་ཕྱིར་ངོ་བོས་གཟུགས་མེད་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་གཟུགས་ནི་དཀར་པོ་དང་སྔོན་པོ་ལ་སོགས་པ་སྟེ་མིག་གི་ཡུལ་དུ་གྱུར་པ་གཟུགས་ཀྱི་སྐྱེ་མཆེད་དོ། །འདི་ཇི་ལྟ་བུ་ཡིན་སྙམ་པ་ལ་མེད་ཅེས་བྱ་བ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཡོད་པར་གྲུབ་སྟེ་ཇི་ལྟར་མེད་སྙམ་པ་ལ། ངོ་བོས་ཞེས་བྱ་སྟེ་རང་བཞིན་གྱིས་མེད་པའམ། ངོ་བོས་མེད་པའམ། རང་བྱུང་དུ་མེད་པ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་རང་བཞིན་གྱིས་མེད་པ་ཡིན་ཞེ་ན། གློ་བུར་གྱི་རྐྱེན་ལ་རག་ལས་པའི་ཕྱིར་དང༌། འགགས་པ་མི་སྐྱེ་བའི་ཕྱིར་དང༌། སྐད་ཅིག་མ་ཉིད་ཡིན་པའི་ཕྱིར་དང༌། བྱིས་པ་རྣམས་ཀྱིས་གཙང་བ་དང་བདེ་བ་དང༌། བདག་དང་རྟག་པར་འཛིན་པ་དེ་ལྟར་མ་གྲུབ་པའི་ཕྱིར་ངོ་བོས་མེད་དོ། །དེ་ལྟར་མདོ་སྡེ་རྒྱན་ལས། རང་དང་རང་གི་བདག་ཉིད་དུ། །མེད་ཕྱིར་རང་གི་ངོ་བོ་ལ། །མི་གནས་ཕྱིར་དང་འཛིན་བཞིན་དེ། །མེད་ཕྱིར་ངོ་བོ་ཉིད་མེད་འདོད། །ཅེས་གསུངས་པ་ལྟ་བུའོ། །དེ་བས་ན་རྟེན་ཅིང་འབྲེལ་བར་འབྱུང་བ་ཙམ་ཞེས་བྱ་བའི་དོན་ཏོ། །རྣམ་པར་རྟོག་པས་བཏགས་པ་ཙམ་མམ། གྲགས་པ་ཙམ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་རྐྱེན་ལས་སྐྱེ་བ་ལ་སོགས་པ་ཉིད་ངོ་བོ་ཉིད་ཡིན་མོད་སྙམ་ན། དེ་ལྟར་མི་རུང་སྟེ། རྒྱུ་དང་རྐྱེན་ལས་བྱུང་བ་ཡི། །རང་བཞིན་བྱས་པ་ཅན་དུ་འགྱུར། །ཞེས་དང༌། ངོ་བོ་ཉིད་ནི་བཅོས་མིན་དང༌། །གཞན་ལ་ལྟོས་པ་མེད་པ་ཡིན། །ཞེས་དབུ་མ་ལས་གསུངས་སོ། །ཡང་ངོ་བོས་མེད་ཅེས་བྱ་བ་འདིས། དེ་ཉིད་སྟོང་པ་ཉིད་ཅེས་བྱ་བའི་དོན་ཏེ། །རྟེན་ཅིང་འབྲེལ་འབྱུང་གང་ཡིན་པ། །དེ་ཉིད་སྟོང་པ་ཉིད་དུ་བཤད་ཅེས་སོ། །གལ་ཏེ་སྟོང་པ་ཉིད་དེ་ཉིད་ངོ་བོ་ཉིད་མ་ཡིན་ནམ་སྙམ་ན་དེ་ལྟར་མི་རུང་སྟེ། གཟུགས་ཉིད་མེད་ན་དེའི་རང་བཞིན་སྟོང་པའོ་ཞེས་བྱ་བ་ག་ལ་གྲུབ། དེས་ན། གལ་ཏེ་མི་སྟོང་ཅུང་ཟད་ཡོད། །སྟོང་པའང་ཅུང་ཟད་ཡོད་པར་འགྱུར། །མི་སྟོང་ཅུང་ཟད་མེད་པས་ན། །སྟོང་པའང་ཡོད་པར་ག་ལ་འགྱུར། །ཞེས་དབུ་མ་ལས་སོ། །དེས་ན་བཅོམ་ལྡན་འདས་མ་ལས། གང་ལ་རང་བཞིན་མེད་པ་དེ་ནི་བརྗོད་དུ་མེད་པའོ། །ཞེས་ལེགས་པར་བཀའ་སྩལ་ཏོ། །དེ་བས་ན་ངོ་བོ་མེད་ཅེས་བྱ་བ་འདིས་བདེན་པ་གཉིས་ཅིག་ཅར་དུ་བསྟན་ཏོ། །དེ་ལྟར་ཡུལ་མེད་པས་ཡུལ་ཅན་མེད་ཅེས་བྱ་བའམ། རིགས་པའི་ཚུལ་དེ་ཉིད་ཀྱིས་ལྟ་བའང་མེད་ཅེས་བྱ་བ་སྟེ་མིག་གི་སྐྱེ་མཆེད་མེད་ཅེས་བྱ་བའི་དོན་ཏོ། །དེ་ལྟར་ན་གཟུགས་ཀྱི་ཕུང་པོས་བསྡུས་པ། སྐྱེ་མཆེད་བཅུ་དང༌། ཁམས་བཅུ་ངོ་བོ་མེད་པ་ནི་རེག་པ་པོའང་མེད་ཅེས་བྱ་བ་མན་ཆད་ཀྱིས་བསྟན་ཏོ། །སེམས་མེད་ཅེས་བྱ་བ་ནི་རྣམ་པར་ཤེས་པའི་ཕུང་པོས་བསྡུས་པ། རྣམ་པར་ཤེས་པའི་ཁམས་དྲུག་དང༌། ཡིད་ཀྱི་སྐྱེ་མཆེད་དེ། ཀུན་གཞིའི་རྣམ་པར་ཤེས་པའི་སེམས་ཀྱིས་བསྡུས་པའི་ཕྱིར་སེམས་ཞེས་བྱའོ། །རྣལ་འབྱོར་སྤྱོད་པ་བ་རྣམས་ནི་ཚོགས་དྲུག་པོ་ཙམ་ལ་འདོད་དོ། །སེམས་ལས་བྱུང་བའང་ངོ་བོ་མེད་ཅེས་བྱ་བ་ནི་ཆོས་ཀྱི་ཁམས་དང་ཆོས་ཀྱི་སྐྱེ་མཆེད་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་ཀྱི་ཕུང་པོའང་དེ་བཞིན་དུ་བལྟ་བར་བྱ་ཞེས་བྱ་བའི་དོན་ཏོ། །དེ་ཁོ་ན་ཉིད་ཀྱི་མཚན་ཉིད་དེ་ཤེས་བྱའི་གནས་ལུགས་བསྟན་ཏོ། །དེ་ལྟ་བུ་དེ་ཇི་ལྟར་རྟོགས་ཤིང་ཤེས་པར་བྱས་ནས་ཉམས་སུ་བླང་བའི་ཚུལ་ནི། ཕ་རོལ་ཏུ་ཕྱིན་པའང་སྤྱིའི་རྣམ་པ་ཙམ་ལམ་དུ་བྱེད་དེ། དེ་ནི་ལམ་རིང་བས་དམན་པའོ། །འོ་ན་གསང་སྔགས་པས་ཇི་ལྟར་ཉམས་སུ་བླང་སྙམ་ན། དེ་དང་འདྲ་བའི་ཡེ་ཤེས་བསྐྱེད་ནས་ཉམས་སུ་ལེན་པར་བྱེད་དོ། །དེ་ཇི་ལྟར་བསྐྱེད་པའི་ཚུལ་ནི་སྐྱེད་བྱེད་མ་ཞེས་བྱ་བ་ལ་སོགས་པ་འདིས་སོ། །དེ་ལྟར་བཤད་པའི་རྒྱུད་ལས་ཀྱང་གསུངས་པ། རྣམ་ཤེས་ཡེ་ཤེས་སེམས་ཀྱིས་ནི། །མཚན་གཞི་མཚན་ཉིད་མཚོན་པར་བྱ། །ཞེས་གསུངས་སོ་གསུམ་པོ་དེ་དག་གང་ཡིན་སྙམ་པ་ལ། རང་འདོད་ལྷ་མཉམ་རྣལ་འབྱོར་བྱ། །མཚན་གཞི་མངོན་སུམ་བྱ་བ་ཉིད། །རྫོགས་པ་དེ་ཡི་མཚོན་བྱ་ལ། །གནས་གསུམ་དེ་ཡི་རང་བཞིན་འགྱུར། །ཞེས་གསུངས་ཏེ། དེའི་དོན་ནི། བདག་དང་ཕྱག་རྒྱ་ལྷར་བསྐྱེད་པ་ནི་མཚན་གཞི་སྟེ་ཡེ་ཤེས་སྐྱེད་པའི་གནས་སོ། །སྙོམས་པར་ཞུགས་པ་ལས་བྱུང་བའི་ཞུ་བདེ་མི་རྟོག་པ་གསུམ་ནི་མཚོན་བྱེད་དོ། །དེ་ལས་བྱུང་བའི་དཔེའི་ཡེ་ཤེས་གང་ཡིན་པ་དེ་ནི་རྫོགས་པ་སྟེ་མཚོན་པར་བྱ་བ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་རྒྱུད་ཉུང་ངུ་འདིར་ཡང་སྐྱེད་བྱེད་མ་ཞེས་བྱ་བ་ལ་སོགས་པ་ནི་མཚན་གཞི་དང་མཚོན་པར་བྱེད་པ་སྟེ། དེ་བས་འདི་ལ་གསུམ་སྟེ། ཐབས་ཀྱི་ངོ་བོ་ཉིད་དང༌། དེ་ཐབས་སུ་འགྱུར་བའི་འཐད་པ་དང༌། ཐབས་དེ་བསྟན་པ་ལས་བྱུང་བའི་ཡེ་ཤེས་དེ་དོན་དམ་པ་དང་ཀུན་རྫོབ་ཀྱི་བདག་ཉིད་ཅན་དུ་བཤད་དོ། །མ་ལ་སོགས་པ་འདི་རྣམས་ལ་ཐམས་ཅད་མཁྱེན་པའི་གདུལ་བྱའི་བློའི་རིམ་པ་དང་སྦྱར་ཏེ་ཁ་ཅིག་ཏུ་ནི་སྒྲ་ཇི་བཞིན་པར་བྱས། ཁ་ཅིག་ཏུ་ནི་དགོངས་པར་བཤད། །ཁ་ཅིག་ཏུ་ནི་ངེས་པའི་དོན་དུ་གསུངས་ཏེ། དཔལ་ཀུན་དུ་ཁ་སྦྱོར་འདི་ཉིད་ལས་ཀྱང༌། ཚུལ་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་སོ། །དེ་བས་ན་སློབ་དཔོན་རྣམས་ཀྱིས་ཀྱང་ཁ་ཅིག་ནི་ཕྱག་རྒྱ་གཅིག་ལའང་ཡོན་ཏན་གྱི་ཁྱད་པར་གྱིས་གདགས་པར་འཆད། ལ་ལ་དག་དེ་ཁོ་ན་ཉིད་ཀྱི་དོན་དུ་འཆད། ལ་ལ་དག་རྣམ་པར་རྟོག་པ་སྤང་པའི་ཕྱིར་སྒྲ་ཇི་བཞིན་པར་འཆད་མོད་ཀྱང༌། འདིར་སློབ་དཔོན་སྦྱང་དཀའ་ཟླ་བས། མ་སྲིང་ལ་སོགས་པ་ནི་ཡོན་ཏན་གྱི་ཁྱད་པར་ཡིན་ལ། བྲམ་ཟེ་མོ་ལ་སོགས་པ་ནི་དེ་རྣམས་ཀྱི་བརྡའི་སྐད་དོ། །བཤད་པའི་རྒྱུད་ལས། མ་ནི་སྐྱེ་གཉིས་དེ་བཞིན་གཤེགས། །བུ་མོ་གཡུང་མོར་བརྗོད་པ་ཡིན། །མནའ་མ་གདོལ་པ་མོར་ཤེས་བྱ། །སྲིང་མོ་གར་མར་བརྗོད་པ་ཉིད། །སྲིང་མོའི་བུ་མོ་ཚོས་མ་སྟེ། །ཞེས་གསུངས་པས་སོ། །ཞེས་གསུང་ངོ༌། །ཡང་བླ་མ་ཁ་ཅིག བྲམ་ཟེ་མོ་ལ་སོགས་པ་ནི་འཇིག་རྟེན་ན་ཇི་ལྟར་གྲགས་པའི་རིགས་རྣམས་ཉིད་ཡིན་ལ། འདིར་མ་སྲིང་མཚོན་པར་ཟད་དེ། ཕྱི་མ་ལས་རིག་མ་བརྒྱད་ཡོད་པ་དེ་དག་ཐམས་ཅད་ཡོན་ཏན་གྱི་མིང་ཡིན་པས་གར་མ་ལ་སོགས་པ་རེ་རེ་ལའང་བརྩི་ཞེས་གསུང་ངོ༌། །དེ་ལ་མ་ནི་གསང་བའི་དབང་གི་ཡུམ་གང་ཡིན་པའོ། །སྲིང་མོ་ནི་ཤེས་རབ་ཡེ་ཤེས་ཀྱིའོ། །རྣལ་འབྱོར་རིག་པས། ཞེས་བྱ་བ་ནི་སྔར་བཤད་པའི་མཚན་གཞི་མཚོན་བྱེད་ཅེས་པ་སྟེ་འདུ་ཤེས་གསུམ་ལྡན་གྱིས་སོ། །མ་སྲིང་རྒྱས་པར་བཤད་པ་ནི་གར་མ་ཞེས་རྐང་པ་གཉིས་སོ། །རྣལ་འབྱོར་རྒྱས་པར་བཤད་པ་ནི་ཐབས་དང་ལ་སོགས་པ་སྟེ་འདུ་ཤེས་གསུམ་ལྡན་གྱིས་སོ། །དེ་ལྟར་བསྟེན་པའི་སྤང་བྱ་ནི་ཇི་ལྟར་བྱེ་བར་ཞེས་བྱ་སྟེ། སོ་སོའི་སྐྱེ་བོ་རྣམས་ཀྱིས་ཚོར་བ་ནི་བྱེ་བ་སྟེ་ལྟུང་བ་བདུན་པར་འགྱུར་རོ། །ཡང་ན་བྱང་ཆུབ་ཀྱི་སེམས་ཉམས་པ་ནི་བྱེ་བ་སྟེ། བྱང་ཆུབ་སེམས་ནི་ཉམས་གྱུར་ན། །མ་སྨད་དངོས་གྲུབ་ག་ལ་ཡོད། །ཅེས་བྱ་བས་སོ། །ཡང་ན་ཀུན་ནས་དཀྲིས་པའི་བསམ་པ་ནི་བྱེ་བ་སྟེ། ཕོ་ཉ་རལ་གྲིའི་སོ་འདྲ་བས། །ཞེན་པར་གྱུར་ན་སྤང་བར་བྱ། །ཞེས་མངོན་བརྗོད་བླ་མ་ལས་སོ། །དེས་ན་དེ་ལྟར་མི་འགྱུར་བར་འབད་ཅེས་བྱའོ། །དེའི་ཉེས་པ་ནི་མ་གསང་ཞེས་བྱ་བ་ལ་སོགས་པའོ། །གཉིས་པ་ནི། གལ་ཏེ་དེ་ཁོ་ན་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བ་ཡིན་ན་གར་མ་ལ་སོགས་པ་འདི་རྣམས་ཀྱིས་ཅི་བྱ་ཞེ་ན། རིགས་ལྔའི་ཕྱག་རྒྱ་ཞེས་བྱ་བ། །ཞེས་སྨོས་ཏེ། ལྔ་པོ་འདི་རྣམས་ནི་ཕྱག་རྒྱ་དང་རིགས་ཡིན་པས་ན་བསྟེན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་རིགས་ཡིན་སྙམ་པ་ལ། ཐར་པའི་རྒྱུར་ནི་བརྗོད་པར་བྱ། །ཞེས་སྨོས་ཏེ་ཐར་པ་ནི་མི་གནས་པའི་མྱ་ངན་ལས་འདས་པ། ལྷན་སྐྱེས་བདེ་ཆེན་དེ་ཁོ་ན་ཉིད་ཀྱི་གོ་འཕང་ཞེས་བྱ་བའི་དོན་ཏོ། །རྒྱུ་ནི་དེ་སྐྱེད་པར་བྱེད་པ་སྟེ། རྟོགས་པར་བྱེད་པའི་ཐབས་ཞེས་བྱ་བར་དགོངས་སོ། །དེ་བས་ན་རིགས་ཡིན་པས་སོ། །དེ་ལྟར་རིགས་ཡིན་ཡང༌། ཇི་ལྟར་ཕྱག་རྒྱ་ཡིན་སྙམ་པ་ལ། རྡོ་རྗེ་འདིས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་རྡོ་རྗེ་ནི་བསྒྲུབ་པའི་རྡོ་རྗེའོ། །དེས་གདབ་པར་བྱ་བ་ཡིན་པས་ན་ཕྱག་རྒྱའོ། །ཡང་ན་རྡོ་རྗེ་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །འདིས་བཏབ་པ་སྟེ་དེ་མཚོན་པར་བྱེད་པའམ། དེ་ལས་མི་འདའ་བས་ན་ཕྱག་རྒྱ་ཞེས་བྱའོ། །ལྔ་པོ་དེ་རིགས་དང་ཕྱག་རྒྱ་ཡིན་པར་མདོར་བསྟན་ནས། དེ་ཉིད་བཤད་པའི་ཕྱིར་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིགས་ཀྱི་བདག་པོ་རྣམ་པར་གཞག་པ་དང༌། དེའི་རིགས་ཀྱི་ཕྱག་རྒྱ་བཤད་པ་དང༌། མདོར་བསྡུས་པའི་རིགས་ཀྱི་བདག་པོ་དང༌། རིགས་ཀྱི་དབྱེ་བ་རྒྱས་པ་དང༌། བསྡུས་པ་དང༌། གང་དག་རིགས་སུ་འགྱུར་བ་ངེས་ཚིག་དང་བཅས་པའོ། །དེ་ལ་དང་པོ་ནི་ཅི་རིགས་ཞེས་བྱ་ན་དེའི་རིགས་ཀྱི་བདག་པོ་རང་ཇི་ལྟ་བུ་དེའི་རིགས་ནི་དུ་ཞིག་ཅེ་ན། དེ་ལ་རིགས་ཀྱི་བདག་པོ་ནི་སྤྱིར་ངེས་པ་མེད་ཀྱང༌། འདིར་རེ་ཞིག་བདག་པོ་ལ་འབྲས་བུར་བྱ་སྟེ། དེ་ནི་སྔར་བཤད་པ་ཐར་པ་ཞེས་བྱ་བའམ་དེ་ཁོ་ན་ཉིད་ཅེས་བྱའོ། །དེ་ལྔར་ངེས་པས་རིགས་ཀྱང་ལྔའོ། །ལྔ་པོ་གང་ཞེ་ན། རྡོ་རྗེ་ཞེས་བྱ་བ་ནི་རྣམ་པར་རྟོག་པས་མི་ཕྱེད་པས་ནའོ། །སྲིད་པའི་ཉེས་པས་མ་གོས་པས་ན་པདྨའོ། །སྣ་ཚོགས་པའི་ལས་མཛད་པས་ན་ལས་སོ། །དེ་བཞིན་ཉིད་ཀྱི་ངོ་བོ་ཡིན་པས་ན་དེ་བཞིན་གཤེགས་པའོ། །དགོས་འདོད་འབྱུང་བས་ན་རིན་པོ་ཆེའོ། །དེ་ལྟར་བདག་པོ་ལྔ་ཡིན་པས་ན་དེ་དེའི་རིགས་སམ་རྒྱུ་ལྔ་ཞེས་བྱའོ། །དེ་ལྟ་བས་ན་ཕྱག་རྒྱའང་ལྔ་ཞེས་སྟོན་པ་ནི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པའོ། །གལ་ཏེ་ལྔ་པོ་འདི་དག་སོ་སོར་ངེས་པ་ཁོ་ན་ཡིན་ནམ། འདི་རྣམས་རང་བཞིན་གཅིག་ཡིན་སྙམ་པ་ལ་འདི་རྣམས་ཞེས་བྱ་བ་སྨོས་ཏེ་ལྔ་པོ་འདིའང་དེ་བཞིན་གཤེགས་པ་ལས་མ་འདས་ཞེས་བྱའོ། །དེའི་ངེས་ཚིག་ནི། དཔལ་ལྡན་ཏེ་ཚོགས་གཉིས་ཡོངས་སུ་རྫོགས་པས་སོ། །དེ་བཞིན་ཉིད་དུ་གཤེགས་པ་ནི་ཆོས་ཀྱི་སྐུའི་བདག་ཉིད་ཀྱིས་སོ། །སླར་ཡང་གཤེགས་པ་ནི་ཐུགས་རྗེས་གཟུགས་ཀྱི་སྐུར་ཞེས་བྱ་བའི་དོན་ཏོ། །མདོར་ན་མི་གནས་པའི་མྱ་ངན་ལས་འདས་པར་རོ་གཅིག་ཅེས་བྱ་བའོ། །དེས་ན་བཤད་པའི་རྒྱུད་དུ་གསུངས་པ། སྟོང་ཉིད་གཅིག་ལ་རྡོ་རྗེ་ཅན། །རིགས་ནི་རྣམ་པ་ལྔ་རུ་བཤད། །ཅེས་བྱའོ། །རིགས་ཀྱི་དབྱེ་བ་ནི། དེ་ལྟར་སངས་རྒྱས་ཐམས་ཅད་ནི་མེ་ལོང་ལྟ་བུ་ལ་སོགས་པས་ལྔ་ཡིན་ཡང་དེ་ལ་ཐོག་མཐའ་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱིས་ཁྱབ་པ་དེ་གུད་དུ་བྱས་པས་རིགས་དྲུག་གོ །དེ་སྤྱིར་བཏང་ན་ལྔའོ། །ཡོན་ཏན་དང་ཕྲིན་ལས་བསྡུས་པ་ནི་གསུམ་སྟེ། རྒྱས་པ་དང་བསྡུས་པ་ཕྱི་མ་ལས་ཤེས་པར་འགྱུར་རོ། །དེ་ལྟ་བས་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་རྣམས་ཀྱང་རིགས་བསྡུས་པ་དང་དབྱེ་བའི་ཚུལ་ནི་དེ་ལྟ་བུའོ་ཞེས་ཁོང་དུ་ཆུད་པར་བྱའོ། །དེ་ལ་འདི་སྙམ་དུ་རྣམ་པར་རྟོག་སྟེ། ཅི་རིགས་དང་རིགས་ཀྱི་བདག་པོ་ཞེས་བྱ་བའི་རྣམ་པར་གཞག་པ་འདི། རིགས་ནི་རྒྱུར་བཤད་རིགས་བདག་འབྲས་བུར་བཤད་པ་དེ་ཁོ་ནར་ངེས་སམ། འོན་ཏེ་དེ་ལས་རྣམ་པར་གཞག་པ་གཞན་ཡོད་སྙམ་པ་ལ། རིགས་ནི་འབྱུང་བ་ལྔ་རྣམས་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་སྤྱིར་ན་རྒྱུ་ལ་རིགས་སུ་གཞག་པའང་ཡོད་དེ་བུད་ཤིང་ལ་མེའི་རིགས་ཞེས་ཟེར་བ་ལྟ་བུའོ། །ཡང་འབྲས་བུ་ལ་རིགས་སུ་གཞག་པའང་ཡོད་དེ། བུམ་པ་ལ་འཇིམ་པའི་རིགས་ཞེས་ཟེར་བ་ལྟ་བུའོ། །ཡང་བརྟེན་པ་ལ་རིགས་སུ་གཞག་པའང་ཡོད་དེ་རྒྱལ་པོའི་སྐྱེས་བུ་ལ་བརྟེན་པ་ལ་རྒྱལ་པོའི་སྐྱེས་བུའི་རིགས་ཞེས་ཟེར་བ་ལྟ་བུའོ། །ཡང་རྟེན་ལ་རིགས་སུ་བཏགས་པའང་ཡོད་དེ། རྒྱལ་པོ་ཉིད་ཀྱང་གྲོང་པའི་རིགས་ཞེས་བྱ་བ་ལ་ལྟ་བུའོ། །དེ་བཞིན་དུ་སྤྱི་དང་བྱེ་བྲག་ལ་སོགས་པའང་ཤེས་པར་བྱའོ། །དཔེ་དེ་ལྟར་ཡོད་པས་ན། འདིར་དོན་ནི་སངས་རྒྱས་རྣམས་ལའང་ཉོན་མོངས་པ་ལ་སོགས་པ་སྦྱར་ལ། ཉོན་མོངས་པ་ལ་སོགས་པ་ལའང་འབྲས་བུ་སྦྱར་བ་ཡོད་དོ། །དེ་བས་ན་གང་གིས་ཡོངས་སུ་འཛིན་པ་པོ་ནི་རིགས་ཀྱི་བདག་པོ་ཡིན་ལ། གང་ཡོངས་སུ་བཟུང་བ་ནི་རིགས་ཡིན་ཏེ། རྡོ་རྗེ་རྩེ་མོ་ལས། མགོན་དེས་ཡོངས་སུ་བཟུང་བས་ན། །དེ་ཡི་རིགས་ཀྱི་དཀྱིལ་འཁོར་ཡིན། །ཞེས་གསུངས་པ་ལྟ་བུའོ། །འདིས་ནི་རྒྱུའང་འབྲས་བུའི་རྒྱས་བཏབ་ལ་འབྲས་བུའང་རྒྱུའི་རྒྱས་བཏབ་ཅིང༌། རྟེན་ཡང་བརྟེན་པས་བརྟེན་པའང་རྟེན་གྱིས། སྤྱི་བྱེ་བྲག་གིས་བྱེ་བྲག་སྤྱི་བཏབ་སྟེ་མདོར་ན་ཕན་ཚུན་ལྟོས་ཤིང་འབྲེལ་པ་ཅན་ཞེས་བྱ་བ་འདི་གྲུབ་བོ། །ཡང་ཅི་རིགས་དང་བདག་པོའི་རྣམ་པར་གཞག་པ་རྒྱུའི་རྒྱུད་དམ་ཐབས་སམ་འབྲས་བུ་གང་སྙམ་པ་ལ་རབ་ཏུ་བྱེད་པའི་སྐབས་འདིར་རྒྱུ་དང་ཐབས་ཀྱིས་འབྲས་བུ་བསྐྱེད་པའི་ཕྱིར་རིགས་ཞེས་བྱ་ལ། འབྲས་བུ་རིགས་ཀྱི་བདག་པོར་བྱས་ཏེ་གཞག་གོ །དེ་བས་ན་སྐབས་འདིར་ལམ་ཡིན་ཡང་དེའི་བདག་པོའམ་འབྲས་བུ་འདི་ཡིན་ནོ་ཞེས་ཞར་ལ་བྱུང་བའོ། །ཡང་སྤྱིར་རྒྱུད་གསུམ་སོ་སོ་ལས་རིགས་དང་བདག་པོ་རྣམ་པར་གཞག་པའི་དབང་དུ་བྱས་ན། རྒྱུ་རྒྱུད་ལ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་ཆོས་ཅན་དང་ཆོས་ཉིད་ཀྱི་ཚུལ་གྱིས་རིགས་དང་རིགས་ཀྱི་བདག་པོར་རྣམ་པར་གཞག་པ་ཇི་ལྟ་བ་བཞིན་གནས་པ་ཡིན་ནོ། །འབྲས་བུའི་རྒྱུད་དུ་ནི་དེ་བཞིན་དུ་གྲུབ་སྟེ་ཆོས་ཀྱི་སྐུ་ནི་རིགས་ཀྱི་བདག་པོ་སྟེ་རྡོ་རྗེ་ལ་སོགས་པའོ། །གཟུགས་ཀྱི་སྐུ་ནི་རིགས་ཏེ་སངས་རྒྱས་ལྔའི་སྐུའོ་ཞེས་བྱ་བ་ལ་སོགས་པ་ལྔར་ཇི་ལྟར་བཤད་པ་བཞིན་དུའོ། །ཐབས་ཀྱི་རྒྱུད་ཀྱིས་ནི་རྒྱུ་ལ་ཇི་ལྟར་གནས་པ་བཞིན་དང་འབྲས་བུ་ལ་ཇི་ལྟར་ཐོབ་པ་དེ་རྣལ་འབྱོར་པས་འདྲ་བར་བྱས་ནས་ཉམས་སུ་ལེན་པ་སྟེ། འདི་ལྟར་བསྐྱེད་པའི་རིམ་པ་བས། རྣམ་པར་ཤེས་པ་དང༌། ཞེ་སྡང་ལ་སོགས་པ་ཡུལ་དུ་བྱས་པ་ནི་མ་དག་པ་སྦྱང་གཞི་ཆོས་ཅན་ཏེ་རིགས་རྒྱུ་རྒྱུད་དོ། །དེ་མ་དམིགས་པ་སྟོང་པ་ཉིད་ནི་ཆོས་ཉིད་ཆོས་ཀྱི་སྐུ་སྟེ་འབྲས་བུའོ། །དེ་ཉིད་མི་ཕྱེད་པས་ན་རྡོ་རྗེ་སྟེ་རིགས་སོ། །དེ་ལས་མི་བསྐྱོད་པའི་སྐུ་ནི་རིགས་བདག་འབྲས་བུའོ། །དེ་སེམས་དཔའ་ལས་བྱུང་བས་ན་དབུ་རྒྱན་ལ་རིགས་བདག་རྡོ་རྗེའོ། །དེ་ལྟར་རྒྱུ་ལ་འབྲས་བུ་སྦྱར་བའི་དཀྱིལ་འཁོར་ལ་སོགས་པ་བསམ་གྱིས་མི་ཁྱབ་བོ། །དེ་ལྟ་བུ་བསྒོམ་པའི་རྣལ་འབྱོར་པ་ནི་རིགས་བདག་གོ །དེ་ཡང་བསྟེན་པ་དངོས་ནི་དེའི་རིགས་སོ་བྱ་བ་ལྟ་བུ་སྟེ་དེ་འདིར་གཙོར་མ་བསྟན་ཏོ། །རྫོགས་པའི་རིམ་པ་བས་ཀྱང་དེ་བཞིན་དུ་སྟེ། འབྱུང་བ་ལྔ་ཡི་རང་བཞིན་གྱིས། །ཀུན་ཏུ་རུ་ལས་ལྔ་རུ་འགྱུར། །ཞེས་བྱ་བ་ལ་སོགས་པ་ནི་སྦྱང་གཞིའོ། །དེ་ལས་རྣམ་པར་མི་རྟོག་པ་ནི་ཆོས་ཀྱི་སྐུའོ། །མི་ཕྱེད་པས་རྡོ་རྗེ་སྟེ་ཆོས་ཐམས་ཅད་ཀྱི་རྒྱུ་བྱེད་པས་ཆོས་དབྱིངས་ཡེ་ཤེས། མི་བསྒུལ་བས་མི་བསྐྱོད་པ་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟ་བུའི་ཡེ་ཤེས་སྐྱེ་བའི་རྒྱུ་བྱེད་པས་ན་ཌོཾ་བི་ནི་རིགས་སོ། །དེ་ལྟར་རྟོགས་པའི་རྣལ་འབྱོར་པས་གདབ་པར་བྱ་བས་ན་ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་རྫོགས་པའི་རིམ་པའི་ཚུལ་དེ་ནི་འདི་དང་བཅུ་པ་དང་ཕྱི་མའི་གཉིས་པ་ལས་རྒྱས་པར་འཆད་དོ། །རྣམ་པར་སྤྲོས་པས་ཆོག་གོ །གལ་ཏེ་དེ་ཁོ་ན་ཉིད་ནི་སྤྲོས་པ་འགའ་ཡང་མེད་པ་ཡིན་ན། གར་མ་ལ་སོགས་པའི་ཐབས་འདི་ལ་བརྟེན་ནས་དེ་ཁོ་ན་ཉིད་རྟོགས་པ་འདི་སྤྲོས་པར་འགྱུར་རོ་ཞེས་དོགས་པ་ལ། སྒོམ་པ་པོ་མེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། སྤྲོས་པ་ཐམས་ཅད་དང་བྲལ་བ་འོད་གསལ་བ་རྟོགས་པར་འགྱུར་ཞེས་བྱ་བའི་དོན་ཏོ། །འོ་ན་དེ་ཁོ་ན་རྟོགས་པའི་རྣལ་འབྱོར་པ་འགའ་འང་མེད་པས་ཐམས་ཅད་ལ་སྐུར་པ་བཏབ་པར་ཡང་འགྱུར་ལ། དེ་ལྟ་བུ་ཉམས་སུ་བླངས་པ་ན་དངོས་གྲུབ་ཀྱང་མི་འཐོབ་ཅིང༌། མཐར་ཕྱིན་པ་ནའང་དེ་ལྟར་དུ་འགྱུར་ན་ཉན་ཐོས་ཀྱི་མྱ་ངན་ལས་འདས་པ་དང་ཁྱད་པར་མེད་པར་འགྱུར་རོ་ཞེ་ན། སྤྲོས་པ་མེད་པའི་རང་བཞིན་ལས། །སྔགས་དང་ལྷ་ནི་ཡང་དག་གནས། །ཞེས་སྨོས་ཏེ། དེ་ཁོ་ན་ཉིད་རྟོགས་པ་འདིས་ནི་སྤྲོས་པ་དང་བཅས་པའི་ལྷ་དང་སྔགས་ལ་སོགས་པ་བསལ་བ་ཡིན་གྱིས་ཡང་སྤྲོས་པ་མེད་པའི་ལྷ་དང་སྔགས་ལ་སོགས་པ་བསལ་བ་མེད་དོ། །དེ་བས་ན་སྤྲོས་པ་མེད་པ་ཉིད་ལྷ་ཡིན་གྱི་སྤྲོས་པ་རྣམས་ལྷར་མི་བལྟའོ་ཞེས་བྱ་བའི་དོན་ཏེ། བདེ་མཆོག་ལས། བརྟགས་པའི་ལྷ་ཡི་རྣལ་འབྱོར་གྱིས། །བསྒྲུབས་ཀྱང་འགྲུབ་པར་མི་འགྱུར་གྱིས། །ཞེས་གསུངས་པ་ལྟ་བུའོ། །དེ་ལ་སྤྲོས་པ་དང་བྲལ་བའི་ལྷ་གང་ཞེ་ན། རྣམ་སྣང་ཞེས་བྱ་བ་ལ་སོགས་པའོ། །འདི་ལའང་རིགས་ཀྱི་བདག་པོ་རྣམ་པར་གཞག་པ་དང༌། དེའི་རིགས་རྣམ་པར་གཞག་པའོ། །དང་པོ་ལའང༌། སངས་རྒྱས་ལྔར་གཞག་པ་དང༌། ལྷར་གཞག་པ་དང༌། བཅོམ་ལྡན་འདས་སུ་གཞག་པའོ། །དང་པོ་ནི་གཉིས་སུ་མེད་པའི་ཡེ་ཤེས་དེ་ཉིད་ཡེ་ཤེས་ལྔར་སྣང་བ་སྟེ། དེ་ཉིད་མེ་ལོང་ཡེ་ཤེས་ཏེ་ཞེས་བྱ་བ་ལ་སོགས་པས་འཆད་པར་འགྱུར་རོ། །དེ་ལྟར་དེའི་ཆོས་ཉིད་སེམས་དཔའི་རིགས་ཏེ་སངས་རྒྱས་ལྔར་གཞག་གོ །དེ་དག་གི་མཚན་ནི་རྣམ་སྣང་ལ་སོགས་པ་དྲུག་གོ །གཉིས་སུ་མེད་པའི་ཡེ་ཤེས་དེས་ཆོས་ཐམས་ཅད་གཟུགས་བརྙན་ཙམ་དུ་གསལ་བར་སྣང་བས་རྣམ་པར་སྣང་མཛད་དེ། མེ་ལོང་དང་འདྲ་བས་མེ་ལོང་ལྟ་བུའོ། །རྣམ་པར་རྟོག་པས་མི་བསྒུལ་བས་ན་མི་བསྐྱོད་པའོ། །སེམས་ཅན་གྱི་དོན་འབྲས་བུ་དང་བཅས་པས་ན་དོན་ཡོད་པའོ། །སངས་རྒྱས་ཀྱི་ཡོན་ཏན་ཀུན་གྱི་འབྱུང་གནས་ཡིན་པས་ན་རིན་ཆེན་ནོ། །གཉིས་འཛིན་གྱི་རྣམ་པར་རྟོག་པ་ནི་རྩོད་པ་ཡིན་པས་ན་རོ་ལ་དེས་ནི་དེ་མེད་པ་སྟེ། རྟོག་པ་དང་བྲལ་བ་སྟེ་དཔག་མེད་ཅེས་བྱ་བའོ། །ཐམས་ཅད་དེས་བསྡུས་པས་ན་སེམས་དཔའ་འོ། །ཚངས་པ་ལ་སོགས་པ་མཚན་གྱི་རྣམ་གྲངས་སོ། །དེར་གཞག་པའི་འཐད་པ་ནི། ཚངས་པ་སྒྲིབ་བྲལ་ཞེས་བྱ་བ་ལ་སྒྲིབ་པ་མ་ལུས་པ་དང་བྲལ་བ་ནི་རྣམ་པར་རྟོག་པ་ཟད་པ་སྟེ་མྱ་ངན་ལས་འདས་པ་དང༌། ཐར་པ་དང་ཚངས་པ་སྟེ། དེ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། སངས་རྒྱས་རྣམ་པར་སྣང་མཛད་དོ། །འཇུག་ཕྱིར་ནི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་ནི་ཆོས་ཐམས་ཅད་ཀྱི་ངོ་བོས་ཞུགས་པས་ན་ཁྱབ་འཇུག་ནི་མི་བསྐྱོད་པའོ། །རྟག་ཏུ་དགེ་བ་ནི་བྱ་གྲུབ་ཀྱི་ཡེ་ཤེས་དེས་སེམས་ཅན་གྱི་དོན་ལ་དགེ་བར་བྱེད་པས་ན་ཞི་བ་ནི་དོན་ཡོད་གྲུབ་པའོ། །ཐམས་ཅད་ནི་མཉམ་ཉིད་ཀྱི་ཡེ་ཤེས་དེས་ཆོས་ཀུན་མཉམ་པ་ཉིད་དུ་རྟོགས་པས་ཐམས་ཅད་དེ་རིན་ཆེན་འབྱུང་ལྡན་ནོ། །སོ་སོར་རྟོག་པའི་ཡེ་ཤེས་དེས་དམ་པའི་བདེ་བ་སྟེ་ཟག་མེད་ཀྱི་བདེ་བ་རྟོགས་པ་ནི་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཡིན་པས་དེ་ཉིད་འོད་དཔག་མེད་དོ། །ཟག་པ་མེད་པའི་བདེ་བ་རྟོགས་པ་ལས་ལོགས་སུ་སངས་རྒྱས་མེད་པས་སངས་རྒྱས་ཏེ། རིགས་ཐམས་ཅད་བསྡུས་པ་རྡོ་རྗེ་སེམས་དཔའ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བུ་དེ་ཉིད་ལ་ལྷ་ཞེས་ཀྱང་བྱ་སྟེ་ལུས་ལས་བྱུང་བའི་ཕྱིར་རོ། །དོན་ནི་གང་ཚེ་ལས་ཀྱི་ལུས་བཅོམ་པ། །དེ་ཚེ་ལྷ་རུ་འགྱུར་བ་ཡིན་བྱའོ། །སྒྲ་ནི་དེ་ཧའི་ཧ་ཕྱིས་ལ་ཨ་ཝར་བྱས་པ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་བཅོམ་ལྡན་འདས་ཡིན་ཏེ་གླེང་གཞིའི་ཚིག་ཏུ་བཤད་ཟིན་ཏོ། །དེའི་རིགས་ཀྱི་རྣམ་པར་གཞག་པའང་གང་ཕྱིར་སྐྱེ་འགྲོ་ཞེས་བྱ་བ་ལ་སོགས་པ་སྟེ་རིགས་ཀྱི་བདག་པོ་དེ་དག་གི་རིགས་ནི་འདི་ལྟ་བུའོ་ཞེས་ཤེས་པར་བྱ་བའི་ཕྱིར་རོ། །ཚིག་གི་དོན་གོ་སླའོ། །ལྷའི་དེ་ཁོ་ན་ཉིད་དོ། །སྔགས་ལ་སོགས་པའི་དེ་ཁོ་ན་ཉིད་ནི་ཨཱ་ལི་ཞེས་བྱ་བ་ལ་སོགས་པ་ཡིན་ནོ་ཞེས་བྱ་བ་ནི་སློབ་དཔོན་སྦྱང་དཀའ་ཟླ་བའི་འོ། །དེ་ལྟ་བུའི་དེ་ཁོ་ན་ཉིད་རྟོགས་ན་བརྗོད་པ་བཟླས་པར་འགྱུར་བ་དང༌། རྐང་པའི་རྗེས་དཀྱིལ་འཁོར་དུ་འགྱུར་བ་དང༌། ལག་པ་བསྒྱུར་བ་ཕྱག་རྒྱར་འགྱུར་བ་དང༌། བསམ་པ་བསམ་གཏན་དུ་འགྱུར་བ་དང༌། བཟའ་བའི་དེ་ཁོ་ན་ཉིད་ཅེས་བྱ་བ་ཕན་ཡོན་ལྔར་གསུངས་པ་ནི་བླ་མ་ཁ་ཅིག་གསུངས་སོ། །ཇི་ལྟར་ཕ་ཞེས་བྱ་བ་ནི་བླ་མ་དམ་པ་རྡོ་རྗེ་འཆང་ངོ༌། །དེ་ལས་ཐོབ་པ་ནི་དེའི་བདེ་བ་ཐོབ་པ་ཞེས་བྱ་བའི་སྒྲར་སྦྱར་ཏེ། རྡོ་རྗེ་འཆང་ཆེན་པོའི་བདེ་བ་དང་མཚུངས་པ་ཐོབ་པ་ཞེས་བྱ་བའི་དོན་ཏོ། །ཡང་ན་བླ་མ་དམ་པའི་མན་ངག་སྐད་ཅིག་མ་ལ་སོགས་པའི་དབྱེ་བས་ཉམས་སུ་བླང་བའི་བདེ་བ་ཐོབ་པ་སྟེ། དབང་གསུམ་པའི་དུས་སུ་ཇི་ལྟར་ཐོབ་པ་ཞེས་དགོངས་སོ། །རང་གིས་ཟ་ཞེས་བྱ་བ་ནི་ཕྱིས་མྱོང་ཞིང་སྤྱད་པར་བྱ་ཞེས་བྱ་བའི་དོན་ཏོ། །བདེ་བ་གང་གིས་འཆི་བ་ཞེས་བྱ་བ་ལ། རྣལ་འབྱོར་པ་དམན་པར་གྱུར་པ་རྣམས་ལས་ཀྱི་ལུས་འབོར་བ་ནི་འཆི་བ་ཡིན་ལ། དེའི་རྩ་མདུད་གྲོལ་བའི་བདེ་བ་ཉིད་རང་གིས་མྱོང་བའི་ཡེ་ཤེས་དང་རོ་གཅིག་ཏུ་བྱས་ལ་བར་དོར་གྲུབ་པར་བྱའོ་ཞེས་བྱ་བའོ། །ཡང་ན་རྣལ་འབྱོར་པ་དེ་ཁོ་ན་ཉིད་རྟོགས་པ་རྣམས་ལ་ནི་ཐ་མལ་པའི་ལུས་མ་དམིགས་ན་འཆི་བར་ག་ལ་འགྱུར། དེ་བས་ན་བདེ་བ་གང་གིས་འཆི་བ་ཞེས་བྱ་བ་ནི་བདེ་བ་ཆེན་པོའི་ཉམས་མྱོང་སྐྱེས་པ་དེས་སོ། །འཆི་བ་ནི་མཚན་མ་དང་རྣམ་པར་རྟོག་པ་ཐམས་ཅད་འགགས་པར་གྱུར་པས་མྱོང་བ་འགའ་ཡང་མི་ཚོར་བ་ནི་འཆི་བའོ། །དེའི་བདེ་བ་ནི་རྣམ་པར་ཐར་པ་ཅན་གྱི་བདེ་བ་དང་ཆ་མཐུན་པའམ་རྣམ་པར་ཐར་པའི་བདེ་བ་ཉིད་དེ། དེ་ཉིད་བསམ་གཏན་ཞེས་བྱ་བའི་དོན་ཏོ། །ལེའུ་ལྔ་པ་ཚིགས་སུ་བཅད་པ་སུམ་ཅུ་ཐམ་པའི་འགྲེལ་པའོ།།  །།དེ་ནས་གཞན་ཡང་རབ་བཤད་བྱ། །སྤྱོད་པ་ཞེས་བྱ་བ་ལ། དེ་ནས་ནི་དེ་ཁོ་ན་ཉིད་ཀྱི་ལེའུའི་རྗེས་ལའོ། །ཅིའི་ཕྱིར་དེའི་འོག་ཏུ་བསྟན་ཅེ་ན། དེ་ལྟར་རིམ་པ་གཉིས་ལ་གནས་པའི་རྣལ་འབྱོར་པས་རང་གི་སེམས་ཀྱི་བརྟན་གཡོ་བརྟགས་པ་ལ་སོགས་པའི་ཕྱིར་སྤྱོད་པ་སྤྱད་ཀྱི། དེ་ཁོ་ན་ཉིད་མ་རྟོགས་པས་ནི་སྤྱོད་པ་སྤྱད་པ་ལ་མི་དབང་ངོ་ཞེས་བསྟན་པའི་ཕྱིར་དེའི་རྗེས་ལའོ། །ཡང་ན་ལྷན་སྐྱེས་ཀྱི་རྟེན་བྱང་ཆུབ་ཀྱི་སེམས་གཡོ་ཞིང་རྒྱུ་བས་ན་སྤྱོད་པའོ། །ལེའུ་འདིའི་བརྗོད་པར་བྱ་བའི་དོན་ནི་དངོས་སུ་ན་ལྷའི་རྣལ་འབྱོར་ལ་སོགས་པ་བསྟན་པས་བསྐྱེད་པའི་རིམ་པ་ལྟར་སྣང་ཡང༌། འདི་དག་ཐམས་ཅད་རྫོགས་པའི་རིམ་པའི་དེ་ཁོ་ན་ཉིད་ཐོབ་པའི་ལམ་གྱི་ཡན་ལག་ཏུ་གྱུར་པའི་ཕྱིར་ན་སྦས་པའི་དོན་ཡིན་ནོ། །རྗོད་བྱེད་ཀྱི་སྒྲ་ནི་ཡན་ལག་གི་དོན་གཙོ་བོར་གྱུར་པ་གསུམ་ཀ་འཇུག་གོ །ལུས་རྣམ་པར་གཞག་པའི་རིམ་པ་གཉིས་ཀྱི་ཤུགས་དེ་ལས་ཀྱང་ཡེ་ཤེས་ཀྱི་ཤུགས་ལས་ཤེས། ཡང་ན་བརྡ་ཆེན་གྱི་ཤུགས་ལས་སོ། །བཤད་པའི་རྒྱུད་ཁ་སྦྱོར་གྱི་བརྟག་པ་ལྔ་པའི་རབ་ཏུ་བྱེད་པ་འོག་མ་གཉིས་ཀྱིས་རབ་ཏུ་རྒྱས་པར་འཆད་དོ། །རྡོ་རྗེ་གུར་གྱི་བཅུ་པ་ལས་ཀྱང་ཅུང་ཟད་བསྟན་ཏོ། །མངོན་པར་རྟོགས་པ་ནི་ཐབས་ཀྱི་རྒྱུད། དེ་ལས་ཀྱང་མཆོག་གི་དངོས་གྲུབ་ཀྱི་མངོན་པར་རྟོགས་པ། དེ་ལ་ལྔ་ལས་རིམ་པ་གཉིས་ལ་གནས་པས་དྲོད་ཐོབ་པའི་སྤྱོད་པ་ཞེས་བྱ་བ་བཞི་པ་དང་འབྲེལ་པའོ། །སྤྱིར་སྤྱོད་པ་ལ་རྣམ་པར་གཞག་པ་དྲུག་སྟེ། སྤྱོད་པ་བྱེད་པའི་གང་ཟག སྤྱོད་པ་རང་གི་ངོ་བོ། རབ་ཏུ་དབྱེ་བ་འཐད་པ་དང་བཅས་པ་དང༌། སོ་སོའི་མཚན་ཉིད། སྤྱོད་པ་གཉིས་ཀྱི་དགོས་པ། སྤྱོད་པ་སྤྱད་པའི་དུས་བསྒྲུབ་པའི་རིམ་པ་དང་བཅས་པའོ། །དེ་ལ་རྟེན་གྱི་གང་ཟག་ནི། སྤྱིར་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཁོ་ན་འདོད་པ་དང༌། དེའི་སྒྲུབ་པ་ལ་ཞུགས་པ་དང༌། དེ་ལ་བརྟེན་ཏེ་སེམས་ཉམས་ཀྱི་དྲོད་ཐོབ་པ་དང༌། ཁྱད་པར་དུ་སྤྱོད་པ་ལ་བརྟེན་ཏེ་མྱུར་དུ་འགྲུབ་པར་འདོད་པ་ཞེས་བྱ་བ་ཡིན་ནོ། །དེ་ལྟར་ཡང༌། ཅུང་ཟད་དྲོད་ནི་ཐོབ་པ་ན། གལ་ཏེ་སྤྱོད་པ་བྱེད་འདོད་པས། །གལ་ཏེ་འགྲུབ་འགྱུར་འདོད་ཡོད་ན། །འདིས་ནི་སྤྱོད་པ་སྤྱད་པ་ཉིད། །ཅེས་སོ། །གཉིས་པ་སྤྱོད་པ་ཞེས་བྱ་བ་རང་གི་ངོ་བོ་ནི། འཇིག་རྟེན་པའམ་ཉན་ཐོས་ཀྱིའམ། བྱང་ཆུབ་སེམས་དཔའི་འམ། བསྐྱེད་པའི་རིམ་པའི་ཐུན་མཚམས་སུ་ཀུན་དུ་སྤྱོད་པའི་བར་གྱི་ལུས་ངག་གི་བྱ་བ་ལའང་སྤྱོད་པ་ཞེས་བྱ་མོད་ཀྱང༌། འདིར་ནི་ནང་དུ་དེ་ཁོ་ན་ཉིད་ཀྱི་རྟོགས་པ་དང་ལྡན་ཏེ། ཕྱི་རུ་ལུས་ངག་གི་སྤྱོད་པ་བླང་དོར་མེད་པ་ཞེས་བྱ་བ་ཡིན་ཏེ། ཡིད་འོང་མི་འོང་རྣམ་རྟོག་ནི། །ཞེན་པ་ཙམ་དུ་མི་བྱའོ། །བགྲོད་དང་བགྲོད་མིན་སྔགས་པ་ཡིས། །རྣམ་རྟོག་ཉིད་དུ་མི་བྱའོ། །ཞེས་བྱ་བའོ། །གསུམ་པ་རབ་ཏུ་དབྱེ་བ་ནི། སྤྱིར་མང་ནའང༌། དཔལ་ཡང་དག་པར་སྦྱོར་བའི་རྗེས་སུ་འབྲངས་ནས་གཉིས་ཏེ། ཨ་ཝ་དྷཱུ་ཏཱིའི་སྤྱོད་པ་དང༌། རྒྱལ་ཚབ་ཆེན་པོའི་སྤྱོད་པ་ཞེས་བྱ་བའོ། །དེ་ལྟར་གཉིས་སུ་བྱེད་པའང༌། དཔལ་ཁ་སྦྱོར་ལས་གསུངས་པ་སྟེ། དཔལ་ལྡན་རྡོ་རྗེ་སེམས་དཔའ་ཡིས། །གང་ཞིག་འགྲོ་ལ་ཕན་པའི་ཕྱིར། །ཨ་ཝ་དྷཱུ་ཏཱིའི་སྤྱོད་པ་གསུངས། །ཞེས་གསུངས་ནས། ཡང་ནི་དཔལ་ལྡན་རྒྱལ་ཚབ་ཆེའི། །བརྟུལ་ཞུགས་སྤྱོད་པའང་བསྒྲག་པར་བྱ། །ཞེས་བྱ་བ་ལ་སོགས་པའང་གསུངས་སོ། །དེ་གཉིས་སོ་སོའི་མཚན་ཉིད་ནི། །ཨ་ཝ་དྷཱུ་ཏཱི་ཞེས་བྱ་བ་བཟའ་བ་དང་བཟའ་བ་མིན་པ་ཞེས་བྱ་བ་ལ་སོགས་པ་གཉིས་གཉིས་འཛིན་པ་སྤངས་པས་ན་གཉིས་སྤངས་ཞེས་བྱའོ། །དེས་རྣམ་པར་རྟོག་པའམ། འཇིག་རྟེན་པ་རྣམས་འདར་བར་བྱེད་པས་ན་ཀུན་འདར་ཞེས་ཀྱང་བྱའོ། །སྨྱོན་པ་དང་འདྲ་བས་ན་སྨྱོན་པའི་བརྟུལ་ཞུགས་ཞེས་ཀྱང་བྱ། རྒྱལ་བུ་གཞོན་ནུ་ལྟར་ཅི་ཐོད་ཐོད་བྱེད་པས། རྒྱལ་བུ་གཞོན་ནུ་ཡི་སྤྱོད་པ་ཞེས་བྱ་སྟེ། མདོར་ན་རྣལ་འབྱོར་པའི་རྟགས་མི་འཛིན་པར་གཉིས་འཛིན་གྱི་རྟོག་པ་སྤོང་བའི་སྤྱོད་པ་ཅི་ཐོད་པ་བྱེད་པའོ། །སྤྱོད་པ་གཉིས་པ་ནི། རྣལ་འབྱོར་པ་ཉིད་ཀྱི་རྟགས་བཟུང་སྟེ་མཆོག་གི་སྤྱོད་པ་བྱེད་པ་སྟེ། དེ་ནི་ཇི་ལྟར་འཇིག་རྟེན་གྱི་རྒྱལ་ཚབ་ཏུ་དབང་བསྐུར་བ་དང་འདྲ་བས་རྒྱལ་ཚབ་ཆེན་པོའི་སྤྱོད་པའོ། །ཐམས་ཅད་ཀུན་ནས་བཟང་ཞིང་དགེ་བར་རྟོགས་པས་ཀུན་ཏུ་བཟང་པོའི་སྤྱོད་པ་ཞེས་བྱའོ། །རིག་མའི་གྲོགས་ལ་བརྟེན་ཏེ་སྤྱོད་པས་ན། རིག་མའི་བརྟུལ་ཞུགས་ཀྱི་སྤྱོད་པ་ཞེས་ཀྱང་བྱ། མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྒྱལ་བར་བྱས་པས་ན། ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པ་ཞེས་ཀྱང་བྱའོ། །དེ་ལྟར་སྤྱོད་པའི་དགོས་པ་ནི་བཞི་སྟེ། རང་གི་སེམས་ཀྱི་བརྟན་གཡོ་བརྟག་པའི་དགོས་པ་ཡོད་དེ། གཉིས་ཀྱི་ཞེན་པ་སྤོང་ངོ༌། །མཚན་མ་དང་རྣམ་པར་རྟོག་པ་མཐའ་དག་གཞོམ་པའི་དགོས་པ་དང༌། ཕྱི་དང་ནང་གི་གནས་དང༌། གྲོགས་དང༌། ནོར་དབང་དུ་བྱ་བའི་དགོས་པ་དང༌། སེམས་ཅན་རྗེས་སུ་གཟུང་བའི་དགོས་པའོ། །དེ་ལ་དང་པོ་ནི་སྤྱོད་པ་དངོས་ཀྱི་དགོས་པ་ཡིན་ལ། ཕྱི་མ་རྣམས་ནི་གྲུབ་པའི་རྒྱུའམ། ཡན་ལག་ཙམ་གྱི་དགོས་པའོ། །དེ་ལྟར་ཡང་གསང་བ་གྲུབ་པ་ལས། སྒྲུབ་པོ་བསྒོམ་པ་དང་ལྡན་ཞིང༌། །སྡིག་པ་ཀུན་ལས་རྣམ་གྲོལ་བར། །བརྟུལ་ཞུགས་ཀྱིས་ནི་ཆགས་མེད་ཐོབ། །དངོས་གྲུབ་རྒྱལ་བས་ཐོབ་པར་གསུངས། །དངོས་གྲུབ་དེ་ཉིད་ཤེས་གྱུར་ན། །ཐོབ་ཀྱི་བརྟུལ་ཞུགས་སོགས་ཀྱིས་མིན། །ཞེས་བྱ་བ་དང༌། དགོས་པ་ཕྱི་མ་གསུམ་ཡང་གསུངས་པ། འགྲུབ་པའི་ཐབས་ཀྱི་རྒྱུ་ཕྱིར་དང༌། །ནོར་ལ་སོགས་པ་བསྒྲུབ་ཕྱིར་དང༌། །སེམས་ཅན་དོན་ཕྱིར་དེ་ཉིད་བཅས། །བརྟུལ་ཞུགས་ཞལ་གྱིས་བཞེས་པ་ཡིན། །ཞེས་གསུངས་པ་ལྟ་བུའོ། །དེ་ལ་དགོས་པ་དང་པོ་ནི། ཀུན་འདར་གྱི་སྤྱོད་པའི་དགོས་པ་སྟེ། ཡིད་ནི་བརྟན་ནམ་གཡོ་བའམ་ཅི། །རང་གི་སེམས་ནི་སོ་སོར་བརྟག །ཅེས་འཆད་པར་འགྱུར་རོ། །དགོས་པ་གཉིས་པ་ནི་སྤྱོད་པ་གཉི་གའི་སྟེ། གང་གིས་དངོས་གྲུབ་མཐར་འགྲོ་བ། །ཀྱེ་ཡི་རྡོ་རྗེའི་དངོས་གྲུབ་རྒྱུ། །ཞེས་བྱ་བ་དང༌། ཁ་སྦྱོར་ལས་ཀྱང༌། དེ་བས་རྟོག་པའི་གྲྭ་གཞོམ་ཕྱིར། །དམ་ཚིག་སངས་རྒྱས་མཛད་པ་གང༌། །དེ་ནི་རྟག་ཏུ་གོམས་པར་བྱ། །ཞེས་གསུངས་པ་ལྟ་བུའོ། །དགོས་པ་ཕྱི་མ་གཉིས་ནི་ཀུན་བཟང་གི་དགོས་པ་སྟེ། དངོས་གྲུབ་མཐར་འགྲོ་བ་ཞེས་པའི། །གྲུབ་པར་གྲགས་པ་མ་ལུས་པ། །ཅི་གསུངས་རྣམ་པ་སྣ་ཚོགས་ལ། །ཀུན་བཟང་མཚུངས་པ་མེད་པས་འགྲུབ། །ཅེས་ཁ་སྦྱོར་ལས་གསུངས་སོ། །ལེའུ་བདུན་པར་ས་དང་གྲོགས་ལ་སོགས་པ་རྒྱས་པར་འཆད་པར་འགྱུར་རོ། །ཡང་གསུངས་པ། སེམས་ཅན་རྗེས་སུ་གཟུང་བའི་རྒྱུར། །བློ་ལྡན་ཆེན་པོས་རྒྱུ་བར་བྱ། །ཞེས་གསུངས་སོ། །དྲུག་པ་དུས་ནི། ཅུང་ཟད་དྲོད་ནི་ཐོབ་པ་ན། །ཞེས་བྱ་བ་འདིས་ཤེས་སོ། །དེ་ལ་དྲོད་ནི་སེམས་ཉམས་ཀྱི་དྲོད་རྟགས་དེ། དེ་ཁོ་ན་ཉིད་ཀྱི་རྟོགས་པ་བརྟན་པ་ཞེས་བྱ་བའི་ཐ་ཚིག་གོ །གསང་བ་གྲུབ་པ་ལས། དེ་བཞིན་དེ་ཉིད་མེད་བཞིན་དུ། །ངོ་མཚར་ཆེ་བ་ལྟར་བྱེད་པ། །ཇི་སྲིད་ནམ་མཁའ་གནས་ཀྱི་བར། །ཤི་བའི་འོག་ཏུ་དམྱལ་བར་འགྲོ། །ཞེས་སོ། །དེ་ལ་དྲོད་ཀྱི་དབྱེ་བ་གསུམ་སྟེ། དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་གྱི་སྒོ་ནས། ཆོས་བརྒྱད་ཀྱི་རྣམ་པར་རྟོག་པ་བཅོམ་པ་ནི་དྲོད་ཆུང་ངུ་སྟེ། དེ་བཞིན་འཇིག་རྟེན་ཆོས་བརྒྱད་ཀུན། །བསྒོམ་པས་སྤངས་ཤིང་རིང་དུ་སྤངས། །ཞེས་བྱ་བ་དང༌། གསང་གྲུབ་ལས་ཀྱང༌། དགོད་དང་འགྱོད་དང་གཉིད་ལ་སོགས། །རབ་ཏུ་འབད་པས་སྤང་བར་བྱ། །གཞན་དུ་བསྐལ་པ་བྱེ་བ་ནི། །བརྒྱར་ཡང་དངོས་གྲུབ་རྙེད་མི་འགྱུར། །ཞེས་བྱ་བ་དང༌། ཕྱི་མའི་གཉིས་པ་ལས་ཀྱང་འཆད་པར་འགྱུར་རོ། །དྲོད་འབྲིང་ནི་དེའི་སྟེང་དུ་ཚར་གཅད་རྗེས་གཟུང་གང་རུང་ནུས་པའོ། །ཆེན་པོ་ནི་གཉི་ག་ནུས་པའོ། །དེ་ལྟར་ཡང་ཕན་དང་གནོད་པའི་འབྲས་འགྱུར་བར་ཞེས་འཆད་པར་འགྱུར་རོ། །དེ་ལྟར་དྲོད་གསུམ་ལ་སྤྱོད་པ་སྒྲུབ་པའི་རིམ་པ་ནི་འདི་ཡིན་ཏེ། དང་པོར་བླ་མ་ལས་ལུང་ཐོབ་ནས། ཐམས་ཅད་རྩ་དང་འདྲ་བར་བོར་ཏེ། རིམ་གཉིས་ཀྱི་དོན་བསྒོམ་ཞིང༌། ལས་དང་པོ་པའི་དམ་ཚིག་དང་སྤྱོད་པ་ལ་བསླབ་པར་བྱའོ། །སེམས་ཀྱི་མཐུ་རྙེད་ནས་རོལ་པ་དང་བཅས་པས་ཟླ་བ་ཕྱེད་དུ་བརྟན་པར་བྱའོ། །དེ་ནས་གསང་བའི་སྤྱོད་པས་ཉམས་སད་དོ། །བརྟན་ན་དྲོད་ཆུང་ངུ་སྟེ་སྨྱོན་པའི་བརྟུལ་ཞུགས་བྱའོ། །དེས་དྲོད་འབྲིང་ཐོབ་ནས་ཨ་ཝ་དྷཱུ་ཏཱི་ནི་མངོན་དུ་སྤྱོད་ལ། ཀུན་བཟང་གསང་སྟེ་སྤྱོད་པ་ཟླ་བ་གཅིག་ན་ལུང་བསྟན་པ་འབྱུང་ངོ༌། །དེ་ལ་བརྟེན་ཏེ་ཕྱོགས་ལས་རྣམ་རྒྱལ་ཚོགས་སུ་སྤྱོད་པ་ཟླ་བ་གཅིག་བྱའོ་ཞེས་གསུངས་ལ། ཁ་ཅིག་ན་རེ་ཟླ་བ་དྲུག་ཏུའོ། །ཞེས་གསུངས་སོ། །དེའི་མཐར་ཞག་བདུན་གྱིས་འགྲུབ་པར་འགྱུར་རོ། །ཞེས་བྱ་བ་ནི་མངོན་པར་རྟོགས་པའི་རིམ་པ་སྟེ། རྒྱས་པར་གཞན་དུ་རྟོགས་པར་བྱའོ། །གཞུང་གི་ཆ་འདི་ནི་ཀུན་ཏུ་བཟང་པོ་གཙོ་བོར་འགྱུར་པ་ཡིན་ལ། ཕྱི་མའི་གསུམ་པ་ལས་ནི་ཀུན་འདར་སྟོན་ཅིང༌། གཉིས་པ་ལས་ནི་སྤྱོད་པ་བསྒྲུབ་པའི་རིམ་པ་སྟོན་པས་ལེའུ་བཞི་པོ་འདི་ཕྱོགས་གཅིག་ཏུ་མངོན་པར་རྟོགས་པ་ཤེས་པར་བྱའོ། །དཀྱུས་ལ་དུམ་བུ་གཉིས་སུ་ཤེས་པར་བྱ་སྟེ། དང་པོས་ནི་མདོར་བསྟན་ཏེ། ཕྱི་མས་ནི་རྒྱས་པར་བཤད་དོ། །དང་པོ་ལ་ལྔ་སྟེ། དགོས་པ་དང༌། གང་ཟག་དང༌། སྤྱོད་པའི་ཆ་ལུགས་ལ་སོགས་པ་དང༌། རྣལ་འབྱོར་དང༌། གྲོགས་སོ། །དང་པོ་ནི་སྤྱོད་པ་ཞེས་བྱ་བ་ལ་སོགས་པ་སྟེ། སྤྱོད་པ་ནི་ལུས་ངག་གི་བྱ་བ་སྟེ། གནས་ལ་སོགས་པ་ཀུན་ཏུ་སྤྱོད་པའོ། །དེ་ཉིད་ཇི་ལྟ་བུ་ཞེ་ན། ཕ་རོལ་ཕྱིན་མཆོག་སྟེ། སོ་སོའི་སྐྱེ་བོའི་རྣམ་རྟོག་དང་བཅས་པའི་སྤྱོད་པ་བླང་དོར་ཅན་ལས་ཕ་རོལ་དུ་སོན་པ་སྟེ། སངས་རྒྱས་ཀྱི་བཀའི་བརྟུལ་ཞུགས་ཞེས་བྱ་བའི་དོན་ཏོ། །མཆོག་ནི་གཙོ་བོར་གྱུར་པ་སྟེ། དམ་ཚིག་གི་ཚོགས་འདའ་བར་དཀའ་ཞིང་དམན་པ་རྣམས་ཀྱི་མོས་པ་ཙམ་ཡང་བྱ་དཀའ་རྫོགས་པའི་རིམ་པའི་སྤྱོད་པའོ། །ཞེས་དགོངས་སོ། །ཅི་འདི་ལྟ་བུའི་སྤྱོད་པ་ལ་དགོས་པ་ཅི་ཡོད་སྙམ་པ་ལ་གང་གིས་ཞེས་གསུངས་ཏེ། འཆད་པར་འགྱུར་བའི་སྤྱོད་པ་གང་གིས་སོ། །དངོས་གྲུབ་ཀྱི་མཐའ་ནི་དེ་ཁོ་ན་ཉིད་དེ་མཐར་ཐུག་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ས་བཅུ་གསུམ་པར་རོ། །འགྲོ་བ་ནི་དེར་བགྲོད་པར་བྱ་བའོ། །ཇི་ལྟར་བགྲོད་པར་བྱ་ན། ཀྱེའི་རྡོ་རྗེའི་དངོས་གྲུབ་རྒྱུས་ཞེས་སྨོས་ཏེ། སྤྱོད་པ་འདིས་དངོས་སུ་ཐོབ་པ་ནི་མ་ཡིན་ཏེ། དངོས་གྲུབ་ཚེ་འདི་ལ་ཐོབ་པ་ནི་གནས་ལ་སོགས་པ་དབང་དུ་འདུས་པ་ལས་ཡིན་ལ། དེའི་རྒྱུ་ནི་རྣལ་འབྱོར་མ་ཡིན་ཞིང༌། དེ་དབང་དུ་འདུ་བའི་རྒྱུ་ནི་སྤྱོད་པ་སྟེ། དེ་བས་ན་རྒྱུའི་ཕྱིར་ཞེས་བྱ་བའི་དོན་ཏོ། །སྤྱོད་པའི་རྟེན་གྱི་གང་ཟག་ནི་སྒོམ་པ་པོ་སྟེ། རྣལ་འབྱོར་པ་དེ་ཁོ་ན་ཉིད་རྟོགས་པར་གྱུར་པའི་རྒྱལ་སྲས་ཞེས་བྱ་བའི་དོན་ཏོ། །སྤྱོད་པ་དངོས་ཀྱི་རྒྱན་ནི་རྣམ་བཟུང་བ། །རྣ་བ་དག་ལ་རྣ་ཆ་ལ་སོགས་པའོ། །སྟག་ལྤགས་ནི་སྒྲ་ཇི་བཞིན་པའམ། ལྷན་སྐྱེས་ཀྱི་སྟག་སྟེ་གཅེར་བུའོ། །བཟའ་བ་ནི་བདུད་རྩི་ལྔའོ། །ལྷའི་རྣལ་འབྱོར་ལ། ཧེ་རུ་ཀ་ནི་རྫོགས་པའི་རིམ་པའི་བདག་ཉིད་ཅན་ཏེ་འཆད་པར་འགྱུར་བའོ། །ཁ་དོག་ལྔ་ནི་ཝརྞ་སྟེ་དེའི་རིགས་སམ་སྔོན་པོ་ལ་སོགས་པ་ལྔ་སྟེ་བསྐྱེད་པའི་རིམ་པ་རྣམ་པ་ཅན་གྱི་རྣལ་འབྱོར་རོ། །གྲོགས་ནི་རིགས་ལྔ་ལ་སོགས་པ་སྟེ། མི་རྟོག་པ་སྐྱེད་པར་ཞིག་གོ །རྒྱས་པར་བཤད་པ་ལ་ལྔ་སྟེ། གང་ཟག་དང༌། གྲོགས་དང༌། རྒྱན་ཆ་དང༌། རྣལ་འབྱོར་དང༌། སྤྱོད་པ་དངོས་སོ། །དང་པོ་ནི་ཤིང་གཅིག་ཅེས་བྱ་བ་ལ་སོགས་པ་སྟེ། དེ་ལ་གང་ཟག་ནི་རྣལ་འབྱོར་པ་སྒོམ་པ་པོ་ཞེས་བྱ་བ་ཅིག་དགོས་ན། གང་དུ་བསྒོམ། གང་བསྒོམ། བསྒོམས་པས་ཇི་ལྟ་བུ་འབྱུང༌། དེས་ཅི་བྱ་སྙམ་ན། ཤིང་གཅིག་ནི་གཅིག་གི་གྲིབ་མ་གཅིག་ལ་མི་ཕོག་པའོ། །དུར་ཁྲོད་ནི་རོ་གནས་པའོ། །མ་མོའི་ཁྱིམ་ནི་ཚངས་མ་ལ་སོགས་པ་མ་བདུན་གྱི་གནས་སོ། །དབེན་པ་ནི་རི་སུལ་ལ་སོགས་པ་སྐྱེ་བོ་མེད་པའོ། །བས་མཐའ་ནི་ལམ་རིང་བའམ་ཆུ་གླིང་ལ་སོགས་པའོ། །དེ་ལྟ་བུའི་གནས་སུ་མཚན་མོ་བསྒོམ་ཞེས་བྱ་བའོ། །གང་བསྒོམ་ན་རང་བྱིན་གྱིས་བརླབ་པའོ། །དེ་ཇི་ལྟ་བུ་ཞེ་ན། ཤིང་ཞེས་བྱ་བ་སྨོས་ཏེ། ཤིང་དང་འདྲ་བས་ན་ཤིང་སྟེ། ཇི་ལྟར་ཤིང་ལ་ལོ་མ་དང་མེ་ཏོག་དང༌། འབྲས་བུ་འབྱུང་བ་ལྟར། ཡེ་ཤེས་དེ་ལའང་ལོ་མ་དང་འདྲ་བ་ཞི་སོགས། མེ་ཏོག་དང་འདྲ་བ་གྲུབ་ཆེན། འབྲས་བུ་དང་འདྲ་བ་མཆོག་འབྱུང་བའོ། །ཡེ་ཤེས་དེ་རྣམ་པར་རྟོག་པ་མེད་པ་ཅིག་གོ །དུར་ཁྲོད་ནི་དབུགས་རྒྱུ་བས་རང་གི་ལུས་སོ། །ཡང་ན་རོ་གནས་ཏེ་སྲོག་སོང་བའི་སྟེ་རྣམ་པར་རྟོག་པ་འགགས་པའོ། །མ་མོ་ནི་རྣལ་འབྱོར་མ་བཅོ་ལྔའི་རང་བཞིན་གྱི་རྩའོ། །མཚན་མོ་ནི་འདོད་ཆགས་ལ་སོགས་པའི་རྒྱུ་འདྲུལ་འགགས་པའོ། །ཡང་ན་མཚན་མོ་ནི་ཤེས་རབ་སྟེ་སྟོང་པའོ། །དབེན་པ་ནི་དེ་རྣམས་དང་བྲལ་བ་སྟེ་སྤྱི་བོ་བདེ་ཆེན་ནོ། །བས་མཐའ་ནི་འཁོར་ལོ་གསུམ་གྱི་ཐ་མ་ལྟེ་བའོ། །བསྒོམ་པ་ནི་གསལ་སྟོང་ངམ། བདེ་སྟོང་ཟུང་དུ་ཆུད་པའོ། །བསྒོམས་པ་དེ་ལས་ཇི་ལྟ་བུ་འབྱུང་ཞེ་ན། ཅུང་ཟད་དྲོད་ཐོབ་སྟེ་བསྒོམས་པའི་སེམས་ཀྱི་དྲོད་དམ་མཐུ་ཐོབ་པ་སྟེ་རབ་འབྲིང་གསུམ་པོའོ། །དེས་ཅི་བྱ་སྙམ་ན་འགྲུབ་འགྱུར་འདོད་ཡོད་ན་སྟེ། ཚེ་འདི་ཉིད་ལ་མཆོག་གི་དངོས་གྲུབ་འགྲུབ་པར་འདོད་ན་སྤྱོད་པ་འདི་སྤྱད་པར་བྱའོ། །ཞེས་བྱ་བའི་དོན་ཏོ། །འདི་ནི་དགོས་པའང་འགྲུབ་བོ། །གཉིས་པ་གྲོགས་ནི་ཤིན་ཏུ་ཞེས་བྱ་བ་ལ་སོགས་པ་སྟེ། སྤྱིར་རབ་ནི་རྟོགས་པ་མཉམ་པའོ། །འབྲིང་ནུས་པས་བཀུག་པའམ་ལུང་བསྟན་པའོ། །ཐ་མ་མིའི་བུ་མོའོ། །དེ་དག་གི་མཚན་ཉིད་དང༌། མ་སྦྱངས་པ་སྦྱོང་བའི་ཚུལ་དང༌། དེ་མཉེས་པར་བྱེད་པའི་ཐབས་གསུམ་བསྟན་ཏེ་གོ་སླའོ། །རྒྱན་གྱི་དག་པ་ནི་འཁོར་ལོའི་གཟུགས་ཀྱིས་ཞེས་བྱ་བའོ། །རྣལ་འབྱོར་ནི་ཞེ་སྡང་རྣམ་དག་ཅེས་པའོ། །སྤྱོད་པ་དངོས་ལ་གཉིས་ཏེ། གླུ་གར་ལ་སོགས་པས་དགོས་པ་དང་བཅས་པ་དང༌། དམ་ཚིག་དང༌། སྡོམ་པའི་ཚུལ་གྱིས་སྤྱོད་པ་ཇི་ལྟར་སྤྱད་པའོ། །དང་པོ་ལ་བཞི་སྟེ། གླུ་གར་དགོས་པ་དང་བཅས་པ་ནི་གླུ་ནི་ཞེས་བྱ་བ་ལ་སོགས་པའོ། །བཟའ་བཏུང་དགོས་པ་དང་བཅས་པ་ནི་སྨན་ནི་ལ་སོགས་པའོ། །རྒྱན་གྱི་ཁྱད་པར་གཞན་མི་འབྲལ་བའི་དམ་ཚིག་དང་བཅས་པ་དགོས་པ་དང་ལྡན་པ་ནི་རྐུན་མའི་སྐྲ་ཞེས་བྱ་བ་ལ་སོགས་པའོ། །དེ་དག་ཐམས་ཅད་དགོས་པ་དང་ལྡན་པའི་ཚུལ་ནི་རྡོ་རྗེ་ཐོད་པའི་ཞེས་བྱ་བ་ལ་སོགས་པ་སྟེ། ཅི་དེ་དག་དེ་ལྟར་བྱས་པ་ཙམ་གྱིས་འགྲུབ་པར་འགྱུར་རམ་ཞེ་ན། མ་ཡིན་ཏེ། རྡོ་རྗེ་ཐོད་པའི་སྤྱོད་པ་དགོས་སོ། །རྡོ་རྗེ་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །ཀ་པཱ་ལ་ནི་སུ་ཀ་སྟེ་བདེ་བའོ། །པཱ་ལ་ནི་སྐྱོང་བ་སྟེ་བདེ་སྟོང་ཟུང་དུ་ཆུད་པ་དང་ལྡན་ན་བཟླས་བསྒོམ་དུ་འགྱུར་བ་ཡིན་ཞེས་བྱ་བར་དགོངས་སོ། །དམ་ཚིག་དང་སྡོམ་པའི་ཚུལ་གྱིས་སྤྱོད་པ་ཇི་ལྟར་སྤྱད་པ་ལ་དྲུག་སྟེ་སྤང་བྱ་གཙོ་བོར་གྱུར་པའི་དམ་ཚིག་དང༌། སྤང་བྱ་དང་བསྟེན་བྱ་ཐུན་མོང་བ་དང༌། གཉིས་སྤངས་ཀྱི་སྤྱོད་པ་དངོས་དང༌། ཕྱག་གི་དམ་ཚིག་དང༌། སྤང་བསྟེན་ཐུན་མོང་བའི་དམ་ཚིག་གོ །དང་པོ་ནི་བརྐམ་དང་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ཁོ་ན་ཉིད་ཀྱི་རྟོགས་པའི་འགལ་རྐྱེན་དུ་གྱུར་པ་རྣམས་སོ། །གཉིད་ཀྱིས་ནི་སྒྲིབ་པ་ལྔ་པོ་གཞན་ཡང་ཤེས་པར་བྱ་སྟེ། སྙོམ་དང་གཉིད་དང་འགྱོད་པ་དང༌། །དགོད་དང་ཐེ་ཚོམ་ཞེས་བྱ་བ། །སྒྲིབ་པ་ལྔ་པོ་སངས་རྒྱས་དང༌། །བྱང་ཆུབ་སེམས་དཔའ་མི་བཞེད་དོ། །ཞེས་གསང་བ་གྲུབ་པ་ལས་སོ། །གཉིས་པ་ནི་ལུས་ཀྱི་སྦྱིན་ཞེས་བྱ་བ་སྟེ། སྐལ་ལྡན་སྐལ་མིན་ནི་རང་ཉིད་ལ་དཔྱད་པ་སྟེ། བདེན་པ་གྲུབ་ན་སྐལ་ལྡན་ཏེ་སྦྱིན་པར་བྱའོ། །མ་གྲུབ་ན་སྐལ་མིན་ཏེ་མི་སྦྱིན་ནོ། །ཅིའི་ཕྱིར་ཞེ་ན། སེམས་ཅན་ཐམས་ཅད་ལ་བསྔོས་པའི་ཕྱིར་རོ། །གསུམ་པ་ནི་བཟའ་བཅའ་ཞེས་བྱ་བ་ལ་སོགས་པའོ། །བཞི་པ་ནི་དངོས་གྲུབ་ཅེས་བྱ་བ་ལ་སོགས་པ་སྟེ། ཅི་གལ་ཏེ་གཉིས་ཀྱི་སྤྱོད་པ་ཐམས་ཅད་སྤང་ན་བླ་མ་ལའང་ཕྱག་མི་བྱའམ་ཞེ་ན། མ་ཡིན་ཏེ་བླ་མ་ལ་ཕྱག་བཙལ་ཞེས་སྦྱར་རོ། །ལས་དང་པོ་པ་མ་ཡིན་ནམ། ཞེས་དོགས་པ་སྤང་བའི་ཕྱིར་དངོས་གྲུབ་འཐོབ་པའི་ཞེས་བྱའོ། །ཅིའི་ཕྱིར་ཕྱག་བྱ་སྙམ་ན། མནར་མེད་སྤང་བའི་རྒྱུའི་ཕྱིར་ཏེ། ཕྱག་མ་བྱས་ན་དམྱལ་བར་འགྲོའོ། །དེའི་འཐད་པ་ནི། ཡང་དག་ཡེ་ཤེས་སྣང་བ་པོ། །དེ་ཡང་དག་པའི་ཡེ་ཤེས་བདག་གི་རྒྱུད་ལ་སྐྱེད་པར་མཛད་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་རྡོ་རྗེ་གུར་ལས་ཀྱང༌། སློབ་དཔོན་སྟོན་པར་གྱུར་པ་ནི། །སངས་རྒྱས་ཀུན་ཀྱིས་ཕྱག་མཛད་པ། །བདག་ཅག་རྣམས་ཀྱི་ཕ་དང་མ། །འདི་ཉིད་ཡིན་པར་ཤེས་པར་བྱ། །ཞེས་སོ། །ཡང་གསུངས་པ། སློབ་མ་གང་ཞིག་གྲུབ་རྙེད་ནའང༌། །ཁེངས་པས་བླ་མར་ཕྱག་མི་བྱེད། །སྨད་ཅིང་དམན་པའི་ལས་བྱ་སྟེ། །ངེས་པར་ངན་འགྲོར་འགྲོ་བར་འགྱུར། །ལྔ་པ་ནི། བསླབ་དང་ཞེས་བྱ་བ་ལ་སོགས་པ་སྟེ། འདི་རྣམས་ལ་དངོས་པོར་ཞེན་པའམ། མཆོག་ཏུ་འཛིན་པའམ། དེ་ཁོ་ན་ཉིད་རྟོགས་པའི་འགལ་རྐྱེན་དུ་འགྲོ་ན་མི་བྱ་བ་ཡིན་གྱི་རྟག་འཛིན་ལྟར་གཏན་སྤང་བ་ནི་མ་ཡིན་ཏེ། སློབ་དཔོན་ཨཱརྻ་དེ་བས། བདག་བྱིན་བརླབ་པའི་རིམ་གནས་པས། །མཆོད་རྟེན་རྣམས་ལ་ཕྱག་མི་བྱ། །བདག་བྱིན་བརླབ་པའི་རིམ་ཉིད་ཀྱིས། །ཡང་ན་ཀུན་ལ་ཕྱག་བྱའོ། །ཞེས་གསུངས་པ་ལྟ་བུའོ། །དེ་ནི་བསླབ་བྱ་ལ་གཙོར་མི་གཟུང་བའོ། །གང་ཟག་ལ་གཙོར་མི་གཟུང་བ་ནི་ངེས་པར་ཞེས་བྱ་བ་སྟེ། དེ་ཁོ་ན་ཉིད་ལས་གཞན་མཆོག་མེད་པའི་ཕྱིར་རོ། །སྙིང་རྗེའི་བཏུང་བས་བཟི་བར་བྱ་ཞིང་ཆང་གི་བཏུང་བས་མྱོས་པར་མི་བྱ་བ་ནི། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །ཞེས་བྱ་བ་ལ་སོགས་པ་སྟེ། ཐེག་པ་ཆེན་པོ་འདི་ལས་ནི་སྙིང་རྗེ་གཙོ་བོར་གྱུར་པ་ཡིན་པའི་ཕྱིར་རོ། །ལེའུ་དྲུག་པ་ཚིགས་སུ་བཅད་པ་ཉི་ཤུ་རྩ་བདུན་གྱི་རྣམ་པར་བཤད་པའོ།།  །།དེ་ནས་ཙྪོ་མའི་ལེའུ་བཤད་པར་བྱའོ། །ཞེས་བྱ་བ་ལ། དེ་ནས་ནི་སྤྱོད་པའི་ལེའུའི་རྗེས་ལའོ། །ཅིའི་ཕྱིར་དེའི་རྗེས་ལ་བསྟན་ན། སྤྱོད་པ་ནི་རྒྱལ་ཚབ་ཀྱི་སྤྱོད་པ་ཡིན་ལ། དེ་ལ་ནི་གྲོགས་རྣལ་འབྱོར་མ་དགོས་ན་དེ་ངོ་ཤེས་པར་བྱ་བའི་ཕྱིར་རམ། གང་གིས་དངོས་གྲུབ་མཐར་འགྲོ་བ། །ཀྱེ་ཡི་རྡོ་རྗེའི་དངོས་གྲུབ་རྒྱུས། །ཞེས་བྱ་བ་ལ་ཕྱི་དང་ནང་དང་མཐར་ཐུག་པའི་བདག་ཉིད་ཅན་གྱི་གྲུབ་པའི་མཐའ་དང༌། རྒྱུད་བཤད་པར་བྱ་བའི་ཕྱིར་སྤྱོད་པའི་རྗེས་ལའོ། །ཡང་ན་བྱང་ཆུབ་ཀྱི་སེམས་གཡོ་ཞིང་རྒྱུ་བ་དེས་གཉིས་མེད་ཡེ་ཤེས་མཚོན་པར་བྱེད་པའི་ཕྱིར་ནའོ། །ཙྪོ་མ་ཞེས་བྱ་བ་ནི་བརྡ་ཡིན་ཏེ། ཀླ་ཀློའི་སྐད་དམ་ལུས་ཀྱི་བརྡ་སྟེ། རྣལ་འབྱོར་པ་དམ་ཚིག་ཅན་རྣམས་མཚོན་པར་བྱེད་ཅིང་གཞན་ཐེ་ཚོམ་གྱི་གནས་ཡིན་ནོ། །ལེའུ་ནི་གང་ལ་དེ་ལྟ་བུ་སྟོན་པའི་གཞུང་གི་དུམ་བུའོ། །འདིའི་བརྗོད་པར་བྱ་བའི་དོན་ནི་ལས་དང་པོ་པ་ལྟར་ན་བསྐྱེད་རིམ་སྤྱི་ཡིན་ལ། སྤྱོད་པའི་ཡན་ལག་ཏུ་གྱུར་པས་ན་སྦས་པ་དང་མཐར་ཐུག་པའི་དོན་ཡིན་ནོ། །རྗོད་བྱེད་ཀྱི་སྒྲ་ནི་མན་ངག་གི་དོན་གཙོ་བོར་གྱུར་པ་གསུམ་ཀ་འཇུག་གོ །ལུས་རྣམ་པར་གཞག་པ་བརྡ་ཆེན་གྱི་རྒྱས་པར་བཤད་པའོ། །བཤད་པའི་རྒྱུད་སཾ་པུ་ཊའི་བརྟག་པ་བཞི་པ་མཐའ་དག་དང་ལྔ་པའི་དང་པོ་དང་སྦྱར་རོ། །མངོན་པར་རྟོགས་པ་ནི་ལས་དང་པོ་པ་ཚོགས་ཀྱི་འཁོར་ལོ་དང་འབྲེལ་བའི་དབང་དུ་བྱས་ན་བསྐྱེད་པའི་རིམ་པའི་ཡན་ལག་གི་དམ་ཚིག་དང་སྡོམ་པ་དང་འབྲེལ་ལ། ནང་དོན་གྱི་དབང་དུ་བྱས་ན་རྒྱལ་ཚབ་ཀྱི་སྤྱོད་པའི་ཡན་ལག་ཏུ་གྱུར་པ་ཉིད་ཀྱི་ཕྱིར་མཆོག་གི་མངོན་པར་རྟོགས་པ་བཞི་པ་དང་འབྲེལ་ལོ། །དེ་ལ་གལ་ཏེ་རྒྱལ་ཚབ་ཀྱི་སྤྱོད་པ་ཞེས་བྱ་བ་དེ་ཇི་ལྟ་བུ་དེ་ལ་གྲོགས་ལ་སོགས་པ་འདིས་ཅི་ཞིག་བྱ་སྙམ་ན། དེ་ལ་རྒྱལ་ཚབ་ཅེས་བྱ་བ་ནི་ཇི་ལྟར་འཇིག་རྟེན་གྱི་རྒྱལ་ཚབ་དང་འདྲ་བས་རྒྱལ་ཚབ་དང་དེའི་སྤྱོད་པ་སྟེ། དེ་ལ་རྒྱལ་པོ་ནི་ཟླ་བ་ལ་སོགས་པའི་རིགས་སུ་གྲུབ་པ་དང༌། ལུས་སྐྱོན་མེད་པ་ཞེས་བྱ་བ་གཉིས་དང་ལྡན་པ་དེ་རིགས་ཆེན་པོ་ཐམས་ཅད་ཀྱི་རིག་བྱེད་ལས་འབྱུང་བའི་ཆོ་གས་དབང་བསྐུར་བ་ནི། རྒྱལ་ཚབ་ཀྱི་དབང་ཐོབ་པའོ། །དེས་སྤྱོད་པ་ནི་སྔར་དབང་དུ་མ་འདུས་པའི་ས་ལ་སོགས་པ་ཐམས་ཅད་དབང་དུ་སྡུད་པའི་སྤྱོད་པ་བྱ་དགོས་ལ། དེ་ལ་ཡན་ལག་ལྔ་དགོས་ཏེ། ལྷན་ཅིག་པ་དང་སྒྲུབ་ཐབས་དང༌། །ཡུལ་དང་དུས་ཀྱི་ཆ་དག་དང༌། །སྲིད་ལས་ཉམས་པ་བསྲུང་བ་དང༌། །སྔགས་ཀྱི་ཡན་ལག་ལྔ་རུ་འདོད། །ཅེས་བྱ་བ་ལས། རང་གཞན་དུ་འགྲོ་བའི་ཚེ་རང་གི་ཡུལ་བསྲུང་བ་ནི་སྲིད་ཀྱི་ཡན་ལག་གོ །རྟ་ལ་སོགས་པ་དུབ་པ་ལས་དབུགས་འབྱིན་ཅིང་འགྲོ་བ་ནི་སྒྲུབ་ཐབས་བཞོན་པའི་ཡན་ལག་གོ །བློན་པོ་ལ་སོགས་པ་གྲོགས་ཡན་ལག་ལྔ་དང་བཅས་པ་ནི་གྲོགས་ལྷན་ཅིག་སྐྱེས་པའི་ཡན་ལག་གོ །དེ་ལ་གྲོས་ཀྱིས་འཚོ་བ་ནི་ཡིད་བདེ་བ་གྲོས་ཀྱི་ཡན་ལག་གོ །གཟའ་སྐར་ལ་སོགས་པ་བདག་འཕེལ་ཞིང་ཕ་རོལ་འགྲིབ་པ་ནི་དུས་ཀྱི་ཡན་ལག་གོ །དེ་ལྟར་ཡན་ལག་ལྔའོ། །དེ་རྣམས་དང་ལྡན་པས་མི་མཐུན་པའི་ཕྱོགས་འཇོམས་པའི་སྤྱོད་པ་དངོས་དང༌། དེས་ས་དང་གྲོགས་དང་ནོར་དག་ནི། །གཡུལ་གྱི་འབྲས་བུ་གསུམ་པོ་ཉིད། །གང་ཚེ་འདི་ནི་འབྱུང་འགྱུར་བ། །དེ་ཚེ་གཡུལ་དུ་འཇུག་པར་བྱ། །ཞེས་བྱ་བ་དབང་དུ་བྱ་རྒྱུའི་ཡུལ་ཐོབ་པ་འབྲས་བུ་ཞེས་བྱ་བ་གྲུབ་པ་ནི་རྒྱལ་ཚབ་ཀྱི་སྤྱོད་པ་མཐར་ཕྱིན་པའོ། །དེ་དང་འདྲ་བ་འདི་ལ་ལྡན་པ་དེས་ན་རྒྱལ་ཚབ་ཀྱི་སྤྱོད་པའོ། །དེ་ལ་རིགས་སུ་གྲུབ་པ་ནི་རྫོགས་པའི་རིམ་པ་ལ་གནས་པའོ། །ལུས་ནི་བསྐྱེད་པའི་རིམ་པ་ལ་གནས་པའོ། །དབང་བསྐུར་བ་ནི་དྲོད་ཐོབ་པའོ། །ཡང་ན་རིགས་སུ་གྲུབ་པ་ནི་སྙིང་རྗེ་དང་ཤེས་རབ་ཀྱི་སྒོ་ནས་ཐེག་པ་ཆེན་པོའི་རིགས་སུ་གྲུབ་པའོ། །ལུས་ནི་མཚན་ཉིད་དང་ལྡན་པའམ་རྡོ་རྗེའི་ལུས་སྐྱོན་མེད་དོ། །དབང་བསྐུར་བ་ནི་དབང་བཞི་སྟེ་ལེའུ་བཅུ་པ་ལས་འཆད་པར་འགྱུར་རོ། །སྤྱོད་པ་བྱེད་པ་ལ་ཐོག་མར་སྲིད་བཙལ་བ་ནི་དེ་ཁོ་ན་ཉིད་ཀྱི་ལེའུ་ལ་སོགས་པ་རྫོགས་པའི་རིམ་པ་རྟོགས་པའི་ལྟ་བ་སྟེ་འདི་མེད་ན་མངོན་པར་ཞེན་པའི་དུག་གིས་ཡུལ་འཕྲོག་པར་འགྱུར་རོ། །ཐ་མལ་གྱི་རྣམ་པར་རྟོག་པ་ལས་དབུགས་འབྱིན་པས་ན་སྒྲུབ་ཐབས་ལེའུ་གསུམ་པ་དང་བཞི་པའོ། །ཡིད་བདེ་བར་བྱེད་པ་ནི་རྣམ་རྟོག་ལས་སྐྱོབ་པས་སམ། དངོས་གྲུབ་སྣ་ཚོགས་ཀྱིས་སྐྱོ་བ་སེལ་བར་བྱེད་པས་ན་སྔགས་ཀྱི་ཡན་ལག་ལེའུ་གཉིས་པའོ། །ལྷན་ཅིག་པ་གྲོགས་རྣལ་འབྱོར་མ་ནི་ལེའུ་དྲུག་པ་ལས་ཀྱང་གསུངས་ལ། འདི་ལས་ཀྱང་འབྱུང་ངོ༌། །དུས་རྩ་རླུང་ཐིག་ལེ་ཐམས་ཅད་དབུ་མར་འཇུག་པའི་དུས་ཤེས་པ་ནི་ལེའུ་དང་པོ་ལས་འབྱུང་ངོ༌། །ཡན་ལག་ལྔ་འཛོམ་པར་གྱུར་པ་ནི་དྲོད་ཐོབ་པའོ། །དེས་མི་མཐུན་པའི་ཕྱོགས་འཇོམས་པའི་སྤྱོད་པ་དངོས་ནི་ལེའུ་དྲུག་པའོ། །ས་དང་གྲོགས་དང་ནོར་ཐོབ་པའི་སྤྱོད་པའི་འབྲས་བུ་གྲུབ་པ་ནི་ལེའུ་བདུན་པའོ། །དེ་ལྟར་ཡན་ལག་ལྔའི་སྤྱོད་པས་འབྲས་བུ་གྲུབ་པར་བྱེད་པ་ལ་ཡན་ལག་ལྔ་ཚོགས་པར་བྱེད་པའི་ཐབས་རིགས་དང་འབྲས་བུ་དང་རྗེས་སུ་མཐུན་པའི་བསྒོམ་པ་ནི་ལེའུ་བརྒྱད་པ་དང༌། དགུ་པའོ། །ཡན་ལག་ལྔ་ཚོགས་པའི་རྟགས་ནི་བཅུ་གཅིག་པའོ། །དེ་བས་ན་ལེའུ་བདུན་པ་འདི་ལས་ཡན་ལག་གཉིས་འབྱུང་ངོ༌། །དེ་ལ་འབྲས་བུ་ས་ནང་གི་ཡུལ་ལོ། །གྲོགས་རྩའོ། །ནོར་དགའ་བ་དབང་དུ་བྱས་པས་ས་བཅུ་གཉིས་ཀྱི་རྟོགས་པ་སྐྱེའོ། །ཞེས་བྱ་བའི་དོན་ཏོ།།  །།ལེའུ་འདི་ལ་དོན་ལྔ་སྟེ། བརྡའི་བྱེད་པ་དང༌། བརྡ་དངོས་དང༌། འདུ་བའི་གནས་དང༌། དུས་དང༌། འདུས་པའི་བྱ་བའོ། །དེ་ལ་དང་པོ་ནི། གང་གིས་ནི་བརྡ་གང་གིས་སོ། །སྤུན་ནི་བརྡ་རིག་པའི་དཔའ་བོའོ། །སྲིང་མོ་ནི་བརྡ་ཤེས་ཀྱི་རྣལ་འབྱོར་མའོ། །ཐེ་ཚོམ་མེད་པར་ཤེས་པར་བྱ་ནི་རྣལ་འབྱོར་པ་ཕྱིའི་གནས་ལ་སོགས་པར་རྒྱུ་བ་ན་གྲོགས་ངོ་ཤེས་པར་བྱ་བའི་ཕྱིར་བརྡ་བྱས་པ་ན་ངེས་པར་ཤེས་ཞེས་བྱ་བའི་དོན་ཏོ། །བརྡ་དངོས་ལ་ལྔ་སྟེ། བརྡའི་དོན་སྟོན་པ་བསྙུན་གྱི་ཕྱག་རྒྱ་ནི། གང་གི་སོར་མོ་ཞེས་པའོ། །དངོས་ཀྱི་དོན་མི་སྟོན་པ་ཕྱག་རྒྱ་དང༌། དེའི་ལན་ནི་གང་ཞིག་སྲིན་ལག་ཅེས་པའོ། །དེས་དམ་ཚིག་དང་ལྡན་པ་དང༌། མི་ལྡན་པར་དབྱེ་བ་ནི་ཕྱག་རྒྱ་ཞེས་པའོ། །དེ་དང་འདུ་བའི་བརྡ་ནི་དེ་ལ་རྣལ་འབྱོར་མ་ཞེས་པའོ། །དེ་ལ་མི་འགྱུར་བའི་བརྡ་ནི་ཕྲེང་བ་མངོན་པར་ཞེས་པའོ། །ཚིག་གི་དོན་གོ་སླའོ། །བརྡས་མཚོན་པའི་རྣལ་འབྱོར་མ་དང་གང་དུ་འདུ་ཞེ་ན། ཀྱེ་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པའོ། །གནས་དང་ཞེས་བྱ་བ་ལ་སོགས་པ་ནི་ཀླ་ཀློའི་སྐད་དོ། །འདིས་ཅི་བསྟན་ཞེ་ན། འདི་རྣམས་ཞེས་བྱ་བ་ལ་སོགས་པ་སྟེ། འདི་རྣམས་ནི་གནས་ལ་སོགས་པའོ། །ས་བཅུ་གཉིས་ནི་རབ་ཏུ་དགའ་བ་ལ་སོགས་པའོ། །དེའང་བཅུ་ནི་བྱང་ཆུབ་སེམས་དཔའི་སའོ། །མགོན་པོ་ནི་སངས་རྒྱས་ཀྱི་ས་གཉིས་སོ། །དེས་ན་འདིས་ནི་གནས་ལ་སོགས་པའོ། །གཞན་གྱི་མིང་བརྗོད་པ་ནི་ས་ལས་གཞན་པས་སོ། །ཇི་ལྟར་མིང་བརྗོད་ཅེ་ན། སྤྱིར་ཕྱི་རོལ་ན་འཛམ་བུའི་གླིང་ཉིད་ན་ཡུལ་སུམ་ཅུ་རྩ་གཉིས་ཞེས་བྱ་བ་ཡོད་དེ། དེ་དག་ནི་དཔའ་བོ་དང་རྣལ་འབྱོར་མས་བྱིན་གྱིས་བརླབས་པ་སྟེ། དེ་དག་ནི་ས་དང་པོ་ལ་གནས་པའི་ཚུལ་བཟུང་ནས་བཞུགས་པས་ན། བཅུ་གཉིས་པོ་འདིར་འདུས་སོ་ཞེས་བྱ་བའི་དོན་ཏེ་སྤྱིའི་དོན་ཏོ། །ཇི་ལྟར་ཕྱི་རོལ་ན་གནས་པ་དེ་ནང་ན་གནས་ཏེ་སྤྱི་བོ་ལ་སོགས་པའི་རྩ་སུམ་ཅུ་རྩ་གཉིས་སོ། །འདི་རྣམས་ཀྱི་རྩ་དང་རླུང་དང་བྱང་ཆུབ་ཀྱི་སེམས་དབང་དུ་བྱས་པས་ནི་ས་བཅུ་གཉིས་ཀྱི་རྟོགས་པ་སྐྱེད་པར་བྱེད་པར་འདུས་སོ། །ཞེས་བྱ་བ་ནི་སྦས་པའི་དོན་ཏོ། །དེ་བས་ན་དེ་ལྟར་གཉིས་ཀྱིས་རྒྱུ་བྱས་པས་ས་བཅུ་གཉིས་ཐོབ་པ་ཉིད་ནི་འབྲས་བུ་སྟེ་མཐར་ཐུག་པའི་དོན་ཏོ། །དེ་བས་ན་ཀླ་ཀློའི་སྐད་འདི་ནི་ས་བཅུ་གཉིས་ཀྱི་མིང་ཡིན་གྱི་ཕྱི་ནང་གང་དུའང་གཞན་དུ་བརྗོད་པར་མི་བྱ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་ཀུན་ཏུ་ཁ་སྦྱོར་ལས། གནས་ནི་རབ་ཏུ་དགའ་བའི་ས། །དེ་བཞིན་ཉེ་གནས་དྲི་མ་མེད། །ཞིང་ནི་འོད་བྱེད་ཤེས་པར་བྱ། །ཉེ་བའི་ཞིང་ནི་འོད་འཕྲོ་ཅན། །ཚནྡོ་མངོན་དུ་གྱུར་པར་ངེས། །ཉེ་བའི་ཚནྡོ་སྦྱང་དཀའ་བ། །འདུ་བ་རིང་དུ་སོང་བ་སྟེ། །ཉེ་བའི་འདུ་བ་མི་གཡོ་བ། །དུར་ཁྲོད་ལེགས་པའི་བློ་གྲོས་ཉིད། །ཉེ་བའི་དུར་ཁྲོད་ཆོས་ཀྱི་སྤྲིན། །ཕ་རོལ་ཕྱིན་བཅུའི་ས་རྣམས་ལ། །རྣལ་འབྱོར་མ་ཡི་ཀླ་ཀློའི་སྐད། །པུ་ལ་སོགས་པ་ཅི་གསུངས་པ། །ཕྱི་དང་ནང་དུ་བསམ་པར་བྱ། །ཞེས་བྱ་བ་ནི་ས་བཅུའི་དབང་ཕྱུག་གོ །མགོན་པོ་ཉིད་ནི་སངས་རྒྱས་ཀྱི་ས་གཉིས་ཏེ། འཐུང་གཅོད་དཔེ་མེད་དེ་བཞིན་དུ། །ཉེ་བའི་འཐུང་གཅོད་ཡེ་ཤེས་ཅན། །ཞེས་བྱའོ། །དེ་བས་ན་ས་བཅུ་གཉིས་སོ། །འོ་ན་དགོངས་པ་ལུང་བསྟན་པ་ལས། སངས་རྒྱས་རྣམས་ཀྱིས་གང་བསྟེན་པ། །སར་གྱུར་དེ་ནི་བཅུ་གསུམ་པ། །ཞེས་བྱ་བ་འདི་ཇི་ལྟར་དྲང་ཞེ་ན། དེ་ནི་མཐར་ཕྱིན་པའི་ས་ཡིན་པས་འདིར་མ་སྨོས་པ་ཡིན་ནོ། །དོན་ནི་འདི་ཡིན་ཏེ། སྤྱོད་པ་བྱས་པས་ཕྱིའི་ཡུལ་དུ་ཕྱིན་ཅིང༌། དེ་ན་གནས་པའི་རྣལ་འབྱོར་མ་དང་སྙོམས་པར་ཞུགས་པ་ལས། ནང་གི་ཡུལ་དང་རྣལ་འབྱོར་མ་དབང་དུ་འདུས་ཤིང༌། དེས་ས་རྣམས་ཀྱི་རྟོགས་པ་སྐྱེའོ། །ཞེས་བྱ་བའི་དོན་ཏོ། །གལ་ཏེ་མདོར་བསྟན་གྱི་སྐབས་སུ་འདུ་བ་དང་ཉེ་འདུ་གསུངས་པ་ལ་རྒྱས་བཤད་ཀྱི་སྐབས་སུ་ཅིའི་ཕྱིར་མི་བརྗོད་ཅེ་ན། ཁ་ཅིག་ན་རེ་འདི་གཉིས་སྤྱིར་འགྲོ་ཡིན་ནོ་ཞེས་ཟེར་བ་དེ་ཡང་དག་པ་མ་ཡིན་ཏེ། བཤད་པའི་རྒྱུད་ལས་རབ་ཏུ་རྒྱས་པར་གསུངས་པས་ན་དེ་ཉིད་དུ་བཙལ་བར་བྱའོ། །རྒྱས་པར་བཤད་པ་ནི་ཀྱེ་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་ཕྱི་ནང་གི་རྣལ་འབྱོར་མ་དང༌། ཕྱི་ནང་གི་གནས་སུ་འདུ་བའི་ཕྱི་ནང་གི་དུས་གང་ཡིན་པ་དེ་བཤད་པའི་ཕྱིར་སེམས་ཅན་ཀུན་གྱི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྣལ་འབྱོར་མ་རྒྱུད་ཅེས་བྱ་བ་ནི་མཁའ་འགྲོ་མ་གཙོ་བོར་གྱུར་པའི་ཕྱིར་རོ། །ཉིན་པར་ཞེས་བྱ་བ་ནི་ཉིན་ཞག་ཅེས་འཇིག་རྟེན་ན་གྲགས་སོ། །ཡི་དྭགས་ནི་ཡི་དྭགས་མངོན་པར་འདོད་ཅིང་རྒྱུ་བས་ན་མར་ངོའོ། །ཟླ་ཕྱེད་ནི་ཟླ་བ་གཅིག་གི་ཕྱེད་དེ་ཉིད་ཡིན་པས་ན་ཡི་དྭགས་ཟླ་ཕྱེད་དོ། །དེའི་བཅུ་བཞི་པ་དང་བརྒྱད་པའོ། །ཡང་ན་ཟླ་ཕྱེད་ནི་བཅོ་ལྔའོ། །བཅུ་བཞི་པ་དང་བརྒྱད་པ་སྟེ་ཡར་ངོ་ལ་གསུམ་མོ། །ཡི་དྭགས་ཏེ་མར་ངོ་ལའང་དེ་བཞིན་ནོ་ཞེས་གསུངས་སོ། །སྤྱིའི་དོན་ཏོ། །ནང་གི་དུས་ནི་རྣལ་འབྱོར་མ་ནི་རྩ་རྣམས་སོ། །ལེགས་པར་འདུ་བ་ནི་དེ་ནས་རླུང་དང་བྱང་ཆུབ་ཀྱི་སེམས་སོ། །དེ་ཉིན་པར་ནི་རྣལ་འབྱོར་མ་རྩ་ཡིན་པ་ནི་མཚན་མོ་ཞེས་འབྱུང་ལ། དེ་ལས་བྱུང་བའི་ཡེ་ཤེས་ནི་དཔའ་བོ་སྟེ་ཉིན་པར་རོ། །ཡེ་ཤེས་དེ་ཇི་ལྟར་ཡིན་པར་ནི། ཉིན་པར་ནི་དྷོའུ་ཞེས་བྱ་བ་ཡིན་ལ། དེ་ལ་དྷོའུ་སྭརྒ་ནི་མཐོ་རིས་སོ། །དྷོའུ་སུ་ཀ་ནི་བདེ་བའོ། །དྷོའུ་སང་ཀ་ནི་སྨོད་པ་སྟེ་མཐོ་རིས་ཀྱི་བདེ་བ་ལ་སྨོད་པ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ། །དེ་ཇི་ལྟ་བུ་ཞེ་ན། ཡི་དྭགས་ཏེ། པྲེ་ཏ་ཞེས་སོ། །པྲ་དང༌། ཨེ་སོ་སོར་ཕྲལ་ཏེ། པྲ་ཨེ་ཏ་སྟེ། རྣམ་པར་རྟོག་པའི་སྲོག་རབ་ཏུ་སོང་བའོ། །དེའི་ཟླ་ཕྱེད་ཀྱི་བཅུ་བཞི་པ་ནི། ཉི་ཤུ་དགུའི་ཚེ་ཟླ་བ་ཅུང་ཟད་དང་བཅས་པ་དང་འདྲ་བར་དགའ་བྲལ་གྱི་དགའ་བ་བདེ་བ་དང་བཅས་པའོ། །བརྒྱད་པ་ནི་བརྒྱད་ཡོངས་སུ་གང་བ་དང་འདྲ་བར་ཐབས་དང་ཤེས་རབ་ཀྱི་བྱང་སེམས་འབྱུང་བ་བཞི་བཞིས་གང་བའོ། །ཡང་ན་བརྒྱད་གང་བ་ལྟར་དགའ་བ་བཅུ་དྲུག་པ་ཡོངས་སུ་རྫོགས་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་འདུས་ནས་ཕྱི་དང་ནང་གི་བྱ་བ་གསུངས་པ་རྒྱལ་མཚན་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་ཕྱིའི་བྱ་བ་ནི་རྒྱལ་མཚན་ལ་སོགས་པའི་ཤ་བཟའ་ཞིང་རྣལ་འབྱོར་གཉིས་བསྒོམ་ཞེས་བྱ་བའི་དོན་ཡིན་ལ། ནང་དུ་ནི་བདེ་སྟོང་ཉིད་བསྐྱེད་ཅིང་དེའི་རྣལ་འབྱོར་བསྒོམ་ཞེས་བྱ་བའི་དོན་ཏོ། །དེ་ལ་རྒྱལ་མཚན་ནི་ཤིང་ལས་དཔྱངས་པའོ། །མཚོན་བསྣུན་ནི་འཐབ་པས་བརྒྱབ་པའོ། །ལན་བདུན་པ་ནི་སྐྱེ་བ་བདུན་པའོ། །བཟའ་བ་གཞན་ཡང་གསུངས་པ་གསད་པར་བྱ་ཞེས་བྱ་བའོ། །གང་ཞེ་ན། གདུག་པ་ཅན་ཐམས་ཅད་དེ་བསྟན་པ་ལ་སྡང་བ་ལ་སོགས་པའོ། །ཅི་དེ་ལ་མཚོན་བསྣུན་པ་ཡིན་ནམ་ཞེ་ན་མ་ཡིན་ཏེ། ཆོ་གའི་གཙོ་བོས་ཏེ། ཁ་སྦྱོར་འབྱེད་པ་ལ་སོགས་པས་སོ། །ཨེ་མའོ་འདི་ལྟ་བུ་མུ་སྟེགས་དང་མཐུན་པར་མ་གྱུར་རམ་སྙམ་པ་ལ། སྙིང་རྗེ་བསྐྱེད་པ་ཉིད། སྙིང་རྗེ་མེད་ན་མི་འགྲུབ་སྟེ། བསམ་པ་འདི་སྟོབས་དང་ལྡན་པ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་བྱང་ཆུབ་སེམས་དཔའི་སྤྱོད་པ་ལས་ཀྱང༌། བཀག་པ་རྣམས་ཀྱང་རིང་གཟིགས་པའི། །ཐུགས་རྗེ་ལྡན་པས་དེ་ལ་གནང༌། །ཞེས་གསུངས་སོ། །འཕགས་པ་དེ་ཉིད་འདུས་པ་ལས་ཀྱང༌། སངས་རྒྱས་བསྟན་པའི་རྒྱུ་ཡི་ཕྱིར། །སེམས་ཅན་ཐམས་ཅད་བསད་ན་ཡང༌། །སྡིག་གིས་ཉེས་པར་མི་འགྱུར་རོ། །ཞེས་གསུངས་སོ། །དེ་བས་ན་སྙིང་རྗེ་དང་ལྡན་པས་ཕ་རོལ་ལ་ཕན་པ་ནི་རྗེས་སུ་གནང་གི སེམས་ཅན་ལ་གནོད་པ་ནི་སངས་རྒྱས་ཀྱི་ལམ་ཐམས་ཅད་ལ་བཀག་པ་ཡིན་ནོ། །སྤྱིའི་དོན་ཏོ། །ཡང་ན་རྒྱལ་མཚན་ནི་རིགས་ཀྱི་བདག་པོའི་ཁ་དང་རྩའི་སྣར་བྱང་ཆུབ་ཀྱི་སེམས་ཕྱུང་བ་ནི་རྒྱལ་མཚན་དང་འདྲའོ། །རྣམ་པར་རྟོག་པ་བཅད་པས་མཚོན་བསྣུན་པའོ། །ཡང་ན་རྡོ་རྗེ་དང་པདྨའོ། །ལན་བདུན་པ་ནི་བདུད་རྩི་ལྔ་དང་དགའ་བྲལ་དང་ལྷན་སྐྱེས་སོ། །གསད་པ་ནི་རྟོག་པ་སྟེ་སེམས་གཅིག་སྲོག་ཆགས་གསོད་པའོ། །ཅི་དེ་བརྒྱབ་པ་ལ་སོགས་པས་སམ། སྙམ་པ་ལ་མ་ཡིན་ཏེ་ཆོ་གའི་གཙོ་བོ་སྟེ་ཏིང་ངེ་འཛིན་གྱིས་སོ། །དེ་ཇི་ལྟ་བུས་ཡིན་ན་འབད་པ་སྟེ། རླུང་ལ་སོགས་པ་ལའོ། །སྙིང་རྗེ་ལ་ཀཱ་རུ་ཎ་སྟེ། ཀ སུ་ཀ་ནི་བདེ་བ་ཡིན་ལ། རུ། རུ་ཙོ་ད་ནི་བྲལ་བ་སྟེ། བདེ་བ་རྡུལ་དང་བྲལ་བ་བདེ་སྟོང་གིས་ཞེས་བྱ་བའི་དོན་ཏོ། །དེ་ཉིད་རྣལ་འབྱོར་གཉིས་ལ་བརྟེན་པའི་བྱ་བ་ནི་དེ་ལ་ཞེས་བྱ་བ་ལ་སོགས་པའོ། །འདི་ལ་འགྲེལ་པ་མཁན་པོས་དེ་ལྟར་བཤད་པའི་ཚུལ་གྱིས་ཉིན་མཚན་ནི་མདོར་ན་ཐབས་ཤེས་རབ་བོ་ཞེས་བསྡུས་ནས། དེ་ལྟ་བུ་ལ་གནས་པའི་རྣལ་འབྱོར་པ་དེ་ལ་འདི་ལྟར་བལྟ་སྟེ་མི་བྱ་མེད་ཅེས་བྱ་བ་ལ་སོགས་པའོ། །ཞེས་སྦྱར་རོ། །བླ་མ་ཁ་ཅིག་དང་པོ་རྐང་པ་གསུམ་བསྐྱེད་པའི་རིམ་པའི་རྣལ་འབྱོར་ཡིན་ལ། མི་བྱ་ལ་སོགས་པ་དཔལ་ཧེ་རུ་ཀའི་རྣལ་འབྱོར་ཡིན་ནོ་ཞེས་གསུངས་སོ། །ཉིན་མོའི་བརྡས་ནི་རྣལ་འབྱོར་པ་སྟེ་ཧེ་རུ་ཀར་བསྐྱེད་པའོ། །མཚན་མོའི་བརྡས་ནི་རྣལ་འབྱོར་མ་སྟེ་བདག་མེད་མར་བསྐྱེད་པའོ། །ཡང་ན་འདི་གཉིས་ཀྱིས་ནི་ཐབས་དང་ཤེས་རབ་སྟོང་ཉིད་སྙིང་རྗེ་ཞེས་བྱ་བ་འདིས་ལམ་ཐམས་ཅད་བསྡུས་པར་སྟོན་ཏོ། །དཔལ་ཧེ་རུ་ཀའི་རྣལ་འབྱོར་ལ་གནས་ན་བྱ་བ་དང་བྱ་བ་མ་ཡིན་པའི་ཆ་ཐམས་ཅད་ལས་གྲོལ་བ་སྟོན་ཏེ། མི་བྱ་ཅུང་ཟད་མེད་བྱ་བ་ལ་སོགས་པ་སྟེ། དགེ་བ་དང་མི་དགེ་བ་ལ་སོགས་པའི་ལས་ལ་འབད་པ་མེད་པར་སྤྱོད་དོ་ཞེས་བྱ་བའི་དོན་ཏོ། །ཅི་དེ་ལྟར་གནས་ན་རྣལ་འབྱོར་པ་ལས་དགེ་བ་བྱས་པས་མཐོ་རིས་སུ་འགྱུར་ལ། མི་དགེ་བས་ངན་འགྲོར་འགྱུར་བས་འཁོར་བར་མི་འགྱུར་རམ། བདེན་མོད་དེ་ནི་རྣམ་པར་རྟོག་པ་དང་བཅས་པའི་ལུས་ལ་གནས་ཀྱི་བར་དུ་དེར་འགྱུར་ཏེ། ཇི་སྲིད་ལུས་ལ་རྣམ་གནས་པ། །དེ་ཡི་ལས་ལ་ལས་མིན་འགྱུར། །ཞེས་བྱ་བ་ཡིན་ན། རྣལ་འབྱོར་པ་འདི་ནི་ལས་རྣམ་པར་དག་སྟེ། གཉིས་འཛིན་གྱི་རྣམ་པ་ཐམས་ཅད་དང་བྲལ་ལོ་ཞེས་སྟོན་པ་ནི་ཇི་ལྟར་བདག་བཞིན་ཞེས་བྱ་བ་སྟེ། ཇི་ལྟར་བདག་ནི་མཚན་མ་དང་རྣམ་པར་རྟོག་པ་ཐམས་ཅད་སྤངས་པ་དེ་བཞིན་དུ་གཞན་དུ་ཞེན་པའི་རྟོག་པ་ཐམས་ཅད་ཀྱང་སྤང་ངོ༌། །བདག་ཉིད་ཇི་བུ་ཞེ་ན། བདག་ནི་ང་མཆོག་སྟེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཞེས་བྱ་བའི་དོན་ཏོ། །དེ་ལྟར་གཉིས་སུ་མེད་པར་ཤེས་པའི་སེམས་དཔའ་དང་ལྡན་པའི་རྣལ་འབྱོར་པས་ནི། བཟའ་དང་བཏུང་ལ་སོགས་པ་སྤྱད་དེ། རྟོག་པ་སྤོང་བའི་ཚུལ་དང་བདེ་ཆེན་མངོན་དུ་བྱེད་པའི་ཚུལ་གྱིས་བཟའ་བ་ལ་སོགས་པ་བྱ་ཞེས་བྱ་བའི་དོན་ཏོ། །ཅི་གལ་ཏེ་དེ་ལྟར་བྱ་བ་དང་བྱ་བ་མ་ཡིན་པའི་ཆ་མེད་ན། དངོས་གྲུབ་འགྲུབ་པར་མི་འགྱུར་ཏེ། དངོས་གྲུབ་ནི་ཕྱག་རྒྱ་ལ་སོགས་པ་ལས་འགྲུབ་པའོ། །ཞེ་ན། འདི་ཉིད་ཕྱག་རྒྱ་ལ་སོགས་པ་སྟོན་པ་ཡིན་ནོ། །ཞེས་སྟོན་པ་ནི་ཡན་ལག་ཇི་སྙེད་ཅེས་བྱ་བ་ལ་སོགས་པའོ། །དེ་ལྟར་འགྱུར་བའི་འཐད་པ་ནི། ཧེ་རུ་ཀ་དཔལ་གནས་བཞུགས་པས་སོ། །ཧེ་རུ་ཀ་དཔལ་ཉིད་བསྟན་པའི་ཕྱིར། ཤྲཱི་ཞེས་བྱ་བ་ལ་སོགས་པའི་ཡི་གེ་སོ་སོའི་ངེས་པ་གསུངས་ཏེ། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཞེས་བྱ་བ་ལ་གཉིས་འཛིན་ཐམས་ཅད་ལས་གྲོལ་བ་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་ཞེས་བྱ་སྟེ། རྣམ་པར་ཐར་པའི་སྒོ་མངོན་པར་འདུས་མ་བྱས་པའི་བདག་ཉིད་དོ། །དེ་ཉིད་ཀྱི་ཁྱད་པར་བཤད་པས། ཧེ་ནི་རྒྱུ་སོགས་སྟོང་པ་སྟེ། རྒྱུ་དང་འབྲས་བུ་དང༌། གཟུང་བ་དང་འཛིན་པ་ལ་སོགས་པའི་མཚན་མ་ཐམས་ཅད་དང་བྲལ་བས་སྟོང་པ་སྟེ། འདི་ནི་མཚན་མ་མེད་པའོ། །རུ་ནི་ཚོགས་དང་བྲལ་བ་སྟེ། །ས་ལ་སོགས་པའི་ཚོགས་ཀུན་ནས་བྲལ་བས་ན་འདི་ལ་འབྲས་བུར་ངེས་པ་མེད་པ་དེ་བས་ན་སྨོན་པ་མེད་པའི་དོན་ཏོ། །ཀ་ནི་གང་དུའང་མི་གནས་པ། །དེ་ལྟ་བས་ན་ཅིའི་ངོ་བོར་ཡང་གྲུབ་པ་མེད་པ་ཞེས་བྱ་བ་འདི་ཉིད་ལ་སྟོང་པ་ཉིད་ཅེས་བྱ་བའི་སྒྲར་གསུངས་སོ། །བཟའ་བའི་ཚུལ་སྐྱོན་དུ་མི་འགྱུར་བ་ཉིད་བསྡུས་ནས་སྟོན་པ་ནི། རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཏེ་ཐབས་སོ། །ཐོད་པ་ནི་བདེ་བ་སྐྱོང་བས་ཤེས་རབ་བོ། །སྦྱོར་བ་ནི་ཐབས་དང་ཤེས་རབ་སྙོམས་པར་འཇུག་པའོ། །ཡང་ན་རྡོ་རྗེ་ནི་ཡེ་ཤེས་སོ། །ཐོད་པ་ནི་དབྱིངས་ཕྲ་ཞིང་རྟོགས་དཀའ་བའོ། །སྦྱོར་བ་ནི་དེའི་རྣམ་པར་འཕྲུལ་པའོ། །དེ་ལྟར་ཡང་དཔལ་སངས་རྒྱས་ཐོད་པའི་རྒྱུད་ལས། རྡོ་རྗེ་སངས་རྒྱས་ཞེས་སུ་གསུངས། །ཐོད་པ་གསང་བར་ཡང་དག་གནས། །སྦྱོར་བ་གསང་བར་གནས་དེ་ཡི། །སྣ་ཚོགས་བྱེད་པ་ངོ་མཚར་ཆེ། །ཞེས་གསུངས་སོ། །དེ་ལྟ་བུའི་རྣལ་འབྱོར་ལ་གནས་ནས་སྐྱེ་བོའི་ཤ་བཟའ་ཞེས་བྱ་བ་ནི། ཕྱི་རོལ་ལ་ཞེན་པ་རྣམས་ཀྱིས་ལན་བདུན་པ་ལ་སོགས་པ་ཕྱིའི་བཟའ་བའོ། །ངེས་པར་ན་སྐྱེ་བོ་ནི་ཕུང་པོ་ལ་སོགས་པར་ཞེན་པའི་རྟོག་པའི་ཤའོ། །བཟའ་བ་ནི་རྟོག་པ་སྤོང་བའི་ཚུལ་གྱིས་ཟ། གཉིས་མེད་མངོན་དུ་བྱ་བའི་ཚུལ་གྱིས་བཟའ་བའོ། །དབང་དུ་འགྱུར་ཞེས་བྱ་བ་ནི་གཉིས་མེད་ཡེ་ཤེས་སུ་འགྱུར་ཞེས་བྱ་བའི་དོན་ཏོ། །ལེའུ་བདུན་པ་ཚིགས་སུ་བཅད་པ་སུམ་ཅུའི་འགྲེལ་པའོ།།  །།དེ་ནས་རྣལ་འབྱོར་མའི་འཁོར་ལོ་བཤད་པར་བྱའོ་ཞེས་བྱ་བ་ལ། དེ་ནས་ནི་ལེའུ་བདུན་པའི་རྗེས་ལའོ། །ཅིའི་ཕྱིར་དེའི་འོག་ཏུ་བསྟན་ཅེ་ན། ཕྱི་དོན་གྱི་དབང་དུ་བྱས་ན་བརྡས་མཚོན་པའི་རྣལ་འབྱོར་མ་ནི་ལྷ་མོ་བཅོ་ལྔ་པོ་འདི་ཉིད་ཡིན་ནོ། །ཞེས་དེའི་མངོན་པར་རྟོགས་པའི་རིམ་པ་གཉིས་བསྟན་པའི་ཕྱིར་རམ། ཡང་ན་རྒྱལ་ཚབ་ཀྱི་སྤྱོད་པས། ས་དང་གྲོགས་དང་ནོར་དབང་དུ་བྱེད་པ་ལ་དེའི་གནས་ནི་ལུས་ཀྱི་ཆ་ཤས་སུམ་ཅུ་རྩ་གཉིས་ཡིན་ལ། གྲོགས་ནི་རྩ་རྣལ་འབྱོར་མའི་རང་བཞིན་ཡིན་ལ། ནོར་དགའ་བའི་དབྱེ་བ་ཡིན་ན། དེ་ལྟ་བུ་དེ་ད་ལྟ་ནས་གོམས་པར་བྱེད་དགོས་པས། དེའི་མངོན་པར་རྟོགས་པ་བསྟན་པའི་ཕྱིར་དེའི་རྗེས་ལ་འབྲེལ་ལོ། །དེས་ནི་འདི་གྲུབ་སྟེ། ཇི་ལྟར་གནས་པ་དེ། ལན་ཅིག་ན་གྲུབ་པ་ཡིན་ལ། ད་ལྟ་ནི་ཆ་མཐུན་པ་གོམས་པར་བྱེད་པ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་ན། ལེའུ་དང་པོར་ལུས་ལ་ཡེ་ཤེས་གནས་ཞེས་བྱ་བ་དེའི་ལུས་ཀྱི་དཀྱིལ་འཁོར་གྱི་བདག་ཉིད་དང་བཅས་པ་བརྗོད་བྱའི་དོན་གཙོར་བྱས་པ་ནི་ལེའུ་དང་པོར་བསྟན་ལ། དེ་གྲུབ་པར་བྱེད་པ་ལ་ཡན་ལག་ལྔ་ལྡན་གྱི་སྤྱོད་པ་སྤྱད་པ་དང༌། དེས་ལུས་དང་ཡེ་ཤེས་དེ་གྲུབ་པའི་ཚུལ་དང་བཅས་པ་ནི་བདུན་པ་ཡན་ཆད་དུ་བསྟན་ལ། དེས་ན་བརྗོད་བྱའི་གཙོ་བོ་དང་མཐུན་པའི་བསྒོམ་པ་ཡན་ལག་ལྔ་གྲུབ་པར་བྱེད་པ་ཉིད་ཀྱི་གཙོ་བོར་གྱུར་པའི་བསྒོམ་པ་ནི་རིམ་པ་གཉིས་པོ་འདི་ཞེས་བསྟན་པ་རྣམ་པར་དག་པ་དང་བཅས་པ་ནི་ལེའུ་གཉིས་སོ་ཞེས་འབྲེལ་ལོ། །འོ་ན་རིམ་པ་གཉིས་སྔར་མ་བསྟན་ཏམ་སྙམ་ན། བསྟན་མོད། དེའི་བསྐྱེད་པའི་རིམ་པ་ནི་ལམ་གྱི་ཡན་ལག་ཏུ་དབུགས་འབྱིན་པ་ཙམ་ཡིན་ལ། རྫོགས་པའི་རིམ་པའང་གནས་ལུགས་སམ་རྟོགས་པའི་ཚུལ་དུ་བཤད་མོད། ཉམས་ལེན་གྱི་ཚུལ་རྒྱས་པར་ནི་མ་བསྟན་ཏོ། །དེ་བས་ན་འདིར་བསྟན་ཏོ། །དེའི་ཕྱིར་ལེའུ་དང་པོ་དང༌། བདུན་པ་དང༌། འདི་བརྗོད་བྱའི་གཙོ་བོར་གྱུར་པས་འབྲེལ་པ་ཅན་ཡིན་ནོ། །བླ་མ་རྗེ་བཙུན་གྱི་ཞལ་སྔ་ནས་ཀྱང༌། སྔགས་ཀྱིས་ཀྱང་རྩའི་ཕན་ཡོན་ནམ་འབྲས་བུ་སྟོན་པས་ན་རྩ་ལུས་ཀྱི་གནས་ལུགས་སྟོན་པ་ལེའུ་བཞིའི་ཡིན་ནོ་ཞེས་གསུང་ངོ༌། །རྣལ་འབྱོར་མའི་འཁོར་ལོ་ཞེས་བྱ་བ་ལ་སྤྱིར་རྣལ་འབྱོར་ནི་ཐབས་དང་ཤེས་རབ་སྙོམས་པར་འཇུག་པའོ། །ཐབས་གཙོ་བོར་གྱུར་པ་རྣམས་ནི་རྣལ་འབྱོར་ཕའོ། །ཤེས་རབ་གཙོ་བོར་གྱུར་པ་རྣམས་ནི་རྣལ་འབྱོར་མ་སྟེ། རྡོ་རྗེ་གུར་ལས། ཤེས་རབ་ཕ་རོལ་ཕྱིན་པའི་ཐབས། །རྣལ་འབྱོར་མ་ཞེས་མངོན་པར་བརྗོད། །ཅེས་སོ། །དེ་བས་ན་བསྐྱེད་པའི་རིམ་པ་པ་རྣམས་ཀྱིས་ནི་བུད་མེད་ཀྱི་སྐུར་བསྒོམ་པ་ནི་སྟོང་པ་ཉིད་སྟོན་པས་རྣལ་འབྱོར་མ་ཞེས་བྱའོ། །དེ་ལྟར་རྡོ་རྗེ་རྩེ་མོ་ལས་ཀྱང་གསུངས་པ། སངས་རྒྱས་སྐུ་ཡང་བུད་མེད་གཟུགས་ཅན་ཏེ། །སེམས་ཅན་ཁམས་ནི་གདུལ་ཕྱིར་ཡང་དག་གནས། །བུད་མེད་གཟུགས་ཀྱང་ཆོས་ཉིད་དག་པ་སྟེ། །སངས་རྒྱས་ཀུན་གྱི་རིགས་གྱུར་གནས་གྱུར་པ། །ཞེས་གསུངས་པ་ལྟ་བུའོ། །རྫོགས་པའི་རིམ་པ་བ་རྣམས་ཀྱང་རྡོ་རྗེའི་ལུས་ཀྱི་ཨཱ་ལི་དང་ཀཱ་ལི་མཉམ་པར་སྦྱོར་བས་རྣལ་འབྱོར་དང༌། རྩའི་རང་བཞིན་རྣམ་པར་མི་རྟོག་པས་རྣལ་འབྱོར་མའོ། །འཁོར་ལོ་ཞེས་བྱ་བ་ནི་ཚོགས་ཤིང་འདུས་པས། རྟེན་གྱི་དཀྱིལ་འཁོར་དུ་རྣལ་འབྱོར་མ་བཅོ་ལྔའི་རང་བཞིན་འདུས་པའོ། །དེ་ལྟ་བུ་གང་ལས་འབྱུང་བའི་གཞུང་དུམ་བུ་དེ་ནི་བཤད་པར་བྱའོ། །འདིའི་བརྗོད་པར་བྱ་བའི་དོན་ནི་བསྐྱེད་པའི་རིམ་པ་སྤྱི་དང༌། སྦས་པ་རྣམ་པ་གཉིས་ཀའོ། །རྗོད་བྱེད་ཀྱི་སྒྲ་ཡན་ལག་གི་དོན་གཙོ་བོར་གྱུར་པ་གསུམ་ཀས་སོ། །ལུས་རྣམ་པར་གཞག་པ། ཇི་ལྟར་རིགས་པའི་རྣལ་འབྱོར་མའི། །སྐྱེད་དང་གནས་དང་བྱེད་རྒྱུ་དང༌། །ལྷ་རྣམས་ཇི་ལྟར་འབྱུང་བ་དང༌། །ཡེ་ཤེས་བརྗོད་བྱ་རྫོགས་རིམ་གྱིའོ། །བཤད་པའི་རྒྱུད་ནི་རྡོ་རྗེ་གུར་གྱི་ལེའུ་བཞི་པ་ལས་བསྐྱེད་རིམ་གྱི་སྤྱིར་བསྟན་པ་དང༌། དེ་ཉིད་ལས་ལྷ་མོ་བཅུ་གསུམ་གྱི་མངོན་པར་རྟོགས་པ་བསྟན་པ་དང༌། ལེའུ་བཅུ་གཉིས་པ་ལས་ལྷ་མོ་བཅོ་ལྔའི་མངོན་པར་རྟོགས་པ་མ་ཚང་བ་མེད་པར་བསྟན་པ་དང་འབྲེལ་ཏོ། །དཔལ་ཁ་སྦྱོར་གྱི་བརྟག་པ་གསུམ་པའི་གསུམ་པ་ནས་བསྐྱེད་པའི་རིམ་པ་ཆ་མཐུན་པར་སྟོན་ཏོ། །རྫོགས་པའི་རིམ་པ་ནི། དེའི་དང་པོ་དངོས་དང༌། གཉིས་པའི་གཉིས་པ་དང༌། དྲུག་པ་མཐའ་དག་དང༌། དགུ་པའི་དང་པོ་རྣམས་དང་འབྲེལ་བ་ཅན་དུ་ཤེས་པར་བྱའོ། །མངོན་པར་རྟོགས་པ་ནི། གཙོ་ཆུང་བའི་དབང་དུ་བྱས་ནས་སྤྱོད་པ་ལ་གནས་པ་དེས་ཉེ་བའི་རྒྱུ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ཞེས་བྱ་བ་དེ་དང་འབྲེལ་ལ། གཙོ་ཆེ་བའི་དབང་དུ་བྱས་ནས། རྣལ་འབྱོར་མ་ལ་མོས་པས་ལྷ་མོའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་སྟེ། དེའི་བསྐྱེད་པའི་རིམ་པ་བསྒོམ་པ་དང༌། ལྷ་ཡེ་ཤེས་སུ་རྟོགས་པར་བྱ་བའི་ཕྱིར་རྫོགས་པའི་རིམ་པ་བསྒོམ་པ་དེར་འབྲེལ་ཏེ། མདོར་ན་མཆོག་གི་དངོས་གྲུབ་ཀྱི་མངོན་པར་རྟོགས་པ་ཁོ་ནའོ། །ཉེ་བའི་རྒྱུ་དང་འདིའང་འགལ་བ་མེད་དེ་མངོན་པར་རྟོགས་པ་མཚུངས་པའི་ཕྱིར་རོ། །གཞུང་གི་ཆར་དང་པོ་ནི་བསྐྱེད་པའི་རིམ་པ་བསྒོམ་པ་སྟོན་ཏོ། །དེ་ནས་ནི་རྫོགས་པའི་རིམ་པའོ། །དང་པོ་ལ་གསུམ་སྟེ། ཚིགས་སུ་བཅད་པ་གཅིག་ནི་མདོར་བསྟན་པའོ། །དེ་ནས་ནི་རྒྱས་པར་བཤད་པའོ། །དེ་ནས་ནི་རྐང་པ་ལྔས་འོག་མ་དང་མཚམས་སྦྱར་བའི་སྒོ་ནས་སྔ་མའི་གཞུང་བསྡུ་བའོ། །དེ་ལ་དང་པོ་ནི་རྣལ་འབྱོར་མའི་འཁོར་ལོ་བཤད་པར་བྱའོ་ཞེས་འབྱུང་ན་དེ་གང་དུ་བསྒོམ་ཞེ་ན། ནམ་མཁའི་ཁམས་སུ་ཞེས་སྨོས་ཏེ། སྔར་ལེའུ་གསུམ་པར་བསྟན་པའི་སྲུང་འཁོར་གྱི་ནམ་མཁར་ཞེས་བྱ་བའི་དོན་ཏོ། །དེ་བས་ན་ཚོགས་གཉིས་བསགས་པ་ནས་སྲུང་འཁོར་དང་དུར་ཁྲོད་བརྒྱད་བསྒོམ་པའི་བར་སྔར་གསུངས་པ་འདིར་ཁ་བསྐང་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཡང་བཤད་པའི་རྒྱུད་ཀྱི་བདག་མེད་མ་བསྐྱེད་པར་གསུངས་པ། བླ་མ་སངས་རྒྱས་མཆོད་པར་བྱ། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །ཞེས་བྱ་བ་ལ་སོགས་པ་གསུངས་ནས། ཚངས་པའི་གནས་ནི་བཞི་པོ་ཡིས། །སེམས་ཀྱི་ངལ་ནི་བསོ་བར་བྱ། །ཕྱི་ནས་བྱང་ཆུབ་སེམས་གནས་ཏེ། །དེ་རྗེས་བསྲུང་བའི་དམ་ཚིག་གོ །ཞེས་གསུངས་ནས། ནམ་མཁའི་ཁམས་ཀྱི་དབུས་གནས་པར། །ཞེས་བྱ་བ་ལ་སོགས་པ་འདི་གསུངས་སོ། །དེར་ཅི་བསྒོམ་ཞེ་ན། བྷ་ག་བསམ་སྟེ་ཨེའི་རྣམ་པའི་ནམ་མཁའ་གྲུ་གསུམ་པ་སྟེ་ཆོས་ཀྱི་འབྱུང་གནས་སོ། །དབུས་སུ་ཞེས་བྱ་བ་ནི་དེའི་ནང་དུའོ། །བསྒོམ་ཞེས་ཡོངས་སུ་རྫོགས་པར་ཡིད་ལ་བྱེད་པའོ། །དེ་ཉིད་གང་ཞེ་ན། སྔོན་དུ་འཁོར་ལོ་སྟེ་དང་པོ་རྟེན་བསྐྱེད་པའོ། །ཅི་རིགས་པ་ནི་རིམ་པ་བཞིན་དུའོ། །དེའི་རྗེས་ལ་ནི་ལྷ་རྣམས་ཇི་ལྟར་འབྱུང་བ་ཉིད་དེ་ལྷ་མོ་བཅོ་ལྔ་པོ་ཇི་ལྟར་འབྱུང་བའི་རིམ་པ་མངོན་པར་བྱང་ཆུབ་པ་ལ་སོགས་པ་དང་བཅས་པའོ། །དེས་ནི་མདོར་བསྟན་ཏོ། །དེ་རྣམས་ཉིད་ཀྱི་བཤད་པ་ནི་འཁོར་ལོ་ཞེས་བྱ་བ་ལ་སོགས་པ་སྟེ། ཚོགས་གཉིས་སོང་ནས་སྲུང་འཁོར་གྱི་ནམ་མཁར་བྷ་ག་བསྒོམ་པ་ནི་ཆོས་འབྱུང་ཞེས་བྱ་བར་སྦྱར་རོ། །དེར་ཅི་བསྒོམ་ཞེ་ན། འཁོར་ལོ་ནི་བྷྲཱུྃ་ལས་ཏེ། འཁོར་ལོ་རྣམ་པར་སྣང་མཛད་ཀྱི་ཡན་ལག་ཡིན་པས་སོ། །དེའི་འོག་ཏུ་ས་ནི་ལཾ་ལས་ས་གྲུ་བཞི་པ་སེར་པོ་རྡོ་རྗེ་ཕྲེང་བས་བསྐོར་བའོ། །དེའི་འོག་ཏུ་ཆུ་ནི་བྃ་ལས་ཆུ་དཀར་བ་ཟླུམ་པ་བུམ་པས་མཚན་པའོ། །དེའི་འོག་ཏུ་བྱིན་ཟ་སྟེ་རྃ་ལས་མེ་གྲུ་གསུམ་དམར་པོ་རྡོ་རྗེ་ཕྲེང་བས་མཚན་པའོ། །དེའི་འོག་ཏུ་ཡྃ་ལས་རླུང་གཞུའི་དབྱིབས་དང་འདྲ་བ་དུ་བ་འཐུལ་ཞིང་སྔོ་བ་བ་དན་གྱིས་མཚན་པའོ། །དེ་རྣམས་ཀྱི་གོ་རིམ་ངེས་པ་ནི་ལྷ་རྣམས་ཀྱི་ཇི་ལྟར་རིགས་པ་སྟེ། སྤྱན་ལ་སོགས་པ་བཞིའི་རིམ་པས་སོ། །གལ་ཏེ་གོ་རིམ་དེ་ལྟར་ཡིན་ཡང་ཐོག་མར་ས་ནས་གསུངས་པས་དེས་གཞི་བྱས་ཤིང་བསྒོམ་པ་མ་ཡིན་ནམ་སྙམ་ན་མ་ཡིན་ཏེ། བཤད་པའི་རྒྱུད་ལས། ནམ་མཁའི་ཁམས་ཀྱི་དབུས་གནས་པར། །རྡོ་རྗེ་དཀྱིལ་འཁོར་བསྒོམ་པར་བྱ། །རྡོ་རྗེ་དཀྱིལ་འཁོར་སྟེང་གནས་པར། །མེ་ཡི་དཀྱིལ་འཁོར་བསྒོམ་པར་བྱ། །གསལ་བའི་དཀྱིལ་འཁོར་དབུས་གནས་པར། །ཆུ་ཡི་དཀྱིལ་འཁོར་བསྒོམ་པར་བྱ། །ཆུ་ཡི་དཀྱིལ་འཁོར་དབུས་གནས་པར། །བརྟུལ་ཞུགས་ཅན་གྱིས་དབང་ཆེན་བསྒོམ། །ཞེས་གསུངས་སོ། །ཡང་གལ་ཏེ་དེ་ལྟར་གསུངས་པ་བདེན་མོད་ཀྱང༌། ཡང་ཁ་ཅིག་ནས་ཐོག་མར་ས་ནས་གསུངས་པ་དེ་ཇི་ལྟར་དྲང་བར་བྱ་ཞེ་ན། ཇི་ལྟར་ཕྱི་བསྒོམ་པ་ནང་གི་དབང་གི་ཡིན་ན། དེ་ལྟར་གསུངས་པ་དེའང་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལ་དགོངས་ཏེ། རེག་པ་སྲ་བའི་ཆོས་ཀྱིས་ནི། །ས་ནི་དེ་ལས་སྐྱེ་བར་འགྱུར། །ཞེས་བཅུ་པ་ལས་འཆད་པར་འགྱུར་རོ། །འདི་ནི་ལུས་ཀྱི་དཀྱིལ་འཁོར་ལ་དགོངས་ཏེ། ཁ་སྦྱོར་ལས། རྐང་པའི་མཐིལ་དུ་རྩོམ་ཆེན་རླུང༌། །གཞུ་ཡི་དབྱིབས་སུ་རྣམ་པར་གནས། །སུམ་མདོར་ཡང་ནི་མེ་ཡིན་ཏེ། །གྲུ་གསུམ་འབར་བ་རྣམ་པར་གནས། །ཟླུམ་པོའི་རྣམ་པའི་གཟུགས་ཀྱིས་ནི། །ཆུ་ནི་ལྟོ་བར་འགྱུར་བ་ཡིན། །སྙིང་གར་ཡང་ནི་ས་ཡིན་ཏེ། །ཀུན་ནས་གྲུ་བཞི་པ་ཉིད་དོ། །ཞེས་གསུངས་པ་འདིས་གྲུབ་པའོ། །དེ་བས་ན་ཇི་ལྟར་ནའང་འགལ་བ་ཡོད་པ་མ་ཡིན་ནོ། །ཇི་ལྟར་སྒོམ་པ་པོ་འབྱུང་བའང་ཞེས་བྱ་བ་ནི་སྲིད་པ་བར་མའི་སེམས་ཀྱི་རང་བཞིན་ཨོཾ་ཨཱཿཧཱུྃ་དང་ཧོ་དམར་པོ་གཉིས་ཀྱིས་མཐར་བརྟེན་པའི་ཡི་གེ་ལྔའོ། །དེ་ཐིམ་པ་ལས་སྐྱེས་པའི་འཁོར་ལོའོ། །ཇི་ལྟ་བུ་ཞེ་ན། འཕར་མ་གཉིས་སོ། །དེ་ཉིད་བཤད་པ་ཟེའུ་འབྲུ་སྟེ་ནང་དུ་པདྨ་འདབ་མ་བརྒྱད་པ་ལ་ལྷ་མོ་ལྔ་ལ་བསྐོར་བ་ཅིག་གོ །གྲུ་གསུམ་གྱིས་ནི་ཕྱི་མ་སྟེ། གཞལ་ཡས་ཁང་གི་ཕྱི་རོལ་དུའོ། །བྷ་གའི་དཀྱིལ་འཁོར་གྱི་རྣམ་དག་ལ་དགོངས་པའོ། །དག་ཅིང་སྐྱོན་མེད་པས་ཞེས་བྱ་བས་ནི་རྟེན་གྱི་མཚན་ཉིད་མདོར་བསྟན་གྱི། རྒྱས་པར་ནི་ལེའུ་བཅུ་པ་དང་ཕྱི་མའི་ལྔ་པ་ལས་འཆད་པར་འགྱུར་རོ། །དེ་དབུས་ནི་ཁང་པའི་དབུས་དེར་རོ། །ཤི་བ་བཅོ་ལྔ་ནི་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཀྱི་ཕྱིར་རོ། །དེར་ཟླ་བའི་གདན་བསྒོམས་ཏེ་ལྷ་མོ་ཤེས་རབ་ཀྱི་རང་བཞིན་གྱི་ཕྱིར་རོ། །ཞེས་ཁ་ཅིག་གིའོ། །དེ་ནི་མ་ཡིན་ཏེ། བཤད་པའི་རྒྱུད་ལས་ཉི་མར་གསུངས་པའི་ཕྱིར་དང༌། ལྷ་མོ་ཤེས་རབ་ཡིན་པ་ཉིད་ཀྱིས་ཉི་མ་སྟེ། ཤེས་རབ་དེ་ཐབས་ཉི་མའི་གདན་ལ་ཡང་དག་པར་བརྟེན་པར་བསྟན་པའི་ཕྱིར་དང༌། ཁྲོ་མོའི་བདག་ཉིད་ཀྱིས་ན་ཉི་མའི་གདན་དུ་བྱའོ། །རྟེན་བསྐྱེད་པའོ། །བརྟེན་པ་ལྷ་བསྒོམ་པ་ལ་བཞི་སྟེ། ལྷ་རྣམས་ཀྱི་རྒྱུ་མངོན་པར་བྱང་ཆུབ་པ་ལྔའི་ཚུལ་དང༌། ལྷ་མོ་རྣམས་ཀྱི་བསྐྱེད་པ་ཕྱོགས་ལ་སོགས་པ་བསྟན་པ་དང༌། ཕན་ཡོན་དང་སྦྱར་ནས་ཡན་ལག་དྲུག་ཏུ་བསྒོམ་པའོ། །དང་པོ་ལ་གསུམ་སྟེ། ལྷ་མོ་རྣམས་ཀྱི་མངོན་བྱང་དང༌། རྡོ་རྗེ་སེམས་དཔའི་དེ་ལས་མི་འདྲ་བར་བསྟན་པ་དང༌། ཐབས་དང་ཤེས་རབ་ཀྱི་རང་བཞིན་དུ་བསྟན་པའོ། །དང་པོ་ལ་དེའི་སྟེང་དུ་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པ་ཇི་ལྟ་བུ་བསྒོམ་པ་སྟེ་མདོར་བསྟན་པའོ། །ཨཱ་ལི་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པ་དེ་སྐྱེད་པའི་རྒྱུའི་སྒོ་ནས་རྒྱས་པར་བཤད་པའོ། །ཟླ་བ་མེ་ལོང་ཞེས་བྱ་བ་ལ་སོགས་པས་རྣམ་པ་དེའི་རང་གི་ངོ་བོའི་སྒོ་ནས་རབ་ཏུ་རྒྱས་པར་བཤད་པའོ། །དོན་ནི་འདི་ཡིན་ཏེ་གདན་དབུས་མའི་སྟེང་དུ་ཨཱ་ལི་ཕྲག་གཉིས་སྐར་མ་ལྟ་བུ་བསམས་ཏེ། སུམ་ཅུ་སོ་གཉིས་པོ་དེ་ནི་མཚན་སུམ་ཅུ་སོ་གཉིས་སུ་མོས་པར་བྱའོ། །དེ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་བཅོ་ལྔ་དུས་གཅིག་ཏུ་བསྐྱེད་དོ། །དེ་མེ་ལོང་ལྟ་བུའི་ཡེ་ཤེས་སུ་མོས་པར་བྱའོ། །ཡང་དབུས་མའི་སྟེང་དུ་ཀཱ་ལི་སོ་བཞི་པ་ཡ་ར་ལ་ཝ་ཌཌྷ་ཞེས་དྲུག་བསྣན་པ་ནི་བཞི་བཅུ། དེ་ཕྲག་གཉིས་སྐར་མའི་རྣམ་པ་དང་འདྲ་བ་བརྒྱད་ཅུ་པོ་དེ་དཔེ་བྱད་བཟང་པོ་བརྒྱད་ཅུར་མོས་པར་བྱའོ། །དེ་ལས་ཉི་མ་བཅོ་ལྔ་སྟེ་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་མོས་པར་བྱའོ། །དེ་དག་གི་བར་རྣམས་སུ་ཨྃ་ལ་སོགས་པ་ས་བོན་བཅོ་ལྔ་དེ་ལས་ཕྱག་མཚན་ས་བོན་གྱིས་མཚན་པ་སྟེ། སོ་སོར་རྟོག་པའི་ཡེ་ཤེས་སུ་མོས་པར་བྱའོ། །སོ་སོར་ས་བོན་ཕྱག་མཚན་དང་ཟླ་བ་ཉི་མ་འདྲེས་པ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་སུ་མོས་པར་བྱའོ། །དེ་ལས་ལྷ་མོ་བཅོ་ལྔའི་སྐུ་དུས་གཅིག་ཏུ་བསྐྱེད་དེ་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་སུ་མོས་པར་བྱའོ། །དེ་ལ་འདི་ལྟར་རྣམ་པ་ཟླ་བ་ལ་སོགས་པ་དེ་ལ་མེ་ལོང་ལ་སོགས་པར་མོས་པ་བྱེད་ན་དེ་ལྟར་བསྒོམ་པའི་དགོས་པ་ནི་ཅི་ཡིན། ཡང་འདི་དག་གིས་འཐད་པ་དང་ངེས་པའི་ཚིག་ཀྱང་གང་ཡིན་སྙམ་ན། དེ་ལ་རྣམ་པ་དེ་དང་དེར་བསྒོམ་པ་ནི་ལས་དང་པོ་པ་རྣམས་ལ་བསྒོམ་པ་སླ་བར་བྱ་བའི་ཕྱིར་ཏེ་རྣམ་པ་ཙམ་ལམ་དུ་བྱེད་པའོ། །རྣམ་པ་དེ་ལ་དོན་དེར་མོས་པ་བྱས་པས་ནི། ལན་ཅིག་ཐོབ་པའི་རྒྱུར་འགྱུར་བ་སྟེ་མོས་པ་ལམ་དུ་བྱེད་པའོ། །འབྲས་བུ་ད་ལྟ་ནས་བསྒོམས་པས་འབྲས་བུ་ལམ་དུ་བྱེད་པའོ། །དེས་ཚོགས་སོག་ཅིང་སྒྲིབ་པ་འབྱོང་བས་བྱིན་རླབས་ལམ་དུ་བྱེད་པའོ། །དེ་བས་ན་རྣམ་པ་ལ་ངོ་བོར་ཞེན་པས་ཞེན་པས་འཇུག་པའི་ལམ་དེ་ལ་སངས་རྒྱས་ཀྱི་ཐུགས་རྗེས་མ་བསླུ་བས་འབྲེལ་པས་མི་བསླུ་བའི་ལམ་ཞེས་བྱའོ། །ངེས་ཚིག་དང་འཐད་པའང་ཅིའི་ཕྱིར་མེ་ལོང་ལྟ་བུ་ཞེས་བྱ། ཅིའི་ཕྱིར་ཟླ་བར་བསྒོམ། དེ་ཨཱ་ལི་ལས་བསྐྱེད་པའི་རྒྱུ་མཚན་ཅི་ཡིན་ན། ཆོས་ཐམས་ཅད་གཟུགས་བརྙན་གྱི་ཚུལ་གྱིས་སྣང་བས་མེ་ལོང་དང་འདྲ་བས་མེ་ལོང་སྟེ། ཡེ་ཤེས་གྲུབ་པ་ལས། ཇི་ལྟར་གཟུགས་བརྙན་མེ་ལོང་ལ། །རང་ཉིད་ངེས་པར་སྣང་བ་བཞིན། །དེ་ཉིད་ཆོས་སྐུའི་ཡེ་ཤེས་ནི། །སྣང་བས་མེ་ལོང་ཞེས་བྱའོ། །ཞེས་སོ། །གཟུགས་ཀྱི་ཕུང་པོ་དང༌། ཀུན་གཞི་དག་པའི་བདག་ཉིད་དོ། །དེ་ཟླ་བ་ཁོ་ནར་བསྒོམ་པ་ནི། འདྲ་བའི་ཕྱིར་ཏེ། རྡོ་རྗེ་རྩེ་མོ་དང་ཁ་སྦྱོར་ལས། ཡིད་གཉིས་ཀུན་ལས་རྣམ་པར་གྲོལ། །རྣམ་པར་རྟོག་པའི་རབ་རིབ་འཕྲོག །ཉོན་མོངས་དྲི་མ་ཀུན་ལས་འདས། །ཟླ་མཚུངས་སེམས་ནི་ཟླ་བ་ཉིད། །ཅེས་དྲི་མ་དང་བྲལ་བར་འདྲ་བས་སོ། །དེ་ཨཱ་ལི་ལས་བསྐྱེད་པ་ནི་དེ་སྐུའི་རྣམ་པར་བྱུང་བས་ན་མཚན་གྱི་རྣམ་པ་ཡིན་པ་སྟེ། སངས་རྒྱས་ཀུན་གྱི་ཡོན་ཏན་འདིར། །ཨ་སོགས་གཟུགས་ཀྱིས་འཇུག་པར་འགྱུར། །ཞེས་སོ། །ཡང་ཅིའི་ཕྱིར་མཉམ་པ་ཉིད་ཡིན། ཡེ་ཤེས་གང་གིས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པ་སྟེ། དེ་བཞིན་གཤེགས་ཀུན་ཡེ་ཤེས་དང༌། །རང་གི་དང་ནི་འགྲོ་བའི་ཡང༌། །དངོས་ཉིད་གཅིག་པར་ཐུགས་ཆུད་པས། །མཉམ་ཉིད་ཡེ་ཤེས་ཞེས་བྱའོ། །ཡེ་ཤེས་དེ་ནི་ཚོར་བའི་ཕུང་པོ་དང༌། ཉོན་མོངས་པ་ཅན་རྣམ་པར་དག་པའི་བདག་ཉིད་ཅན་གྱི་ཕྱིར་རོ། །དེ་ཉི་མར་བསྒོམ་པ་ནི་ཉི་མ་དང་འདྲ་བའི་ཕྱིར་ཏེ། ཉི་མས་མུན་པ་ཐམས་ཅད་མཉམ་པར་འཇོམས་པས་སམ། ཡང་ན་ཡེ་ཤེས་དེ་སེམས་ཅན་ལ་ཆགས་པས་སེམས་ཅན་འཛིན་ཏེ། སྙིང་རྗེས་སྡུག་པ་ཡང་དག་བྱུང༌། །སེམས་ཅན་རྗེས་སུ་འཛིན་པ་པོ། །དགེ་བའི་ཆོས་ཀྱིས་ཡང་དག་གང༌། །ཉོན་མོངས་ཐམས་ཅད་ངེས་པར་གནོན། །ཞེའོ། །དེ་ལས་ཉི་མ་འོད་དམར་བ་དང་མུན་པ་འཇོམས་པས་སོ། །ཡེ་ཤེས་དེ་སྐུའི་རྣམ་པར་བྱུང་བ་ན་དཔེ་བྱད་བརྒྱད་ཅུར་འབྱུང་བས་ཀཱ་ལི་ལས་བསྐྱེད་དོ། །སངས་རྒྱས་ཡོན་ཏན་ཀ་སོགས་ཀྱི། །རྣལ་འབྱོར་གྱིས་ནི་འཇུག་པར་འགྱུར། །ཞེས་སོ། །སོ་སོར་རྟོག་པའི་ཡེ་ཤེས་ནི་རང་བཞིན་གྱིས་འོད་གསལ་བས་ཤེས་བྱ་ཐམས་ཅད་ལ་མ་འདྲེས་པར་མཁྱེན་པ་སྟེ། གདོད་ནས་དག་ཅིང་སྐྱེ་བ་མེད། །རང་བཞིན་གྱིས་ནི་འོད་གསལ་བ། །ཕན་ཚུན་ཁྱབ་པའི་ཡེ་ཤེས་པས། །སོ་སོར་རྟོག་པ་ཅན་ཞེས་བཤད། །ཅེས་སོ། །འདུ་ཤེས་ཀྱི་ཕུང་པོ་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་བདག་ཉིད་ཅན་ནོ། །དེ་ཕྱག་མཚན་དུ་བསྒོམ་པའང་འདྲ་བའི་ཕྱིར་ཏེ། བྱང་ཆུབ་སྤྱོད་དང་དེ་བཞིན་ས། །ཡེ་ཤེས་དག་པ་ཟག་པ་མེད། །དེ་ཕྱིར་དཀྱིལ་འཁོར་ནང་གནས་པ། །དེ་ཡི་རང་གི་ཕྱག་མཚན་བརྟག །ཅེས་སོ། །བྱ་བ་ནན་ཏན་ནི་སངས་རྒྱས་ཐམས་ཅད་ཀྱི་མཛད་པ་རོ་གཅིག་པ་སྟེ། ཀུན་ཏུ་ཀུན་ནས་སངས་རྒྱས་ཀྱི། །སངས་རྒྱས་མཛད་པ་ལ་འཇུག་པ། །སངས་རྒྱས་ཐམས་ཅད་མཛད་གཅིག་པར། །བྱ་བ་གྲུབ་པ་ཞེས་བཤད་དོ། །ཞེས་སོ། །འདུ་བྱེད་ཀྱི་ཕུང་པོ་དང་སྒོ་ལྔའི་རྣམ་ཤེས་ཀྱི་བདག་ཉིད་དོ། །དེ་འདིར་གཅིག་ཏུ་གྱུར་པ་དང་འདྲ་བས་སོ། །ཆོས་ནི་ཕུང་པོ་ལྔའི་བདག་ཉིད་དམ་སྒྲིབ་པ་ཐམས་ཅད་དང་བྲལ་བའི་བདག་ཉིད་དོ། །དེ་དག་གི་དབྱིངས་ནི་རྒྱུའོ། །དེ་གང་ཞེ་ན། རྣམ་པར་དག་པ་སྟེ་ཅིའི་ངོ་བོར་ཡང་མ་གྲུབ་པའོ། །ཡང་ན་ཆོས་ནི་སངས་རྒྱས་ཀྱི་ཆོས་སོ། །དབྱིངས་ནི་རྒྱུའོ། །དེ་ནི་དག་པ་སྟེ་སྒྲིབ་པ་ཐམས་ཅད་ལས་གྲོལ་བའོ། །གང་ཚེ་ཉོན་མོངས་ཤེས་བྱའི་སྒྲིབ། །ཐམས་ཅད་ལས་གྲོལ་དེ་ཡི་ཚེ། །རྣལ་འབྱོར་པ་མཆོག་རྡོ་རྗེ་ཅན། །ཤིན་ཏུ་རྣམ་དག་ཅེས་བཤད་དོ། །རྣམ་ཤེས་ཀྱི་ཕུང་པོ་དང༌། བྱང་ཆུབ་ཀྱི་སེམས་ཀྱི་བདག་ཉིད་དོ། །དེ་སྐུ་རྫོགས་པ་དང་མཐུན་ཏེ། དེས་སངས་རྒྱས་ཀྱི་ཡེ་ཤེས་ཐམས་ཅད་ཡོངས་སུ་རྫོགས་པ་དང་འདྲ་བས་སོ། །དེ་ལྟར་ན་མངོན་པར་བྱང་ཆུབ་པ་ལྔ་པོ་འདི་སྦྱང་གཞི་དང་འབྲས་བུ་དང༌། ལམ་དང་བཅས་པ་གོ་བར་བྱའོ། །ཡེ་ཤེས་ཀྱི་ངེས་ཚིག་ལ། འཕགས་པ་བྱམས་པས་བཤད་པ་ལ་སོགས་པའང་འདི་དང་དོན་འདྲའོ། །ཚིག་རྣམས་ནི་མ་བྲིས་སོ། །འདིར་བྲིས་པ་ནི་ཡེ་ཤེས་གྲུབ་པ་ལས་གསུངས་པ་དང༌། རྡོ་རྗེ་རྩེ་མོ་དང་ཁ་སྦྱོར་ལས་གསུངས་པ་ཡིན་ནོ། །དེ་ལྟར་སྦྱང་གཞི་དང༌། སྦྱོང་བྱེད་དང༌། ལམ་དང༌། འབྲས་བུའི་དབྱེ་བས་ལྷ་རྣམས་མངོན་པར་བྱང་ཆུབ་པ་ལྔ་ལས་བསྐྱེད་པ་ཞེས་བྱ་བར་གོ་ནས་འདི་སྙམ་དུ་རྟོགས་ཏེ། ཅི་ལྷ་མོ་རྣམས་ཀྱི་མངོན་པར་བྱང་ཆུབ་པ་ལྔ་པོ་འདི་ཉིད་ཁོ་ནར་ངེས་སམ། འོན་ཏེ་དེ་ལས་གཞན་ཡང་ཡོད། བཅོམ་ལྡན་འདས་ལྷན་ཅིག་སྐྱེས་པ་རྡོ་རྗེ་སེམས་དཔའ་སྐྱེད་པའི་ཆོ་ག་གང་ཇི་ལྟ་བུ་ཞེས་རྟོག་ན་འདི་ནི་ལྷ་མོ་རྣམས་ཀྱི་སྐྱེད་པའི་མངོན་པར་བྱང་ཆུབ་པ་ཞེས་བྱ་བ་ཡིན་གྱི། མངོན་པར་བྱང་ཆུབ་པ་གཞན་ཡང་ཡོད་དེ། ཇི་ལྟར་རྡོ་རྗེ་རྩེ་མོ་དང་ཁ་སྦྱོར་ལ་སོགས་པར་གསུངས་སོ། །དེ་ནི་རྡོ་རྗེ་སེམས་དཔའི་མངོན་པར་བྱང་ཆུབ་པ་ཡིན་ཏེ། དེ་བས་ན་མི་འདྲ་བ་ཡིན་ནོ། །ཞེས་བསྟན་པའི་ཕྱིར། ཨཱ་ལི་ཀཱ་ལི་མཉམ་སྦྱོར་བ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་ཨཱ་ལི་སུམ་ཅུ་གཉིས་ལས། ཟླ་བའི་དཀྱིལ་འཁོར་ཟུར་གསུམ་པ་ཨཱ་ལིས་མཚན་པ་ཡིན་ཏེ། དཔལ་ཁ་སྦྱོར་ལས། གྲུ་གསུམ་རྒྱ་ཆེའི་རང་བཞིན་ཅན། །སངས་རྒྱས་ཀུན་གྱི་ཡོན་ཏན་གནས། །འདི་ཡང་ཨ་སོགས་གཟུགས་ཀྱིས་ནི། །སངས་རྒྱས་ཡོན་ཏན་འཇུག་པར་འགྱུར། །ཤེལ་དང་ཟླ་བ་ལྟ་བུར་ནི། །དེ་ཡི་སྟེང་དུ་འཇུག་པར་འགྱུར། །ཞེས་སོ། །དང་པོ་མི་འདྲ་བའོ། །གཉིས་པའང་མི་འདྲ་སྟེ་ཀཱ་ལི་མཉམ་སྦྱོར་བ་ནི་ཀཱ་ལི་བརྒྱད་ཅུ་ལས་མཉམ་སྦྱོར་བ་སྟེ། ཡང་ཟླ་བ་དེ་ལྟ་བུ་ཉིད་དུ་སྟེ་ཡང་ཀཱ་ལིས་བརྒྱན་པའོ། །ཡང་གསུངས་པ། ཟླ་བའི་སྟེང་དུ་ཡང་ཟླ་བ། །བྱང་ཆུབ་ཟླ་བ་གཉིས་པ་ཅན། །སངས་རྒྱས་ཡོན་ཏན་ཀ་སོགས་ཀྱིས། །སྐར་འདྲ་འདིར་ཡང་འཇུག་པར་འགྱུར། །ཞེས་སོ། །གསུམ་པའང་མི་འདྲ་སྟེ། དེ་ལྟ་བུའི་ཟླ་བ་གཉིས་ནི་རྡོ་རྗེ་སེམས་དཔའ་ཉིད་ཀྱི་གདན་ནོ། །དེའི་སྟེང་དུ། ཡི་གེ་ལས་བྱུང་གོང་བུ་ལས། །ཧཱུྃ་ཕཊ་རྣམ་པ་འདོད་མི་བྱ་སྟེ། །ཧཱུྃ་ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་པ་དཀར་པོ་ཧཱུྃ་གིས་མ་མཚན་པའོ། །དེ་ལྟར་ཡང༌། བྱང་ཆུབ་སྤྱོད་པ་བླ་ན་མེད། །དེ་ཡི་ས་ནི་རྟོགས་པ་སྟེ། །ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །རྡོ་རྗེ་ངེས་པར་བརྟག་པར་བྱ། །ཞེས་སོ། །བཞི་པའང་མི་འདྲ་སྟེ། དེ་ལས་འོད་སྤྲོ་བ་དང༌། བསྡུ་བ་བྱས་པ་ལས་གཅིག་ཏུ་གྱུར་པའོ། །ཡང་གསུངས་པ། རྡོ་རྗེ་སེམས་དཔའི་རྡོ་རྗེ་ནི། །རྩེ་མོ་ལྔ་པ་འོད་ཟེར་ཅན། །ཞེས་བྱ་བ་དང༌། འདིས་ནི་སྔགས་ཀྱི་རྣལ་འབྱོར་གྱིས། །སྤྲོ་བ་དང་ནི་བསྡུ་བ་བྱ། །ཞེས་སོ། །ལྔ་པའང་མི་འདྲ་སྟེ། སེམས་དཔའི་གཟུགས་བརྙན་ལས་བྱུང་བའི། །དཀྱིལ་འཁོར་བདག་པོ་རྣམ་པར་བསྒོམ། །ཕྱག་མཚན་ཞལ་སོགས་གོང་མ་བཞིན། །ཟླ་བ་ཆུ་ཤེལ་ནོར་བུའི་འོད། །ཅེས་བྱ་སྟེ། སྐུ་མདོག་དཀར་པོ་ཞལ་བརྒྱད་ཕྱག་བཅུ་དྲུག་པ་ཞེས་བྱ་སྟེ། ཡང་གསུངས་པ། རྡོ་རྗེ་ཡོངས་གྱུར་དེ་མ་ཐག །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །ཟླ་བའི་ཁ་དོག་མཉམ་འོད་ཀྱི། །རྡོ་རྗེ་སེམས་དཔའ་བསམ་པར་བྱ། །ཞེས་གསུངས་པ་ལྟ་བུའོ། །མངོན་པར་བྱང་ཆུབ་པ་ལྔ་པོ་དེ་ནི་འདི་ཡིན་ཏེ། སེམས་སོ་སོར་རྟོག་པ་དང༌། བྱང་ཆུབ་ཀྱི་སེམས་དེ་གསལ་བར་བྱེད་པ་དང༌། དེ་བརྟན་པར་བྱེད་པ་དང༌། ཤིན་ཏུ་བརྟན་པར་བྱེད་པ་དང༌། རྡོ་རྗེའི་སྐུར་གྱུར་པའོ། །དེ་ནས་ནི་ཡེ་ཤེས་ལྔར་འགྱུར་ཞེས་བྱ་བར་དགོངས་པའོ། །གལ་ཏེ་ཟླ་བ་གྲུ་གསུམ་ཞེས་བྱ་བ་ལ་སོགས་པ། མངོན་པར་བྱང་ཆུབ་པ་འདི་མི་རིགས་ཏེ། དེ་ལྟ་བུ་མ་མཐོང་བའི་ཕྱིར་དང༌། རྒྱུད་གཞན་གྱི་དགོངས་པའང་གཞན་ཡིན་ནོ། །ཡང་རིགས་སུ་ཆུག་ཀྱང་འདི་ལ་དགོས་པ་ཅི་ཡོད། དགོས་པ་ཡོད་ཀྱང་སྐབས་འདིར་ཅིའི་ཕྱིར་བསྟན་སྙམ་ན། ཟླ་བ་གྲུ་གསུམ་ཞེས་བྱ་བ་འདི་ལ་འགལ་བ་མེད་དེ། ཟླ་བ་ནི་ཆུ་ཤེལ་ཡོངས་སུ་དག་པ་ལས་བྱུང་བ་ཡིན་ནོ། །དེས་ནི་རྣམ་པར་དག་པ་ཙམ་མཚོན་པ་ཡིན་གྱི། ནམ་མཁའི་ཟླ་བ་ཉ་གང་བ་ཟླུམ་པོ་ཞེས་བྱ་བ་ལ་མངོན་པར་ཞེན་པ་འདི་དོར་ཅིག དེས་ན་སློབ་དཔོན་ཤཱཀྱ་བཤེས་གཉེན་གྱིས་ཀྱང་ཚེས་གཅིག་པའི་ཟླ་བའི་རི་མོ་ལྟ་བུ་ཞེས་གསུངས་སོ། །རྒྱུད་གཞན་གྱི་དགོངས་པ་ལའང་འདི་ཉིད་དེ། སྤྱིར་མངོན་པར་བྱང་ཆུབ་པའི་ཚུལ་གཉིས་ལས་མེད་ན། དེ་ཉིད་འདུས་པ་ལ་སོགས་པ་ནས། སཾ་པུ་ཊ་དང༌། རྡོ་རྗེ་མཁའ་འགྲོའི་རྡོ་རྗེ་སེམས་དཔའི་བར་གྱིས་མངོན་པར་བྱང་ཆུབ་པ་དེ་ནི་རྡོ་རྗེ་འཆང་ཆེན་པོ་ཡབ་ཀྱི་མངོན་པར་བྱང་ཆུབ་པ་ཡིན་ལ། འདིར་ལྷ་མོ་རྣམས་ཀྱི་ཡིན་པས། ཆ་ཕྱི་མ་འདི་ནི་རྒྱུད་གཞན་གྱི་དགོངས་པ་དང་མཐུན་པ་ཉིད་དོ། །དགོས་པ་ཅི་ཡོད་ཅེས་སྨྲས་པ་དེ་ལའང་དགོས་པ་ཡོད་དེ། འདིས་ནི་གསང་བའི་དབང་མཚོན་ལ། ལྷ་མོ་རྣམས་ཀྱིས་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་མཚོན་ཏོ། །དེ་ལ་གསང་དབང་གི་དུས་སུ་སློབ་མ་ལ་རྣམ་པར་རྟོག་པའི་གྲྭ་དང་བཅས་པས་ཟུར་གསུམ་མོ། །ཤེས་རབ་ཡེ་ཤེས་ཀྱི་དུས་སུ་མི་རྟོག་པས་ཟླུམ་པོའོ། །གསང་དབང་ལ་ཇི་སྲིད་ཁུ་བ་ལྡན་གྱུར་པ། །དེ་སྲིད་རྟེན་པས་ན་གཉིས་ཀའི་ཁུ་བ་དཀར་བ་དང་ལྡན་པས་ན་གཉིས་ཀ་ཟླ་བའོ། །ཤེས་རབ་ཡེ་ཤེས་ཀྱི་ཤེས་རབ་ལ་ཉི་མ་ལྟར་དམར་ཞིང་ཐབས་དཀར་བས་ན་ཟླ་བ་ཉི་མའོ། །གསང་དབང་གི་བྱང་ཆུབ་སེམས་མི་འགེགས་པས་ན་ཧཱུྃ་ཕཊ་མེད་པའོ། །ཤེས་རབ་ཡེ་ཤེས་འགེགས་པས་ན་ས་བོན་ཡོད་པའོ། །གསང་དབང་ཐིག་ལེ་སྤྲོ་བས་ན་འོད་སྤྲོ་བའོ། །ཤེས་རབ་ཡེ་ཤེས་འཛིན་པས་ན་འོད་མི་སྤྲོ་བའོ། །གསང་དབང་གི་བྱང་ཆུབ་སེམས་ཐིག་ལེ་ལ་བརྟེན་པས་ན་དཀར་བའམ། རང་བཞིན་བརྒྱད་ཅུའི་རྟོག་པ་འགགས་པས་དྲི་མ་དང་བྲལ་བས་དཀར་བའོ། །ཤེས་རབ་ཡེ་ཤེས་ཀྱི་བདེ་བ་ནི། བདེ་བ་གནག་ཅིང་ཞེས་བྱ་བ་ལ་སོགས་པས་དཀར་བ་མ་ཡིན་པའོ། །ཞེས་བྱ་བའང་འདི་ལ་དགོངས་སོ་ཞེས་བླ་མ་གསུང་ངོ༌། །གཞན་འདི་ལ་དངོས་པོའི་གནས་ལུགས་སམ། འབྲས་བུའི་རྒྱུད་ཀྱི་དབང་དུ་བྱས་པའམ། རྒྱུའི་རྒྱུད་ལ་སྦྱར་བའམ། དེ་ལས་གཞན་ལ་སྦྱར་བ་དགོངས་པ་མང་མོད། །བླ་མ་རྗེ་བཙུན་འདིར་མི་གསུང་བས་མི་བྲིའོ། །དབྱིངས་དང་ཡེ་ཤེས་རྒྱས་གདབ་ཕྱིར། །རང་བཞིན་གྱིས་དག་རྒྱུ་འབྲས་ཕྱིར། །ཐིག་ལེའི་རིམ་ཕྱིར་ལུས་སེམས་ཕྱིར། །དབང་ཕྱིར་དགོས་པ་བསམ་ཡས་ཕྱིར། །ཞེས་བྱ་བའོ། །སྐབས་འདིར་འདིས་ཅི་བྱ་ཞེས་སྨྲས་པ་དེ་ལ། སྐབས་འདིར་ལྷའི་སྐྱེད་ཆོག་སྟོན་པའི་སྐབས་ཡིན་ལ། དེ་ལ་ལྷ་མོ་རྣམས་ཀྱིས་བསྟན་ནས་རྡོ་རྗེ་སེམས་དཔའ་ནི་དེ་དང་མི་མཚུངས་སོ་ཞེས་བྱ་བ་བསྟན་པའི་ཕྱིར་འདིར་བསྟན་ཏོ། །དེ་བས་ན་ཕྱི་མའི་ལྔ་པ་ལས། བདག་གིས་འཁོར་ལོ་ཁྱོད་གསུངས་ན། །ཁྱོད་ཀྱི་དཀྱིལ་འཁོར་ཇི་ལྟར་ལགས། །ཞེས་ཞུ་བའང་རིགས་ལ། ཞུས་པའི་ལན་གྱི་སྐབས་སུའང་ཚོགས་གཉིས་བསག་པ་དང༌། སྲུང་འཁོར་ལེའུ་གསུམ་པར་གསུངས་པ་དང༌། གཞལ་ཡས་ཁང་གི་རྒྱུ་འབྱུང་བ་ལ་སོགས་པ་ནས། མངོན་པར་བྱང་ཆུབ་པའི་བར་འདིར་གསུངས་པས་དེར་ཤེས་པས་ན་གཞལ་ཡས་ཁང་གི་ཁྱད་པར་ཙམ་དང༌། ལྷན་ཅིག་སྐྱེས་དགའི་རང་བཞིན་ལས། །དེ་ལ་དབུས་སུ་ང་ཡོད་དེ། །ཞེས་ལྷའི་རྣམ་པ་ཙམ་ལས་མ་གསུངས་པས་ན། རིགས་པ་འདིས་འདིར་ཤེས་པར་འགྱུར་རོ། །འོ་ན་སློབ་དཔོན་སྦྱང་དཀའ་ཟླ་བས་ཡན་ལག་དྲུག་པར། བདུན་གྱི་བདུན་པ་མཉམ་ལྡན་ཉིད། །ཅེས་པས་མི་མཉམ་པར་སྦྱོར་བའི་མངོན་པར་བྱང་ཆུབ་པར་གསུངས་པ་ཇི་ལྟར་དྲང་ཞེ་ན། བདེན་མོད་ཀྱི། སློབ་དཔོན་གྱིས་རིགས་བསྡུས་པའི་སྒྲུབ་ཐབས་སུ་འདི་ཉིད་གསུངས་སོ། །ཡན་ལག་དྲུག་པའི་དགོངས་པ་ནི་བླ་མ་ལས་མ་ཐོས་པའི་ཕྱིར་བདག་གིས་སྨྲ་བར་ག་ལ་ནུས། འཕགས་པ་བྱམས་པས། གང་ཕྱིར་རྒྱལ་ལས་ཆེས་མཁས་འགའ་ཡང་འཇིག་རྟེན་འདི་ན་ཡོད་མིན་ཞིང༌། །མ་ལུས་དེ་ཉིད་མཆོག་ནི་ཀུན་མཁྱེན་གྱིས་མཁྱེན་གཞན་མིན་པ། །དེ་ཕྱིར་དྲང་སྲོང་རང་ཉིད་ཀྱིས་བཞག་ཐུབ་ཚུལ་གང་ཡིན་དེ་མི་དཀྲུགས། །ཐུབ་ཚུལ་བཤིག་ཕྱིར་དེ་ཡང་དམ་ཆོས་ལ་ནི་གནོད་པ་བྱས་པར་འགྱུར། །ཞེས་རྒྱུད་བླ་མ་ལས་གསུངས་སོ། །དེ་བས་ན་བླ་མའི་གསུང་མཚན་མར་བྱས་ཏེ། དེ་ལ་མི་གསལ་བ་གསལ་བར་བྱེད་པའམ། དེ་ལ་ངེས་པའི་རྒྱུ་མཚན་དང་བཅས་ཏེ་སྨྲ་བ་འདི་ནི་རིགས་ཀྱི། གསུང་དང་འགལ་བར་སྨྲ་བར་མི་རུང་ངོ༌། །དེ་བས་ན་ཉམས་སུ་ལེན་པར་འདོད་པས་བླ་མའི་གསུང་བཞིན་དུ་བྱའོ། །འདི་ལ་སློབ་དཔོན་ཤཱནྟི་པ་དང༌། དམ་ཚིག་རྡོ་རྗེའི་བཞེད་པས་བདག་མེད་པའི་མངོན་པར་བྱང་ཆུབ་པ་ཉིད་མཇུག་བསྡུས་ཏེ་འཆད་ན། ཧཱུྃ་ཕཊ་ནི་མི་འདོད་པ་ནི་ཧཱུྃ་རྡོ་རྗེ་འཆང་ལས་སྤྲོ་བ་ལྟ་བུ་མེད་དེ་ཨྃ་ལ་སོགས་པའི་ས་བོན་ལས་སོ། །དཀྱིལ་འཁོར་བདག་པོ་ནི་བདག་མོར་བསྒྱུར་རོ། །སྔོན་བཞིན་ནི་ཆོས་ཀྱི་བརྡས་འཆད་པར་འགྱུར་བའོ། །དམ་ཚིག་རྡོ་རྗེས་ལུ་གུ་རྒྱུད་མ་བཞིན་དུའོ། །ཟླ་བ་ཆུ་ཤེལ་ནོར་བུའི་འོད་ནི་གདན་གྱི་ཟླ་བ་དང་འོད་ཅེས་འཆད་དོ། །དེ་ནི་ཡང་དག་པ་མ་ཡིན་ཏེ། སྤྱིར་སྔར་གྱི་གཞུང་གི་ཆ་ཟློས་པ་དང་འགལ་བར་འགྱུར་བའི་ཕྱིར་དང༌། མཉམ་སྦྱོར་བ་ཞེས་བྱ་བ་དང༌། ཧཱུྃ་ཕཊ་རྣམ་པ་འདོད་མི་བྱ། །ཞེས་མི་རིགས་པའི་ཕྱིར་དང༌། བདག་པོ་མོར་བསྒྱུར་ན་ཧ་ཅང་ཐལ་བའི་ཕྱིར་དང༌། ཕྱག་མཚན་ཞལ་སོགས་གོང་མ་བཞིན་ཞེས་བྱས་ནས། ཁྱད་པར་དུ་ཟླ་བའི་འོད་ཅེས་སྨོས་པ་དོན་མེད་ལ། ཟླ་བའི་གདན་དང་འོད་ཅེས་བྱ་བའང་མི་རིགས་ཏེ། འདི་དག་ནི་ཁྲོ་མོ་ཡིན་ལ། ཁྲོ་བོ་ཁྲོ་མོ་རྣམས་ནི་འབར་བའི་ཕྲེང་བ་འཁྲིགས་པའི་འོད། ཅེས་བྱ་བ་འདི་དང་འགལ་བར་འགྱུར་རོ། །དེ་དག་ཀྱང་རིགས་སུ་ཆུག་ཀྱང༌། ལེའུ་དགུ་པ་ལས་བདུད་དག་པ་ལས་ཞབས་རྣམས་བཞི་ཞེས་བྱ་བ་ལ་སོགས་པ་གསུངས་པ་འདི་ཇི་ལྟར་དྲང༌། དེ་འོག་ནས་འཆད་པར་འགྱུར་བའི་རྣམ་དག་གོ །ཞེ་ན། དེ་ནི་ཕྱི་མའི་དགུ་པ་ཉིད་ལས་གསུངས་པ་དང་ཟློས་པ་དང་འགལ་བར་འགྱུར་བའི་སྐྱོན་ཡོད་དོ། །ཡང་སློབ་དཔོན་པདྨ་དང༌། ནག་པོ་སྤྱོད་པ་པ་དང༌། བྷ་ཝ་པ་རྣམས་ནི་རྒྱུའི་རྡོ་རྗེ་འཛིན་པར་འཆད་ལ། དེའང་བདག་མེད་མ་དང་འབྲེལ་པ་ཞེས་བྱ་བར་འཆད་ལ། དེ་ནི་རྡོ་རྗེ་གུར་ལས། བྷྲཱུྃ་ལས་གནས་ནི་བསམས་ནས་སུ། །རྣམ་པ་ལྔ་ནི་རབ་བརྟག་བྱ། །ཡེ་ཤེས་ལྔ་ལས་བྱུང་བ་ཡི། །སེམས་དཔའི་གཟུགས་བརྙན་བསྒོམ་པར་བྱ། །རྡོ་རྗེ་སེམས་དཔའ་ལས་བྱུང་བའི། །རིག་མའི་སྐྱེས་བུ་བསྒོམ་པར་བྱ། །ཞེས་གསུངས་པ་དང༌། གཞུང་གི་ཆ་ཤས་མཐུན་པར་སྣང་མོད་ཀྱང༌། དེ་ནི་མ་ཡིན་ཏེ། འདིར་ལྷ་མོ་རྣམས་ཀྱི་མངོན་པར་བྱང་ཆུབ་པ་རྫོགས་ཟིན་པའི་ཕྱིར་དང༌། ཕྱི་མའི་ལྔ་པ་ལས་མངོན་པར་བྱང་ཆུབ་པ་མ་བསྟན་པའི་ཕྱིར་རོ། །དེ་བས་ན་སྔར་བཤད་པ་ཉིད་བླང་བར་རིགས་སོ། །ཐབས་དང་ཤེས་རབ་ཀྱི་རང་བཞིན་ལས་ཐམས་ཅད་རྫོགས་པར་བསྟན་པ་ནི་ཐབས་དང་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །འོ་ན་ཟླ་བ་དང་ཉི་མ་ལས་ཐམས་ཅད་སྐྱེད་པར་འདྲ་ན། ས་བོན་དང་ཕྱག་མཚན་ཡང་འདྲའམ་ཞེ་ན། མི་འདྲའོ་ཞེས་བསྟན་པའི་ཕྱིར་འདི་ལས་ཞེས་སྨོས་ཏེ། བདག་མེད་མའི་ས་བོན་འདི་ལས་སོ། །འཁོར་གྱི་དཀར་མོ་ལ་སོགས་པ་སོ་སོ་སྟེ་ཝརྞ་ཞེས་ཡི་གེ་སོ་སོའོ། །ཡང་ན་རྒྱུའི་རྡོ་རྗེ་འཆང་དཀར་པོ་འདི་ལས་དེའི་འཁོར་དཀར་མོ་ལ་སོགས་པ་ཁ་དོག་སོ་སོ་སྟེ་ནག་མོ་ལ་སོགས་པའོ། །ཡང་ན་བདག་མེད་མའི་དཀྱིལ་འཁོར་འདི་ནི་ནག་མོ་ཡིན་ལ། རྗེ་བཙུན་གྱི་སོ་སོ་ཞེས་དགོངས་སོ། །དཀར་མོ་དང་པོར་སྨོས་པ་ནི་ཚོར་བའི་ཕུང་པོའི་ཕྱིར་ཏེ་ལྷན་སྐྱེས་མྱོང་བས་ན་ཞེས་དགོངས་སོ། །ཕྱོགས་གང་དང་གང་དུ་དགོད་པ་ལ་སོགས་པ་ནི་གོ་སླའོ། །འདིས་ནི་འཁོར་ལོ་རྣམས་བསྒོམ་ན་ཞེས་བྱ་བ་ནི་ཆོ་ག་འདིས་ཏེ། བསྙེན་སྒྲུབ་བཞི་ཚང་བ་དང་ཡན་ལག་དྲུག་ཚང་བས་ཞེས་བྱའོ། །དེ་ལྟར་དམ་ཚིག་པ་བསྐྱེད་ནས། །སྙིང་པད་ཉི་བདག་ས་བོན་མཚན། །དེ་ལ་ཡེ་ཤེས་དེར་ཏིང་འཛིན། །བྱས་ནས་སྤྱན་དྲང་མངོན་པར་མཆོད། །དམ་ཚིག་འཁོར་ལོ་ལ་གཞུག་བྱ། །མིག་ལ་སོགས་པ་གཏི་མུག་སོགས། །རྡོ་རྗེ་གསུམ་ནི་གནས་གསུམ་དགོད། །སྙིང་གའི་ས་བོན་འོད་ཀྱིས་ནི། །རྣམ་པས་སྤྱན་དྲངས་དེ་བཞིན་གཤེགས། །མཆོད་དང་གསོལ་གདབ་དབང་བསྐུར་ཏེ། །རིག་མའི་སྐྱེས་བུ་དབང་ཆེན་ལ། །ཅོད་པན་རང་གི་ལྷག་པའི་ལྷ། །གཞན་ལའང་རྟག་པ་ལ་སོགས་སོ། །དེ་ནས་ཏིང་འཛིན་སེམས་དཔའ་ལས། །མཆོད་པའི་ལྷ་མོ་རབ་སྤྲོས་ཏེ། །མཆོད་དང་བསྟོད་པ་བྱས་ནས་ནི། །རྡོ་རྗེ་ལྕེ་ཡིས་བདུད་རྩི་མྱང༌། །དེ་ནས་རྒྱལ་བ་དྲུག་བདག་གི །ཁ་དོག་དྲུག་ནི་རྣམ་བསྒོམ་ཞིང༌། །ཞུ་བདེའམ་ནི་རང་བྱིན་བརླབ། །རྫོགས་པའི་རིམ་པ་འདོད་པས་བསྒོམ། །རྣལ་འབྱོར་བསམ་དལ་ལྟེ་བ་ནས། །སྤྱི་གཙུག་འཁོར་ལོའི་ཏིང་འཛིན་གྱིས། །ལེའུ་གཉིས་པ་ལས་གསུངས་པའི། །སྔགས་ནི་མཁས་པས་བཟླ་བར་བྱ། །ཇི་སྲིད་དེ་ལས་ཀྱང་ནི་སྐྱོ། །ལྷ་རྣམས་ས་བོན་ལ་བསྡུས་ཏེ། །གཟུགས་ལ་སོགས་པ་དག་བྱས་ནས། །གཞལ་ཡས་ནང་དུ་གཙོ་མོས་གནས། །བར་ཆད་ཉེ་བར་ཞི་བྱའི་ཕྱིར། །ཐུན་མཚམས་རྣམས་སུ་གཏོར་མ་བྱ། །བསྡུ་བའམ་ཏིང་ངེ་འཛིན་ལ་ཉལ། །ཐོ་རངས་ལངས་ལ་སྔར་བཞིན་སྤྱད། །ཅེས་བྱ་བ་ནི་བཤད་པའི་རྒྱུད་ལ་བརྟེན་ཏེ་བླ་མའི་མན་ངག་གིས་ཁ་བསྐང་བ་ལ་ཚིགས་སུ་བཅད་པའོ། །དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར། །ཞེས་བྱ་བ་ནི་རྣལ་འབྱོར་ལས་གཞན་མི་སྤྱད་པར་བྱས་ན་ཐོབ་པར་འགྱུར་བའོ། །དང་པོར་ནག་པོ་ཞེས་བྱ་བ་ལ་སོགས་པ་ལ། ཁ་ཅིག་ནི་སྐྱེ་མཆེད་བྱིན་གྱིས་བརླབ་པའོ་ཞེས་ཟེར། ཁ་ཅིག་ནི་གྲུབ་པའི་རྟགས་སོ་ཞེས་ཟེར། ཡང་ཕྲིན་ལས་བསྒྲུབ་པའི་ཕྱིར་ཡང་ཞེས་བྱ་བའང༌། འདི་གཙོ་བོར་ཁ་དོག་ལ་ཞེན་པ་སྤངས་པ་དང༌། ལྷ་མོ་ཐམས་ཅད་རྒྱལ་བ་དྲུག་གི་བདག་ཉིད་དུ་ཤེས་པར་བྱ་བའི་ཕྱིར་བསྒོམ་པར་བྱ་བ་ཡིན་ནོ། །དྲུག་ལས་མི་བསྒོམ་པ་ཅི་ཞེ་ན། དགའ་བྲལ་མཐར་ཡང་ཞེས་སྨོས་ཏེ། །དགའ་བྲལ་གྱི་མཐར་འདི་ལས་མི་སྐྱེ་ན་འདིར་ཡང་དེ་དང་འདྲ་བ་བསྒོམ་པ་ལས་གཞན་མི་བསྒོམ་ཞེས་བྱ་བའི་དོན་ཏོ། །དེ་ལ་དགའ་བྲལ་གྱི་མཐའ་ནི་ལྷན་ཅིག་སྐྱེས་པ་སྟེ། དེའི་བདེ་བ་ལ་བདེ་བ་ནག་པོ་ཞེས་བྱ་བ་ལ་སོགས་པའི་བརྡས་བསྟན་པ་འཆར་ལ། དྲུག་པོ་འདས་ནས་བློའི་ཡུལ་ཐམས་ཅད་ལས་གྲལ་བས་བསྒོམ་པ་བྱར་མེད་དོ། །དེའང༌། ཇི་སྲིད་བློ་ནི་འཕེལ་འགྱུར་བ། །དེ་སྲིད་བསྒོམས་པར་གྱུར་པ་སྟེ། །གང་ཡང་བློ་ཡི་ཡུལ་མེད་པ། །ལྷན་ཅིག་སྐྱེས་དེ་ཇི་ལྟར་བསྒོམ། །ཞེས་བྱ་བ་ལྟ་བུའོ། །དེ་ལྟར་བསྐྱེད་པའི་རིམ་པ་བསྟན་ནས། རིམ་པ་གཉིས་འབྲེལ་པ་ཅན་དུ་བྱ་བ་ཡིན་གྱི། དེ་ལས་རེ་རེས་ནི་གྲོལ་བར་མི་འགྱུར་རོ། །ཞེས་བསྟན་པའི་ཕྱིར་བསྐྱེད་པའི་རིམ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་བསྐྱེད་པ་ཞེས་བྱ་བ་ནི་ལྷའི་རྣམ་པ་གསལ་བར་བྱས་པ་དེ་ཡིན་ལ། རིམ་པ་ཞེས་བྱ་བ་ནི་དེའི་ཡན་ལག་ཏུ་གྱུར་པ་སྔོན་དུ་འགྲོ་བ་དང༌། ཡན་ལག་དྲུག་ལ་སོགས་པ་རྫོགས་པར་བྱས་པའོ། །ཡང་རྫོགས་པ་ནི་གསལ་སྟོང་བདེ་སྟོང་སྟེ་ལྷན་སྐྱེས་ཀྱི་ཡེ་ཤེས་དེས་དངོས་པོའི་གནས་ལུགས་རྫོགས་པས་སོ། །རིམ་པ་ནི་དེ་བསྐྱེད་པའི་ཡན་ལག་ཏུ་གྱུར་པ་སྟེ། ཙཎྜཱ་ལཱི་དང་ཕྱག་རྒྱའི་རྣལ་འབྱོར་ལ་སོགས་པའོ། །འདི་ལ་རྒྱལ་པོ་པདྨ་དཀར་པོའི་ཞལ་སྔ་ནས། བསྐྱེད་པ་ནི་མཆོག་ལ་གྲོད་པ་བསྐྱེད་པའི་ཕྱིར་ཐུན་མོང་གི་དངོས་གྲུབ་གྲུབ་པ་ཆེན་པོ་རྣམས་ཡིན་ལ། རིམ་པ་ནི་དེ་ཐོབ་པར་བྱེད་པ་ཏིང་ངེ་འཛིན་གསུམ་ལ་སོགས་པའོ། །རྫོགས་པ་ནི་བོགས་དབྱུང་དུ་མེད་པའི་ཕྱིར་མཆོག་གི་དངོས་གྲུབ་པོ། །རིམ་པ་ནི་དེ་ཐོབ་པར་བྱེད་པ་སྦྱོང་བའི་ཡན་ལག་དྲུག་ལ་སོགས་པའོ་ཞེས་གསུངས་སོ། །ཡང་དམ་ཚིག་རྡོ་རྗེའམ། ཤཱནྟི་པ་ལ་སོགས་པ་ནི་བསྐྱེད་པ་ནི་སྔགས་དང་མཚན་མ་ལ་སོགས་པས་ལྷའི་རྣམ་པར་སྐྱེས་པའི་ཏིང་ངེ་འཛིན་ཡིན་ལ། རིམ་པ་ནི་རྣམ་པ་དང་ཆ་དང་ཕྱོགས་ཞེས་བྱ་བ་རྣམ་གྲངས་སོ། །རྫོགས་པ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཏེ་ལྷ་ལ་སོགས་པ་ཐམས་ཅད་དེ་ཁོ་ན་ཉིད་ཀྱི་ངོ་བོར་མོས་ཏེ་རྣལ་འབྱོར་པ་བསྒོམ་པ་ཞེས་བྱ་བའི་དོན་ཏོ་ཞེས་གསུང་ངོ༌། །སློབ་དཔོན་པདྨ་བདེན་པ་གཉིས་ཀྱི་དོན་ཏོ་ཞེས་གསུངས་ཏེ་ཐམས་ཅད་ཀྱི་དགོངས་པ་དོན་གྱིས་མཐུན་པ་ཡང་སྲིད་ན། རེ་ཞིག་མི་མཐུན་པར་སྣང་ངོ༌། །གང་ལྟར་ཡང་རུང་སྟེ་གཉིས་པ་འཐད་པ་ནི། དེ་བས་ན་རིམ་པ་གཉིས་མ་གཏོགས་པར་གྲུབ་པར་མི་འགྱུར་ཏེ། སྤང་བྱ་གཉིས་ཡོད་པའི་ཕྱིར་དང༌། ཐོབ་བྱའི་འབྲས་བུ་གཉིས་ཡོད་པའི་ཕྱིར་དང༌། རང་གི་ངོ་བོ་ཕན་ཚུན་བརྟན་ཏེ་རིམ་པ་གཉིས་མེད་ན་འགྲོ་བ་མི་ནུས་ཏེ་བྱའི་གཤོག་པ་དང་མཚུངས་སོ། །དེ་བས་ན་རྡོ་རྗེ་འཆང་ཆེན་པོའི་ཆོས་རྣམས་ནི་རིམ་པ་གཉིས་མཉམ་པར་གནས་པ་ཞེས་གསུངས་སོ། །དེ་ལས་བསྐྱེད་པའི་ཆ་བཤད་དོ། །དེ་ནས་ནི་རྫོགས་པའི་ཆ་འཆད་དོ། །ཞེས་བྱ་བར་སྦྱར་རོ། །རིམ་པ་གཉིས་པོ་དེའང་དང་པོར་བསྐྱེད་པའི་རིམ་པ་བསྒོམས་ནས། དེ་བརྟན་པར་གྱུར་པ་དང༌། དེ་ནས་རྫོགས་པའི་རིམ་པ་བསྒོམ་ཞེས་བྱ་བའི་ལུགས་དང༌། ཐུན་སྟོད་ལ་བསྐྱེད་པའི་རིམ་པ་བསྒོམས་ནས། ཐུན་གྱི་མཇུག་རྫོགས་པའི་རིམ་པས་རྒྱས་འདེབས་པ་ཞེས་བྱ་བའི་ལུགས་གཉིས་པོ་འདི་ཡིན་གྱི། བསྐྱེད་པའི་རིམ་པ་མི་དགོས་པའམ་དཔའ་བོ་གཅིག་པ་ཙམ་བྱས་ཏེ། རྫོགས་པའི་རིམ་པ་བསམ་གྱིས་མི་ཁྱབ་པ་བསྒོམ་པའོ། །ཞེས་བྱ་བ་ནི་ལམ་ཅིག་ཅར་བའོ། །ཞེས་རྨོངས་པ་རྣམས་སྨྲ་བ་ལྟར་ནི་མ་ཡིན་ནོ། །རིམ་གྱིས་གོམས་པའི་དབང་གིས་སྔ་མའི་འབད་རྩོལ་རྣམས་འདོར་བ་ཡིན་ཏེ། འདི་ལ་འགལ་བ་ཅི་ཡོད། སློབ་དཔོན་འཕགས་པ་ན་གཱརྫུ་ནས། བསྐྱེད་པའི་རིམ་པ་ལེགས་གནས་ནས། །རྫོགས་པའི་རིམ་པ་འདོད་རྣམས་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། །ཞེས་བྱ་བ་དང༌། སློབ་དཔོན་ཌོམྦི་ཧེ་རུ་ཀའི་ཞལ་སྔ་ནས་ཀྱང༌། བློ་བཟང་དང་པོར་བསྐྱེད་པའི་རིམ་པ་བསྒོམ་པར་བྱེད་དང་ཕན་པའི་ཕྱག་རྒྱ་དང༌། །སྔགས་ནི་རྣམ་དག་གུག་སྐྱེད་གོ་ཆ་ཐམས་ཅད་ངེས་པར་དྲན་པ་འབྲལ་མི་བྱ། །ཕྱི་ནས་བློ་བཟང་རངས་ཤིང་སྐད་ཅིག་རྒྱུན་དུ་དེ་ཉིད་གཅིག་གིས་སེམས་དང་ལྡན། །རྫོགས་པའི་རིམ་པ་བསྒོམ་པ་སྲིད་པ་ལས་བྱུང་ལྷན་ཅིག་སྐྱེས་པ་རྟག་ཏུ་བསམ། །ཞེས་གསུངས་པ་ལྟ་བུའོ། །དེ་ལ་སྤྱིར་རྫོགས་པའི་རིམ་པ་བསྒོམ་པའི་ཚུལ་ཐམས་ཅད་མཁྱེན་པས་རྒྱུད་སྡེ་རྣམས་སུ་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་ཀྱང༌། རྒྱུད་འདིར་ལུས་ལ་ཡེ་ཤེས་གནས་ཞེས་གསུངས་པ་དེ་ལ། རྟེན་ལུས་ལ་གནད་དུ་བསྣུན་པས་བརྟེན་པ་སེམས་ལ་གནད་དུ་བསྣུན་པ་ཞེས་བྱ་བ་ཐབས་ཟབ་མོའི་ལམ་འདི་གསུངས་སོ། །རྫོགས་པའི་རིམ་པ་འདི་ལ་ཡང་གཉིས་ཏེ། བསྒོམ་པའི་ཚུལ་དངོས་དང༌། དེ་གདོན་མི་ཟ་བར་སྒོམས་པར་གདམས་པའོ། །དང་པོ་ལ་གཉིས་ཏེ། ལྷན་ཅིག་སྐྱེས་པ་བསྒོམ་པའི་ཚུལ་དང༌། རང་བཞིན་ལྷན་ཅིག་སྐྱེས་པ་བསྒོམ་པའི་ཚུལ་ལོ། །དང་པོ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི་སྔར་བསྐྱེད་པའི་སྐབས་སུ་བསྟན་པའི་ཤླཽ་ཀ་གཅིག་པོ་དེ་རྫོགས་པའི་རིམ་པར་ཡང་འགྱུར་རོ་ཞེས་སྟོན་པ་ནི། ནམ་མཁའི་ཁམས་ནི་པདྨ་ལ་སྟེ། ཕྱག་རྒྱ་ལྔ་སྤྱན་ལ་སོགས་པར་བསྐྱེད་པའི་པདྨ་ནི་བུ་ག་ནམ་མཁའོ། །བྷ་ག་ནི་རྟོག་པ་བཅོམ་ཞིང་བདེ་ཆེན་གྱི་སྐལ་བ་དང་ལྡན་པ་སྟེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ། །དབུས་སུ་རྣམ་པར་བསྒོམ་པར་བྱ། །ཞེས་བྱ་བ་ལ། དབུས་ནི་དེ་གཉིས་ཀྱི་དབུས་ཏེ། པདྨས་མཚོན་ནས་རྡོ་རྗེའང་སྟེ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ལ། དེ་ནས་ཡེ་ཤེས་མ་སྐྱེས་པ་སྐྱེ་པ་དེའི་བར་ནི་དབུས་སོ། །དེར་བསྒོམ་པ་ཞེས་བྱ་བ་སྙོམས་འཇུག་སྟེ། བསྲུབ་པ་དང་སྲུབ་པའི་སྦྱོར་བ་ལ་སོགས་པ་བླ་མའི་མན་ངག་ཇི་ལྟ་བ་བཞིན་ནོ། །དེ་ལས་ཅི་འབྱུང་ན་སྔར་བསྟན་པའི་བྷ་ག་ཞེས་བྱ་བའོ། །དེ་ཉིད་ཆོས་བཞི་ལྡན་དུ་བསྟན་པའི་ཕྱིར་དེའི་བདེ་བ་ལ་སོགས་པ་སྟེ། ལྷ་ཞེས་བྱ་བ་བྱང་ཆུབ་སེམས། །ཇི་ལྟར་འབྱུང་བ་ཁུ་བ་ཡིན། །ཞེས་བྱ་བ་ནི་ཁུ་བའི་བདག་ཉིད་ཅན་ཏེ་རྟེན་ནོ། །དེ་ལས་བྱུང་བ་བརྟེན་པ་ཆོས་གསུམ་སྟེ། ཁུ་བ་ལ་བརྟེན་ཏེ་བདེ་བ་འབྱུང་བ་དེ་ནི་དེའི་བདེ་བ་འཁོར་ལོར་བརྗོད་དེ། རྣམ་པར་རྟོག་པ་གཅོད་པ་ཉིད་ཀྱི་ཕྱིར་རམ་ཡང་ན་དཀྱིལ་འཁོར་གྱི་འཁོར་ལོ་སྣང་བ་ཉིད་ཀྱི་ཕྱིར་ཏེ་ཕྱི་མའི་གཉིས་པ་ལས་འཆད་དོ། །བདེ་བ་དེ་ཉིད་རང་རིག་པ་གསལ་བའི་བདག་ཉིད་ཅན་དུ་སྐྱེ་བ་ནི་ཅི་རིགས་པ་ནི་རང་རིག་ཉིད་དེ། མ་འཁྲུལ་བ་ཉིད་ཀྱིས་ནི་ཅི་རིགས་པའམ་རིམ་པ་ཇི་བཞིན་ཞེས་བྱའོ། །དེ་ཉིད་རྣམ་པར་མི་རྟོག་པ་བདག་ཉིད་དུ་སྟོན་པ་ནི་སྔར་བསྟན་པའི་བྷ་ག་ཞེས་བྱ་བ་ཉིད་ཀྱིས་བསྟན་ཏོ། །དེ་ལྟར་ན་ཆོས་བཞི་པོ་སྟེ། རྟེན་དང་བརྟེན་པ་ཞུ་བདེའི་བདག་ཉིད་ཅན་འབྱུང་ཞེས་བྱ་བའི་དོན་ཏོ། །མདོར་བསྡུ་ན་དཀྱིལ་འཁོར་གསུམ་མངོན་དུ་བྱེད་པའི་ཐབས་དང་བཅས་པ་སྟེ། ནམ་མཁའི་ཁམས་ཀྱིས་ལུས་ཀྱི་དཀྱིལ་འཁོར་དང་བྷ་གའི་དཀྱིལ་འཁོར་འཆད་དོ། །ཆོས་བཞི་པོས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་རོ། །བསྒོམས་པས་དེ་མངོན་དུ་བྱེད་པའི་ཐབས་བསྟན་ཏོ། །དེ་དག་རྒྱས་པར་འཆད་པ་ལས། དང་པོར་བྷ་ག་ཞེས་བྱ་བ་ལ་སོགས་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་རྒྱས་པར་འཆད་དེ། དེ་ནི་ལྷན་སྐྱེས་ཀྱི་མཚན་ཉིད་ཅེས་བྱའོ། །དེ་ནས་ནི་དེ་མངོན་དུ་འགྱུར་བའི་རྒྱུ་སྟེ་བསྒོམ་པ་ཞེས་བྱ་བའི་དོན་རྒྱས་པར་འཆད་དོ། །དེ་ནས་ཡེ་ཤེས་མངོན་ཏུ་གྱུར་ནས་ཉམས་སུ་བླང་བའི་ཚུལ་རྒྱས་པར་འཆད་དོ། །དང་པོ་ལ་གཉིས་ཏེ། ལྷན་ཅིག་སྐྱེས་པའི་དབྱེ་བ་དང༌། དེའི་བདག་ཉིད་དུ་གྱུར་པའི་དགའ་བའི་རབ་ཏུ་དབྱེ་བའོ། །དང་པོ་ནི་ལྷན་ཅིག་སྐྱེས་པ་རྣམ་པ་གཉིས་ཞེས་སྨོས་ཏེ། སྔར་བསྟན་པའི་ཚུལ་གྱིས་ན་ཞུ་བདེ་ཞེས་བྱ་བའི་དོན་ཏོ། །འདི་ཡར་སྦྱར་དུ་རུང་ངོ༌། །དེ་ལྟ་བུའི་ལྷན་ཅིག་སྐྱེས་པ་དེ་རྣམ་པ་བཞིར་དབྱེ་བ་བསྟན་པའི་ཕྱིར་རེ་ཞིག་ཅེས་བྱ་བ་ལ་སོགས་པ་སྟེ། དེ་ལྟ་བུའི་ཞུ་བདེ་དེ་ནི་ཐབས་དང་ཤེས་རབ་མ་གཏོགས་པར་ནི་མི་འབྱུང་ངོ༌། །དེ་བས་ན་གང་ཟག་གཉིས་ཀྱི་དབྱེ་བས། ལྷན་སྐྱེས་ཀྱང་ཐབས་ཀྱི་རྒྱུད་ལ་སྐྱེས་པ་དང༌། ཤེས་རབ་ཀྱི་རྒྱུད་ལ་སྐྱེས་པ་ཞེས་བྱ་བ་གཉིས་སུ་འགྱུར་ཞེས་བྱ་བར་དགོངས་སོ། །རང་གི་ངོ་བོ་དེའང་རྣམ་པ་གཉིས་ཏེ། ཀུན་རྫོབ་ཅེས་པ་རགས་ཤིང་རྟོགས་སླ་བའི་ཕྱིར་རམ། དེ་ལ་བརྟེན་ནས་རྟོགས་པའི་ཐབས་སུ་གྱུར་པའི་ཕྱིར་ཞུ་བའོ། །དོན་དམ་ནི་རྟོགས་དཀའ་བའི་ཕྱིར་རམ་ཐབས་ལས་བྱུང་བའི་ཕྱིར་རམ། མྱོང་བས་དམ་པར་བྱ་བའི་ཕྱིར་དོན་དམ་སྟེ་བདེ་བའོ། །རེ་ཞིག་ཅེས་བྱ་བ་ལ་སོགས་པས་ནི་དེ་བས་ན་དབྱེ་བ་བཞི་ཞེས་བྱ་བར་དགོངས་སོ། །དོན་བསྡུས་པ་ནི་དེ་ཉིད་ཕྱིར་ན་ཞེས་བྱ་བ་ལ་སོགས་པའོ། །ལྷན་ཅིག་སྐྱེས་པའི་དགའ་བ་ཉིད་ལ་དེ་ལྟར་བཞིར་དབྱེ་བའོ། །དེ་ལྟར་བཞིར་གང་ལས་དབྱེ་ཞེ་ན། སྐྱེ་མེད་རིམ་པའི་ཕྱོགས་ལ་ཞེས་བྱ་བ་སྟེ། རྫོགས་པའི་རིམ་པ་དངོས་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡིན་ལ་དེ་ལ་ནི་དབྱེ་བ་མེད་དོ། །ཕྱོགས་ཞེས་བྱ་བ་ནི་དེའི་ཁོངས་སུ་བསྡུ་བ་སྟེ། བསྐྱེད་རིམ་ལ་ལྟོས་ནས་ཡེ་ཤེས་དེ་བསྐྱེད་པའི་ཕྱོགས་སུ་བསྡུ་བ་སྟེ། ཐབས་དང་ཤེས་རབ་ཀྱི་འདུ་འཕྲོད་ལས་བྱུང་བ་གང་ཡིན་པ་དེ་ལ་དབྱེ་ཞེས་བྱ་བར་དགོངས་སོ། །དེ་བས་ན་ལྷན་སྐྱེས་ཀྱི་དབྱེ་བ་འདི་བསྐྱེད་རིམ་ལ་མེད་དོ་ཞེས་བྱ་བའོ། །དཔེ་ཁ་ཅིག་ལས་བསྐྱེད་པའི་རིམ་པའི་ཕྱོགས་ལ་ནི། ཞེས་བྱ་བ་འབྱུང་ངོ༌། །དེ་ལྟར་ན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བསྐྱེད་པའི་ཕྱོགས་ཏེ། རྒྱུ་ལ་དབྱེ་བ་ཞེས་བྱ་བའམ། ཡང་ན་ཅི་ལྷན་སྐྱེས་ལ་བཞི་ཞེས་བྱ་བ་འདི་དང༌། དགའ་བ་རྣམས་ཀྱི་བཞི་པོ་ཞེས་བྱ་བ་འདི་མི་འགལ་ལམ་སྙམ་ན། དགའ་བ་བཞི་པོ་ནི་བསྐྱེད་པའི་རིམ་པའི་ཕྱོགས་ལ་ཞེས་བྱ་སྟེ། དེ་ནི་རྒྱུར་གྱུར་པ་ཡིན་ལ། རྫོགས་པ་ལ་ནི་ལྷན་སྐྱེས་ཉིད་བཞི་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དེ་ལྟ་བུའི་ལྷན་སྐྱེས་ཉིད་གང་དུ་ནི་སྐྱེ་ཇི་ལྟ་བུ་ཞིག་ཅེས་དེ་བསལ་བའི་ཕྱིར། དེའི་བདག་ཉིད་དུ་གྱུར་པའི་དགའ་བའི་དབྱེ་བ་བསྟན་པར་བྱའོ། །དེ་ལ་གཉིས་ཏེ། དགའ་བའི་དབྱེ་བ་དངོས་དང༌། ལྷན་སྐྱེས་བྱེ་བྲག་ཏུ་གཏན་ལ་དབབ་པའོ། །དང་པོ་ལ་བཞི་སྟེ། དཔེའི་སྒོ་ནས་གཏན་ལ་དབབ་པ་ནི་དགའ་བ་དང་པོ་ཞེས་བྱ་བ་ལ་སོགས་པ་སྟེ། འདིས་དེ་རྣམས་ལ་བརྟེན་ཏེ་ལྷན་སྐྱེས་རྟོགས་པར་བསྟན་ཏོ། །གཉིས་པ་ནི་ཉམས་སུ་མྱོང་བའི་སྒོ་ནས་གཏན་ལ་དབབ་པ་ནི། དགའ་བའི་བདེ་བ་ཅུང་ཟད་དེ་ཞེས་བྱ་བ་ལ་སོགས་པ་སྟེ། འདིས་ལྷན་སྐྱེས་དེ་བདེ་སྟོང་ཟུང་དུ་ཆུད་པར་བསྟན་ཏོ། །གསུམ་པ་རྣམ་རྟོག་གི་སྒོ་ནས་གཞག་པ་ནི། དང་པོ་རེག་པར་འདོད་པ་དང༌། །ཞེས་བྱ་བ་ལ་སོགས་པ་སྟེ་འདིས་རྣམ་པར་མི་རྟོག་པར་བསྟན་ཏོ། །མཚན་ཉིད་ཀྱི་སྒོ་ནས་གཞག་པ་ནི་མཆོག་ཏུ་དགའ་བ་ཞེས་བྱ་བ་ལ་སོགས་པ་སྟེ། འདིས་ལྷན་སྐྱེས་མཐའ་ཐམས་ཅད་དང་བྲལ་བར་བསྟན་ཏོ། །དེ་ལྟར་དགའ་བ་གསུམ་ལས་མཆོག་ཏུ་གྱུར་པའི་ལྷན་སྐྱེས་ཉིད་གཏན་ལ་དབབ་པ་ནི་འདོད་ཆགས་མེད་ཅིང་ཞེས་བྱ་བ་ལ་སོགས་པ་སྟེ། དཔལ་ཁ་སྦྱོར་ལས་ཀྱང༌། འདོད་ཆགས་ཉིད་དང་ཆགས་བྲལ་དག །འདྲེས་པར་གྱུར་པ་རྙོག་པ་མེད། །དེ་བཞིན་ཆགས་དང་ཆགས་བྲལ་གྱིས། །སྐད་ཅིག་གཅིག་ལ་རོ་གཅིག་འགྱུར། །ཞེས་གསུངས་པ་ལྟ་བུ་སྟེ། སྤྲོས་པ་དང་བྲལ་ཞེས་བྱ་བའི་དོན་ཏོ། །དེས་ན་ཡང་དག་དེ་ཉིད་སྣང་བ་པོ་སྟེ། དངོས་པོ་ཐམས་ཅད་ཀྱི་གནས་ལུགས་ཇི་ལྟ་བ་བཞིན་རྟོགས་པ་སངས་རྒྱས་ཀྱི་ཡེ་ཤེས་སུ་རྣལ་འབྱོར་པ་ལ་ངེས་པ་སྐྱེ་བའོ། །ཞེས་བྱ་བའི་དོན་ཏོ། །འདི་དག་གིས་ནི་སློབ་དཔོན་ཁ་ཅིག་དགའ་བ་གསུམ་པར་འདོད་པ་དང༌། ཡེ་ཤེས་ལ་ལོག་པར་རྟོག་པའང་བསལ་ཏེ་རྒྱས་པར་གཞན་དུ་གོ་བར་བྱའོ། །དེ་ལྟ་བུའི་ཡེ་ཤེས་དེ་མངོན་དུ་འགྱུར་བའི་ཐབས་སྙོམས་འཇུག་རྒྱས་པར་བཤད་པ་ནི་གཞན་གྱིས་ཞེས་བྱ་བ་ལ་སོགས་པའོ། །དོན་ནི་ཅི་ལྷན་ཅིག་སྐྱེས་པ་དེ་ཚིག་གིས་བསྟན་པ་ཙམ་གྱིས་རྟོགས་པ་ཡིན་ནམ་ཞེ་ན། ལྷན་ཅིག་སྐྱེས་པ་དེ། གཞན་གྱིས་བརྗོད་པ་ཙམ་གྱིས་གང་དུའང་ནི་རྙེད་པ་མིན་ཏེ། དེ་བརྗོད་དུ་མི་ནུས་པའི་ཕྱིར་རོ། །ཤེས་རབ་ཀྱི་ཕྲིན་ཡིག་ལས། དེ་འདི་ཡིན་ཞེས་དེ་ཉིད་དེ། །རྒྱལ་བ་ཡིས་ཀྱང་བརྗོད་མི་ནུས། །ཞེས་གསུངས་པ་ལྟ་བུའོ། །འོ་ན་གང་ལས་རྟོགས་པར་ནུས་སྙམ་པ་ལ། བླ་མའི་དུས་ཐབས་བསྟན་པ་དང༌། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་སྨོས་ཏེ། བླ་མ་ནི་བརྒྱུད་པ་བར་མ་ཆད་པའི་ཡང་དག་པའི་གདམས་ངག་དང་ལྡན་པའོ། །དུས་ཞེས་པ་ནི་བླ་མའི་གདམས་ངག་གནང་བའི་དུས་ཏེ། ཇི་ལྟར་ཆོ་ག་ལས་འབྱུང་བ་བཞིན་གནས་ཏེ། རྩ་དང་སྐད་ཅིག་གི་དབྱེ་བ་ལ་སོགས་པ་རྣམས་སོ། །ཐབས་བསྟན་པ་ཞེས་པ་ནི་བླ་མས་གནང་བ་ཙམ་གྱིས་མ་ཡིན་ཏེ། བླ་མས་ཇི་ལྟར་ལུང་ཕོག་པ་བཞིན་བྱང་ཆུབ་ཀྱི་སེམས་བསྒྲུབ་པའི་རིམ་གྲོ་དང་རླུང་ལ་སོགས་པ་ནས་སྐད་ཅིག་གི་དབྱེ་བའི་བར་ཉམས་སུ་བླངས་པའོ། །དེའང་བདག་གི་བསོད་ནམས་ལས་ཤེས་བྱ་སྟེ། སྐྱེ་བ་སྔ་མ་ལ་གོམས་པའང་ཡིན་མོད་ཀྱི། གསང་སྔགས་ཀྱི་ལུགས་ཀྱིས་སྐྱེ་བ་འདི་ཉིད་ལ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང༌། མཆོད་པ་ལ་སོགས་པ་དང༌། འཁོར་བ་པ་ཐམས་ཅད་རྩ་ལྟ་བུར་མཐོང་བ་དང༌། དམ་ཚིག་གི་ཚོགས་བསྐྱང་བ་དང༌། བླ་མ་ལ་མི་ཕྱེད་པའི་དད་པ་དང༌། ལྷའི་འཁོར་ལོའི་རྣལ་འབྱོར་ལ་གནས་པ་དང༌། སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བ་དང༌། རྣམ་པར་མི་རྟོག་པ་ཉིད་ལ་དད་པ་བརྟན་པོ་ལ་གནས་པ་ཞེས་བྱ་བ་དང་ལྡན་པ་ཡིན་ནོ། །དེ་ལྟ་བུ་དང་ལྡན་ན་ཤེས་པར་འགྱུར་ཞེས་བྱའོ། །དེ་ལྟར་ཤེས་ནས་ཀྱང་རྣལ་འབྱོར་པས་དེ་ཉིད་ཀྱིས་ཆོག་པར་འཛིན་པར་མི་བྱ། སླར་སྦྱང་ཞིང་གོམས་པར་བྱའོ། །ཞེས་བྱ་བ་སྟེ་འོག་ནས་ཀྱང་ཤེས་པར་ནུས་སོ། །དེ་ལྟར་མ་རྟོགས་པའི་རྣལ་འབྱོར་པ་འདིས་ཀྱང་རྒྱ་ཆེ་བའི་བསྒོམ་པ་ཡོད་པ་མིན་ཏེ། བསྐྱེད་པའི་རིམ་པ་བས་ནི་མ་ལུས་པའི་ཡུལ་རྣམས་བསྒོམ་པར་བྱས་སོ་སྙམ་པ་ལ། རྫོགས་པའི་རིམ་པ་རྟོགས་པའི་རྣལ་འབྱོར་པས་ཀྱང་དེ་བཞིན་ནོ་ཞེས་བསྟན་པའི་ཕྱིར་དམན་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་ལ་བཞི་སྟེ། གང་དག་ཇི་ལྟར་བསྒོམ་པ་དང༌། དེ་ལྟར་བསྒོམ་པའི་འཐད་པ་དང༌། བསྒོམ་པའི་དགོས་པའམ་ཕན་ཡོན་དང༌། བསྒོམ་པའི་ཚུལ་ལོ། །དང་པོ་ནི་དམན་པ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་མདོར་བསྟན་ཏོ། །དེ་ནས་ཚིགས་བཅད་གསུམ་གྱིས་རྒྱས་པར་འཆད་དོ། །དོན་ནི་བདག་གི་རྟོགས་པའི་ཡེ་ཤེས་ཀྱིས་ཡུལ་ཐམས་ཅད་ཁ་དོག་བསྒྱུར་ལ་བསྒོམ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བསྒོམ་པའི་འཐད་པ་ནི་ང་ལས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་སྣང་བ་ཐམས་ཅད་ཐ་དད་ཅིག་ཡོད་ན་མི་འགྱུར་ཡང་ཐམས་ཅད་ཡེ་ཤེས་དེའི་ངོ་བོར་འགྱུར་བ་ནི་ང་ལས་བྱུང་བའི་ཕྱིར་ཏེ། རང་གི་སེམས་ལས་མ་གཏོགས་པའི་སྣང་བ་གང་ཡང་མེད་པ་ཡིན་ན། དེ་བས་ན་རང་གི་སེམས་གཉིས་སུ་མེད་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་གྱུར་ན་སྣང་བ་ཐམས་ཅད་དེའི་ངོ་བོར་ཅིའི་ཕྱིར་མི་འགྱུར་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བསྒོམ་པའི་དགོས་པ་ནི། དེ་ལྟར་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གསུངས་ཏེ། སྔ་མས་ནི་བསོད་ནམས་ཆུང་བས་ཀྱང་འགྲུབ་པར་བསྟན་ལ། ཕྱི་མས་ནི་དུས་ངེས་པ་མེད་པར་རྒྱུན་དུ་བསྒོམས་ན་འགྲུབ་པར་བསྟན་ཏོ། །དེ་ལྟར་རང་སེམས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བསྒོམ་པ་དེ་ཅི་ཆེད་དུ་དམིགས་ཤིང་བསྒོམ་པའམ། དེ་ལྟ་བུ་མ་ཡིན་ཞེས་སྙམ་པ་ལ། དེའི་དོགས་པ་བསལ་བའི་ཕྱིར། །གང་ཕྱིར་ཡིད་ཀྱིས་མི་བསྒོམ་པར། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདིས་ནི་རང་བྱིན་གྱིས་བརླབ་པའི་རིམ་པ་དམིགས་པ་མེད་པ་བསམ་མི་ཁྱབ་བསྒོམ་པ་ལས་དང་པོ་པས་ཀྱང་བློ་སྦྱང་བ་ཞེས་བྱ་བར་འགྱུར་རོ་ཞེས་བླ་མ་རྣམས་གསུང་ངོ༌། །གཙོ་བོའི་དོན་ནི་སྔ་མ་ལས་འབྱུང་བ་ཞེས་བྱ་བ་ཡིན་ནོ། །འདི་ལ་གསུམ་སྟེ། ཇི་ལྟར་

རྗེས་མ། >>

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

 

Be the first to comment

Leave a Reply

Your email address will not be published.


*