བསྒོམ་པ་དངོས་དང༌། དེ་བསྒོམས་པས་དངོས་པོ་ཐམས་ཅད་བསྒོམ་པར་འགྱུར་བར་བསྟན་པ་དང༌། དེ་ལ་ཀླན་ཀ་ངན་པ་སྤང་བའོ། །དེ་ལ་དང་པོ་ནི་དོན་འདི་ཡིན་ཏེ། དེ་ལ་སྤྱིར་ན་དངོས་པོ་ཐམས་ཅད་ཀྱི་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་ནི་མཐའ་ཐམས་ཅད་དང་བྲལ་བ་ཅིའི་ངོ་བོར་ཡང་མ་གྲུབ་སྟེ་དེ་ཁོ་ན་ཉིད་ཀྱི་ལེའུར་བསྟན་ཏོ། །དེ་ལ་སྒྲོ་འདོགས་བཅད་དེ་ཤེས་པ་ཙམ་གྱིས་མི་ཕན་ཏེ་བསྒོམ་དགོས་སོ། །བསྒོམ་པ་དེའང་དེ་དང་འདྲ་བར་བསྒོམས་པས་རྟོགས་པར་འགྱུར་གྱི་མི་འདྲ་བས་ནི་མ་ཡིན་ནོ། །དེ་ལ་དཀྱིལ་འཁོར་འཁོར་ལོ་དང་ཙཎྜཱ་ལཱི་ལ་སོགས་པའི་ཐབས་དངོས་དེ་དང་མི་འདྲ། དེ་ལས་བྱུང་བའི་ཡེ་ཤེས་དེ་དང་འདྲ་བས་མཐུན་པའི་དོན་དམ་པ་ཞེས་བྱ་བ་སྟེ་འདི་ཉམས་སུ་བླང་བར་བྱ་བའོ། །རང་བྱིན་བརླབ་དམིགས་མེད་ཀྱང་མཐུན་པའོ། །དེ་ལྟར་མཐུན་པའི་ཕྱིར་བསྒོམ་པ་འདིའང་མཐའ་ཐམས་ཅད་དང་བྲལ་བར་བསྒོམ་པར་བྱའོ། །དེ་ནི་དཔལ་ཁ་སྦྱོར་ལས་ཀྱང༌། སྟོང་པ་བསྒོམ་པར་མི་བྱ་སྟེ། །སྟོང་མིན་བསྒོམ་པར་མི་བྱའོ། །སྟོང་པ་མི་སྤང་རྣལ་འབྱོར་པས། །སྟོང་མིན་ཡོངས་སུ་མི་སྤང་ངོ༌། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བས་ན་གང་ཕྱིར་ཡིད་ཀྱིས་མི་བསྒོམ་པར་ཞེས་བྱ་བའོ། །དམིགས་པ་མེད་པའི་བསྒོམ་པ་ཉིད་ནི། སློབ་དཔོན་ཀླུ་སྒྲུབ་ཀྱིས་གསུངས་པ། དམིགས་པ་མེད་པའི་སེམས་སུ་ནི། །གནས་པ་ནམ་མཁའི་མཚན་ཉིད་ཡིན། །ནམ་མཁའ་བསྒོམ་པ་དེ་ཉིད་ནི། །སྟོང་ཉིད་བསྒོམ་པར་བཞེད་པ་ཡིན། །ཞེས་གསུངས་ཏེ། སེམས་དང་སེམས་བྱུང་གི་འཇུག་པ་ཞི་བར་བྱས་པ་ཞེས་བྱ་བའི་དོན་ཏོ། །འདི་ལ་ལས་དང་པོ་པས་གཟུགས་ལ་ཡེ་ཤེས་ངོས་གཟུང་བ་དང༌། རྩོལ་བ་ཀློད་པ་ལ་སོགས་པ་ནི་བླ་མའི་མན་ངག་གོ །དེ་ལྟ་བུ་དེས་ནི་འགྲོ་བ་ཐམས་ཅད་དེའི་ངང་དུ་ཐིམ་པ་ཉིད་ཀྱིས་མི་བསྒོམ་པ་ཉིད་བསྒོམ་པར་བྱ་ཞེས་སོ། །དེ་ནི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་དེ། དེ་ཡོངས་སུ་ཤེས་ན་བསྒོམ་པ་ཞེས་བྱའི་དེ་ལས་གཞན་ཆེད་དུ་གཏད་པ་ནི་བསྒོམ་པ་མིན་ཞེས་བྱ་བའི་དོན་ཏོ། །ཅི་རང་གི་སེམས་སྤྲོས་པ་དང་བྲལ་བར་གཞག་ཀྱང་ཐམས་ཅད་ཀྱི་ཆོས་ཉིད་ཤེས་པར་མི་འགྱུར་ཏེ། ཡུལ་སྣང་བ་སྣ་ཚོགས་དང་དེའི་ཆོས་ཉིད་ལོགས་སུ་ཡོད་དོ་སྙམ་པ་ལ། ཐ་དད་ཅིག་ཡོད་ན་ལྟ་དེ་དེ་ལྟར་འགྱུར་ཡང༌། སྣང་བ་སྣ་ཚོགས་ཀྱང་རང་ཉིད་དེའི་ཆོས་ཉིད་ཀྱང་རང་ཉིད་ཡིན་ནོ། །དེ་བས་ན་སྔར་ང་ལས་བྱུང་ཞེས་སྨྲས་སོ། །དེ་ཕྱིར་དེ་བསྒོམས་པས་དངོས་པོ་ཐམས་ཅད་བསྒོམ་པར་འགྱུར་བར་བསྟན་པ་ནི་བརྟན་པ་དང་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་རྩོད་པ་སྤང་བ་ནི། གལ་ཏེ་དེ་ལྟར་དངོས་པོ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རང་གི་སེམས་ཉིད་སྤྲོས་པ་དང་བྲལ་བར་བསྒོམ་པ་དེ་དངོས་པོ་ཐམས་ཅད་ཀྱི་དེ་ཉིད་ཡིན་ནས་བསྒོམ་མམ། མིན་ཡང་བསྒོམ། མིན་ན་ནི་སྤྲང་པོ་རྒྱལ་པོར་རློམ་པ་དང་འདྲ་ལ། ཡིན་ན་འབད་པ་མེད་པར་གྲོལ་བར་འགྱུར་རོ་ཞེ་ན། མིན་ནས་མི་བསྒོམ་པར་སྐྱོན་དང་པོ་མེད་ལ། ཡིན་ནས་བསྒོམ་ཡང་འབད་པ་མེད་པར་གྲོལ་བར་མི་འགྱུར་ཏེ་མ་རྟོགས་པའི་ཕྱིར་རོ་ཞེས་སྟོན་པ་ནི། དེ་རྣམས་དམ་པ་གཅིག་ཡོད་མིན། །ཞེས་བྱ་སྟེ། དེ་རྣམས་རང་རིག་བདེ་བ་ཆེན་པོ་ཉིད་ཡིན་ཡང་དམ་པ་སྟེ། དེ་རྟོགས་པ་གཅིག་ཀྱང་ཡོད་པ་མིན་ཏེ་ལམ་གོམས་པར་མ་བྱས་པ་རྣམས་ལ་ཞེས་དགོངས་སོ། །གོམས་ན་འགྲུབ་པར་འགྱུར་རོ་ཞེས་སྟོན་པ་ནི་རང་རིག་ནས་ཞེས་བྱ་བའོ། །དེ་ལྟར་ཡིན་ཡང་གདོད་མ་ནས་འཁོར་བ་ཉིད་དུ་མི་འཐད་དོ་ཞེས་རྒོལ་བའི་ལན་ནི་རང་གི་རིག་པའི་ཞེས་བྱ་བ་ལ་སོགས་པའོ། །སློབ་དཔོན་སྦྱང་དཀའ་ཟླ་བའིའོ། །ཡང་ན་སྔར་རྒོལ་བ་དེ་ལ་དངོས་པོ་ཐམས་ཅད་ཀྱི་ཆོས་ཉིད་ཡིན་ནོ་ཞེས་སྟོན་པ་ནི། དེ་རྣམས་གཅིག་སྟེ་གཞན་ཡོད་མིན། །རང་རིག་བདེ་བ་ཆེན་པོ་ཉིད། །ཅེས་བྱའོ། །འོ་ན་འབད་པ་མེད་པར་གྲོལ་ལོ་ཞེ་ན། རང་གིས་རིག་ན་བྱང་ཆུབ་འགྱུར། །ཞེས་རྟོགས་ན་དེ་ལྟར་བདེན་ཡང༌། མ་རྟོགས་པས་ནོངས་སོ། །དེ་བས་རྟོགས་པར་བྱ་བའི་ཕྱིར་རང་རིག་ཕྱིར་ན་བསྒོམ་པ་ཉིད་ཅེས་བྱའོ། །གལ་ཏེ་དེ་ལྟར་རང་ཉིད་ལས་གཞན་མ་ཡིན་ན་འཁོར་བ་ཉིད་དུ་འགྱུར་དུ་མི་རུང་ངོ་ཞེ་ན། འཁོར་བའི་རྩ་བ་ནི་ལས་ཡིན་ལ། ལས་དེ་ནི་རང་རིག་པ་ཉིད་འཕོ་བ་ལས་ལས་ཡིན་ནོ་ཞེས་སྟོན་པ་ནི་རང་གིས་རིག་པའི་འགྱུར་བ་དེ་ལས། ལས་དགེ་བ་དང་མི་དགེ་བ་སོག་གོ་ཞེས་བྱ་བའོ། །འོ་ན་ནི་ལས་དེ་རང་རིག་པ་ལས་བྱུང་ན་རྣལ་འབྱོར་པའང་ལས་རྣམ་པར་དག་པར་མི་འགྱུར་རོ་སྙམ་པ་ལ། མནན་པ་ལས་ནི་ལས་སྐྱེ་སྟེ། །ཞེས་གསུངས་ཏེ། ལས་དེ་ནི་མཚན་མ་དང་རྣམ་པར་རྟོག་པ་ལས་འབྱུང་བ་ཉིད་ཡིན་ན་རྣལ་འབྱོར་པ་རྟོག་པ་མེད་པ་ལ་ཅིའི་ཕྱིར་འབྱུང༌། དེ་ལྟར་འཕགས་པས་ཀྱང༌། ཀུན་རྫོབ་ཉོན་མོངས་ལས་ལས་འབྱུང༌། །ལས་ནི་སེམས་ལས་བྱུང་བ་ཡིན། །སེམས་ནི་བག་ཆགས་དག་གིས་བསགས། །བག་ཆགས་བྲལ་བ་བདེ་བ་ཡིན། །ཞེས་གསུངས་སོ། །སེམས་རྟོག་པ་མེད་པར་བྱེད་པ་དེ་ཉིད་གང་ཡིན་ན། རང་གིས་འཕྲོག་ཅིང་སྟེ། དེའང་རང་ཉིད་ཡིན་གྱིས་གཞན་མ་ཡིན་ནོ། །འཁོར་བ་རང་གིས་བྱེད་དོ། །དེ་ནས། རང་རིག་རྒྱལ་པོ་རང་གཙོ་བོ། །ཞེས་བྱ་སྟེ་འདི་ལས་བྱེད་པ་པོ་གཞན་མེད་ཅེས་བྱའོ། །སློབ་དཔོན་ཟླ་གྲགས་ཀྱིས་ཀྱང༌། རྟག་བདག་བྱེད་པོ་བཀག་པའི་ཕྱིར་ན་དེས། །ཀུན་རྫོབ་རྒྱལ་བས་སེམས་ཙམ་བྱེད་པོར་གསུངས། །ཞེས་གསུངས་སོ། །དེ་བས་ན་སེམས་འཁོར་བ་དང་མྱ་ངན་ལས་འདས་པ་ཞེས་གསུངས་ཏེ། ལུང་ནི་ཡི་གེ་མངས་པས་འཇིགས་པས་མ་སྤྲོས་སོ། །འདོད་ཆགས་ཞེས་བྱ་བ་ལ་སོགས་པ་ནི་རྣམ་བཤད་མཁན་པོས་དེ་ཉིད་ཀྱི་འཕྲོ་རུ་འཆད་དོ། །བླ་མ་རྣམས་ནི་དེ་ལྟར་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བསྟན་ནས་དེ་སྒོམས་ཤིག་ཅེས་རྗེས་སུ་གདམས་པར་མར་སྦྱར་ནས་གསུངས་སོ། །འདི་ལ་གསུམ་སྟེ། བསྒོམས་པའི་ཕན་ཡོན་གྱི་སྒོ་ནས་སྒོམས་པར་གདམས་པ་དང༌། མ་བསྒོམས་པའི་ཉེས་དམིགས་ཀྱི་སྒོ་ནས་སྒོམས་པར་གདམས་པ་དང༌། དེས་ན་རྒྱུན་ཏུ་སྒོམས་ཤིག་པར་གདམས་པའོ། །དང་པོ་ལ་གཉིས་ཏེ། སྤང་བྱས་ཟིལ་གྱིས་མི་གནོན་པར་བསྟན་པ་དང༌། ཐོབ་བྱ་ཐོབ་པར་བསྟན་པའོ། །དང་པོ་ནི་དེ་ལྟར་དེ་ཁོ་ན་ཉིད་རྟོགས་ཀྱང་སྤང་བྱས་ཟིལ་གྱིས་གནོན་པར་མི་འགྱུར་རམ། སྙམ་པ་ལ། མི་འགྱུར་ཞེས་སྟོན་པ་ནི་འདོད་ཆགས་ཞེས་བྱ་བ་ལ་སོགས་པ་སྟེ། ཉོན་མོངས་པ་ལྔ་ཉིད་དམ། ཡུལ་ལྔ་སྟེ་དེ་རྣམས་ཀྱིས་ཟིལ་གྱིས་མི་གནོན་ཞེས་བྱ་བའི་དོན་ཏོ། །ཐོབ་བྱ་ཐོབ་པའི་ཕན་ཡོན་ནི་ཆོས་འབྱུང་ཞེས་བྱ་བ་ལ་སོགས་པ་སྟེ། ཆོས་ནི་ཟག་པ་མེད་པ་རྣམ་པར་མི་རྟོག་པའོ། །དེ་གང་ལས་འབྱུང་བའི་གནས་ནི་པདྨའོ། །དེ་ལས་སྐྱེས་པའི་ཡེ་ཤེས་ཇི་ལྟ་བུ་ཞེས་ན་མཁའ་མཉམ་སྟེ་དེ་ནི་མི་རྟོག་པའོ། །དེ་གང་ལས་རྟོགས་ན་ལྷན་ཅིག་ཐབས་དང་བཅས་ཏེ། འདུ་ཤེས་གསུམ་དང༌། དབང་གིས་དགའ་བའི་དབྱེ་བ་ལ་སོགས་པས་སོ། །དེ་ལས་འབྲས་བུ་ནི་འཇིག་རྟེན་གསུམ་པོ་དེ་ལས་སྐྱེ་སྟེ། སྐུ་གསུམ་གྱི་བདག་ཉིད་དོ། །དེའི་རྒྱུ་མི་རྟོག་པ་འབའ་ཞིག་མ་ཡིན་ཏེ། ཟུང་དུ་ཆུད་པར་བསྟན་པ་ནི་ཐབས་དང་ཤེས་རབ་ཅེས་པའོ། །དེ་ཉིད་བཤད་པ་ནི་ཁུ་བའི་ཞེས་བྱ་བ་ལ་སོགས་པ་སྟེ་སྔར་བསྟན་པ་བཞིན་ནོ། །ཅི་དེ་ཉིད་བདེན་པ་ཡོད་དམ་སྙམ་པ་ལ། གཅིག་དང་དུ་མ་བྲལ་བ་དེ། །ཞེས་སོ། །དེ་དུས་ནམ་རྟོགས་སྙམ་པ་ལ། སྐད་ཅིག་ཅེས་བྱ་བའོ། །ཅི་ཞུ་བདེ་ཙམ་དེ་ཡེ་ཤེས་ཡིན་ནམ་སྙམ་པ་ལ། དེ་ནི་ཀུན་རྫོབ་ཀྱི་དབྱེ་བ་ཞེས་བྱ་བ་རྒྱུ་ཡིན་གྱི་ཡེ་ཤེས་དངོས་ནི་རང་རིག་ཅེས་བྱ་བ་ལ་སོགས་པའོ། །འདིས་ནི་སྔར་གྱི་དབྱེ་བ་དེས་ནི་ཐབས་དང་བཅས་ཞེས་བྱ་བ་རྒྱས་པར་བཤད་ལ། འདིས་ནི་མཁའ་མཉམ་ཞེས་བྱ་བ་རྒྱས་པར་བཤད་པར་འགྱུར་རོ། །དེ་གང་ལས་རྟོགས་ན། ངག་གིས་ནི་མི་རྟོགས་ཏེ་བྱིན་རླབས་ལས་རྟོགས་སོ་ཞེས་བྱ་བའི་དོན་ཏེ་བྱིན་རླབས་སྔ་མའི་ཐབས་སོ། །དེ་ལས་ཇི་ལྟ་བུ་ཞིག་འབྱུང་ན། ཀུན་མཁྱེན་ཡེ་ཤེས་དེ་ལྟ་བུ་སྟེ། སངས་རྒྱས་ཀྱི་ཡེ་ཤེས་དང་འདྲ་བ་སྐྱེ་ན་སྟེ། དེས་ན་སྐུ་གསུམ་འགྲུབ་པར་འགྱུར་ཞེས་བྱ་བའི་དོན་ཏོ། །འདིས་ནི་དཔེའི་ཡེ་ཤེས་སུ་བསྟན་ཏོ། །དེ་ལྟ་བུའི་ཡེ་ཤེས་ཀྱི་མཚན་ཉིད་བསྟན་པའམ། ཡང་ན་ཡེ་ཤེས་ཉམས་སུ་བླངས་པ་ལས་མཐོང་བའི་ཆོས་ལས་གྲུབ་པའི་ཕན་ཡོན་ནི་ས་དང་ཞེས་བྱ་བ་ལ་སོགས་པ་སྟེ། རྣམ་པར་མི་རྟོག་པར་གྱུར་པ་ལ་འགའ་ཡང་སྣང་བ་མེད་ཅེས་བྱ་བའམ། ཡང་ན་རྫུ་འཕྲུལ་ནུས་པ་ལའང་སློབ་དཔོན་ཁ་ཅིག་གསུང་ངོ༌། །དེ་བས་ན་དེ་ལྟར་བསྒོམས་ན་ཕན་ཡོན་ཡོད་པས་སྒོམས་ཞེས་བྱ་བའི་དོན་ཏོ། །མ་བསྒོམས་ན་ཉེས་པ་ཡོད་པའི་སྒོ་ནས། རྒྱུད་ཀྱི་ཆེ་བ་བཤད་པ་ནི་ཐམས་ཅད་རིག་བྱེད་ཅེས་བྱ་བ་ཚིགས་བཅད་གཉིས་ཏེ། རིག་བྱེད་ནི་མུ་སྟེགས་བྱེད་ཀྱི་གྲུབ་པའི་མཐའ་ཐམས་ཅད་ཀྱི་རྩ་བའོ། །གྲུབ་མཐའ་ནི་ཉན་ཐོས་ཀྱི་ལམ་དང་འབྲས་བུར་བཅས་པས་ན་གྲུབ་མཐའ་འམ། ཡང་སྲིད་པར་གྲུབ་པས་ན་གྲུབ་མཐའོ། །ལས་རྒྱས་ནི་དམན་པ་འཛིན་པའི་དོན་དུ་ཞི་བ་ལ་སོགས་པ་བསྟན་པའི་རྒྱུད་དེ། དེ་དག་གིས་ཀྱང་སྲིད་པ་དག་པའི་དངོས་གྲུབ་ཡིན་ཏེ་སྐྱེ་བ་འདི་ལའོ། །འོ་ན་ཕ་རོལ་དུའམ་ཞེ་ན། ཡང་སྲིད་མཐར་སྐྱེ་སྟེ་ལམ་དེས་གཏན་མིན་ཞེས་བྱ་བའི་དོན་ཏོ། །སློབ་དཔོན་ཁ་ཅིག་སྲིད་པ་དག་འགྱུར་ནི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་སྟེ་དེས་སྲིད་པ་དག་ཀྱང༌། ཡང་སྲིད་མཐར་སྐྱེ་སྟེ་ཡུན་རིང་དུ་འགོར་ཞེས་བྱ་བར་འཆད་དོ། །དེས་ན་ཀྱེའི་རྡོ་རྗེ་འདི་ཉིད་མཆོག་ཡིན་ཏེ། འདི་ལས་ལྷན་ཅིག་སྐྱེས་པ་གསལ་བར་བསྟན་པའི་ཕྱིར་རོ། །དེས་ན་གྲུབ་པར་འདོད་པས་རྒྱུན་མི་འཆད་པར་བསྒོམ་མོ། །ཞེས་བསྟན་པ་ནི་ཆུ་བོའི་རྒྱུན་ཞེས་བྱ་བ་ལ་སོགས་པ་སྟེ། ལས་དང་པོ་པས་ནི་མཉམ་པར་གཞག་པ་གཙོ་ཆེ་ལ། རྗེས་སྤྱོད་དུ་མོས་པའོ། །ཕྱི་ནས་ནི་བརྟན་པར་འགྱུར་དེ་བར་མ་ཆད་པའི་རྣལ་འབྱོར་ཏེ། བཤད་པའི་རྒྱུད་ལས། གཟུགས་རྣམས་ཐམས་ཅད་ལྟ་བ་དང༌། །སྒྲ་ནི་རྒྱས་པར་ཉན་པ་དང༌། །ལས་དེ་རྣམས་ནི་བྱེད་པ་ན། །སེམས་ནི་གཞན་དུ་མི་འགྲོ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་སོ། །ལེའུ་བརྒྱད་པ་རྣལ་འབྱོར་མའི་འཁོར་ལོ་འདུ་བ་ཚིགས་སུ་བཅད་པ་ལྔ་བཅུ་རྩ་དྲུག་གི་རྣམ་པར་བཤད་པའོ།། །།དེ་ནས་མཆོག་ཏུ་རྣམ་པར་དག་པའི་ལེའུ་བཤད་པར་བྱའོ་ཞེས་བྱ་བ་ལ། དེ་ནས་ནི་ལེའུ་བརྒྱད་པའི་རྗེས་ལའོ། །ཅིའི་ཕྱིར་དེའི་འོག་ཏུ་བསྟན་ཅེ་ན། དེ་ལྟར་བསྐྱེད་པ་དང་རྫོགས་པའི་བདག་ཉིད་ཅན་གྱི་རྣལ་འབྱོར་མའི་འཁོར་ལོ་བསྟན་ནས། དེའི་རྣམ་པར་དག་པ་རྟོགས་པར་བྱ་བའི་ཕྱིར་རམ། ལྷན་སྐྱེས་དེས་མི་མཐུན་པའི་ཕྱོགས་དག་པའི་ཕྱིར་རོ། །དེ་ལ་རྣམ་པར་དག་པ་ཞེས་བྱ་བ་ནི་སྐྱོན་མེད་པར་ཞེས་བྱ་བའི་དོན་ཏོ། །དེ་ལ་རང་བཞིན་གྱིས་སྐྱོན་མེད་པ་ནི་དེའི་ངོ་བོ་ཉིད་ཡིན་པའི་ཕྱིར་ན་དག་པ་སྟེ། རང་བཞིན་གྱིས་ནི་རྣམ་པར་དག །ཅེས་གསུངས་སོ། །ཡང་གློ་བུར་གྱི་དྲི་མ་འཁྲུད་པར་བྱེད་པ་ལའང་དག་པ་སྟེ། ལྷ་རྣམས་ཀྱིས་ནི་ཐ་མལ་པའི་དྲི་མའི་སྐྱོན་འཁྲུད་ལ། རྫོགས་པའི་རིམ་པ་རང་རིག་པས་ནི་ལྷར་ཞེན་པའི་སྐྱོན་ཡང་འཁྲུད་པར་བྱེད་པའི་ཕྱིར་རོ། །འོ་ན་ཕྱག་གི་དག་པ་སྟོང་པ་ཉིད་ཅེས་བྱ་བ་ལ་སོགས་པ་འདི་དྲི་མ་བཀྲུས་པ་མེད་དེ་རྟགས་ཙམ་ཡིན་པའི་ཕྱིར་རོ། །དེས་ན་དག་པ་མ་ཡིན་པར་འགྱུར་རོ་སྙམ་པ་ལ། འདིས་ཀྱང་དྲི་མ་བཀྲུས་པ་ཕྱག་དང་ཞབས་སུ་ཞེན་པའམ་སྟོང་པ་ལ་སོགས་པར་ཞེན་པའི་དྲི་མ་སྦྱངས་པ་ཉིད་དོ། །འོ་ན་འདི་ལྷར་ཞེན་པ་སྦྱོང་བས་རྫོགས་པའི་རིམ་པའི་དག་པ་མིན་ནམ་སྙམ་པ་ལ། མ་ཡིན་ཏེ་རྫོགས་པའི་རིམ་པའི་ནི་ཡེ་ཤེས་ཀྱིས་ཅིག་ཅར་དུ་སྦྱོང་བ་ཡིན་ལ། འདི་ནི་སོ་སོར་སྦྱོང་བས་བསྐྱེད་པའི་རིམ་པར་བསྡུའོ། །དེ་ལྟ་བུ་སྟོན་པའི་གཞུང་དུམ་བུ་ནི་ལེའུའོ། །དེ་བཤད་པར་བྱའོ། །ལེའུ་འདིའི་བརྗོད་པར་བྱ་བའི་དོན་ནི། དེ་བཞིན་ཉིད་ཀྱི་དག་པ་མོས་པར་བྱེད་པའི་ཆ་ནས་ཕ་རོལ་ཏུ་ཕྱིན་པ་སྤྱི་ཡིན་ལ། ལྷ་སོ་སོ་བསྐྱེད་པའི་རིམ་པ་སྤྱི་ཡིན་ནོ། །རང་རིག་པའི་དག་པ་ནི་ཐབས་གཉིས་ལས་བྱུང་བའི་ཡེ་ཤེས་ཏེ་སྦས་པའོ། །རྗོད་བྱེད་ཀྱི་སྒྲ་ཡན་ལག་གི་དོན་གྱིས་འཆད་དོ། །ལུས་རྣམ་པར་གཞག་པ་བཅུ་དྲུག་པོ་མཐའ་དག་གི་ཤུགས་ལས་བསྟན་པའམ་ཡང་ན་རྣལ་འབྱོར་མའི་དྲུག་གིས་བསྟན་ཏོ། །བཤད་པའི་རྒྱུད་སཾ་པུ་ཊའི་བརྟག་པ་ལྔ་པའི་གཉིས་པ་ལས་འཆད་དོ། །མངོན་པར་རྟོགས་པ་ནི་ཐབས་ཀྱི་རྒྱུད་ལས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བོ། །དེ་ལས་ཀྱང་དེ་བཞིན་ཉིད་ཀྱི་དག་པ་རྟོགས་པའི་ལྟ་བ་ཙམ། ལྷ་སོ་སོའི་དག་པ་བསྐྱེད་རིམ་རང་རིག་པའི་དག་པ་རྫོགས་རིམ་དང་འབྲེལ་ཏོ། །དེ་ལ་རྣམ་པར་འགྲེལ་པ་ཕལ་ཆེར་ནི་དག་པ་འདི་གཉིས་ཏེ་དེ་བཞིན་ཉིད་དང་ལྷ་སོ་སོའོ། །དེ་གཉིས་རྟོགས་པ་ཉིད་རང་རིག་པ་ཡིན་གྱི་དེ་ལས་ལོགས་ཤིག་པ་མེད་དོ། །དག་པ་གཉིས་པོ་དེ་ནི་རིམ་པ་གཉིས་པོ་ཉིད་དོ་ཞེས་གསུང་ངོ༌། །བདག་གི་རྗེ་བཙུན་གྱི་ཞལ་སྔ་ནས་དག་པ་གསུམ་ཡིན་ཏེ། རྒྱུའི་རྒྱུད་ལ་རང་བཞིན་གྱིས་གསུམ་ཉིད་ཡིན་པའི་ཕྱིར་དང༌། དེའི་མ་དག་པ་སྦྱོང་བར་བྱེད་པ་ལམ་དུ་གསུམ་ཡིན་པ་དང༌། འབྲས་བུ་སྐུ་གསུམ་ཡིན་པས་གསུམ་དུ་འགྱུར་རོ། །དེ་ལ་རྒྱུའི་རྒྱུད་ཀྱི་དེ་བཞིན་ཉིད་ཀྱི་དག་པ་ནི་ཆོས་ཐམས་ཅད་ཅིའི་ངོ་བོར་ཡང་མ་གྲུབ་པའོ། །རང་རིག་པའི་དག་པ་ནི་ཐམས་ཅད་རང་གི་སེམས་ཙམ་ཉིད་དོ། །ལྷ་སོ་སོའི་དག་པ་ནི་རྣམ་པ་ཐ་དད་དུ་སྣང་བ་ཉིད་ལྷའི་སྐུའི་ངོ་བོར་དག་པས་ན་དག་པའོ། །དེ་ལྟར་དག་པ་གསུམ་གྱིས་གློ་བུར་གྱི་དྲི་མ་སྦྱོང་བར་བྱེད་པ་ལམ་དུ་དག་པ་གསུམ་སྟེ། སྣང་བ་སྣ་ཚོགས་ལྷའི་སྐུ་དག་པའི་སྣང་བ་ཡིན་པ་ལ་མ་དག་པ་ཐ་མལ་པར་སྣང་བ་སྦྱོང་བའི་ཕྱིར་ལྷ་སོ་སོའི་དག་པའོ། །ཐམས་ཅད་རང་གི་སེམས་ཡིན་པ་ལས་ཐ་དད་འཛིན་པ་ནི་མ་དག་པ་སྟེ། དེ་སྦྱོང་བ་ནི་རྫོགས་པའི་རིམ་པའི་ཏིང་ངེ་འཛིན་ཏོ། །ཅིའི་ངོ་བོར་ཡང་མ་གྲུབ་པ་ཡིན་པ་ལ་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པར་མྱོང་བ་ནི་མ་དག་པ་སྟེ། དེ་སྦྱོང་བ་ནི་དེ་བཞིན་ཉིད་ཀྱི་དག་པའོ། །འོ་ན་དེ་བཞིན་ཉིད་ཀྱི་དག་པ་རྟོགས་པའི་ལྟ་བའི་ཡེ་ཤེས་ཚོགས་སྔོན་ལ་སོང་བ་དེ་མིན་ནམ། དེས་རྫོགས་རིམ་གྱི་ཉམས་ཇི་ལྟར་སྦྱང་ཡང་སྔ་མ་ཉིད་དུ་དེ་བཞིན་ཉིད་རྟོགས་ན་ཕྱིས་ལྷ་སོ་སོ་དང་རང་རིག་གི་དག་པ་དོན་མེད་དོ་སྙམ་ན། སྔར་རྟོགས་ན་དོན་མེད་པ་བདེན་མོད། དེ་བཞིན་ཉིད་རྣལ་མོ་མ་བྱའོ། །འོ་ན་རྟོགས་པའི་ལྟ་བའང་ཡེ་ཤེས་ཚོགས་མིན་ཞེས་བྱ་བ་མི་འགལ་ལམ་སྙམ་ན། དེ་ནི་ཆ་འདྲ་བ་ཙམ་ལ་བཞག་གོ །འོ་ན་རྫོགས་རིམ་ཡང་ཆ་འདྲ་བ་ཡིན་པས་དེའང་དེ་བཞིན་ཉིད་དུ་འགྱུར་རོ་ཞེ་ན། ཆ་འདྲ་བ་བདེན་ཡང་རྣལ་འབྱོར་པ་ནི་དཔེའི་ཡེ་ཤེས་ལ་དོན་གྱི་ཡེ་ཤེས་སུ་མྱོང་བས་ཞེན་ལ། རྟོགས་པས་ནི་མྱོང་ཞེན་ཐམས་ཅད་གཅོད་དོ། །ལྟ་བ་མེད་དོ། །རྣམ་པར་རྟོག་པ་མེད་དོ། །མེད་པ་མེད་དོ། །ཞེས་མོས་པར་བྱས་པ་ཙམ་གྱི་ཕྱིར་ཆ་འདྲའོ། །གལ་ཏེ་འདི་གཉི་གའང་རྫོགས་པའི་རིམ་པའི་དེ་བཞིན་ཉིད་དུ་ཆ་འདྲ་བས་འདུས་པའི་ཕྱིར་དག་པ་གཉིས་སུ་འགྱུར་སྙམ་ན། ཐམས་ཅད་དེ་བཞིན་ཉིད་དུ་འདུས་པས་དག་པ་གཅིག་ཏུ་འགྱུར། ཀུན་རྫོབ་ཏུ་གཟུགས་ལ་སོགས་པ་སྦྱོང་བས་དག་པ་གཉིས་མི་འགལ་ན། ཀུན་རྫོབ་ཏུ་དེ་བཞིན་ཉིད་ལས་ལོགས་སུ་སེམས་མྱོང་བས་གསུམ་དུའང་མི་འགལ་ལོ། །དག་པ་མཐར་ཕྱིན་པ་ནའང་གསུམ་དུ་འགྱུར་ཏེ། དེ་བཞིན་ཉིད་ལས་ནི་ཆོས་ཀྱི་སྐུའོ། །རང་རིག་པ་ལས་ནི་ལོངས་སྤྱོད་རྫོགས་པའོ། །ལྷ་སོ་སོ་ལས་ནི་སྤྲུལ་པའི་སྐུའོ། །ཡང་ན་དེ་བཞིན་ཉིད་ནི་དབྱིངས་ཡིན་ལ། རང་རིག་པ་ནི་ཡེ་ཤེས་ཡིན་པས། དེ་གཉིས་ལས་ལྷ་སོ་སོའི་གཟུགས་ཀྱི་སྐུ་འབྱུང་བའོ། །ཞེས་བྱའོ། །སྤྲོས་པས་ཆོག་གོ །དཀྱུས་མ་ལ་འཇུག་པ་ལས་དོན་གཉིས་ཏེ། དག་པ་གསུམ་མདོར་བསྟན་པ་དང༌། དག་པ་གཉིས་རྒྱས་པར་བཤད་པའོ། །དང་པོ་ལ་བཞི་སྟེ། ངེས་པར་དངོས་པོ་ཞེས་བྱ་བ་རྐང་པ་གཉིས་ནི་དེ་བཞིན་ཉིད་དེ་ཁྱབ་པའི་དག་པའོ། །ཕྱི་ནས་ཞེས་གཉིས་ནི་ལྷ་སོ་སོའི་དག་པ་སྟེ་ཉི་ཚེ་བའི་དག་པའོ། །རང་རིག་ཅེས་བྱ་བ་རྐང་པ་གཉིས་ནི་རང་རིག་པའི་དག་པ་སྟེ་སེམས་ཉམས་སུ་མྱོང་བར་བྱས་པའོ། །དག་པའི་སྦྱང་གཞི་དག་པ་དགོས་པའི་འཐད་པ་དང་བཅས་པ་ནི་ཕུང་པོ་ལྔ་དང་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ཅི་དག་པ་འདི་དག་གིས་མ་དག་པ་ཅིག་དག་པར་བྱེད་དམ་དག་པ་ཅིག་དག་པར་བྱེད། དང་པོ་ནི་མི་རིགས་ཏེ་མ་དག་པའི་རང་བཞིན་ཡིན་ན་དག་པར་མི་ནུས་པའི་ཕྱིར་རོ། །གཉིས་པའང་མི་རིགས་ཏེ་དོན་མེད་པའི་ཕྱིར་སྙམ་ན། རང་བཞིན་གྱིས་མ་དག་པ་མ་ཡིན་ཞེས་སྟོན་པ་ནི། རང་བཞིན་གྱིས་ནི་ཞེས་བྱ་བའོ། །འོ་ན་དག་པ་དོན་མེད་དོ་སྙམ་པ་ལ། ཉོན་མོངས་ཤེས་བྱའི་སྒྲིབ་སྦྱང་བྱ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གློ་བུར་བ་འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་སྒྲིབ་པ་དང༌། ཉོན་མོངས་པ་ཅན་མ་ཡིན་པ་ཐ་མལ་པར་བརྟགས་པ་ལ་སོགས་པ་ཤེས་བྱའི་སྒྲིབ་པ་སྟེ། དེ་དག་སྦྱང་དུ་ཡོད་པས་དོན་ཡོད་དོ། །རྒྱས་པར་བཤད་པ་ལ་བཞི་སྟེ། དག་པའི་སྦྱང་གཞི་རྒྱས་པར་བཤད་པ་དང༌། དག་པས་སྦྱངས་ཏེ། ཇི་ལྟར་བྱ་བའི་ཚུལ་དང༌། སྦྱོང་བྱེད་ལྷ་སོ་སོའི་དག་པ་རྒྱས་པར་བཤད་པ་དང༌། རང་རིག་པའི་དག་པ་མཐར་སྡུད་པ་པོས་གླུར་བླངས་པའི་ཚུལ་གྱིས་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། རང་བཞིན་གྱིས་དག་པས་སྦྱང་བར་ནུས་པའི་རྒྱས་པར་བཤད་པ་ནི་ཡུལ་གྱི་ཞེས་བྱ་བ་ལ་སོགས་པའོ། །འདི་ལྟར་འགྲོ་བ་སངས་རྒྱས་འགྱུར། །ཞེས་བྱ་བ་ནི། དེ་བཞིན་གཤེགས་པའི་གསང་བའི་མདོ་ལས། དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་གསང་བ་རྣམས་གོ་རིམ་བཞིན་དུ་གཟུགས་དང་སྒྲ་དང་སེམས་ཀྱི་གཡོ་བ་ཐམས་ཅད་ལ་ཁྱབ་པར་རྗེས་སུ་འགྲོ་བའོ་ཞེས་གསུངས་པ་ལྟ་བུའོ། །གློ་བུར་དུ་སྦྱང་དུ་ཡོད་པས་དག་པ་དོན་ཡོད་པ་ནི། ཀྱེ་བཅོམ་ལྡན་ཞེས་བྱ་བ་ལ་སོགས་པའོ། །འོ་ན་དེ་ལྟར་མ་དག་ན་འཕགས་པ་ཉན་ཐོས་ལྟར་སྤང་བར་བྱའམ་སྙམ་པ་ལ་བསྟེན་པ་ཉིད། ཅེས་སྦྱར་རོ། །ཇི་ལྟར་བསྟེན་སྙམ་ན། དག་པས་དུག་མེད་ཅེས་དེ་བཞིན་ཉིད་ཀྱི་ལྟ་བས་བརྟགས་པའི་དུག་མེད། ལྷས་ཐ་མལ་གྱི་དུག་མེད། རང་རིག་པས་ལྷར་ཞེན་པའི་དུག་ཀྱང་མེད་པར་བྱས་ནས་སོ། །ལྷ་སོ་སོའི་དག་པ་གང་ཞེ་ན། གཟུགས་ཕུང་རྡོ་རྗེ་ཞེས་བྱ་བ་ལ་སོགས་པའོ། །ཕྱག་གི་དག་པ་ཞེས་བྱ་བ་ལ་སོགས་པ་ནི། རྡོ་རྗེ་སེམས་དཔའི་རྣམ་པར་དག་པ་སྟེ་འཆད་པར་འགྱུར་བ་ལས་ཁྱད་པར་དུ་བྱ་བའི་ཕྱིར་རོ། །ཞེ་སྡང་ཞེས་བཤད་རྡོ་རྗེ་མ། །ཞེས་བྱ་བ་ལ་སོགས་པས། ལྷ་མོ་འདི་རྣམས་ཀྱིས་ཕུང་པོ་ལྔ་དང༌། ཉོན་མོངས་པ་ལྔ་དང༌། སྐྱེ་མཆེད་དྲུག་སྦྱོང་བར་བྱེད་དོ་ཞེས་བྱའོ། །དབང་པོའི་དག་པ་ནི་ཕྱི་མའི་གསུམ་པ་ལས་འཆད་པར་འགྱུར་རོ། །དེ་ལྟར་ན་དེ་དག་བསྐྱེད་པའི་རིམ་པའི་དག་པའོ། །རྫོགས་པའི་རིམ་པ་རང་རིག་པའི་དག་པ་བཤད་པའི་ཕྱིར། གང་དང་གང་གིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕུང་པོ་ལ་སོགས་པ་འདི་རྣམས་ཀྱིས་ནི་འཇིག་རྟེན་པ་བཅིངས་ཏེ་མ་རྟོགས་པའི་ཕྱིར་རོ། །དེ་དང་དེས་ནི་འཆིང་བ་ལས་གྲོལ་ཏེ། འདི་དེ་བཞིན་ཉིད་དང༌། ལྷ་དང་རང་རིག་པའི་དག་པ་གསུམ་ཀ་ལ་འཇུག་མོད་ཀྱང༌། བཀའ་གདམས་ཀྱིས་རང་རིག་པ་ལ་སྦྱར་ཏེ། རྫོགས་རིམ་གྱིས་ཡེ་ཤེས་རྟོགས་ན་གྲོལ་བར་འགྱུར་རོ། །ཞེས་བྱ་བའི་ཐ་ཚིག་གོ །ཡེ་ཤེས་དེ་ཅི་འདྲ་ན་དེ་ཕྱིར་དྲི་མེད་ཅེས་བྱ་བ་ལ་སོགས་པའོ། །འོ་ན་མཐོང་ཐོས་ལ་སྐུར་པ་བཏབ་པར་འགྱུར་རམ་སྙམ་པ་ལས། རང་བཞིན་དག་པའི་འགྲོ་ལ་འགྲོ་བར་ཤེས། །ཞེས་བྱ་སྟེ། རང་གི་སེམས་ཀྱི་རྣམ་འཕྲུལ་དུ་སྣང་སྟེ། ང་ལས་བྱུང་ཞེས་བྱ་བ་ལ་སོགས་པའོ། །ལེའུ་དགུ་པ་ཚིགས་སུ་བཅད་པ་ཉི་ཤུ་རྩ་གཉིས་ཀྱི་འགྲེལ་པའོ།། །།དེ་ལྟར་ན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལུས་ལ་ཇི་ལྟར་གནས་པ་དེ་ཐོབ་པར་བྱེད་པའི་ལམ་རིམ་པ་གཉིས་པོ་དེའང་དབང་མ་བསྐུར་བ་ལ་སྐལ་བ་མེད་དོ། །དེ་བས་ན་དབང་བསྐུར་བ་ལ་བསྟན་པར་བྱའོ། །ཞེས་བདག་མེད་མའི་དཀྱིལ་འཁོར་དག་པ་དང་བཅས་པར་སློབ་མ་དབང་བསྐུར་བར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདིའི་བརྗོད་པར་བྱ་བའི་དོན་ནི་བུམ་པའི་དབང་དང་འབྲེལ་བ་རྣམས་བསྐྱེད་པའི་རིམ་པ་སྤྱི་ཡིན་ལ། མཆོག་དབང་གསུམ་དང་འབྲེལ་པ་རྣམས་སྦས་པའི་དོན་ཡིན་ཞིང༌། དབང་གི་དོན་བསྒོམས་པས་འབྲས་བུ་འདི་ལྟ་བུ་འགྲུབ་བོ་ཞེས་ཞར་ལ་འབྱུང་བ་མཐར་ཐུག་པར་ཡང་འགྱུར་རོ། །རྗོད་བྱེད་ཀྱི་སྒྲ་ཡན་ལག་གི་དོན་གཙོ་བོར་གྱུར་པ་གསུམ་ཀས་འཇུག་གོ །བཤད་པའི་རྒྱུད་རྡོ་རྗེ་གུར་ལས། སྤྱིར་རྒྱུའི་རྒྱུད་སྟོན་པའི་དབང་དུ་བྱས་ན་ནི་བཅུ་པ། བཅུ་གཅིག་པ། བཅུ་གཉིས་པ་དང་གསུམ་མ་གཏོགས་པ་ཐམས་ཅད་དང་འབྲེལ་ལ། ཁྱད་པར་དུ་དབང་བསྐུར་བ་སྟོན་པའི་ལེའུ་གཉིས་པ། གསུམ་པ། བཞི་པ། ལྔ་པ། བདུན་པ། བརྒྱད་པ། དགུ་པ། བཅུ་བཞི་པ། བཅོ་ལྔ་པ་སྟེ་ལེའུ་དགུ་དང་འབྲེལ་ཏོ། །ཁ་སྦྱོར་གྱི་གཉིས་པའི་དང་པོ་དང༌། གསུམ་པ་དངོས་དང༌། རྒྱུད་ཕྱི་མ་དང་བཅས་པས་འཆད་པར་བྱེད་དོ། །མངོན་པར་རྟོགས་པ་ནི་སྤྱིར་དུ་ན་རྒྱུད་གསུམ་ཀ་དང་འབྲེལ་ཏེ། རྟེན་གྱི་གང་ཟག་ཐོག་མར་རྗེས་སུ་བཟུང་བའི་ངོས་ནས་རྒྱུའི་རྒྱུད་ཡིན་ཏེ། ཐབས་ཀྱི་རྒྱུད་ནི་ལམ་རིམ་པ་གཉིས་ཡིན་པའི་ཕྱིར་རོ། །ཡང་རྒྱུའི་རྒྱུད་ནི་གསང་སྔགས་ཀྱི་ལམ་ལ་མ་ཞུགས་པ་ཡིན་ལ། འདིས་སྨིན་ལམ་དབང་ཞེས་བྱ་བ་ཐབས་ཀྱི་རྒྱུད་དུའང་འགྲོའོ། །ཡང་རྒྱལ་པོ་ཨིནྡྲ་བྷུ་ཏི་ལྟ་བུ་དབང་དུས་ཉིད་ནས་གྲོལ་བའི་དབང་དུ་བྱས་ན་སྨིན་ལམ་དང་གྲོལ་ལམ་དང་འབྲས་བུའི་རྒྱུད་གསུམ་ཀ་གོ་ཅུ་རུག་ཏུ་འགྱུར་རོ། །དབང་གི་དོན་གོམས་པ་ལས་འབྲས་བུ་གྲུབ་པའི་རྟགས་དང་བཅས་པ་ནི་འབྲས་བུའི་རྒྱུད་ཁོ་ན་བསྟན་ཏོ། །སྤྱིར་ན་སློབ་དཔོན་གརྦྷ་རི་པས། རྒྱུ་རིགས་སྤང་བྱ་རྐྱེན་ལ་ལྟོས། །གང་ཟག་རྣམ་པ་བཞི་རུ་ནི། །རྒྱུད་རྣམས་ངེས་པ་ཁོ་ན་ཡིན། །ཞེས་གསུངས་པའི་རྗེས་སུ་འབྲངས་ན་རྟེན་གྱི་གང་ཟག་གོ །དེ་ལ་རྒྱུ་ལ་ལྟོས་པ་ནི། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རྒྱུ་ཡོད་པ་ཉིད་དེ། རྐྱེན་དང་ཕྲད་ན་འབྲས་བུ་འབྱུང་དུ་རུང་བའོ། །དེ་ནི་རང་བཞིན་དུ་གནས་པའི་རིགས་སོ། །རིགས་ལ་ལྟོས་པ་ནི། རྣལ་འབྱོར་པ་གང་ནག་པོ་ཆེ། །ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །སྤང་བྱ་ལ་ལྟོས་པ་ནི། འདོད་ཆགས་ཞེ་སྡང་གཏི་མུག་དང༌། །ཞེས་བྱ་བ་ལ་སོགས་པ་ལྟ་བུ་སྟེ། དེ་གཉིས་ནི་གྲུབ་ཉེ་བ་ལ་དགོངས་ནས་གསུངས་ཏེ། སྔ་མའི་བྱེ་བྲག་གོ །རྐྱེན་ལ་ལྟོས་པ་ནི་དེ་རྣམས་ཀྱི་གནས་སྐབས་ཀྱི་ཆོས་ཏེ། དེ་ལ་གཉིས་ལས། དང་པོ་ནི་རྒྱུད་སྦྱང་བ་མ་བྱས་པ་འགྲུབ་ཏུ་རུང་བ་ཞེས་བྱ་བ་སྟེ། མཚམས་མེད་ལྔ་ནི་བྱེད་པ་དང༌། །ཞེས་བྱ་བ་ལ་སོགས་པའོ། །དེའི་འོག་ཏུ་རྒྱུད་སྦྱང་བ་བྱས་པ་ལས་ཕ་རོལ་ཏུ་ཕྱིན་པའི་ཐེག་པས་རྒྱུད་སྦྱངས་པ་ལམ་ལ་འཇུག་ཏུ་རུང་བ་ནི་དགེ་བ་བཅུ་ལ་གོམས་པ་དང༌། ཞེས་བྱ་བ་སོགས་པ་སྟེ། དེ་སྦྱོང་བའི་ཐབས་ནི། དང་པོ་གསོ་སྦྱོང་སྦྱིན་པར་བྱ། །ཞེས་བྱ་བ་ལ་སོགས་སྟེ། འོག་ནས་འཆད་པར་འགྱུར་རོ། །གསང་སྔགས་ཀྱིས་རྒྱུད་སྦྱང་བ་བྱས་པ་ནི་འདི་ནས་འཆད་པར་འགྱུར་རོ། །རྒྱས་པར་ནི་གཞན་དུ་ཤེས་པར་བྱའོ། །དེ་ལྟར་ན་མངོན་པར་རྟོགས་པའོ། །དཀྱུས་སུ་མདོར་བསྟན་པ་དང༌། རྒྱས་པར་བཤད་པ་གཉིས་སུ་གནས་ཤིང༌། དེ་དག་ཀྱང་འཁྲུགས་ཀྱི་ཚུལ་གྱིས་གནས་ཀྱང་བླ་མའི་མན་ངག་གིས་བསྡེབ་པར་བྱའོ། །དེ་ལ་མངོན་པར་རྟོགས་པ་གཉིས་ཏེ། སློབ་དཔོན་དང་སློབ་མའི་འབྲེལ་པ་བྱ་བ་དང༌། དེ་ནས་ཆོ་གའི་རིམ་པའོ། །དང་པོ་ནི་སློབ་དཔོན་མཚན་ཉིད་དང་ལྡན་པ་ལ་འགའ་ཞིག་གསོལ་བ་འདེབས་པར་བྱེད་ན། སློབ་དཔོན་གྱིས་ཁྱོད་སུ་ཇི་ལྟ་བུ་ཞིག་དྲི་བར་བྱའོ། །དེས་དེ་ལ་ལན་འདེབས་པ་ན། སློབ་དཔོན་གྱིས་རྐྱེན་ལ་ལྟོས་པའི་གང་ཟག་གི་རིགས་རྣམས་ཤེས་པར་བྱས་ཏེ། ཇི་ལྟར་རིགས་པ་བཞིན་དུ་ཁས་བླངས་ལ་འོས་སུ་གྱུར་པ་དེའི་ཚེ་སློབ་མ་རྗེས་སུ་གཟུང་བའི་ཆོ་ག་བྱའོ། །སློབ་མ་སྨིན་པར་བྱ་བའི་ཆོ་ག་དངོས་ལ་བདུན་ཏེ། བསྙེན་པའི་ཆོ་ག་དང༌། སའི་ཆོ་ག་དང༌། སྟ་གོན་གྱི་ཆོ་ག་དང༌། བྲི་ཞིང་རྒྱན་དགྲམ་པ་དང༌། བསྒྲུབ་ཅིང་མཆོད་པ་དང༌། འཇུག་ཅིང་དབང་བསྐུར་བ་དང༌། མཇུག་གི་བྱ་བའོ། །དང་པོ་ལ་རབ་མཚན་མའི་བསྙེན་པ། འབྲིང་དུས། ཐ་མ་གྲངས་ཀྱི་བསྙེན་པ་སྟེ། དེ་ནི། དཀྱིལ་འཁོར་བདག་པོའི་བཟླས་པ་འབུམ། །ཞེས་བྱ་བ་རྐང་པ་གཉིས་སོ། །དེ་ནས་སའི་ཆོ་ག་ལ་ལྔ་སྟེ། བརྟག་པ་དང༌། བསླང་བ་དང༌། སྦྱང་བ་དང༌། གཟུང་བ་དང༌། བསྲུང་བའོ། །དང་པོ་ནི་ཚལ་དང་ཞེས་བྱ་བ་ཚིགས་བཅད་གཅིག་གོ །བསླང་བ་ལ་མངོན་པ་ལས་བསླང་བ། དོན་གྱི་འཇུག་པས་ཁ་བསྐང༌། མི་མངོན་པ་ལས་བསླང་བ། གོང་གི་ཨ་སོགས་ཞེས་བྱ་བ་དང༌། མ་མ་རིན་ཆེན་རབ་གནས་ལེའུས་ཤེས། སྦྱང་བ་ལ་གཉིས་ལས། ལས་དང་བྱ་བས་སྦྱང་བ། དཀྱིལ་འཁོར་གྲུ་གསུམ་ཞེས་བྱ་བས་བསྟན། ཏིང་ངེ་འཛིན་གྱིས་སྦྱང་བ་དང་པོར་ལྷའི་ཞེས་བྱ་བ་དང༌། གོང་དུ་གསུངས་པའི་སྔགས་ཞེས་བྱ་བས་བསྟན། བློས་གཟུང་བ་དོན་གྱིས་ཤེས། སྟང་སྟབས་ཀྱི་བཀོད་པས་ས་གཟུང་བ་ནི་ལྷའི་རྣལ་འབྱོར་སྔོན་དུ་སོང་བས་བྱ་བ་སྟེ། ཆ་ལུགས་ནི་འཇུག་པའི་སྐབས་དང་ཐུན་མོང་དུ་བྱས་ཏེ། ཁྲུས་དང་གཙང་སྦྲ་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །བསྲུང་བ་དང་གཞན་སའི་ཆོ་ག་འདིར་བསྡུས་པ་ཡིན་གྱི་རྒྱས་པ་རྣམས་ནི། ཇི་ལྟར་བསམ་གཏན་དེ་བཞིན་འདིར། །བསྲུང་བ་ཇི་ལྟར་གསུངས་པ་ཉིད། །ཅེ་བྱ་བ་འདིས་རྒྱས་པར་བསྟན་ཏོ། །སྟ་གོན་གྱི་ཆོ་ག་ལ་བཞི་ལས། སའི་ལྷ་མོ་གོང་གི་ཨ་སོགས་ཀྱི་ཤུགས་ལས་བསྟན། ལྷ་སྟ་གོན་སཾ་པུ་ཊའི་ཕྱི་མས་འདིར་ཁ་བསྐང༌། བུམ་པ་སྟ་གོན་བུམ་པ་བརྒྱད་ལ་སོགས་པ་ཞེས་རྐང་པ་ལྔས་བསྟན། སློབ་མ་སྟ་གོན་སཾ་པུ་ཊའི་ཕྱི་མས་འདིར་ཁ་བསྐང་ངོ༌། །བྲི་ཞིང་རྒྱན་དགྲམ་པ་ལ་གཉིས། བྲི་བ་དང་རྒྱན་དགྲམ་པའོ། །དྲི་བ་ལ་ཐིག་གིས་བྲི་བ་རང་འདོད་ལྷ་ཞེས་བྱ་བ་ཤླཽ་ཀ་གཅིག་གིས་བསྟན། རྡུལ་ཚོན་གྱིས་བྲི་བ་རྡུལ་ཚོན་དམ་པ་ཞེས་པ་གཅིག་དང༌། སྟོན་པས་དཀྱིལ་འཁོར་ཞེས་པ་ཤླཽ་ཀ་གཉིས་དང༌། འཕར་མ་གཉིས་བཟང་ཞེས་པ་གཉིས་ཀྱིས་བསྟན། རྒྱན་དགྲམ་པ་ཤུགས་ལས་ཤེས་པས་ཁ་བསྐང༌། བསྒྲུབ་ཅིང་མཆོད་པ་ལ། སློབ་དཔོན་གྱི་ཆ་ལུགས་ཁྲུས་དང་གཙང་སྦྲ་ལ་སོགས་པས་ཤེས། བསྒྲུབ་པ་དངོས་གསང་དབང་དང་ཐུན་མོང་དུ་བྱས་ལ་དེར་ནི་རིགས་ལྔ་ལ་སོགས་པས་བསྟན། མཆོད་པ་ཕྱི་མའི་དང་པོའི་སྣ་ཚོགས་ཧཱུྃ་ནི་ལ་སོགས་པས་ཁ་བསྐང་ངོ༌། །འཇུག་ཅིང་དབང་བསྐུར་བ་ལ་གཉིས། སློབ་དཔོན་འཇུག་ཅིང་དབང་བསྐུར་བ་དང༌། སློབ་མ་གཞུག་ཅིང་དབང་བསྐུར་བའོ། །སློབ་དཔོན་གྱི་ནི། རྡོ་རྗེ་སེམས་དཔའི་སྙེམས་བྱས་ནས། །ཞེས་པ་ཤླཽ་ཀ་གཉིས་ཀྱིས་བསྟན། སློབ་མ་ལ་གཉིས་ལས། གཞུག་པའི་ཆོ་ག་ཕྱི་མའི་ལྔ་པ་ལས། གོས་ཀྱིས་མིག་ནི་ཞེས་པས་བསྟན་ལ་གཞན་མ་ལུས་པ་ཁ་བསྐང༌། དབང་བསྐུར་ལ་གཉིས་ལས། སློབ་མའི་དབང་བསྐུར་ཆུ་ཅོད་པན་རྡོ་རྗེ་དྲིལ་བུ་མིང༌། ཐུན་མོང་གི་བརྟུལ་ཞུགས་དང་བཅས་པ། སཾ་པུ་ཊའི་ཕྱི་མ་དང་རྡོ་རྗེ་གུར་ལེའུ་བརྒྱད་པ་ལས་འབྱུང་བས་འདིར་ཁ་བསྐང༌། ཐུན་མོང་མ་ཡིན་པའི་དབང་བཞི་ལས། སློབ་དཔོན་གྱི་དབང་མཐའ་རྟེན་རྗེས་གནང་དང་བཅས་པ། གང་ཞིག་དབང་ནི་རབ་ཕྱེ་བ། །ཞེས་པ་ཚིགས་བཅད་གཅིག་གིས་བསྟན། གསང་བའི་དབང་མཐའ་རྟེན་དང་བཅས་པ་ནི་དེར་ནི་རིགས་ལྔ་ཞེས་པ་རྐང་པ་བཅུས་བསྟན། ཤེས་རབ་ཡེ་ཤེས་ཀྱི་དབང་མཐའ་རྟེན་དང་བཅས་པ་རོ་མཉམ་སློབ་མའི་སྤྱོད་ཡུལ་དུ་ཞེས་བྱ་བ་ལ་སོགས་པས་བསྟན། དོན་གྱི་བཞི་པ་ཤེས་རབ་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་བསྟན་པའམ། མྱོང་བ་ཉིད་ཡིན་ལ། ཚིག་གི་བཞི་པ་ནི་ཕྱི་ནས་དེ་ཉིད་ཅེས་པས་བསྟན། ལམ་དུ་བྱེད་པའི་བཞི་པ་དང༌། འབྲས་བུ་གྲུབ་པའི་བཞི་པ་ནི། དང་པོ་སྤྲིན་གྱི་རྣམ་པ་ཞེས་བྱ་བ་ལ་སོགས་པ་དང༌། དངོས་གྲུབ་མཚན་ཉིད་མི་ཕྱེད་པ། །ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །དེ་ནས་དཀྱིལ་འཁོར་གྱི་མཇུག་གི་བྱ་བ་ལ་སོགས་པ་ཁ་བསྐང་བར་བྱའོ། །དེ་ལ་སྤྱིར་དབང་ལ་འདིར་མ་ཚང་བ་ཕྱི་མའི་གསུམ་པ་དང༌། ལྔ་པ་དང༌། བཅུ་གཉིས་པས་ཁ་བསྐང་ལ། དེར་མ་ཚང་བ་བཤད་པའི་རྒྱུད་རྡོ་རྗེ་གུར་དང༌། སཾ་པུ་ཊ་དང་གཉིས་ཀྱིས་ཁ་བསྐང༌། དེར་ཡང་མ་ཚང་བ་དེ་ཉིད་འདུས་པ་ལས་ཏེ། ཇི་ལྟར་དེ་ཉིད་འདུས་པ་ཡིས། །དཀྱིལ་འཁོར་ཆོ་ག་དེ་བཞིན་བྱ། །ཞེས་འབྱུང་བའོ། །དེ་ན་མ་ཚང་བ་གསང་བ་སྤྱི་རྒྱུད་ཀྱིས་ཁ་བསྐང་སྟེ། གང་དག་ཏུ་ནི་དཀྱིལ་འཁོར་གྱི། །ལས་ཀྱི་ཆོ་ག་རྣམ་མེད་པ། །དེ་ནི་སྤྱི་ཡི་རྒྱུད་དག་ལས། །གསུངས་པའི་ཆོ་ག་མཁས་པས་བསྟེན། །ཞེས་སོ། །དེ་ལ་འདིར་ཐུན་མོང་གི་སློབ་དཔོན་གྱི་དབང་ཡན་ཆད་ཆོ་ག་མི་གསལ་ལ། ཐུན་མོང་མ་ཡིན་པའི་དབང་བཞི་ནི་རྒྱུད་ཀྱི་རྒྱལ་པོ་འདིར་གསལ་བར་གསུངས་སོ། །དེ་བས་ན་འདི་དང་ཕྱི་མའི་ལེའུ་གསུམ་པ་དང༌། ལྔ་པ་དང༌། བཅུ་གཉིས་པ་མངོན་པར་རྟོགས་པ་གཅིག་ཏུ་ཤེས་པར་བྱའོ། །བསྡུས་པའི་དོན་ཏོ། །ཚིག་གི་དོན་ལ་གཞན་ནི་གོ་སླའོ། །ཤེས་རབ་ཡེ་ཤེས་ཀྱི་དབང་གི་ཡེ་ཤེས་ནི་བརྗོད་བྱའི་གཙོ་བོ་སྟེ་ལྟ་བ་གཏན་ལ་འབེབས་པར་བྱེད་པའོ། །དེའི་ཡེ་ཤེས་དེ་ཇི་ལྟ་བུ་ཞེས་སྟོན་པ་ནི། རང་རིག་ཡེ་ཤེས་ཉིད་དུ་འགྱུར། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལ་བཞི་སྟེ། ཡེ་ཤེས་ཀྱི་མཚན་ཉིད་དང༌། དེ་རྟོགས་པའི་ཕྱིར་དགའ་བའི་དབྱེ་བ་དང༌། དེ་ལ་ཐེ་ཚོམ་བསལ་བ་དང༌། དབང་གི་དོན་བསྒོམས་པ་ལས་འབྲས་བུ་གྲུབ་པའི་རྟགས་དང་བཅས་པའོ། །དང་པོ་ལ་གཉིས་ཏེ། ངོ་བོ་ངོས་གཟུང་བ་དང༌། དེའི་ཁྱད་པར་རམ་མཚན་ཉིད་རྒྱས་པར་བཤད་པའོ། །དང་པོ་ནི་རང་རིག་ཡེ་ཤེས་ཉིད་དུ་འགྱུར་ཏེ། གཞན་གྱི་རྟོགས་པ་མ་ཡིན་པ་སོ་སོ་རང་གི་རིགས་པའི་ཆོས་ཉིད་འཐོབ་བོ་ཞེས་བྱ་བའི་དོན་ཏོ། །དེའི་ཁྱད་པར་རམ་མཚན་ཉིད་ཇི་ལྟ་བུ་ཞེ་ན། མཚན་ཉིད་ལྔ་ལྡན་ཏེ། སྤྲོས་པ་དང་བྲལ་བ་ཡིན་པ་དང༌། ཟུང་འཇུག་གཉིས་མེད་ཡིན་པ་དང༌། འཚོ་བར་བྱེད་པ་དང༌། མི་འགྱུར་བ་དང༌། ཐམས་ཅད་ཀྱི་བདག་ཉིད་དུ་བསྟན་པའོ། །དང་པོ་ནི་རང་གཞན་སྤངས་པ་སྟེ། གཉིས་འཛིན་ཀྱི་ཤེས་པ་ལས་གྲོལ་བའོ། །མཁའ་མཉམ་སྟེ་སྣང་བ་མེད་པའང་ཐམས་ཅད་དུ་མ་ཐོགས་པས་སོ། །རྡུལ་བྲལ་ཏེ་ཉོན་མོངས་ཀྱི་སྒྲིབ་པ་མེད་པའོ། །སྟོང་པ་ཉིད་དེ་རྟོག་པ་ཐམས་ཅད་ལས་གྲོལ་བས་སོ། །ཟུང་དུ་ཆུད་པ་ནི་དངོས་དང་ཞེས་བྱ་བ་ལ་སོགས་པའོ། །སྲོག་ཆགས་ཀྱི་སྲོག་ནི་དེ་ཉམས་སུ་མྱོང་བའི་བདག་ཉིད་ཅན་ཡིན་པས་སོ། །མི་འགྱུར་བ་ནི་ཐོག་མཐའ་མེད་པའི་ཕྱིར་རོ། །ཐམས་ཅད་ཀྱི་བདག་ཉིད་དུ་བསྟན་པ་ནི་ཡེ་ཤེས་དེ་ལས་སྣང་གྲགས་ཀྱི་ཆོས་ཐམས་ཅད་ལོག་ཤིག་ན་མེད་ཅེས་བྱ་བའི་དོན་ཏེ། དེ་ལ་ཡེ་ཤེས་ལ་དབྱེ་བ་མེད་ཅིང༌། ཐམས་ཅད་དེ་ལས་བྱུང་བ་དང་བདག་ཉིད་གཅིག་པས་ན། དེ་ཡིན་པ་དངོས་ནི་དེ་ཉིད་ཅེས་བྱ་བ་ལ་སོགས་པའོ། །དེས་ན་མ་རྟོགས་པ་རྣམས་ཀྱིས་གྲུབ་པའི་མཐའ་སྣ་ཚོགས་སུ་བརྟགས་པའང་དེ་ཉིད་དུ་སྟོན་པ་ནི་རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པའོ། །མདོར་ན་དབང་གི་མྱོང་བའི་ཡེ་ཤེས་ལ། ཇི་ལྟར་སྔར་ཐོས་བསམ་གྱི་དུས་སུ། མཚན་ཉིད་གསུམ་མམ། བདེན་པ་གཉིས་སམ། བསམ་མི་ཁྱབ་ལྔ་ལ་སོགས་པར་གཏན་ལ་ཕབ་པ་དེ་འདིར་གཏན་ལ་འབེབས་པ་སྟེ། ཡི་གེ་མངས་པས་འཇིགས་པས་རྒྱས་པར་མ་བྲིས་སོ། །དེ་ལྟ་བུའི་ཡེ་ཤེས་དེ་སློབ་མའི་སྤྱོད་ཡུལ་དུ་ནམ་སྐྱེ་སྙམ་ན། བཞི་པར་ཞེས་སྟོན་པ་ནི་དང་པོར་དགའ་བ་ཞེས་བྱ་བ་ལ་སོགས་པ་སྟེ། འདིར་གསུམ་པ་འདོད་པའི་ལོག་རྟོགས་སྤོང་བ་དང༌། བཞི་པ་ལ་རྩོད་པ་སྤོང་བ་རྣམས་ཕྱི་མའི་གཉིས་པ་དང༌། གསུམ་པར་རྒྱས་པར་ཤེས་པར་བྱའོ། །རྡོ་རྗེ་སྙིང་པོས་ཞེས་བྱ་བ་ལ་སོགས་པས་ལྷན་སྐྱེས་ལ་བརྩད་པ་སྤོང་བ་སྟེ་དོན་ནི་དགའ་བ་གསུམ་ལ་ལྷན་སྐྱེས་མེད་པ་ལེའུ་བརྒྱད་པར་གསུངས་ལ། འདིར་ཐམས་ཅད་ཀྱི་བདག་ཉིད་དུ་བཤད་པའི་འགལ་བར་རྒོལ་བའོ། །ལན་ནི་བཅོམ་ལྡན་བཀའ་སྩལ་ཞེས་བྱ་བ་ལ་སོགས་པ་སྟེ། གྲུབ་ལུགས་ཀྱི་དབང་དུ་བྱས་ན་གང་གི་ངོ་བོར་ཡང་མ་གྲུབ་པས་དེས་ན་གྲོལ་བ་ཡིན་ལ། སྣང་ལུགས་ཀྱི་དབང་དུ་བྱས་ན་ཐམས་ཅད་དུ་སྣང་བས་དངོས་པོ་ཀུན་གྱི་གནས་ལུགས་སུ་གྲུབ་པས་འགལ་བ་ཅི་ཡོད་ཅེས་བྱ་བའི་དོན་ཏོ། །དབང་གི་དོན་བསྒོམས་པས་འབྲས་བུ་གྲུབ་པའི་རྟགས་དང་བཅས་པ་ནི་དང་པོ་སྤྲིན་ཞེས་བྱ་བ་ལ་སོགས་པ་སྟེ་རིམ་གྱིས་ཇེ་གསལ་ཇེ་གསལ་འགྱུར་ཞེས་བྱ་བའི་དོན་ཏོ། །མཐར་ཕྱིན་པ་ལས་མི་ཕྱེད་པ་ཕྱག་རྒྱའི་དངོས་གྲུབ་ཏུ་འགྱུར་ཏེ། བརྟག་པ་ཕྱི་མ་ལས་འཆད་པར་འགྱུར་རོ། །དབང་གི་དོན་རྒྱས་པར་འཆད་པ་ལས། ཕྱི་ནས་དེ་ཉིད་ཅེས་བྱ་བ་ཚིགས་སུ་བཅད་པ་གཅིག་ནི་ཚིག་གི་བཞི་པའི་དོན་ཏོ། །མཆོག་དགར་ཞེས་བྱ་བ་ཚིགས་སུ་བཅད་པ་གཉིས་ཀྱིས་ལྷན་སྐྱེས་ཏེ། སྒྲིབ་པ་ཐམས་ཅད་དང་བྲལ་བའི་མཚན་ཉིད་སྟོན་ཏོ། །རྡོ་རྗེ་སྙིང་པོས་ཞེས་བྱ་བ་ལ་སོགས་པས་ནི་བརྩད་པ་སྤོང་བའི་སྒོ་ནས་ལྷན་སྐྱེས་ཀྱི་དབྱེ་བ་སྟོན་པར་བྱེད་དོ། །དེ་ལ་རྒོལ་བའི་དོན་ནི། ལྷན་ཅིག་སྐྱེས་པའི་ལུས་ནི་རང་བཞིན་གྱིས་རྣམ་པར་དག་པ་ཡིན་ལ། དེའི་རྒྱུ་ནི་སྙོམས་འཇུག་ལ་སོགས་པའི་སྤྲོས་པ་ཡིན་པས་རྒྱུ་འབྲས་མི་འདྲ་བར་མཐོང་ནས་འདྲི་བའོ། །ཅི་སླད་འབྱུང་བའི་བདག་ཉིད་ཅེས་བྱ་བ་ནི་རང་བཞིན་གྱིས་དག་པའི་རྒྱུ་ཅིའི་སླད་དུ་འབྱུང་བའི་བདག་ཉིད་ཀྱི་ལུས་ལ་བརྟེན་ཅེས་པའམ། ཡང་ན་རྒྱུ་ཇི་ལྟར་འབྱུང་བ་ཁུ་བ་ཡིན་ཞེས་བྱ་བ་དེ་ལའམ། ཡང་ན་ལྷན་ཅིག་སྐྱེས་པ་ཞེས་བྱ་བའི་སྒྲ་དེས་འབྱུང་བ་དང་ལྷན་ཅིག་པ་ཞེས་བྱ་བར་གྲུབ་ན་ཇི་ལྟར་བརྟེན་ཅེས་རྒོལ་བའོ། །ལན་ལ་འབྱུང་བ་ལ་བརྟན་པའི་ལྷན་སྐྱེས་ཀྱང་ཡོད་དེ་དེ་དོན་དམ་མ་ཡིན་ནོ། །མ་བརྟེན་པའང་ལྷན་སྐྱེས་པའང་ཡོད་དོ་ཞེས་གཉིས་སུ་དབྱེ་བ་མཛད་པ་ནི་ལན་གྱི་དོན་ཏོ། །དེ་ལ་ལྟོས་པའི་ལྷན་སྐྱེས་བསྟན་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟར་ལུས་ལ་བརྟེན་ནས་གནས་ན་འབྱུང་བ་དང༌། ཇི་ལྟར་ལྷན་ཅིག་སྐྱེས་ཞེས་འདྲི་བ་ནི་ཀྱེ་ཞེས་བྱ་བ་ལ་སོགས་པའོ། །བརྟེན་པའི་ཚུལ་བསྟན་པ་ནི་བཅོམ་ལྡན་ཞེས་བྱ་བ་ལ་སོགས་པའོ། །དེའི་ཕྱིར་འབྱུང་བ་དང་ལྷན་ཅིག་སྐྱེས་པ་དེ་ལྷན་སྐྱེས་དངོས་མ་ཡིན་པར་བསྟན་པ་ནི། གང་ཕྱིར་འབྱུང་བ་ཆེ་བདེ་བ། །དེ་མིན་ཞེས་བྱ་སྟེ། ཡེ་ཤེས་གྲུབ་པ་ལས། དབང་པོ་གཉིས་བྱུང་བདེ་བ་ནི། །དེ་ཉིད་ཡིན་ཞེས་སྐྱེས་ངན་སྨྲའི། །དེ་ནི་བདེ་ཆེན་དེ་ཉིད་དུ། །རྒྱལ་བ་མཆོག་གིས་མ་གསུངས་སོ། །ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་སོ། །འོ་ན་ལྷན་ཅིག་སྐྱེས་ཞེས་ཅིའི་ཕྱིར་བྱ་ན་ལྷན་ཅིག་སྐྱེས་པས་ཏེ་ཞུ་བ་དང་བདེ་བའོ། །དེས་ན་དེ་བདེ་ཆེན་ཡེ་ཤེས་མིན་ཞེས་བྱའོ། །འོ་ན་སྔར་ལན་གྲངས་དུ་མར་དེ་ལ་བསྔགས་པ་དང༌། ཡང་དག་ཡེ་ཤེས་སྣང་བ་པོ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་རྣམས་དོན་མེད་པར་མ་གྱུར་ཏམ་སྙམ་ན། དོན་མེད་པ་མ་ཡིན་ཏེ་དེས་མཚོན་ནས་དོན་གྱི་ཡེ་ཤེས་རྟོགས་པའི་ཕྱིར་རོ། །དེ་བས་ན་དོན་དང་འདྲ་བས་རྣལ་འབྱོར་པ་ལ་དོན་དུ་ངེས་པ་སྐྱེ་བས། དོན་དང་ཐུན་མོང་དུ་བསྔགས་སོ། །འདིས་ནི་རློམ་སེམས་པའི་ལོག་པར་རྟོག་པ་རྩོལ་བ་གློད་པ་ལས་བྱུང་བའི་རྣམ་པར་མི་རྟོག་པར་གྱུར་པ་དང༌། ཙཎྜཱ་ལཱི་ལས་བྱུང་བའི་གསལ་སྟོང་གི་ཏིང་ངེ་འཛིན་ལ་ཡིད་ཆེས་པར་གྱུར་པ་དང༌། ལྷའི་རྣམ་པ་ལས་བྱུང་བ་ལ་སོགས་པ་སྟེ། མདོར་ན་ཏིང་ངེ་འཛིན་ལས་མྱོང་བའི་རྣམ་པ་ལ་དེ་ཁོ་ན་ཉིད་དང་བྲལ་བའི་རྣམ་པ་ལ་དེ་ཁོ་ན་ཉིད་དུ་རྟོགས་པ་ལ་སོགས་པ་མ་ལུས་པར་བསལ་བར་རིག་པར་བྱའོ། །གཞན་ཡང་དོན་ཡིན་ན་གྲུབ་ཟིན་པས་དེ་ལས་གཞན་བཙལ་དུ་ཅི་ཡོད། ཅེས་བྱ་བ་ལ་སོགས་པའི་སྐྱོན་དུ་མར་འགྱུར་རོ་རྒྱས་པར་ཡང་གཞན་དུ་གོ་བར་བྱའོ། །འོ་ན་ལྷན་ཅིག་སྐྱེས་པ་དངོས་གང་ཡིན་ཞེ་ན། རང་བཞིན་ལྷན་ཅིག་སྐྱེས་ཞེས་བརྗོད། །ཅེས་སོ། །དེ་བས་ན་ལྷན་ཅིག་སྐྱེས་པ་གཉིས་ཡིན་ཏེ་དཔེ་དང་དོན་ཏོ། །དོན་ལ་ཇི་ལྟར་ན་ལྷན་ཅིག་སྐྱེས་ཤེ་ན། རང་བཞིན་གྱིས་ཏེ་གདོད་མ་ནས་ཡིན་གྱི་བརྟེན་ཏེ་བྱུང་བ་ནི་མ་ཡིན། ཞེས་བྱ་བའི་དོན་ཏོ། །དེ་ཇི་ལྟ་བུ་ཞེ་ན། རྣམ་པ་ཐམས་ཅད་སྡོམ་པ་གཅིག །ཅེས་བྱ་བ་སྟེ། ཚོགས་པ་ཐམས་ཅད་མདོར་བསྡུས་པ་སྤྲོས་པ་ཐམས་ཅད་དང་བྲལ་བ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་དེ་ལྟ་བུ་ཐོབ་པའི་རྣལ་འབྱོར་པ་འདིའི་མཐར་ཐུག་པ་འདི་ཇི་ལྟ་བུ་ཡིན། དེ་ཇི་ལྟར་ན་ཟུང་དུ་འཇུག་པར་འགྱུར་ཞེས་སྙམ་ན། དེའི་ཐབས་ཤེས་རབ་བསྟན་པའི་ཕྱིར་ཕྱག་རྒྱ་སྟེ། དངོས་པོ་ཐམས་ཅད་ལ་རྒྱས་འདེབས་པས་སོ། །དེ་ཉིད་རྒྱུ་དང་བྲལ་བ་སྟེ་རྟོག་པ་དང་བྲལ་བ་སྟེ་ཤེས་རབ་བོ། །སྙིང་རྗེ་ནི་རྟོག་པ་མེད་ཀྱང་བརྩེ་བའི་རྣམ་པ་ཅན་ཏེ་ཐབས་སོ། །དེས་ན་ཡོ་གི་སྟེ་ཐབས་ཤེས་རབ་སྙོམས་པར་འཇུག་པའི་ཕྱིར་རོ། །དེ་ལྟར་ན་དབྱེར་མི་ཕྱེད་པ་ཁ་སྦྱོར་ལས་གསུངས་པ། དམིགས་མེད་གནས་སུ་ཤེས་རབ་དང༌། །དམིགས་མེད་སྙིང་རྗེ་ཆེན་པོ་ཉིད། །བློ་དང་ལྷན་ཅིག་གཅིག་གྱུར་པས། །ནམ་མཁར་ནམ་མཁའ་ཇི་ལྟ་བའོ། །ཞེས་གསུངས་སོ། །དེ་ལྟ་བས་ན་མཚན་མ་དང་རྣམ་པར་མི་རྟོག་པར་གྱུར་ན། དམིགས་མེད་ཀྱི་སྙིང་རྗེ་སྟེ་སེམས་ཅན་གྱི་དོན་ངང་གིས་འབྱུང་བར་འགྱུར་རོ། །ཡང་གལ་ཏེ་རྫོགས་པའི་རིམ་པའི་རྣལ་འབྱོར་པ་འདིས་བཟླས་པ་ལ་སོགས་པ་ལ་འབད་པར་བྱའམ་མི་དགོས་ཤེ་ན། སྔགས་མེད་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟར་ན་དངོས་གྲུབ་འགྲུབ་པར་ག་ལ་འགྱུར་སྙམ་པ་ལ། དེའི་སྔགས་བཟླས་ཞེས་བྱ་བ་ལ་སོགས་པས་ཕྱི་རོལ་གྱི་བཟླས་པ་ལ་སོགས་པ་མེད་ཀྱང་ནང་གི་ཡོད་པར་བསྟན་ཏོ། །དེས་ན་མདོར་བསྡུས་ནས་ནི། སེམས་ནི་འདུས་པའི་གཟུགས་ཅན་ནོ། །ཞེས་བྱ་བའི་དོན་ཏོ། །ལེའུ་བཅུ་པ་ཚིགས་སུ་བཅད་པ་བཞི་བཅུ་རྩ་གསུམ་གྱི་འགྲེལ་པའོ།། །།དེ་ལྟར་བདག་མེད་མའི་དཀྱིལ་འཁོར་དག་པ་དང་བཅས་པ་དེར་སློབ་མ་དབང་བསྐུར་ནས་སློབ་དཔོན་གྱི་གནང་བ་ཐོབ་པ་དེས་སེམས་ཅན་གཞུག་པའི་ཕྱིར་རམ། དེ་ལྟར་ན་རྒྱལ་ཚབ་ཀྱི་དབང་ཐོབ་པས། རྒྱལ་ཚབ་ཀྱི་སྤྱོད་པ་བྱེད་པ་ལ་ཡན་ལག་ལྔ་ཚང་བར་དགོས་ན། ལམ་བསྒོམས་པས་ཡན་ལག་ལྔ་ཚང་བའི་གྲུབ་པའི་རྟགས་ནི་གང་ཡིན་ཞེས་བསྟན་པའི་ཕྱིར་འདི་གསུངས་ཏེ། སྤྱོད་པ་པའི་གཏམ་རྒྱུད་བཞིན་ནོ། །དེས་ན་འདི་སྤྱོད་པའི་ཡན་ལག་ཏུ་འབྲེལ་པར་རིག་པར་བྱ་བའི་ཕྱིར་མཉམ་པར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདིའི་བརྗོད་བྱའི་དོན་ནི་བསྐྱེད་པའི་རིམ་པ་སྤྱི་ཡིན་ལ། རྗོད་བྱེད་ཀྱི་སྒྲ་ནི་ཡན་ལག་གི་དོན་དང་ཡི་གེའི་དོན་གྱིས་འཆད་པར་བྱེད་དོ། །ལུས་རྣམ་པར་གཞག་པ་ལྟ་སྟངས་སོ། །བཤད་པའི་རྒྱུད་ཁ་སྦྱོར་གྱི་བདུན་པོའི་དང་པོས་འཆད་དོ། །མངོན་པར་རྟོགས་པ་ནི་ཐབས་ཀྱི་རྒྱུད་ཡིན་ལ། དེ་ལ་གཉིས་སུ་བྱས་ན་དམན་པ་ལ་མོས་པ་གཟུང་བའི་ཕྱིར་ལས་ཀྱི་ཚོགས་དང་དམ་ཚིག་དང་སྡོམ་པ་ཞེས་བྱ་བ་གཉིས་སུ་འབྲེལ་ལ། ཡང་འདི་དག་ཐམས་ཅད་ཡན་ལག་ལྔ་ལྡན་གྱི་སྤྱོད་པའི་ཡན་ལག་ཏུ་གྱུར་པའི་ཕྱིར་སྤྱོད་པར་བསྡུའོ། །དེའང་རང་དོན་གྱི་དབང་དུ་བྱས་ན་དམན་པ་ཡིན་ལ། གཞན་དོན་དུ་མཆོག་གི་ཡན་ལག་ཏུ་འགྱུར་རོ། །ལྟ་སྟངས་འདི་དག་ཀྱང་མཉམ་གཞག་རྗེས་ཐོབ་མེད་པར་ལྷའི་རྣམ་པར་གསལ་བར་ནུས་པ་ཞེས་བྱ་བ་བསྐྱེད་རིམ་ལ་བརྟན་པར་གྱུར་པའི་ལས་ཡིན་ཏེ། དེ་ལྟར་བརྟན་པ་ཐོབ་ནས་ཁྱད་པར་དུ་ཟླ་བ་དྲུག་བསྒྲུབས་ནས་དེ་ནས་གྲུབ་པའི་ལྟས་བརྟག་གོ །གྲུབ་ནས་གནས་སྐབས་ཇི་ལྟ་བར་ལས་ལ་སྦྱར་བར་བྱའོ། །ལས་ལ་སྦྱར་བའི་རྣལ་འབྱོར་ནི། རྣལ་འབྱོར་ལ་གནས་པས་མིག་འབྲས་ཧཱུྃ་ལས་བྱིན་གྱིས་བརླབས་ཏེ། དེ་ལ་བསྒྲུབ་བྱའི་གཟུགས་བརྙན་ཤར་བར་བྱས་ལ་རླུང་དང་བསྟུན་ནས་བལྟས་ན་གྲུབ་ཅེས་སྟོན་པ་ནི་མཉམ་པར་མ་རུངས་ཞེས་ཤླཽ་ཀ་གསུམ་མོ། །རློན་པའི་ཤིང་ཞེས་བྱ་བ་ནི་གྲུབ་ཚད་ཀྱི་ལྟས་བརྟག་པའོ། །ཟླ་དྲུག་ཅེས་བྱ་བ་ནི་ཁྱད་པར་གྱི་བསྙེན་སྒྲུབ་ཀྱི་དུས་སོ། །བསྒྲུབ་པའི་བྱ་བ་ནི་མཁས་པས་སེམས་ཅན་གཞུག་པར་བྱ། ཞེས་བྱ་བའོ། །འོ་ན་རྒྱུད་ལས་གསད་པའི་ལྟ་སྟངས་ཅིའི་ཕྱིར་མ་གསུངས་ཤེ་ན། གསད་པར་བྱ་བ་མ་ཡིན་ཞེས་བྱ་སྟེ། སངས་རྒྱས་ཀྱི་བསྟན་པ་ལ་སེམས་ཅན་གཞུག་པ་ལ་ལྟ་སྟངས་བཞི་པོ་ཉིད་ཀྱིས་གྲུབ་པའི་ཕྱིར་རོ། །འོ་ན་རྒྱུད་གཞན་ལས་གསད་པའི་ལྟ་སྟངས་གསུངས་སོ་ཞེ་ན། དེ་ནི་གཞུག་པའི་ཕྱིར་མ་ཡིན་གྱི་བསྟན་པའི་ཕྱིར་དང༌། སྡིག་ལས་བཟློག་པའི་ཕྱིར་རོ། །དེར་ཡང་ལྟ་སྟངས་ཀྱིས་བྱའི་དེ་ལས་འདས་ན་ཉམས་པར་འགྱུར་རོ། །འདིར་སེམས་ཅན་གཞུག་པ་ལ་བཞི་པོས་གྲུབ་ཀྱི་གྲུབ་བཞིན་དུ་བསད་ན་དམ་ཚིག་ཉམས་པའོ། །ཡང་ལྟུང་བ་ཉིད་ཀྱིས་ཀྱང་གསད་པ་གྲུབ་ཀྱང་གསད་པར་མི་བྱ་སྟེ། བསྡིགས་པ་ཙམ་ཞེས་སློབ་དཔོན་ཁ་ཅིག་འཆད་དོ། །མདོར་ན་སེམས་ཅན་ལ་གནོད་པར་གྱུར་པ་དེ་ཉམས་པར་འགྱུར་ཏེ། ཐེག་པ་ཆེན་པོ་ནི་སྙིང་རྗེ་གཙོ་བོར་གྱུར་པ་སེམས་ཅན་སྡུད་པར་བྱེད་པའི་ཕྱིར། ཞེས་དགོངས་སོ། །བྱ་བ་མ་ཡིན་པ་ཐམས་ཅད་བྱ་སྟེ་སེམས་ཅན་གྱི་དོན་དུ་བཀག་པ་རྣམས་ཀྱང་གནང་བའམ། སེམས་ཅན་ལ་གནོད་པ་མ་ཡིན་ན་རང་གི་རྟོགས་པ་འཕེལ་བར་བྱ་བའི་ཕྱིར་ཡང་ཞེས་དགོངས་སོ། །ན་དང་ཞེས་བྱ་བ་ལ་སོགས་པས་བཟའ་བའི་དམ་ཚིག་བསྟན་ཏེ། ཤ་ལྔ་བདུད་རྩི་ལྔ་ནི་ལས་དང་པོ་པས། རི་ལུ་ཆོ་ག་བཞིན་བྱས་ཏེ་བཟའོ། །གོམས་ནས་ནི་ཇི་ལྟར་རིགས་པས་སོ། །དེའི་དགོས་པ་ནི། ཀྱེ་ཡི་རྡོ་རྗེའི་དངོས་གྲུབ་ཕྱིར་ཏེ། མཐར་ཐུག་ཏུ་རྟོག་པ་ཐམས་ཅད་ཞི་བར་བྱེད་པའོ། །གནས་སྐབས་སུ་ནི་མཁའ་འགྲོ་ཐམས་ཅད་འདུ་བ་དང༌། གྲུབ་པའི་ཕྱིར་དང་བཅུད་ལེན་དུ་འགྱུར་བའི་ཕྱིར་ཏེ། དཔལ་གསང་བ་འདུས་པ་ལས། ཤ་ཆེན་དམ་ཚིག་མཆོག་གིས་ནི། །རྡོ་རྗེ་གསུམ་མཆོག་འགྲུབ་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་དང༌། རྡོ་རྗེ་གུར་ལས། མི་བསྐྱོད་བསྟེན་པའི་རྣལ་འབྱོར་པ། །ནད་རྣམས་ཐམས་ཅད་རྣམ་པར་སྤངས། །ཞེས་བྱ་བ་ལ་སོགས་པའོ། །འདི་དག་ཀྱང་དེ་བཞིན་གཤེགས་པ་ལྔར་ཤེས་པའི་རྣལ་འབྱོར་པས་ཡིན་གྱི། གཞན་དུ་ཁྱི་ཕག་ཀྱང་འགྱུར་རོ། །དགོངས་པ་ལུང་བསྟན་པ་ལས། གསང་བ་འདུས་པ་མི་ཤེས་པར། །སྦས་པའི་དམ་ཚིག་སྤྱོད་བྱེད་ཅིང༌། །ཁྱི་དང་ཕག་དང་ཝ་རྣམས་ཀྱི། །སྤྱོད་པ་དག་ནི་སྟོན་པར་བྱེད། །ཅེས་བྱ་བ་ལ་སོགས་པ་གསུངས་པ་ལ་བྱའོ། །དེ་བས་ཤ་ལྔ་དེ་བཞིན་གཤེགས་པ་ལྔར་གདན་བཞི་པ་ལས་གསུངས་པ། རྡོ་རྗེ་ལྕགས་ཀྱུ་མི་བསྐྱོད་པ། །གནས་ཀྱི་ལྕགས་ཀྱུ་རིན་ཆེན་འབྱུང༌། །དོན་ཡོད་རྒྱལ་བའི་ལྕགས་ཀྱུ་སྟེ། །དཔག་མེད་གཡོ་བའི་ལྕགས་ཀྱུ་ཡིན། །ལྕགས་ཀྱུ་ཆེ་ལ་དགོད་པ་ནི། །ཡེ་ཤེས་ལྔ་རུ་གསུངས་པའོ། །ཞེས་སོ། །བདུད་རྩི་ལྔ་ནི་གོ་སླའོ། འདི་དག་གི་དབྱེ་བའང་བླ་མའི་མན་ངག་གིས་བཅུད་ཀྱིས་ལེན་གྱི་བསྒྲུབ་པར་གཞུང་དུ་ཤེས་པར་བྱའོ། །བཟའ་བ་གཞན་ཡང་སྐྱེ་བ་བདུན་པ་སྟེ། ཀྱེའི་རྡོ་རྗེར་གསུངས། མཚན་ཉིད་ཅེས་བྱ་བ་ལ་སོགས་པ་སྟེ། རྒྱུད་རྒྱས་པར་གསུངས་ཞེས་བྱ་བའི་དོན་ཏོ། །འདི་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆེ་བ་བསམ་གྱིས་མི་ཁྱབ་པའོ། །ཀུ་རུ་ཀུལླེའི་སྒྲུབ་ཐབས་ནི་ལྟ་སྟངས་ཀྱི་ཁྱད་པར་གྱི་རྣལ་འབྱོར་ཏེ། སྒྲོལ་མ་སྐུ་མདོག་དམར་མོའི་ཁྱད་པར་རོ། །དེའི་སྒྲུབ་པ་རྒྱས་པ་ནི་རྒྱུད་རྒྱས་པའི་དངོས་གྲུབ་ཀྱི་བརྟག་པ་བཅུ་གཉིས་པའི་དབང་གི་དངོས་གྲུབ་ཀྱི་སྐབས་སུ་གསུངས་སོ། །དེ་བས་ན་འདིར་བསྡུས་པའོ། །དེའི་མངོན་པར་རྟོགས་པ་ནི། རང་ཉིད་ཀུ་རུ་ཀུལླེར་སྐད་ཅིག་གིས་བསྐྱེད་ལ། དེའི་ཐུགས་ཀར་ཧྲཱིཿབསམ་སྟེ། དེ་ལས་འོད་བྱུང་བས། བླ་མ་དང་ཀུ་རུ་ཀུལླེ་སངས་རྒྱས་དང་བཅས་པ་སྤྱན་དྲངས་ལ། དེ་ལ་མཆོད་པ་དང༌། བདུན་པོ་དག་པ་དང༌། ཚངས་པའི་གནས་བཞི་བསྒོམ་པ་དང༌། སྟོང་པ་ཉིད་ཀྱི་བར་ཁ་བསྐང་ངོ༌། །དེ་ནས་ཧྲཱིཿལས་བྱུང་བའི་ལྷ་མོ་ནི། །ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་ཆོ་ག་ཡན་ལག་གསུམ་ལས་བསྐྱེད་པའི་ཁ་དོག་དམར་མོ་ནི་དབང་གི་ཡིན་གྱི། ལྟུང་བ་ལ་ནག་མོ། དགུག་པ་ལ་སེར་མོ། རེངས་པ་ལ་ལྗང་གུར་བྱའོ། །དེ་ལྟར་དམ་ཚིག་པ་བསྐྱེད་ནས། ཡེ་ཤེས་པ་གཞུག་པ་དང༌། སྐྱེ་མཆེད་བྱིན་གྱིས་བརླབ་པ་དང༌། དབང་བསྐུར་ནས་དབུ་རྒྱན་ལ་སྣང་བ་མཐའ་ཡས་ཀྱི་བར་ཡན་ལག་བཞི་རྫོགས་པར་བྱས་ལ། ཐུགས་ཀའི་ཟླ་བར་ཧྲཱིཿལ་སྔགས་ཀྱིས་བསྐོར་བ་ལ་དམིགས་ལ་སྔར་གྱི་སྔགས་བཟླའོ། །དེ་ལ་གང་ཟག་དབང་པོ་རབ་བསྒོམས་པ་ཙམ་གྱིས་གྲུབ་པའོ། །འབྲིང་བཟླས་བསྒོམ་གཉིས་ཀྱིས་གྲུབ་པ་ནི་འབུམ་ཕྲག་གཅིག་ཅེས་བྱ་བ་ལ་སོགས་པའོ། །ཐ་མ་རྫས་སྦྱོར་ལ་སོགས་པ་ནི་ལེའུ་གཉིས་པ་དང༌། གཞན་ལས་ཀྱང་གསུངས་སོ། །ལེའུ་བཅུ་གཅིག་པ་ཚིགས་བཅད་བཅོ་ལྔའི་འགྲེལ་པའོ།། །།ཀྱེའི་རྡོ་རྗེ་ནི་སྟོང་པ་དང་སྙིང་རྗེ་གཉིས་སུ་མེད་པའི་དོན་ཡིན་ལ། དེའི་རྣམ་པ་ནི་ཁྲོ་ཆགས་ཀྱི་སྐུའོ། །མཁའ་འགྲོ་མ་ནི་དོན་ཆོས་ཀྱི་སྐུ་ནམ་མཁའ་ལྟར་མི་རྟོག་པ་ཡིན་ལ། དེའི་རྣམ་པ་མཁའ་འགྲོ་མའི་སྐུར་སྟོན་པས་སོ། །དྲྭ་བ་ནི་སྒྱུ་མའམ་ཚོགས་སོ། །སྡོམ་པ་ནི་བདེ་བ་མཆོག་གོ །དེ་ལྟ་བུའི་བརྗོད་བྱ་སྟོན་པ་ནི་རྗོད་བྱེད་ཀྱི་རྒྱུད་དོ། །དེའང་བརྟག་པ་དང་པོ་མངོན་པར་རྟོགས་པའི་རིམ་པ་བཞིན་བསྟན་པའི་ཕྱིར་རྡོ་རྗེ་སྙིང་པོ་ཞེས་སྨོས་ཏེ། རྡོ་རྗེ་སྙིང་པོར་གྱུར་པས་རྡོ་རྗེ་སྙིང་པོ་སྟེ། རྒྱུ་དང་ལམ་དང་འབྲས་བུ་གསུམ་མོ། །དེ་ལྟར་ཡང་རྡོ་རྗེ་རྩེ་མོ་ལས། གདུལ་བྱ་འཕགས་པ་སྐྱེས་མཆོག་ཉིད། །དེ་ནི་རྡོ་རྗེ་སྙིང་པོར་བརྗོད། །ཅེས་སོ། །དེའི་མངོན་རྟོགས་ཡིན་པས་ན་མངོན་པར་བྱང་ཆུབ་པའོ། །བརྟག་པ་ནི་རྟོག་པས་བརྟགས་པ་སྟེ། ཆོས་ཐམས་ཅད་བརྗོད་པ་དང་བྲལ་ཡང་སྒྲར་བརྟགས། གཟུགས་མེད་ཀྱང་གཟུགས་སུ་བརྟགས་ཏེ་ཉམས་སུ་བླང་བར་སྟོན་པའི་ཕྱིར་རོ། །བརྟག་པ་དང་པོ་ཚིགས་སུ་བཅད་པ་སུམ་བརྒྱ་དང་བཅུ་ཐམ་པའི་རྣམ་པར་བཤད་པའོ། །རྫོགས་སོ།། །། ༄༅། །སྤྲོས་ཀུན་དང་བྲལ་ལྷན་ཅིག་སྐྱེས། །ཆོས་དབྱིངས་ཡེ་ཤེས་བདག་མེད་མར། །ཕྱག་འཚལ་བླ་མའི་གསུང་བཞིན་དུ། །བརྟག་པ་གཉིས་པའི་བཤད་སྦྱར་བྲི། །དེ་ལྟར་བརྟག་པ་དང་པོ་མངོན་པར་རྟོགས་པའི་རིམ་པ་དང་སྦྱར་ནས། རྩ་བའི་རྒྱུད་ཀྱི་ཚུལ་དུ་བསྟན་ནས། བརྟག་པ་གཉིས་པ་རྒྱུད་ཕྱི་མའི་ཚུལ་དུ་འཆད་དོ། །ཇི་ལྟར་རྒྱུད་ཕྱི་མ་ཡིན་སྙམ་ན། འདི་ལྟར་སྔ་མ་ལ་མ་ལྟོས་པའི་མངོན་པར་རྟོགས་པ་སོ་སོར་སྟོན་པ་ཡིན་ན་རྒྱུད་ཕྱི་མ་མ་ཡིན་མོད། འདི་ནི་སྔ་མའི་བཤད་པ་ཉིད་དུ་སྟོན་ཏེ། སྤྱོད་པའི་ལེའུ་ལས་གང་བཤད་པ་ཞེས་བྱ་བ་ལ་སོགས་པས་གསལ་བར་བྱེད་དོ། །དེ་བས་ན་རྒྱུད་འདི་མཐའ་དག་གིས་གང་ཟག་གཅིག་མངོན་པར་རྫོགས་པར་འཚང་རྒྱ་བའི་ཆ་རྐྱེན་སྟོན་ལ། དེ་ནི་དམིགས་པར་བྱ་བའི་ཡུལ་འབྲས་བུའི་རྒྱུད་དང༌། དེ་ཐོབ་པར་བྱེད་པའི་ཐབས་ལ་རིམ་པ་གཉིས་འཁོར་དང་བཅས་པ་དང༌། དེ་ཉམས་སུ་ལེན་པ་ལ་སྣོད་དུ་རུང་བ་དགོས་པས་སྨིན་པར་བྱེད་པའི་ལམ་དབང་བསྐུར་བ་ཞེས་བྱ་བའི་མངོན་པར་རྟོགས་པའི་གཙོ་བོ་རྣམས་རིམ་པ་བཞིན་བརྟག་པ་དང་པོར་བསྟན་ལ། བརྟག་པ་གཉིས་པ་འདིས་དེ་དག་གི་མ་ཚང་བ་ཁ་བསྐང་བ་དང༌། མི་གསལ་བ་གསལ་བར་བྱེད་པས་རྒྱུད་ཕྱི་མར་འཆད་དོ། །དེ་ལ་དུམ་བུ་བཅུ་གཉིས་སུ་གནས་པ་ལས། ལེའུ་དང་པོར་རབ་ཏུ་གནས་པའི་ལེའུ་འདི་བརྟག་པ་དང་པོའི་གང་དང་འབྲེལ་པ་ཡིན་སྙམ་ན། ལེའུའི་འབྲེལ་གྱི་དབང་དུ་བྱས་ན། དེ་ལྟར་དབང་ཐོབ་པས་སེམས་ཅན་གྱི་དོན་བྱེད་པ་ལ་ལྟ་སྟངས་ཀྱི་སྒོ་ནས་སེམས་ཅན་གདུག་པ་ཅན་གཞུག་པ་བསྟན་ནས། གདུལ་བྱའི་སྐྱེ་བོ་དམན་པ་རྣམས་གཟུང་བའི་ཕྱིར་རབ་ཏུ་གནས་པ་ཞེས་བྱ་བར་འབྲེལ་ཏོ། །ཡང་ན་རྡོ་རྗེ་སློབ་དཔོན་གྱི་ལས་ནི། དབང་བསྐུར་བ་དང༌། རབ་ཏུ་གནས་པ་དང༌། སྦྱིན་སྲེག་ཅེས་བྱ་བ་གསུམ་གཙོ་བོ་ཡིན་ལ། དེ་ལའང་རབ་གནས་ནི་དཀྱིལ་འཁོར་དང་འབྲེལ་པ་ཉིད་ཀྱི་ཕྱིར་ཡང་ལེའུ་བཅུ་པར་འབྲེལ་བར་བྱའོ། །དེའི་ཕྱིར་ལེའུ་དེའི་མ་ཚང་བ་ཁ་བསྐང་བ་ཡིན་ནོ། །འདིའི་མངོན་པར་རྟོགས་པ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མཐའ་དག་བསྒྲུབ་པའི་མངོན་པར་རྟོགས་པ་དྲུག་ལས། སྐུ་གཟུགས་ལ་སོགས་པ་བྱིན་གྱིས་བརླབ་པའི་དོན་དུ་རབ་ཏུ་གནས་པ་ཞེས་བྱ་བ་དང༌། ལས་མཐའ་དག་བསྒྲུབ་པར་བྱ་བའི་ཕྱིར་སྦྱིན་སྲེག་ཅེས་བྱ་བ་གཉིས་དང་འབྲེལ་ལོ། །བརྗོད་པར་བྱ་བ་ནི་སྤྱིའི་དོན་ཡིན་ཞིང༌། རྗོད་བྱེད་ཡན་ལག་དང་ཡི་གེས་འཆད་དོ། །གཞུང་གི་དོན་ལ་རྡོ་རྗེ་སྙིང་པོ་ཞེས་བྱ་བ་ལ་སོགས་པ་ནི་ལེའུ་བཅུ་པར་མ་གསུངས་པས་ཞུས་པ་སྟེ། སངས་རྒྱས་ཐམས་ཅད་གཅིག་ཏུ་བསྡུས་པ་ནི། དོན་དམ་པར་སྟོང་པ་དང་སྙིང་རྗེ་གཉིས་སུ་མེད་པར་འདུས་པས་དེ་ལ་ནི་རབ་ཏུ་གནས་པ་ལ་སོགས་པ་བྱར་མེད་ཀྱང༌། ཀུན་རྫོབ་ཏུ་ལས་དང་པོ་པ་སྤྲོ་བ་དང་ལྡན་པ་རྣམས་ལ་རྟེན་གཅིག་ལ་དེ་བཞིན་གཤེགས་པ་ཐམས་ཅད་སྡུད་པར་བྱེད་པའོ། །དེ་བས་ན་དེ་བྱིན་རླབས་དང་ལྡན་པར་གྱུར་པས་ན་རབ་ཏུ་གནས་པ་ཞེས་བྱའོ། །དེས་སེམས་ཅན་གྱི་དོན་ནུས་པའི་ཕྱིར་སྤྱན་དབྱེ་བ་ཞེས་བྱའོ། །མཆོད་པའི་འོས་སུ་གྱུར་པའི་ཕྱིར་མངའ་དབུལ་བ་ཞེས་བྱའོ། །མཚན་ཉིད་བཟང་པོ་ནི་ཆོ་ག་ཡོངས་སུ་དག་པ་ལས་བྱུང་བའི་ཕྱིར་བཟང་ཞིང་དགེ་བ་སྟེ་བཟང་པོ་དྲུག་གོ །རིམ་པ་ཇི་ལྟར་ཞེས་བྱ་བ་ནི་དེ་དང་འབྲེལ་པའི་སྦྱིན་སྲེག་ཀྱང་ཞེས་བྱ་བར་དགོངས་སོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་ལན་སྟོན་ཏོ། །དེ་ལ་དང་པོར་རབ་ཏུ་གནས་པའི་ཆོ་གའི་རིམ་པ་དང༌། སློབ་དཔོན་གྱི་མཚན་ཉིད་དང༌། མཆོད་པའི་ཆོ་ག་ཞེས་བྱ་བ་གཞུང་ལ་དུམ་བུ་གསུམ་དུ་གནས་ཀྱང་བཟང་པོ་དྲུག་དང་ལྡན་པར་བྱའོ། །དེ་དག་ཀྱང་གང་ཞེ་ན། རྟེན་དང༌། སློབ་དཔོན་དང༌། དུས་དང༌། གནས་དང༌། ཡོ་བྱད་དང༌། ཆོ་ག་ཡོངས་སུ་དག་པ་བཟང་པོའོ། །དང་པོ་ནི་མཚན་ཉིད་དང་ལྡན་ཞིང་ཡོངས་སུ་རྫོགས་པའོ། །གཉིས་པ་ནི་སྔགས་ཀྱི་ཕ་རོལ་ཏུ་སོན་པ་སྟེ། དེ་ཉིད་བཅུ་ལ་སོགས་པ་ཤེས་པ་དང༌། རབ་མཐོང་སྟེ་སྔོན་ཆད་ལས་ཀྱི་ཆོ་ག་མཐོང་བ་དང༌། རང་འདོད་ལྷ་མཉམ་སྟེ་རྣལ་འབྱོར་ལ་གནས་ཤིང་བསྙེན་པ་རྫོགས་པར་བྱས་པའོ། །གསུམ་པ་ནི་ཤིས་པའི་དུས་ཏེ། ལས་དང་པོ་པ་འདྲེན་པར་བྱེད་པའི་ཆོ་ག་ཡིན་པས་སོ། །བཞི་པ་ནི་གཞན་ནས་མཚན་ཉིད་ཇི་ལྟར་བཤད་པ་དང་ལྡན་པ་དང༌། ཁྱད་པར་དུ་ཁྲུས་སའི་སྟེགས་བུ་ཤོང་བའོ། །ལྔ་པ་ནི་དང་པོར་སྦྱིན་སྲེག་ལ་མཁོ་བའི་ཡོ་བྱད་དང༌། དེ་ནས་དཀྱིལ་འཁོར་ལ་མཁོ་བའི་ཡོ་བྱད་བུམ་པ་ལ་སོགས་པ་དང༌། ཁྱད་པར་དུ་རབ་གནས་ལ་མཁོ་བའི་ཡོ་བྱད་ཁྲུས་ཀྱི་ཡོ་བྱད་དང༌། མངའ་དབུལ་བའི་ཡོ་བྱད་རྣམས་སོ། །སློབ་མ་དང་འབྲེལ་པ་ཅན་དུ་བྱེད་ན་སློབ་མ་ལ་མཁོ་བའི་ཡོ་བྱད་ཀྱང་གཟུང་ངོ༌། །དྲུག་པ་ནི་རབ་ཏུ་གནས་པའི་ཆོ་ག་ནི་དཀྱིལ་འཁོར་དང་སྦྱིན་སྲེག་དང་འབྲེལ་བའི་ཕྱིར་ཏེ། ཇི་ལྟར་དཀྱིལ་འཁོར་ཆོ་ག་ལས་འབྱུང་བ། བསྙེན་པ་དང༌། ས་ཆོག་ནས་དཀྱིལ་འཁོར་སྒྲུབ་མཆོད་ཀྱི་བར་བྱས་ལ། དེ་ནས་རབ་གནས་ཀྱི་སྟ་གོན་བྱ། ཕྱིད་ཉིན་དངོས་གཞི་བྱས་ལ། དེ་ནས་ནི་འཇུག་པ་དང༌། དབང་བསྐུར་བར་བྱའོ། །རབ་གནས་ཀྱི་ཆོ་ག་ནི། ཁྲུས་བྱ་བ་དང༌། སྦྱང་བ་དང༌། དམ་ཚིག་པ་བསྐྱེད་པ་དང༌། ཡེ་ཤེས་པ་གཞུག་པ་དང༌། བྱིན་གྱིས་བརླབ་པ་དང༌། དབང་བསྐུར་བ་དང༌། མཆོད་པ་བྱ་བ་ནི་ཐུན་མོང་ངོ༌། །ཁྱད་པར་དུ་སྟ་གོན་ལ་སྙན་གསན་དབབ་པ་དང༌། གཤེགས་སུ་གསོལ་བའོ། །དངོས་གཞི་ལ་མཆོད་པ་བྱས་ལ་སྤྱན་དབྱེ་བ་དང༌། བརྟན་པར་བཞུགས་པ་དང༌། མཆོད་པར་བསྒོ་བ་དང༌། སྲུང་མ་བསྒོ་བ་དང༌། སྨོན་ལམ་གདབ་པའོ། །དེ་དག་ནི་ཅི་གསུངས་སྦྱིན་སྲེག་ཅེས་བྱ་བ་ལ་སོགས་པའི་གཞུང་གིས་འཆད་དོ། །ཚིག་གི་དོན་ནི་གོ་སླའོ། །ཞི་བར་ཞེས་བྱ་བ་ལ་སོགས་པས་སྦྱིན་སྲེག་འཆད་དེ། སྦྱིན་སྲེག་ནི་རབ་ཏུ་གནས་པ་དང་འབྲེལ་པའི་ཕྱིར་དེའི་མཇུག་ཏུའོ། །དེའང་སྟ་གོན་གྱི་དུས་སུ་སློབ་དཔོན་དང་སློབ་མའི་སྡིག་པ་ཞི་བའི་ཕྱིར་ཞི་བའི་སྦྱིན་སྲེག དངོས་གཞི་ལ་ལྷ་མཆོད་པའི་སྦྱིན་སྲེག མཇུག་ཏུ་ལྷག་ཆད་ཁ་སྐོང་བའི་སྦྱིན་སྲེག་ཅེས་བྱ་བར་སྟོན་ཏོ། །སྦྱིན་སྲེག་གི་ཆོ་ག་ལ་སྦྱོར་བ་དང༌། དངོས་གཞི་དང༌། མཇུག་གི་ཆོ་གའོ། །དང་པོ་ལ་བརྒྱད་དེ། ཐབ་དང༌། བུད་ཤིང་དང༌། མེ་དང༌། བསྲེག་རྫས་དང༌། མཆོད་རྫས་ཀྱི་བཤམ་ཐབས་དང༌། དགང་གཟར་དང་བླུགས་གཟར་དང༌། དུས་དང༌། ཕྱོགས་དང༌། སྒྲུབ་པ་པོའི་ཁྱད་པར་རྣམས་སོ། །དངོས་གཞི་ལ་དྲུག་སྟེ། བདག་གི་རྣལ་འབྱོར་དང༌། མེ་བཙལ་ཞིང་བསྒྲུབ་པ་དང༌། ཐབ་དང་ཡོ་བྱད་བསང་ཞིང་བྱིན་གྱིས་བརླབ་པ་དང༌། ཐབ་ཁུང་མངོན་པར་འདུ་བྱ་བ་དང༌། འཇིག་རྟེན་པའི་མེ་ལྷ་མཆོད་པ་དང༌། འདས་པ་མཆོད་པའོ། །མཇུག་ལ་འཇིག་རྟེན་པའི་མེ་ལྷ་མཆོད་པ་དང༌། ལས་ཀྱི་རྗེས་མི་མངོན་པར་བྱ་བའོ། །རབ་ཏུ་གནས་པ་དང༌། སྦྱིན་སྲེག་གི་ཆོ་ག་འདི་གཉི་གའི་མངོན་པར་རྟོགས་པ་རྒྱས་པར་འདིར་སྦྱར་བར་མི་བྱའི་ལོགས་སུ་དཀྱིལ་འཁོར་གྱི་ཆོ་ག་ལས་ཤེས་པར་ནུས་པའི་ཕྱིར་རོ། །གཞུང་གི་དོན་ལ་དུམ་བུ་དྲུག་ཏུ་གནས་པའི་ཚིག་གི་དོན་རྣམས་ནི་གོ་སླའོ། །མ་མ་རིན་ཆེན་ཞེས་བྱ་བ་ནི་སའི་ལྷ་མོ་མཁྱེན་པར་གསོལ་བ་སྟེ། འདི་ནི་དཀྱིལ་འཁོར་དང༌། སྦྱིན་སྲེག་དང་རབ་ཏུ་གནས་པ་ཐམས་ཅད་དང་འབྲེལ་བ་སྟེ། ལེའུ་བཅུ་པར་སྔགས་མ་གསུངས་པ། འདིར་སྔགས་རྣམས་སྟོན་པའི་སྐབས་སུ་བབ་པའི་ཕྱིར་བྲིས་པའོ། །རབ་གནས་ཀྱི་ལེའུ་ཚིགས་སུ་བཅད་པ་བཅོ་ལྔའི་འགྲེལ་པའོ།། །།དེ་ལྟར་སློབ་དཔོན་གྱི་དབང་ཐོབ་པས། སེམས་ཅན་ལས་དང་པོ་པ་དམན་པ་རྣམས་རྗེས་སུ་འཛིན་པའི་ཆོས་གསུངས་པས། དེ་ཙམ་གྱིས་ཆོག་པར་འཛིན་པ་སུན་དབྱུང་བར་བྱ་བའི་ཕྱིར། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་དང༌། དེའི་རྒྱུ་འདྲི་བར་འདོད་ནས། རྡོ་རྗེ་སྙིང་པོས་གསོལ་པ། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བས་ན་ལེའུ་འདིས་ནི་བརྟག་པ་དང་པོའི་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཀྱི་མངོན་པར་རྟོགས་པ་ཐམས་ཅད་ཀྱི་དོན་སྟོན་པར་བྱེད་དོ། །དེ་ལྟ་མོད་ཀྱི་བརྟག་པ་དང་པོར་ལེའུ་སོ་སོར་བརྗོད་བྱ་སོ་སོར་ངེས་པར་གསུངས་པས་ན་དེ་དག་དང༌། སོ་སོར་བླ་མའི་གསུང་གིས་སྦྱར་ཞིང་ལེའུ་འདི་ཉིད་ཀྱི་འབྲེལ་ངེས་པ་བཙལ་བར་བྱའོ། །དེ་ལ་དང་པོར་འཁོར་བའི་རྒྱ་མཚོ་ལས་ཐར་ཏེ། རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཐོབ་པར་འདོད་པ་རྣམས་ལ། དངོས་པོ་ཉིད་ཀྱི་རྣམ་གྲོལ་ཞིང༌། །ཞེས་ལེའུ་དང་པོར་ལྷའི་རྣལ་འབྱོར་གྱིས་གྲོལ་བར་གསུངས་ན། ལྷ་ཉིད་གང་གིས་རྣལ་འབྱོར་གྱིས་གྲོལ། །ཞེས་ཞུས་པ་དང༌། དེའི་ལན་ནི། རྡོ་རྗེ་སྙིང་པོས། ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་བསྐྱེད་པའི་རིམ་པ་ལ་གནས་པས། རྫོགས་པའི་རིམ་པ་བསྒོམ་པ་བསྟན་ཅིང༌། རིམ་པ་གཉིས་ལ་གནས་པས་དྲོད་ཐོབ་ནས་སྤྱོད་པ་སྤྱད་དེ། ལེའུ་དྲུག་པ་ལས། ཅུང་ཟད་དྲོད་ནི་ཐོབ་པ་ན། །གལ་ཏེ་སྤྱོད་པ་བྱེད་འདོད་པས། །གལ་ཏེ་འགྲུབ་འགྱུར་འདོད་ཡོད་ན། །འདིས་ནི་སྤྱོད་པ་སྤྱད་པ་ཉིད། །ཅེས་བྱ་བའི་དོན་བསྟན་པའི་ཕྱིར་བསམ་གཏན་ཞེས་བྱ་བ་ལ་སོགས་པ་རྫོགས་པའི་རིམ་པ་དང༌། འཇིགས་སྨྱོ་ཞེས་བྱ་བ་ལ་སོགས་པ་དྲོད་ཀྱི་མཚན་ཉིད་དང༌། མཚམས་མེད་ལྔ་ནི་ཞེས་བྱ་བ་ལ་སོགས་པས་དེ་ལྟ་བུ་ལ་གནས་ན་གང་ཟག་ཐམས་ཅད་ཀྱིས་འགྲུབ་པར་བསྟན་པ་དང༌། ཟླ་བ་གཅིག་ཏུ་ཞེས་བྱ་བ་ལ་སོགས་པས་སྤྱོད་པ་བསྒྲུབ་པའི་རིམ་པ་གསུངས་སོ། །གལ་ཏེ་ལེའུ་བཅུ་པ་ལས། དངོས་གྲུབ་མཚན་ཉིད་མི་ཕྱེད་པ། །ཕྱག་རྒྱའི་རྣལ་འབྱོར་པ་ཡིས་འགྲུབ། །ཅེས་ཀྱང་གསུངས་ལ། འདིར་ཡང་ཕྱག་རྒྱ་ལ་བརྟེན་པར་གསུངས་ན། དེ་གང་ཟག་ཁ་ཅིག་ལ་མི་རུང་ངོ༌། །ཞེས་བརྩད་པའི་སྐྱོན་སྤོང་བ་ནི། རྡོ་རྗེ་སྙིང་པོས། ཞེས་བྱ་བ་ལ་སོགས་པའོ། །དེ་ལ་བརྟེན་པའི་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཉིད་གང་ཡིན་སྙམ་ན། ཆགས་དང་འཇིག་པ་ཞེས་བྱ་བ། །ལ་སོགས་པ་གསུངས་སོ། །དེ་ལྟར་ན་དེ་དག་མངོན་པར་རྟོགས་པ་སྐྱེ་བའི་རིམ་པ་བཞིན་གཞུང་དུ་གནས་སོ། །ལྷག་མ་རྣམས་ཀྱིས་ནི་དངོས་གྲུབ་དེ་རིམ་པ་གཉིས་ལ་བརྟེན་ཏེ་འབྱུང་བའི་ཚུལ་རྒྱས་པར་འཆད་དོ། །དེའང་བརྟག་པ་དང་པོར་ལེའུ་བརྒྱད་པ་ལས། བསྐྱེད་པ་ཡི་ནི་རིམ་པ་དང༌། །རྫོགས་པ་ཡི་ཡང་རིམ་པ་ཉིད། །རིམ་གཉིས་མཉམ་པར་གནས་ནས་ནི། །རྡོ་རྗེ་ཅན་གྱིས་ཆོས་འཆད་དོ། །ཞེས་བྱ་བ་དང༌། དངོས་པོ་མེད་པ་ཡོངས་ཤེས་པས། །དེ་ལྟར་ཧེ་རུ་ཀ་བསྒོམ་བྱ། །ཞེས་བྱ་བའི་དོན་བཤད་དོ། །རྫོགས་པའི་རིམ་པའི་ཆེ་བས། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ཞེས་བྱ་བའི་དོན་བཤད་པ་དང༌། ལུས་ལ་ཡེ་ཤེས་ཆེན་པོ་གནས། །ཞེས་བྱ་བའི་དོན་དུའང་འགྲོའོ། །ཞེས་གསུང་ངོ༌། །དེ་ལའང་བསྐྱེད་པའི་རིམ་པའི་རྣལ་འབྱོར་ཞེས་བྱ་བ་ལ་སོགས་པ་རིམ་པ་གཉིས་ཀ་བསྒོམ་དགོས་པར་སྟོན་ཏོ། །ཞལ་ཕྱག་རྣམ་པའི་ཞེས་བྱ་བ་ལ་སོགས་པས་ནི་ལམ་ལ་གནས་ན་གྲོལ་བའི་འཐད་པ་སྟོན་ཏོ། །དང་པོ་ལའང་རིམ་པ་གཉིས་བསྒོམ་པའི་ཚུལ་ནི་བསྐྱེད་པའི་ཞེས་བྱ་བ་ལ་སོགས་པའོ། །རྫོགས་པའི་རིམ་པའི་ཆེ་བ་ནི་བདེ་བ་གནག་ཅིང༌། ཞེས་བྱ་བ་ལ་སོགས་པའོ། །ལུས་ལ་བརྟེན་པར་བསྟན་པ་ནི། རྡོ་རྗེ་སྙིང་པོས། ཞེས་བྱ་བ་ལ་སོགས་པ་བསྟན་པའོ། །རྫོགས་པའི་རིམ་པའི་རང་བཞིན་རྒྱས་པར་བཤད་པ་ནི་དངོས་ང་ཞེས་བྱ་བ་ལ་སོགས་པའོ། །ལམ་ལ་གནས་ན་གྲོལ་བའི་འཐད་པ་ལ་ཞལ་ཕྱག་རྣམ་པ་ཞེས་བྱ་བ་ལ་སོགས་པས་རང་བཞིན་གྱིས་དག་པ་ཉིད་ཀྱི་ཕྱིར་གྲོལ་བ་སྟོན་ཏེ། འདིས་ལེའུ་དགུ་པ་རྣམ་པར་དག་པའི་རྒྱུ་དུས་ཀྱི་དག་པའི་དོན་གསལ་བར་བསྟན་ཏོ། །དུག་གི་དུམ་བུ་ཞེས་བྱ་བ་ལ་སོགས་པས་ནི་ལམ་རིམ་པ་གཉིས་པོ་འདི་ཐབས་ཡིན་པའི་འཐད་པ་སྟོན་ཏེ། འདིས་ཐབས་ཀྱིས་རྒྱུད་མཐའ་དག་ལ་བརྩད་པ་སྤོང་བར་བསྟན་ཏོ། །ཀུན་དུ་རུ་ལས་ལྔ་རུ་ཞེས་བྱ་བ་ལ་སོགས་པ་རིགས་ཀྱི་དབྱེ་བས་ནི། ལེའུ་བཅུ་པའི་དོན་རྒྱས་པར་འཆད་དོ། །དེ་ལྟར་ན་དེ་དག་གིས་རྒྱུ་རྒྱུད་ཐབས་རྒྱུད་འབྲས་བུའི་རྒྱུད་གསུམ་ཀ་བསྟན་ཅིང༌། སྤྱི་དང༌། སྦས་པ་དང༌། མཐར་ཐུག་པར་ཡན་ལག་གི་དོན་གྱིས་བཤད་དོ། །ལེའུ་གཉིས་པའི་སྤྱི་དོན་བསྟན་ཏོ།། །།ཡན་ལག་གི་དོན་བརྗོད་པར་བྱ་སྟེ། ནམ་མཁའ་ལྟ་བུའི་ཆོས་ཀུན་ལ། ཞེས་བྱ་བ་ལ། ནམ་མཁའ་ནི་གཟུགས་ཅན་གྱི་གོ་འབྱེད་པའི་ཕྱིར་ཏེ། དེ་ལ་ནམ་མཁའ་མི་སྒྲིབ་པ། ཞེས་བཤད་དོ། །དེ་དང་འདྲ་བས་ན་དེ་ལྟ་བུ་སྟེ། དགེ་བ་དང་མི་དགེ་བ་ལ་སོགས་པའི་གོ་འབྱེད་པའི་ཕྱིར་རོ། །དེ་ལྟ་བུའི་ཆོས་ཀུན་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱིས་བསྡུས་པའི་ཆོས་རྣམས་ལའོ། །ཆོས་དེ་རྣམས་ནི་རྒྱ་མཚོ་དང་ཡང་འདྲ་སྟེ་མཐའ་ཡས་ཤིང་འདོད་ཆགས་ལ་སོགས་པའི་ཆུ་སྲིན་ལ་སོགས་པས་རབ་ཏུ་གང་བའོ། །དེ་རྣམས་ལ་རང་གི་སེམས་ནི་ཀུ་བ་དང་འདྲ་སྟེ་ཇི་ལྟར་རྒྱ་མཚོར་ཀུ་བ་ཤར་ལ་སོགས་པར་འཕྱོ་བ་དེ་བཞིན་དུ། དགེ་བ་དང་མི་དགེ་བའི་དབང་གིས་མཐོ་རིས་དང་ངན་སོང་ལ་སོགས་པ་རྣམས་སུ་འཕྱོ་བ་དེ་ལ། ཀུ་བ་ལུས་ཀྱིས་འདྲེན་པ་དང་འདྲ་བར། རང་གི་ལྷའི་སྐུས་འགྲུབ་པར་འགྱུར་རོ་ཞེས་གསུངས་ན་ལྷ་གང་གི་རྣལ་འབྱོར་གྱིས་འགྲུབ་པར་འགྱུར་ཞེས་ཞུ་བའི་དོན་ཏོ། །དེའི་ལན་ལ། བདག་མེད་རྣལ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་ནི་མུ་སྟེགས་བྱེད་ཀྱིས་ཇི་ལྟར་བརྟགས་པར་ཞེས་བྱ་བར་འདོད་ཅིང་དེ་ནི་རྟག་པ་དང་གཅིག་པུ་དང་ཐེར་ཟུག་པ་ཞེས་བརྟག་པ་གང་ཡིན་པའོ། །མེད་པ་ནི་དེས་སྟོང་པ་སྟེ་ང་མེད་ན་ང་ཡིར་འཛིན་པའང་མེད་པས་བདག་ཉིད་ཀྱིས་སྟོང་པའོ། །དེའི་རྣམ་པ་གང་ལ་ཡོད་པ་ནི་བདག་མེད་རྣལ་འབྱོར་ཏེ་ལེའུ་བརྒྱད་པར་བསྟན་པ་གང་ཡིན་པའོ། །ཡང་ན་དཔལ་ཧེ་རུ་ཀ་ཞེས་བྱ་བ་ནི། ཤྲཱི་ནི་གཉིས་མེད་ཡེ་ཤེས་སྟེ། །ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །རུ་ནི་བཀོད་དང་བྲལ་བ་སྟེ། །ཀ་ནི་གང་དུའང་མི་གནས་པ། །ཞེས་བྱའོ། །དེའི་རྣམ་པ་ནི་ཞལ་བརྒྱད་པ་ཕྱག་བཅུ་དྲུག་པ། ཞབས་བཞི་པ་ཞེས་བྱ་བ་ལ་སོགས་པའི་མཚན་ཉིད་དང་ལྡན་པའོ། །གཞན་པའི་སེམས་ཀྱིས་ཞེས་བྱ་བ་ནི། ཀུ་རུ་ཀུལླེ་ལ་སོགས་པའི་ཤེས་རབ་ཀྱི་རྣལ་འབྱོར་གཞན་དང༌། ཕྱག་གཉིས་པ་ལ་སོགས་པའི་ཐབས་ཀྱི་རྣལ་འབྱོར་གཞན་ལ་གནས་པར་མི་བྱའོ། །ཇི་ལྟར་ཞེ་ན། འབྲས་བུ་འབྱུང་བ་མེད་པའི་ཕྱིར་དང༌། དཔལ་གྱི་འོས་མ་ཡིན་པའི་ཕྱིར་རོ། །དེ་ལ་འབྲས་བུ་འབྱུང་བ་མེད་པ་ནི་སྤྱིར་གསང་སྔགས་འབྲས་བུ་ལམ་དུ་བྱེད་པས། རྒྱུ་འདྲ་བས་འབྲས་བུ་འདྲ་བ་སྒྲུབ་པར་བྱེད་པ་ཡིན་པ་ལས། ལོངས་སྤྱོད་རྫོགས་པའི་སྐུ་ཞལ་བརྒྱད་ཕྱག་བཅུ་དྲུག་པ་ཡིན་ན་དེ་རྣམ་པ་གཞན་གྱིས་ཐོབ་པར་ག་ལ་འགྱུར། ལོངས་སྤྱོད་རྫོགས་པའི་སྐུ་ཉིད་དེ་ལྟར་བཞུགས་པར་ཅིས་ཤེས་སྙམ་ན། ཆོས་ཀྱི་སྐུའི་དབང་དུ་བྱས་ནས་རྣམ་པ་གཞན་དཔལ་ཀྱི་འོས་མ་ཡིན་པའི་ཕྱིར་ཏེ། ཆོས་ཀྱི་སྐུ་ནི་སྟོང་པ་དང་སྙིང་རྗེ་གཉིས་སུ་མེད་པ་ཡིན་ལ། སྟོང་པ་ཉིད་ཀྱི་ནི་ཕྱག་བཅུ་དྲུག་དང༌། ཞལ་བརྒྱད་སྤྲུལ་ལ། སྙིང་རྗེའི་སྤྱོད་པ་ནི་བསྡུ་བའི་དངོས་པོ་བཞིའི་ཞབས་བཞིར་སྤྲུལ་ཏོ། །དེ་བས་ན་རྣམ་པ་འདིར་རིགས་སོ། །གལ་ཏེ་རྣམ་པ་དེ་ལྟ་བུ་གཞན་ལའང་སྦྱར་དུ་རུང་མོད་སྙམ་ན། བདེན་མོད་ཀྱི་བཅོམ་ལྡན་འདས་ཀྱི་ཆོས་རྣམས་ནི་གདུལ་བྱ་གང་དང་གང་གིས་འདུལ་བ་ལ་དེ་དང་དེའི་རྣམ་པ་གཙོར་སྟོན་པ་ཡིན་ལ། རྒྱུད་འདིར་ཞུགས་པ་རྣམས་ལ་སྟོན་པས་དེ་ལྟ་བུའི་རྣམ་པར་འཕྲུལ་པ་གཙོ་བོར་གྱུར་པ་མཛད་ནས་ཆོས་གསུངས་སོ། །དེ་བས་ན་གཙོ་བོ་ཡིན་པའི་ཕྱིར་འདི་ཁོ་ན་བསྒོམ་པར་རིགས་སོ། །རྣམ་པ་དེ་ལྟར་ཡང་འོག་ནས་ཕྱག་ནི་བཅུ་དྲུག་པ་ཞལ་བརྒྱད་པ། ཞེས་བྱ་བ་ལ་སོགས་པ་གསུངས་པས་ཤེས་པར་ནུས་སོ། །སློབ་དཔོན་གཞན་དག་ནི་དཔལ་ཧེ་རུ་ཀ་དང༌། བདག་མེད་མ་ནི་མཚོན་པ་ཙམ་དུ་ཟད་ཀྱི་དེས་མཚོན་ནས་ལྷའི་རྣལ་འབྱོར་གཞན་ཡང་གཟུང་ངོ༌། །གཞན་པའི་སེམས་ཞེས་བྱ་བ་ནི་བདག་དང་བཅས་པའམ་ཐ་མལ་པའི་སེམས་སམ། ཞི་གནས་ཀྱི་མཚན་མ་ཅན་ཡིད་ལ་བྱེད་པས་ཞེས་བྱ་བར་འཆད་དོ། །འོ་ན་རང་འདོད་ལྷའི་གཟུགས་ལས་ཇི་ལྟར་འགྲུབ་ཅེས་ལྷའི་རྣལ་འབྱོར་གང་གིས་ཞེས་དམིགས་ཀྱིས་བསལ་བར་དྲིས་པར་མངོན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། རང་འདོད་ལྷའི་གཟུགས་ལ་ཇི་ལྟར་འགྲུབ་སྟེ། དེ་བསྒོམ་པའི་དུས་དང་གནས་ལ་སོགས་པ་སྔར་མ་བསྟན་ཏོ་ཞེས་ཞུ་བའི་དོན་ཏོ། །དེ་བས་ན་ལན་ལ་བསམ་པ་གཞན་སྤང་བ་དང༌། བསྒོམ་པའི་དུས་དང་གནས་བསྟན་ཏོ། །དེ་ནས་ནི་བོགས་དབྱུང་བ་དང་བརྟན་པར་བྱ་བའི་དོན་དུ་བརྩེ་བས་ཞེས་བྱ་བ་ལ་སོགས་པ་བསྟན་ཏོ། །དེ་ལས་འབྲས་བུ་འབྱུང་བར་ཡིད་ཆེས་པ་བསྐྱེད་པ་ནི་འཇིགས་སྨྱོ་ཞེས་བྱ་བ་ལ་སོགས་པའོ། །སྒྲུབ་པའི་གང་ཟག་ནི་མཚམས་མེད་ཅེས་བྱ་བ་ལ་སོགས་པའོ། །དྲོད་ཐོབ་ནས་སྤྱོད་པ་ལ་སོགས་པ་ནི་སྔར་བསྟན་པ་བཞིན་ཏེ། དེ་བས་ན་དྲི་བ་འདི་ནི་ལེའུ་འདི་མཐའ་དག་གི་སྤྱིར་དྲི་བ་ཡིན་ཞིང༌། འོག་ནས་ཀྱི་དྲི་བ་རྣམས་ནི་གནས་སྐབས་ཀྱི་བརྩད་པ་སྤོང་བར་འཆད་དོ། །དེ་ལྟར་ལྷའི་རྣལ་འབྱོར་ལ་གནས་པའི་གནས་གང་དུ་བསྒོམ་ཞེ་ན། དང་པོར་གོམས་པར་བྱེད་དུས་ཀྱི་གནས་ནི་རང་ཁྱིམ་ཞེས་བྱ་བར་སྦྱར་རོ། །ཕྱིས་གོམས་ནས་དུར་ཁྲོད་ལ་སོགས་པར་བྱའོ་ཞེས་ཤུགས་ལས་ཤེས་པར་ནུས་ཏེ། དེ་བཞིན་གཤེགས་པ་རིགས་ལྔ་སོ་སོའི་བསྒོམ་གནས་རྡོ་རྗེ་གུར་ལས་བཤད་པ་བཞིན་ནོ། །དུས་ནམ་བསྒོམ་ཞེ་ན། ལས་དང་པོ་པའི་དུས་སུ་ནི་སེམས་སློབ་པ་ལ་གཡེང་བ་ཉུང་བས་མཚན་དུས་ཡིན་ལ། ཕྱིས་གོམས་ནས་ནི་རྐང་པ་འཁྲུད་པ་ལ་སོགས་པ་ཡིན་ནོ་ཞེས་བྱ་བའམ། ཡང་ན་མཚན་དུས་ནི་གཡེང་བ་ཉུང་བས་མཉམ་པར་གཞག་པར་བྱ་ལ། རྐང་པ་འཁྲུད་པ་ལ་སོགས་པར་ནི་མཉམ་པར་མ་བཞག་པའི་རྣལ་འབྱོར་དུ་བྱའོ། །དེ་ལྟར་གཡེང་བ་མེད་པའི་བསམ་གཏན་འདི་ནི་ཉོན་མོངས་པ་ཐམས་ཅད་འཇིག་པར་བྱེད་པས་ཏེ། རྡོ་རྗེ་སྙིང་པོ་ཁྱོད་ལ་བཤད་དོ་ཞེས་སྦྱར་རོ། །དེ་ལྟར་རྣལ་འབྱོར་ལ་གནས་པ་རྣམས་ལ། ཅུང་ཟད་དྲོད་ནི་ཐོབ་པ་ན། །སྤྱོད་པ་སྤྱད་ཅེས་གསུངས་པ་ཡིན་ན། དྲོད་ཐོབ་པར་བྱེད་པའི་ཐབས་ཉེ་བའི་རྒྱུ་གང་ཡིན། དྲོད་རང་གི་ངོ་བོ་ནི་གང་ཡིན། དེ་ལྟ་བུ་ལ་གནས་ན་གང་ཟག་གང་གིས་འགྲུབ། སྤྱོད་པ་བསྒྲུབ་པའི་རིམ་པ་ནི་གང་ཡིན། ཀུན་འདར་གྱི་སྤྱོད་པའི་དགོས་པ་ནི་གང་ཡིན། ཞེས་རྣམ་པར་རྟོག་པ་ལྔ་བསལ་བའི་དོན་དུ། བརྩེ་བས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་དྲོད་ཐོབ་པར་བྱེད་པའི་ཉེ་བའི་རྒྱུ་ནི་རང་བྱིན་གྱིས་རློབ་པ་དང༌། དཀྱིལ་འཁོར་གྱི་འཁོར་ལོ་སྟེ། དེ་དག་བསྒོམ་པའི་དུས་ནི་བདག་རང་གི་ཉམས་ལ་དྲོད་ངེས་པར་ཐོབ་བོ་སྙམ་པའི་ངེས་པ་བྱུང་བ་ན་ཟླ་བ་ཕྱེད་དུ་ཞེས་བྱ་བར་སྦྱར་རོ། །དགོས་པ་ནི་དྲོད་ཀྱི་དངོས་གྲུབ་ཀྱི་དོན་དུ་ཡང་ངོ༌། །བསྒོམ་པའི་ཚུལ་གྱི་གྲོགས་ནི། བརྩེ་བས་ཞེས་བྱ་བ་ནི་འདོད་པའི་ཡོན་ཏན་ལ་རོལ་པས་སོ། །བསམ་པ་ཐམས་ཅད་སྤང་བ་ནི་རྣམ་པར་རྟོག་པ་མ་ལུས་པའོ། །ཉི་མ་གཅིག་ཏུ་མ་ཆད་པ་ནི་སྐད་ཅིག་ཀྱང་བར་མ་ཆད་པའོ། །གང་བསྒོམ་སྙམ་ན་ལྷའི་གཟུགས་ཞེས་བྱ་བ་ནི་རང་བྱིན་གྱིས་རློབ་པ་སྟེ། བདེ་བ་ལ་རོལ་པ་དང་ལུས་ལ་བྱུང་བས་ན་ལྷའོ། །ཡང་ན་རང་གཞན་དོན་ནི་ཞེས་བྱ་བ་ལ་སོགས་པས་དཀྱིལ་འཁོར་འཁོར་ལོའི་ཐབས་བསྟན་ཏོ། །གལ་ཏེ་དེ་ལྟར་བསྒྲུབས་ཀྱང་བསམ་གཏན་ཉོན་མོངས་འཇིག་བྱེད་ཅེས་བྱ་བའི་དྲོད་ཐོབ་པར་ནུས་སམ་སྙམ་ན། ཡིད་ཆེས་པར་བྱ་བའི་ཕྱིར། དྲོད་དེ་རང་གི་ངོ་བོ་བསྟན་པ་ནི་འཇིགས་སྨྱོ་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་དྲོད་ཅེས་བྱ་བ་ནི་བསྒོམས་པ་ལས་བྱུང་བའི་རྣལ་འབྱོར་པའི་སེམས་ཀྱི་མཐུའོ། །དེ་ལ་དྲོད་ཆེ་འབྲིང་རྣམ་པ་གསུམ་མོ། །དེ་ལ་དྲོད་ཆུང་ངུ་ནི་འཇིག་རྟེན་གྱི་ཆོས་ཀྱི་རྣམ་པར་རྟོག་པས་མི་རྫི་བ་སྟེ། འཇིགས་སྨྱོ་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །དེའང་འཇིག་རྟེན་གྱི་ཆོས་བསྟོད་པ་ལ་སོགས་པ་བརྒྱད་ལ་དགོས་པ་མེད་དོ་ཞེས་ངེས་པར་ཤེས་པས་ནི་མ་ཡིན་ཏེ། རང་གི་ནང་ནས་ཏིང་ངེ་འཛིན་གྱི་ཉམས་ཀྱི་སྣང་བ་ལ་ཐམས་ཅད་མཉམ་པ་ཉིད་དུ་འཆར་བ་སྟེ། སྟེའུ་དང་ཙནྡན་དུ་མཉམ་པ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །དྲོད་འབྲིང་དང་ཆེན་པོ་ནི་ཕན་དང་གནོད་པའི་འབྲས་འབྱུང་བ། ཞེས་བྱ་བ་སྟེ་ཕན་པ་ནི་རྗེས་སུ་གཟུང་བའོ། །གནོད་པ་ནི་ཚར་གཅད་པའོ། །དེ་དག་ཀྱང་སྔགས་ལ་སོགས་པ་ལས་བྱུང་བའི་ནུས་པ་ལྟ་བུ་ནི་མ་ཡིན་ཏེ། རང་གི་སེམས་ཀྱི་མཐུས་ཞེས་བྱ་བའོ། །དེ་དག་ཀྱང་གང་རུང་གཅིག་ནུས་པ་ནི་འབྲིང་ཡིན་ལ། གཉི་ག་ནུས་པ་ནི་ཆེན་པོའོ། །དེ་ལྟར་གྲུབ་ན་སྤྱོད་པར་གདམས་པ་ནི་དེ་ལྟར་ངེས་པར་ཤེས་ནས་ཞེས་གསུངས་ཏེ། དེ་བས་ན་དེ་ཁོ་ན་ཉིད་དང་ལྡན་པའི་སེམས་ཀྱི་མཐུ་ཡོད་པ་རྣམས་ཀྱིས་དཔྱད་ན་ངུ་འབོད་དུ་མི་འགྱུར་ལ། དེ་ལྟ་མ་ཡིན་པར་འགྱུར་ཞེས་བྱ་བའི་དོན་ཏོ། །དཔལ་གསང་བ་གྲུབ་པ་ལས། དཔེར་ན་སྐྱེས་བུ་ལ་ལ་ཞིག །སྨན་དང་སྔགས་སོགས་མི་འཛིན་པར། །དུག་སྦྲུལ་མགོ་ལ་འཇུ་བྱེད་པ། །གཤིན་རྗེའི་ཁར་འགྲོ་ཁོ་ནར་ཟད། །དེ་བཞིན་དེ་ཉིད་མེད་བཞིན་དུ། །ངོ་མཚར་ཆེ་བ་ལྟར་བྱེད་པ། །ཇི་སྲིད་ནམ་མཁའ་གནས་ཀྱི་བར། །ཤི་བའི་འོག་ཏུ་དམྱལ་བར་འགྲོ། །ཞེས་གསུངས་པ་ལྟ་བུའོ། །གལ་ཏེ་སྤྱོད་པ་དེ་ལྟ་བུ་ལ་གནས་ཀྱང་སྡིག་པ་ཅན་ལ་སོགས་པ་དག་འགྲུབ་པར་མི་འགྱུར་རོ་ཞེས་སྙམ་ན། དེ་དག་ཐམས་ཅད་ཀྱང་འགྲུབ་པར་འགྱུར་རོ་ཞེས་རྒྱུད་ཀྱི་ཆེ་བ་བསྟན་པའི་ཕྱིར། མཚམས་མེད་ལྔ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མཚམས་མེད་པ་ལྔ་ནི། ཕ་དང༌། མ་དང༌། དགྲ་བཅོམ་པ་གསོད་པ་དང༌། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་དང༌། དགེ་འདུན་གྱི་དབེན་བྱེད་པའོ། །མ་རུངས་པའི་ལས་བྱེད་པ་ཞེས་བྱ་བ་ནི་དེ་དང་ཉེ་བ་ལྔ་བྱེད་པ་སྟེ། མ་དགྲ་བཅོམ་མ་སུན་བྱས་དང༌། །བྱང་ཆུབ་སེམས་དཔའ་ངེས་གནས་པ། །སློབ་པ་གསོད་དང་དགེ་འདུན་གྱི། །འདུ་བའི་སྒོ་ནི་འཕྲོག་པ་དག །མཚམས་མེད་པ་དང་ཆ་འདྲ་སྟེ། །ལྔ་པ་མཆོད་རྟེན་འཇིག་པ་ཡིན། །ཞེས་འབྱུང་བ་ལྟ་བུའོ། །སྲོག་ཆགས་གསོད་ལ་དགའ་བ་ཞེས་བྱ་བ་ནི་མི་དགེ་བ་ལྷག་མ་རྣམས་ཀྱང་གཟུང་ངོ༌། །མདོར་ན་ཉན་ཐོས་ཀྱི་ཐེག་པ་ལས་གང་འགྲུབ་པའི་གེགས་སུ་བཤད་པ་དེ་དག་ཐམས་ཅད་ཀྱང་ཐེག་པ་ཆེན་པོ་འདིས་འགྲུབ་པར་གསུངས་ཏེ། དཔལ་གསང་བ་འདུས་པ་ལས། གདོལ་པ་སྨྱིག་མ་མཁན་ལ་སོགས། །གསོད་དོན་དོན་དུ་སེམས་པ་པོ། །དེ་རྣམས་ཀྱིས་ཀྱང་ཐེག་པ་ཡི། །ཐེག་མཆོག་འདི་ལ་འགྲུབ་པར་འགྱུར། །ཞེས་གསུངས་སོ། །གལ་ཏེ་དེ་ལྟར་ཆོས་དང་ལྡན་པ་རྣམས་མི་འགྲུབ་བམ་སྙམ་ན། དགེ་བ་བཅུ་ལ་སོགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕ་རོལ་ཏུ་ཕྱིན་པའི་ཐེག་པས་རྒྱུད་སྦྱང་བ་བྱས་པ་རྣམས་ནི་ངེས་པར་འགྲུབ་པར་འགྱུར་རོ། །དེ་ལྟར་སེམས་ཀྱི་མཐུ་ཐོབ་པ་རྣམས་ཀྱི་སྤྱོད་པ་བསྒྲུབ་པའི་རིམ་པ་བསྟན་པའི་ཕྱིར་ཟླ་བ་གཅིག་ཏུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདིའི་དོན་ནི་འདི་ཡིན་ཏེ། ཐོག་མ་ཁོ་ནར་རིམ་པ་གཉིས་ཀྱི་རྣལ་འབྱོར་ལ་གནས་པས་དྲོད་ཆུང་ངུ་ཐོབ་པར་བྱའོ། །དེ་ནས་བདག་གི་རྟོགས་པ་དེ་བརྟན་ནམ་མི་བརྟན་ཞེས་བརྟག་པའི་ཕྱིར། ཉིན་མོ་ཟླ་དང་མཐུན་པའི་སྤྱོད་པ་བྱས་ལ། མཚན་མོ་ཨ་ཝ་དྷཱུ་ཏཱིའི་སྤྱོད་པ་བྱའོ། །དེས་རྟོགས་པ་དེ་ལ་གནོད་པར་གྱུར་ན་སླར་ཡང་བསྡུས་ལ་བསྒོམ་པ་ལ་འབད་པར་བྱའོ། །རྟོགས་པ་ལ་མི་གནོད་ན་ནི། དྲོད་ཆུང་ངུ་ཐོབ་པར་ངེས་པ་ཡིན་པས། རང་གི་ཡུལ་འཁོར་ནས་སྤགས་ཏེ་སྨྱོན་པའི་བརྟུལ་ཞུགས་ཀྱི་སྤྱོད་པ་འཇིག་རྟེན་པའི་མངོན་དུ་སྤྱད་དེ། ཇི་སྲིད་དུ་དྲོད་འབྲིང་པོ་ཐོབ་ཀྱི་བར་ཡིན་གྱི་འདི་ལ་དུས་ཀྱི་ངེས་པ་མེད་དོ། །དྲོད་འབྲིང་པོ་ཐོབ་པ་ན་ཀུན་ཏུ་བཟང་པོའི་སྤྱོད་པ་ཟླ་བ་གཅིག་ཏུ་གསང་ལ་སྤྱོད་ཅེས་བྱའོ། །དང་པོ་ནས་གོམས་པའི་ཕྱག་རྒྱ་དང་ལྡན་པ་རྣམས་ལ་ནི་ལུང་བསྟན་པ་འདི་མི་དགོས་ཀྱི། ལྷག་མ་རྣམས་ལ་ནི་ཇི་སྲིད་ཕྱག་རྒྱ་མ་རྙེད་པ་དེ་སྲིད་ཀྱི་བར་ཏེ་ཞེས་བྱ་བར་སྦྱར་རོ། །དེ་ལ་གློ་བུར་གྱི་ཕྱག་རྒྱ་རྣམ་པ་གསུམ་གསུངས་ཏེ། ལུང་བསྟན་པའི་ཕྱག་རྒྱ་ནི་གནང་བ་རྙེད་འགྱུར་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་བརྟེན་པའི་སྤྱོད་པས་ནི་ཟླ་བ་གཅིག་གིས་སྐལ་ལྡན་ཞེས་བྱ་བ་ཀུན་བཟང་གི་སྤྱོད་པའི་དུས་བསྟན་ཏོ། །ཡང་ན་རྟོགས་པ་མཉམ་པའི་ཕྱག་རྒྱ་ནི་མཆོག་ཐོབ་པའི་བུད་མེད་ཅེས་བྱ་བ་ཡིན་ནོ། །ཡང་ན་ནུས་པས་བཀུག་པ་ནི་ཡང་ན་ཞེས་བྱ་བ་ལ་སོགས་པ་སྟེ་ཚིག་གི་དོན་གོ་སླའོ། །གལ་ཏེ་གཉིས་སྤངས་ཀྱི་སྤྱོད་པ་དེ་ལོ་ཀ་པའི་ལྟོ་དགང་བའི་དཔུང་གཉེན་གྱི་སྤྱོད་པ་ཡིན་ནམ་སྙམ་ན་མ་ཡིན་ཏེ། དེའི་དགོས་པ་ནི་གང་བཤད་ཅེས་བྱ་བ་ལ་སོགས་པའོ། །ཅི་གལ་ཏེ་དེ་ལྟར་ཕྱག་རྒྱ་ལ་བསྔགས་པ་དེ་སྙེད་ཅིག་གིས་ཅི་བྱ་སྙམ་ན། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ནི་ཕྱག་རྒྱ་ལ་བརྟེན་པའི་ཕྱིར་ཏེ། རྡོ་རྗེ་གུར་ལས། མི་ཡི་ཕྱག་རྒྱ་བླངས་ནས་ནི། །དེ་ལ་ཆོས་ནི་རབ་ཏུ་དབྱེ། །དེ་དང་ལྷན་ཅིག་དངོས་གྲུབ་འགྱུར། །ཕྱག་རྒྱའི་དངོས་གྲུབ་ཅེས་སུ་གྲགས། །ཞེས་གསུངས་ལ། གཞན་ལས་ཀྱང་དེ་བཞིན་དུ་གསུངས་སོ། །དེ་བས་ན་དང་པོ་དབང་དུས། བར་དུ་ལམ་དུས། ཐ་མ་འབྲས་བུ་མངོན་དུ་བྱེད་པའི་དུས་ཞེས་བྱ་བ་གསུམ་ལས། གསང་སྔགས་རྣལ་འབྱོར་ཆེན་པོའི་འདོད་ཆགས་ཀྱི་སྤྱོད་པའི་སེམས་ཅན་རྗེས་སུ་འཛིན་པ་རྣམས་ལ་ནི། དུས་གསུམ་ཀར་ཕྱག་རྒྱ་བསྟེན་པ་དང༌། དང་པོ་དང་ཐ་མར་བསྟེན་ལ་བར་དུ་མི་བསྟེན་པ་དང༌། བར་དང་ཐ་མར་བསྟེན་ལ་དང་པོར་དངོས་སུ་མི་བསྟེན་པ་དང༌། དང་པོ་དང་བར་པ་གཉིས་ཀ་ལ་ཡེ་ཤེས་ཀྱི་ཕྱག་རྒྱ་ཙམ་ལས་དངོས་སུ་མི་བསྟེན་ལ། ཐ་མར་དངོས་སུ་བསྟེན་པ་ཞེས་བྱ་བ་སྟེ། གང་ནའང་རུང་ཕྱག་རྒྱ་མ་བསྟེན་པར་འདོད་ཆགས་མི་སྤོང་བའི་ཕྱིར་ཕྱག་རྒྱའི་རྣལ་འབྱོར་ལ་བསྔགས་པ་བྱས་སོ། །དེ་ལ་བརྩད་པ་སྤོང་བའི་དོན་ནི། དེ་ལྟར་འདིར་ཡང་ཕྱག་རྒྱའི་རྣལ་འབྱོར་གསུངས་ལ། ལེའུ་བཅུ་པ་ལས་ཀྱང༌། དངོས་གྲུབ་མཚན་ཉིད་མི་ཕྱེད་པའོ། །ཕྱག་རྒྱའི་རྣལ་འབྱོར་པ་ཡིས་འགྲུབ། །ཅེས་གསུངས་པ་ཡིན་ན། གལ་ཏེ་ཕྱག་རྒྱ་བདག་མེད་མ་བསྒོམ་པའི་རྣལ་འབྱོར་པས། ཕྱག་རྒྱའི་དངོས་གྲུབ་ཇི་ལྟར་ཐོབ་ཅེས་བརྒལ་བ་ནི། རྡོ་རྗེ་སྙིང་པོས་ཞེས་བྱ་བ་ལ་སོགས་པའོ། །དེའི་ལན་ལ་བདག་དང་རྟོགས་པ་མཉམ་པའི་ཐབས་རྙེད་ན་ནི་རྒྱུད་གཉིས་ཅིག་ཅར་གྲོལ་བར་འགྱུར་ལ། གལ་ཏེ་མ་རྙེད་ན་ནི་དེའི་ཚེ་རང་གི་ལུས་ཐབས་སུ་བསྒྱུར་ལ་བྱའོ། །ཞེས་སྟོན་པ་ནི་བུད་མེད་གཟུགས་ནི་སྤངས་ནས་ཞེས་བྱ་བ་ལ་སོགས་པའོ། །འབད་པ་མེད་པ་ནི་ངོ་བོ་ཉིད་ཀྱིས་མ་གྲུབ་པས་ན་བསམས་པ་ཙམ་གྱིས་ཞེས་བྱ་བའོ། །གསལ་བར་ནུས་པའི་ཞེས་བྱ་བ་ནི་འཇིག་རྟེན་པའི་མངོན་དུ་ལུས་བསྒྱུར་བར་ནུས་པས། ཕྱག་རྒྱའི་དངོས་གྲུབ་ཏུ་འགྱུར་ཞེས་བྱ་བའོ། །ཡང་ན་གལ་ཏེ་ཕྱག་རྒྱ་བསྟེན་པས་དངོས་གྲུབ་ཏུ་འགྱུར་ན་སོ་སོའི་སྐྱེ་བོ་ཕལ་པ་ཆུང་མ་ཅན་ཇི་སྙེད་ཅིག་མཐོང་ངོ་སྙམ་ན། དེ་དག་ནི་གསལ་བར་ནུས་པ་མ་ཡིན་ནོ། །རྣལ་འབྱོར་པ་ནི་གསལ་བར་ནུས་པ་ཞེས་བྱ་བ་སྟེ། དྲོད་འབྲིང་དང་ཆེན་པོ་ཐོབ་པས་འཇིག་རྟེན་པའི་མངོན་དུ་མི་མོས་པ་བཟློག་པར་ནུས་པ་དེས་ཕྱག་རྒྱའི་དངོས་གྲུབ་ཏུ་འགྱུར་རོ་ཞེས་བྱ་བར་འགྱུར་རོ། །ད་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཉིད་གང་ཡིན། དེ་ནི་བསམ་གཏན་གྱི་བདེ་བ་ཐོབ་པ་ལ་སོགས་པ་ལྟ་བུར་ཡང་སྐྱེ་བ་དང་འཆི་བ་ལ་གནས་སམ། འོན་ཏེ་དེ་ལྟ་བུ་མ་ཡིན་སྙམ་པའི་ཐེ་ཚོམ་བསལ་བའི་ཕྱིར། ཆགས་དང་འཇིག་པ་ཞེས་བྱ་བ་ལ་སོགས་པ་དངོས་གྲུབ་ཀྱི་མཚན་ཉིད་སྨོས་སོ། །དེ་ལ་ཐབས་དང་ཤེས་རབ་ཅེས་བྱ་བ་ནི་དངོས་གྲུབ་ཀྱི་རང་གི་ངོ་བོའོ། །དེ་ལ་ཐབས་ནི་རྣལ་འབྱོར་པའོ། །ཤེས་རབ་ནི་རང་གི་རིག་མ་སྟེ་རྒྱུད་གཉིས་དུས་གཅིག་ཏུ་གྲོལ་བའི་གང་ཟག་ཅེས་མིང་དུ་བྱའོ། །ཡང་ན་ཐབས་ནི་སྙིང་རྗེའི་བདག་ཉིད་དེ་དམིགས་པ་མེད་པའོ། །ཤེས་རབ་ནི་ཤེས་རབ་སྟེ་རང་བཞིན་གྱིས་མ་གྲུབ་པའོ། །དེ་ལྟ་བུའི་ཐབས་དང་ཤེས་རབ་ཟུང་དུ་ཆུད་པ་ནི་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་སྐུའོ། །དེ་ལྟ་བུ་དེ་ལ་ནི་ཆགས་དང་འཇིག་པ་དག་གིས་གནོན་པར་མི་འགྱུར་ཞེས་སྦྱར་རོ། །དེ་ལ་ཆགས་པ་ནི་སྐྱེ་བའི་བདག་ཉིད་ཅན་ནོ། །འཇིག་པ་ནི་འཆི་བ་སྟེ་སྐྱེ་ཤི་མེད་པ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཐབས་དང་ཤེས་རབ་ཉིད་ཡིན་ན། ཐབས་ནི་དངོས་པོ་སྐྱེ་བའི་བདག་ཉིད་ཅན་ཡིན་པའི་ཕྱིར་ཇི་ལྟར་མི་སྐྱེ། ཤེས་རབ་ནི་ཟད་པའི་བདག་ཉིད་ཅན་ཡིན་པས་ཇི་ལྟར་མི་འཇིག དེའི་ཕྱིར་སྐྱེ་བ་དང་འཆི་བ་མེད་པའི་རྒྱུ་གང་ཡིན་སྙམ་ན། ཐབས་དང་ཤེས་རབ་ཡོངས་སུ་རྫོགས་པ་ཐོབ་པ་ཉིད་རྒྱུ་ཡིན་པར་བསྟན་པའི་ཕྱིར། གང་ཕྱིར་ཐབས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐབས་དེ་དངོས་པོ་སྐྱེ་ཞིང་འབྱུང་བ་ནི་བདེན་མོད། དེ་བས་ན་ཐབས་ཀྱི་བསྒོམ་པ་ཡོངས་སུ་རྫོགས་པ་རྣམས་ནི་སངས་རྒྱས་ཀྱི་ཟག་པ་མེད་པའི་ཆོས་སྟོབས་དང་མི་འཇིགས་པ་དང༌། དྲན་པ་ཉེ་བར་གཞག་པ་ལ་སོགས་པ་གཟུགས་ཀྱི་སྐུ་གཉིས་དང༌། དེས་གསུངས་པའི་ཆོས་མཐའ་དག་འབྱུང་བ་ནི་འབྱུང་བའོ། །དེ་བས་ན་དེ་ལ་འཇིགས་པ་ག་ལ་ཡོད། ཡང་ཤེས་རབ་ནི་ཟད་པ་ཡིན་མོད། ཤེས་རབ་དེས་སྲིད་པ་མཐར་བྱེད་པ་སྟེ། མཚན་མ་དང་རྣམ་པར་རྟོག་པ་ཐམས་ཅད་ཟད་པར་གྱུར་པ་སྟེ། ཟད་པ་དང་མི་སྐྱེ་བ་ཤེས་པ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་ཤེས་རབ་ཀྱི་བསྒོམ་པ་རྫོགས་པ་རྣམས་ལ་དངོས་པོར་འཛིན་པ་རྡུལ་ཙམ་ཡང་མེད་ན། དེ་ལ་སྐྱེ་བ་ག་ལ་ཡོད་ཅེས་བྱ་བའི་དོན་ཏོ། །དེ་བས་ན་སྐྱེ་བ་དང་འཆི་བ་མེད་པ་ཞེས་བྱ་བའམ། མི་གནས་པའི་མྱ་ངན་ལས་འདས་པ་ཞེས་བྱ་བའི་དོན་ཏོ། །འདིའི་མཚན་ཉིད་རྒྱས་པར་ནི་བཀའ་དང་བསྟན་བཅོས་དུ་མ་ལས་གསུངས་པས་དེ་ཉིད་ལས་ཤེས་པར་བྱའོ། །དེས་ནི་ཐབས་དང་ཤེས་རབ་བདེན་པ་གཉིས་ཟུང་དུ་ཆུད་པའི་དབང་དུ་བྱས་ཏེ་བསྟན་ཏོ། །གཞན་ཡང་དོན་དམ་པའི་བདེན་པའི་དབང་དུ་བྱས་ནས་བསྟན་པ་ནི། ལ་ལ་ཞེས་བྱ་བ་སྟེ་དངོས་པོ་ཞིག་ཡོད་པར་གྱུར་ན་ནི་དེ་འཇིག་པར་ཡང་འགྱུར་ལ། འཇིག་པའི་དངོས་མེད་ཅེས་བྱ་སྟེ། །གང་གི་ངོ་བོར་ཡང་མ་གྲུབ་པའི་ཕྱིར་འཇིག་པའམ་ཟད་པ་ཡང་ག་ལ་ཡོད། དེ་ཉིད་ཀྱིས་ན་སྐྱེ་བའང་ག་ལ་ཡོད་ཅེས་བྱ་བར་ཡང་གྲུབ་བོ། །དེ་བས་ན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང༌། མྱ་ངན་འདས་པ་དངོས་མེད་པའང༌། །མིན་ན་དེ་དངོས་ག་ལ་ཡིན། །ཞེས་གསུངས་པ་ལྟ་བུའོ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་མཚན་ཉིད་བཤད་ཟིན་ཏོ། །དངོས་གྲུབ་དེའང་བསྒོམས་པས་ཐོབ་པ་ཡིན་ལ། བསྒོམ་པའང་སྔར། །བསྐྱེད་པའི་ཡི་ནི་རིམ་པ་དང༌། །རྫོགས་པ་ཡི་ཡང་རིམ་པ་ཉིད། །ཅེས་བྱ་བ་ལ་སོགས་པ་གསུངས་པ་དེ་ལ། བསྒོམ་པའི་རིམ་པ་ནི་གང་ཡིན། གཙོ་བོ་གྱུར་པ་ནི་གང་ཡིན་ཞེས་སྙམ་པའི་ཐེ་ཚོམ་བསལ་བའི་ཕྱིར་བསྐྱེད་པའི་རིམ་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བསྐྱེད་པའི་རིམ་པ་ཞེས་བྱ་བ་ནི་ལྷའི་རྣམ་པ་གསལ་བསྐྱེད་པར་བྱེད་པ་ཡན་ལག་དྲུག་གི་རིམ་པ་དང་བཅས་པའོ། །དེ་ཉིད་སྤྲོས་པ་སྟེ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་སྦྱང་བར་བྱ་བའི་ཕྱིར། རབ་ཏུ་རྒྱ་ཆེ་བའི་དཀྱིལ་འཁོར་ལ་སོགས་པ་རྣམ་པ་སྣ་ཚོགས་པ་བསྒོམ་པའོ། །གང་གིས་བསྒོམ་ན་བརྟུལ་ཞུགས་ཅན་ཏེ་ཐ་མལ་གྱི་རྟོག་པ་བརྟུལ་ནས་ལྷའི་རྣལ་འབྱོར་ལ་ཞུགས་པའོ། །དེ་ལྟར་བསྐྱེད་པའི་རིམ་པ་ལ་གནས་པ་དེས་རྫོགས་པའི་རིམ་པ་བསྒོམ་པར་བྱའོ། །ཞེས་བསྟན་པའི་ཕྱིར། སྤྲོས་པ་རྨི་ལམ་ལྟར་ཞེས་བྱ་བ་ལ་སོགས་པ་སྟེ། ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང༌། བསྐྱེད་པའི་རིམ་ལ་ལེགས་གནས་ནས། །རྫོགས་པའི་རིམ་པ་འདོད་རྣམས་ལ། །ཞེས་གསུངས་ལ། ཌོམྦི་བའི་ཞལ་སྔ་ནས་ཀྱང༌། བློ་བཟང་དང་པོར་བསྐྱེད་པའི་རིམ་པ་སྒོམ་པར་བྱེད་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟར་བསྐྱེད་པའི་རིམ་པ་ལ་གནས་པ་དེས་དེའི་ཐུན་གྱི་མཐར་རྫོགས་པའི་རིམ་པ་བསྒོམས་པས། བསྐྱེད་པའི་ལྷ་ཉིད་རྨི་ལམ་ན་རང་གི་སེམས་སྣ་ཚོགས་སུ་སྣང་བ་བཞིན་སྣང་ལ་རང་བཞིན་མེད་པར་གྱུར་པ་ནི་སྤྲོས་མེད་བྱེད་པའོ། །དེ་ལྟར་ཟུང་དུ་ཆུད་པ་ཉིད་རྒྱས་པར་བཤད་པ་ནི་ཇི་ལྟར་སྒྱུ་མ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟར་བསྐྱེད་པའི་རིམ་པ་སྤྲོས་པ་མེད་པར་བྱེད་པའི་རྫོགས་པའི་རིམ་པའི་ཡེ་ཤེས་དེ་རང་ཇི་ལྟ་བུ་ཞིག་སྙམ་ན། བདེ་བ་ཆེན་པོ་ཞེས་བྱ་སྟེ་མཚན་མ་དང་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ་ནི་རྣམ་པར་གྲོལ་བ་ཅན་གྱི་བདེ་བ་ཞེས་བྱ་བའི་དོན་ཏོ། །དེ་གང་དུ་ཤེས་སྙམ་ན། ཕྱག་རྒྱ་ཆེན་པོའི་དབང་བསྐུར་བ་ལས་ཤེས་ཞེས་སྨོས་ཏེ། ཕྱག་རྒྱའི་དབང་བསྐུར་བ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་ཡིན་ལ། ཕྱག་རྒྱ་ཆེན་པོ་ནི་དབང་བཞི་པ་སྟེ། གསུམ་པའི་དུས་སུ་རྟོགས་པ་དེ་ཉིད་ནི་དོན་གྱི་བཞི་པ་ཡིན་ལ། དེ་བླ་མས་ཚིག་ཙམ་གྱིས་བསྟན་པས་ལྷག་མཐོང་སྐྱེས་པ་གང་ཡིན་པ་དེའོ། །དེ་བས་ན་ད་ལྟར་རྫོགས་པའི་རིམ་པའི་ཉམས་སུ་མྱོང་བ་དེའང་དེའི་རང་བཞིན་ཡིན་ནོ་ཞེན་སྟོན་པ་ནི། དེའི་འདི་ནི་བྱིན་བརླབས་ཞེས་བྱའོ། །གཞན་ལས་དཀྱིལ་འཁོར་འབྱུང་བ་མེད། །ཅེས་བྱ་བ་ནི་དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་བདེ་སྟོང་གི་ཡེ་ཤེས་དེར་སྣང་བར་འགྱུར་རོ་ཞེས་བྱ་བའམ། ཡང་ན་སྤྲོས་པ་ཉིད་ནི་སྤྲོས་མེད་བྱེད་ཅེས་བྱ་བ་རྫོགས་རིམ་གྱི་ཡེ་ཤེས་ལ་རྣམ་པར་རྟོག་པ་གང་ཡང་མི་སྣང་ངོ༌། །འོ་ན་དཀྱིལ་འཁོར་གྱི་འཁོར་ལོ་མེད་ན་གྲོལ་བར་མི་འགྱུར་རོ་སྙམ་ན། གཞན་ལས་དཀྱིལ་འཁོར་འབྱུང་བ་མེད་དེ། དེ་ཉིད་དཀྱིལ་འཁོར་གྱི་འཁོར་ལོ་ཡིན་ཞེས་བྱ་སྟེ། དེ་ནི་དཀྱིལ་འཁོར་ཅན་དང་དཀྱིལ་འཁོར་ཉིད། །མདོར་བསྡུས་ནས་ནི་སེམས་ནི་འདུས་པའི་ཚུལ་ཅན་ནོ་ཞེས་སྔར་བཤད་དོ། །དེ་ལྟར་ཡེ་ཤེས་དེ་ཐམས་ཅད་ཀྱི་བདག་ཉིད་ཡིན་ཞིང་ཐམས་ཅད་ལ་ཁྱབ་པ་ཡིན་ན་ཐམས་ཅད་དུ་ཇི་ལྟར་སྣང་བར་འགྱུར་སྙམ་ན། བདེ་བ་གནག་ཅིང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གལ་ཏེ་དེ་ལྟར་བསྐྱེད་པའི་རིམ་པ་བསྒོམ་པ་ལ་དོན་མེད་དེ། སྤྲོས་པ་ཉིད་སྤྲོས་པ་མེད་པར་བྱེད་པའི་ཕྱིར་དང༌། བདེ་ཆེན་ཉིད་དཀྱིལ་འཁོར་ཡིན་པའི་ཕྱིར་རོ་ཞེས་བྱ་བ་འདྲི་བ་ནི། རྡོ་རྗེ་སྙིང་པོས་གསོལ་པ་ཞེས་བྱ་བ་ལ་སོགས་པའོ། །དེའི་ལན་ནི་དེ་ལྟར་ཡིན་པ་བདེན་མོད་ཀྱང་སྔ་མ་ལ་མ་ལྟོས་པར་དེ་ཉིད་སྐྱེ་བར་མི་རུང་སྟེ་ལུས་ལ་བརྟེན་དགོས་སོ། །དེ་བས་ན་ལེའུ་དང་པོ་ལས། ལུས་ལ་ཡེ་ཤེས་ཆེན་པོ་གནས། །ཞེས་གསུངས་པའི་དོན་གསལ་བར་བྱེད་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཞེས་བྱ་བ་ལ་སོགས་པའོ། །དེས་ན་ལང་ཀར་གཤེགས་པ་ལས། རང་གི་སེམས་ཀྱི་རྒྱུད་སྣང་བ་ནི་རིམ་གྱིས་དག་པར་འགྱུར་གྱི་ཅིག་ཅར་གྱིས་མ་ཡིན་ནོ་ཞེས་གསུངས་པ་ལྟ་བུའོ། །ཚིག་གི་དོན་ནི་གོ་སླའོ། །གལ་ཏེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉིད་ཐམས་ཅད་ཀྱི་བདག་ཉིད་ཡིན་ཡང་དེ་ཁོ་ན་བསྒོམ་དུ་མི་རུང་སྟེ། དེའི་རྒྱུའམ་རྟེན་ནི་བསྐྱེད་པའི་རིམ་པ་ཡིན་ནོ། །ཞེས་གསུངས་པ་དེ་ལྟ་ན། བསྐྱེད་རིམ་ཁོ་ན་ལ་འབད་པས་ཆོག་གི་རྫོགས་པའི་རིམ་པ་བསྒོམ་པ་ནི་དོན་མེད་པ་སྟེ། དྲི་དོན་དུ་གཉེར་བ་རྣམས་ཀྱིས་མེ་ཏོག་ཉིད་ལེན་པ་བཞིན་ནོ་སྙམ་ན། བདེན་མོད་ཀྱི་བསྒྲུབ་པར་བྱ་བ་ནི་དངོས་པོ་དང་དངོས་པོ་མེད་པ་ཐམས་ཅད་ཀྱི་བདག་ཉིད་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་ལ། དེ་ཐོབ་པར་བྱེད་པའི་ལམ་ཡང་དེ་དང་མཚུངས་པ་དགོས་པ་ལས། བསྐྱེད་པའི་རིམ་པ་ཙམ་ལ་ནི་ཡེ་ཤེས་དེ་ལྟ་བུ་ཡོད་པ་མ་ཡིན་ཏེ། དྲི་ལ་མེ་ཏོག་དགོས་ཀྱང་མེ་ཏོག་དྲི་དང་བྲལ་བ་ལ་འགལ་བ་ཅི་ཡོད། དེ་བས་ན་རྫོགས་པའི་རིམ་པའི་ཡེ་ཤེས་ཆེན་པོ་དེ་ནི་བསྐྱེད་པའི་རིམ་པ་ལ་བརྟེན་པའི་ཕྱིར་དངོས་པོའང་ཡིན་ཞིང༌། མི་རྟོག་པའི་ཕྱིར་དངོས་པོ་མེད་པའང་ཡིན་ལ། དངོས་པོ་རྟོགས་པའི་ཕྱིར་སངས་རྒྱས་ཀྱང་ཡིན་པ་དེ་བས་ན། དེ་ཉིད་ཁོ་ན་སངས་རྒྱས་ཀྱི་རྒྱུ་ཡིན་ནོ་ཞེས་སྟོན་པ་ནི། དངོས་ང་དངོས་པོ་མེད་པ་ང༌། །ཞེས་བྱ་བ་ལ་སོགས་པའོ། །ཡང་ན་མཚམས་སྦྱར་བ་ནི་འདི་ལྟར་བྱ་སྟེ། གལ་ཏེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་དངོས་པོ་ཐམས་ཅད་ཀྱི་བདག་ཉིད་ཡིན་ཡང་རྟེན་བསྐྱེད་པའི་རིམ་པ་ལ་ལྟོས་སོ་ཞེས་གསུངས་པ་དེ་ནི་མི་རུང་སྟེ། བསྒྲུབ་པར་བྱ་བ་ནི་ཆོས་ཀྱི་སྐུ་དམིགས་པ་ཐམས་ཅད་ལ་གྲོལ་བ་ཡིན་ན། ད་ལྟ་ནི་ལུས་ལ་བརྟེན་པས་དངོས་པོར་འགྱུར་རོ། །དེ་ཉིད་འདོད་དོ་ཞེ་ན། འོ་ན་ནི་བསྒྲུབ་པར་བྱ་བ་དང་འགལ་བར་འགྱུར་རོ་སྙམ་ན། བསྒྲུབ་པར་བྱ་བ་ནི་དེ་གཅིག་པུ་མ་ཡིན་ཏེ། སྐུ་གཉིས་པོ་ཡིན་ནོ། །དེ་བས་ན་དེ་ཐོབ་པར་བྱེད་པའི་ཐབས་འདིའང༌། དངོས་ང་དངོས་པོ་ང་མ་ཡིན། །དངོས་པོ་རྟོགས་ཕྱིར་སངས་རྒྱས་ང༌། །ཞེས་བྱ་བར་སྦྱར་རོ། །ཡང་ན་བདག་གི་བླ་མའི་ཞལ་སྔ་ནས་ཀྱང་མཚམས་སྦྱར་བ་ནི། ཅི་གལ་ཏེ་སྔར་བདེ་བ་གནག་ཅིང་ཞེས་བྱ་བ་ལ་སོགས་པས་ཞུ་བདེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉིད་ཐམས་ཅད་ཀྱི་བདག་ཉིད་དུ་སྔར་མ་གསུངས་སམ། དེ་ལྟར་ཡིན་ན་བསྐྱེད་པའི་རིམ་པ་ལ་ལྟོས་པར་འགལ་ཏེ། དྲི་དོན་དུ་གཉེར་བས་མེ་ཏོག་ལྟར་ཡེ་ཤེས་ཉིད་ཀྱང་དངོས་པོར་འགྱུར་རོ་སྙམ་ན། དེ་ཉིད་ཀྱི་ཕྱིར་དངོས་ང་སྟེ་བསྐྱེད་པའི་རིམ་པས་གཟུགས་སུ་བྱས་པའི་དངོས་པོ་དེ་ཉིད་ཀྱང་ང་སྟེ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉིད་དོ། །འོ་ན་ཐམས་ཅད་ལ་ཁྱབ་པར་མི་རུང་ངོ་སྙམ་ན། དངོས་པོ་མེད་པ་ང་སྟེ་དེ་དག་ཐམས་ཅད་ཀྱང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཉིད་དུ་བྱས་པའི་ཕྱིར་རོ། །འོ་ན་དངོས་པོ་དང་དངོས་པོ་མེད་པའི་བདག་ཉིད་དུ་གྱུར་པའི་ཕྱིར་དེ་གཉིས་ཀའི་སྤྲོས་པ་ཡིན་ཏེ། བཅོམ་ལྡན་དངོས་དང་དངོས་མེད་པ། །མཁྱེན་པས་ཀཱ་ཏྱཱ་ཡ་ན་ཡི། །གདམས་ངག་ལས་ནི་ཡོད་པ་དང༌། །མེད་པ་གཉི་ག་དགག་པར་མཛད། །ཅེས་གསུངས་པ་ལྟ་བུའོ། །དེ་བས་ན་དེ་སངས་རྒྱས་ཀྱི་རང་བཞིན་མ་ཡིན་ལ། སངས་རྒྱས་མ་ཡིན་ན་བསྒྲུབ་པར་བྱ་བའི་སངས་རྒྱས་ཐོབ་པར་ག་ལ་འགྱུར་སྙམ་ན། དངོས་པོ་རྟོགས་ཕྱིར་སངས་རྒྱས་ང༌། །ཞེས་གསུངས་སོ། །དེ་ལ་དངོས་པོ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་ཆོས་ཐམས་ཅད་དོ། །རྟོགས་པ་ནི་དེ་རྣམས་ཀྱི་སྤྱིའི་མཚན་ཉིད་དེ་བཞིན་ཉིད་ཅིའི་ངོ་བོར་ཡང་མ་གྲུབ་པར་རྟོགས་པའོ། །དེ་ཉིད་ཀྱི་ཕྱིར་སངས་རྒྱས་ཏེ་སངས་རྒྱས་ཀྱི་མཚན་ཉིད་གཞན་དུ་ཡོད་པ་མ་ཡིན་ནོ། །གལ་ཏེ་དངོས་པོ་རྟོགས་པ་ཙམ་སངས་རྒྱས་ཡིན་པ་དེ་ལྟ་ན་ཅིའི་ཕྱིར་ཤེས་པར་མི་འགྱུར་སྙམ་ན། གང་ཞིག་ལེ་ལོས་བསྣུན་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྨོངས་པ་ཞེས་བྱ་བ་ནི་ཐོས་པའི་ཤེར་རབ་མེད་པའོ། །ལེ་ལོས་བསྣུན་པ་ནི་བསམ་བྱུང་དང་བསྒོམ་བྱུང་གི་ཤེས་རབ་མེད་པའོ། །དེས་ང་ཞེས་བྱ་བ་ནི་མཆོག་ཏུ་ཟབ་པའི་ལྷན་སྐྱེས་ང་མི་ཤེས་ཞེས་བྱ་བའི་དོན་ཏོ། །གལ་ཏེ་བདེ་བར་གཤེགས་པ་རྣམས་ནི་སྐུ་གསུམ་གྱི་བདག་ཉིད་ཡིན་ན་དེ་ནི་ཐོབ་པར་བྱ་བའམ་དམིགས་པར་བྱ་བའི་བདག་ཉིད་ཡིན་ན། རྫོགས་པའི་རིམ་པའི་བདག་ཉིད་ཆེན་པོ་འདིས་རྣམ་པར་མི་རྟོག་པ་ཙམ་ཞིག་ཐོབ་པར་འགྱུར་གྱི། གཟུགས་ཀྱི་སྐུ་ནི་ཐོབ་པ་མ་ཡིན་ཏེ། དེ་ནི་གནས་དང་འཁོར་ལ་སོགས་པའི་དབྱེ་བར་སྣང་བའི་ཕྱིར་རོ། །གལ་ཏེ་དེ་ནི་བསྐྱེད་པའི་རིམ་པ་ཁོ་ནས་ཐོབ་པར་བྱེད་པ་ཡིན་ནོ་ཞེས་སྙམ་ན། དེ་ལྟ་མོད་ཀྱི་འོ་ན་ཡང་རྫོགས་པའི་རིམ་པ་འདི་ཉིད་ནི་ཆོས་ཐམས་ཅད་ཀྱི་ས་བོན་འཛིན་པ་དང་རྒྱུ་ཞེས་བཤད་པ་དང་ཡང་འགལ་ལོ། །བསྐྱེད་པའི་རིམ་པ་པ་དག་ཀྱང་རྒྱུ་རྡོ་རྗེ་འཆང་ནི་ཆོས་ཀྱི་སྐུ་ཡིན་ལ། འབྲས་བུའི་རྡོ་རྗེ་འཆང་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ནོ་ཞེས་འདོད་ན། འདི་ལའང་སྐུ་རྣམ་པ་གསུམ་པོ་ཉིད་གང་ཡིན་པ་དེ་སྨྲོས་ཤིག་ཅེས་བྱ་བའི་རྟོག་པ་བསལ་བའི་དོན་དུ་རྡོ་རྗེ་བཙུན་མོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ལྟར་བསྒྲུབ་པར་བྱ་བའི་སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུ་རྣམས་ནི་ཞིང་ཁམས་དག་པ་བདེ་བ་ཅན་ཞེས་བྱ་བ་ན་བཞུགས་པའོ། །དེའི་ཕྱིར་རྡོ་རྗེ་བཙུན་མོ་སྟེ་སྤྱན་མ་ལ་སོགས་པ་རྣམས་ཀྱི་བྷ་ག་ལ་བཞུགས་པའོ། །ཞིང་ཁམས་ཡོངས་སུ་དག་པ་དེ་ཉིད་སྐུ་གསུང་ཐུགས་རྡོ་རྗེའི་ངོ་བོ་ཉིད་ཀྱི་ཕྱིར་ཨེའི་རྣམ་པའི་ཆ་བྱད་དེ་ཟུར་གསུམ་པའོ། །དེ་ཉིད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གང་བ་ཡིན་པས། སངས་རྒྱས་རིན་ཆེན་ཟ་མ་ཏོག་སྟེ་བདུད་རྩི་ལྔ་ལ་སོགས་པས་གང་བའོ། །དེ་ཉིད་རྒྱས་པར་བཤད་པར་བྱ་བའི་ཕྱིར་འོག་ཏུ་སྦྱར་ལ་བཙུན་མོའི་བྷ་ག་བདེ་ཆེན་དུ་ཞེས་བྱ་སྟེ། གནས་བཤད་ཟིན་ཏོ། །དེ་ན་སྟོན་པ་ཡེ་ཤེས་ཀྱི་སྐུ་ཅན་ལོངས་སྤྱོད་རྫོགས་པའི་སྐུ་བཞུགས་པ་དེ་ཇི་ལྟ་བུ་ཞིག་སྙམ་ན། སྟོན་པ་སུམ་ཅུ་རྩ་གཉིས་མཚན། །གཙོ་བོ་དཔེ་བྱད་བརྒྱད་ཅུར་ལྡན། །ཞེས་བྱ་བ་སྟེ། ཕྱག་ཞབས་འཁོར་ལོས་མཚན་པ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟ་བུའི་སྐུ་དེ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་གཙོ་བོ་དང་སྟོན་པའོ། །དེ་ཉིད་ཁུ་བ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་ལུས་སུ་སྟོན་པའོ། །དེ་ཉིད་འདིར་དཔེ་ནི་ཁུ་བའི་ས་བོན་ནོ། །དེ་ལ་མཚན་དང་དཔེ་བྱད་ཇི་ལྟར་ལྡན་སྙམ་ན། ཁུ་བ་ནི་ལུས་ལ་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ཨཱ་ལི་དང་ཀཱ་ལིའི་རྣམ་པས་གནས་པས་ནི་མཚན་དཔེའི་ས་བོན་ཏེ། ཨ་སོགས་དབྱངས་ཡིག་ཐམས་ཅད་ནི། །སྒེག་པ་སྔོན་འགྲོའི་རོ་རྣམས་སོ། །ཡིག་འབྲུ་ལྷ་ཡི་གཟུགས་ཀྱིས་ནི། །ཀ་ལ་སོགས་པར་ཡང་དག་གནས། །ཞེས་གསུངས་སོ། །དེ་བས་ན་ཁུ་བ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །དེའི་ཆོས་ཀྱི་སྐུ་ནི་ལྷན་ཅིག་སྐྱེས་དགའི་རང་བཞིན་ང་ཞེས་བྱ་སྟེ། མཚན་མ་དང་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་ཏེ། དངོས་པོ་རྟོགས་ཕྱིར་སངས་རྒྱས་ཞེས་བྱ་བའི་དོན་ཏོ། །དེ་བས་ན་ཆོས་ཀྱི་སྐུ་དེའང་ལོངས་སྤྱོད་རྫོགས་པའི་སྐུའི་ཐུགས་ཡིན་པའི་ཕྱིར་དེ་ལ་བརྟེན་ལ། ལོངས་སྤྱོད་རྫོགས་སྐུ་དེའང་ཆོས་ཀྱི་སྐུ་ལས་བྱུང་ངོ་ཞེས་སྟོན་པ་ནི། དེ་མེད་པས་ན་བདེ་མེད་འགྱུར། །བདེ་བ་མེད་ན་དེ་མེད་འགྱུར། །ཞེས་བྱ་བ་གསུངས་སོ། །དེ་ལྟ་བུའི་བཅོམ་ལྡན་འདས་དེ་ནི་ཅི་མཛད་ཅིང་བཞུགས་སྙམ་ན། འཆད་པ་པོ་ང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟར་བསྒྲུབ་པར་བྱ་བའི་སངས་རྒྱས་རྣམས་ནི་འཆད་པ་དང་ཆོས་ལ་སོགས་པའི་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པ་མཛད་དེ། ཇི་སྐད་དུ། འཕགས་པ་སངས་རྒྱས་ཕལ་པོ་ཆེ་ལས། འཇིག་རྟེན་གྱི་ཁམས་ཀྱི་རྒྱན་བཀོད་པ་དེ་དག་དང༌། དེ་བཞིན་གཤེགས་པ་དེ་དག་དང༌། བྱང་ཆུབ་སེམས་དཔའ་དེ་དག་དང༌། སེམས་ཅན་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྨོན་ལམ་གྱི་རྒྱུ་མཐུན་པ་ལས་བྱུང་བའོ། །ཞེས་གསུངས་པ་ལྟ་བུའོ། །དེ་བཞིན་དུ་འདིར་ཡང་འཆད་པ་པོ་ང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཞུ་བ་དང་བདེ་བ་དབྱེར་མི་ཕྱེད་པ་དེ་ཉིད་སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཆོས་ཀྱི་ལོངས་སྤྱོད་པའི་གཞིར་གྱུར་པ་དང་མཚུངས་པར་རྣམ་པར་རྟོག་པ་དང་རྟོག་པ་མེད་པ་དང་བདུད་རྩི་ཐམས་ཅད་ཀྱི་གཞིར་གྱུར་པའི་ཕྱིར་རོ། །ཆོས་ཀྱང་ང་སྟེ་ལུང་གི་ཆོས་གསུང་རབ་ཡན་ལག་བཅུ་གཉིས་ཐམས་ཅད་དང༌། རྟོགས་པའི་ཆོས་ཐམས་ཅད་ཀྱང་དེ་ལས་བྱུང་བའི་ཕྱིར་རོ། །ཉན་པའི་རང་གི་ཚོགས་ལྡན་ང་ཞེས་བྱ་བ་ནི། ཇི་ལྟར་ལོངས་སྤྱོད་རྫོགས་པའི་སྐུ་ལ་རང་གི་སྨོན་ལམ་གྱི་རྒྱུ་ལས་བྱུང་བའི་འཁོར་གྱིས་བསྐོར་བ་ལྟར། བདུད་རྩི་ལྔ་དང་འབྱུང་བ་བཞི་ལ་སོགས་པའི་དེ་བཞིན་གཤེགས་པ་དང་ལྷ་མོའི་འཁོར་གྱིས་བསྐོར་བའོ། །དེ་ཉིད་ཀྱི་ཕྱིར་འཇིག་རྟེན་སྟོན་པས་སྤྲུལ་པའི་སྐུའོ། །བསྒྲུབ་བྱ་ང་ཞེས་བྱ་བ་ནི་ཆོས་ཀྱི་སྐུ་ལྟར་བདེ་བ་ཆེན་པོའི་བདག་ཉིད་ཀྱིའོ། །འཇིག་རྟེན་ང་ཞེས་བྱ་བ་ནི་འཇིག་པས་ན་འཇིག་རྟེན་ཏེ། ཟག་པ་དང་བཅས་པའི་ལུས་གཉིས་སུ་སྣང་བ་འདིའང་འདི་ལས་བྱུང་ལ། འཇིག་རྟེན་འདས་པ་སྟེ། མཚན་མ་དང་རྣམ་པར་རྟོག་པ་ལས་གྲོལ་བར་གྱུར་པ་དེའང་ང་ཞེས་བྱ་བར་དགོངས་སོ། །གལ་ཏེ་བསྒྲུབ་པར་བྱ་བའི་སངས་རྒྱས་དེ་ནི་ཚེ་འདིའམ་བསྐལ་པ་གྲངས་མེད་གསུམ་གྱི་དུས་ལ་སོགས་པར་འབྱུང་བར་ཤེས་ན་འདིར་སངས་རྒྱས་ཀྱི་དུས་གསུངས་ཤིག་ཅེ་ན། མཆོག་མཐའ་དགའ་བྲལ་དང་པོར་ནི། །ཞེས་བྱ་བ་སྨོས་སོ། །དེ་མཆོག་ཅེས་བྱ་བ་ནི་དགའ་བ་གསུམ་ན་མཆོག་ཏུ་གྱུར་པ་ནི་ལྷན་སྐྱེས་ཡིན་ལ། དེ་ལ་བཞི་ཡོད་པ་ལས་ལྷན་སྐྱེས་ཀྱི་ལྷན་སྐྱེས་ནི་མཐའ་ཡིན་ལ། དགའ་བྲལ་ཞེས་བྱ་བ་ནི་ཐིག་ལེ་ལྷུང་བའི་དང་པོ་ཞེས་བྱ་བ་ཡིན་པས་དགའ་བ་བཞི་པའི་དུས་སུ་ཞེས་བྱ་བའོ། །གལ་ཏེ་རྨོངས་པ་དག་འདི་སྐད་དུ་མཆོག་མཐའ་ཞེས་བྱ་བ་འདིས་ནི་མཆོག་དགའི་མཐའ་མ་དང༌། དགའ་བྲལ་གྱི་དང་པོ་ཞེས་བྱ་བ་འདིས་དགའ་བ་གསུམ་པ་ཉིད་དུ་འགྱུར་བར་འགྱུར་རོ་ཞེ་ན། དེ་དག་གིས་ནི། དང་པོ་དགའ་བ་ཙམ་ཉིད་དོ། །གཉིས་པ་གྲངས་ལ་མཆོག་དགའ་ཉིད། །གསུམ་པ་ལ་ནི་དགའ་བྲལ་བརྗོད། །བཞི་པ་ལྷན་ཅིག་སྐྱེས་པ་ཉིད། །ཅེས་གསུངས་པ་དེ་མ་དྲན་པ་ཡིན་ནོ། །གལ་ཏེ་དེ་ནི་དགོངས་པ་ཅན་ཡིན་ལ། འདི་དགོངས་པ་མ་ཡིན་པ་ཉིད་དོ་སྙམ་ན། དེ་ནི་མ་ཡིན་ཏེ། མཆོག་ཅེས་བྱ་བ་འདིས་མཆོག་དགའི་དགའ་བ་གཉིས་པ་ཉིད་ལ་བརྗོད་ན། སྔར་ལེའུ་བརྒྱད་པར་མཆོག་ཏུ་དགའ་བ་སྲིད་པར་བརྗོད་དོ་ཞེས་དགའ་བ་ཉིད་ལས་འཇིག་རྟེན་པ་ལས་མཆོག་ཏུ་གྱུར་བས། མཆོག་དགའ་བར་བཏགས་པ་དང༌། ལེའུ་བཅུ་པ་ལས། མཆོག་དགར་བསྒོམ་པ་མེད་ཅིང་སྒོམ་པ་པོའང་མེད། །ཅེས་བྱ་བ་ལ་སོགས་པ། ལྷན་སྐྱེས་ཉིད་དགའ་བ་གསུམ་ལས་མཆོག་ཏུ་གྱུར་པའི་ཕྱིར། མཆོག་དགར་བཏགས་པ་དེ་དག་ཇི་ལྟར་དྲང༌། སྐྱོན་གཞན་ཡང་འཁོར་ལོ་དང༌། བདེན་པ་དང༌། དེ་ཁོ་ན་ཉིད་དང༌། སྐུ་དང༌། སྡེ་པ་བཞི་ལ་སོགས་པ་ཐམས་ཅད་ཀྱང་འཁྲུགས་པར་འགྱུར་བས་འདི་ནི་མི་རུང་ངོ༌། །སྐྱོན་གཞན་ཡང་ཡོད་དེ། དགའ་བྲལ་གྱི་དགའ་བ་ཐིག་ལེ་ལྷུང་བའི་ཡིན་ན། བྱང་ཆུབ་སེམས་ནི་ལྷུང་གྱུར་ན། །རྣམ་ཤེས་ཕུང་པོ་བརྒྱལ་འགྱུར་བས། །མ་སྨད་དངོས་གྲུབ་ག་ལ་ཡོད། །ཅེས་གསུངས་པ་ཇི་ལྟར་དྲང༌། གལ་ཏེ་དེ་ནི་ལམ་གྱི་དུས་ཡིན་ལ། འདིར་དབང་གི་དུས་ཡིན་པས། དགོངས་པ་སོ་སོ་ཡིན་ནོ་སྙམ་ན། དབང་གི་དུས་ཉིད་དུའང་ལམ་དུ་མི་འགྱུར་བ་དེ་མི་རིགས་ལ། དབང་དང་ལམ་འགལ་བའང་མི་རིགས་ཤིང༌། གཞུང་འདིའང་དབང་གི་སྐབས་མ་ཡིན་ལ། དབང་གི་སྐབས་འཆད་པར་འགྱུར་བའི་ལེའུ་གསུམ་པར་ཡང་སྐད་ཅིག་མ་གཅིག་པ་ཉིད་དུ་བཤད་པ་དང༌། ལམ་དུ་བྱེད་པ་ན་དགའ་བ་བཞི་མེད་པའི་ཕྱིར། བདེན་པ་བཞི་ལ་སོགས་པ་ཐམས་ཅད་ཀྱང་མི་འགྲིག་པར་འགྱུར་བའི་ཕྱིར་འདི་མི་རུང་ངོ༌། །གལ་ཏེ་བདེན་པ་བཞིའི་གོ་རིམ་ཉིད་ཀྱི་ཕྱིར་དགའ་བ་གསུམ་པར་རིགས་ཏེ། འགོག་པའི་བདེན་པ་དང༌། ལྷན་ཅིག་སྐྱེས་པའི་ཡེ་ཤེས་མཚུངས་པའི་ཕྱིར་རོ་སྙམ་ན། དེ་ནི་མི་རུང་སྟེ། འགོག་པ་དེ་ལམ་གྱིས་མི་ཐོབ་པར་འགྱུར་ཏེ། ཁྱེད་རང་གི་ལུགས་ཀྱིས་དགའ་བྲལ་གྱི་ལྷན་སྐྱེས་མི་ཐོབ་པ་བཞིན་ནོ། །འདིར་བདེན་པ་བཞི་ལ་སོགས་པ་སྦྱར་བ་ཐམས་ཅད་ཀྱང་ཕྱོགས་གཅིག་འདྲ་བ་ཙམ་ལས་རྣམ་པ་ཐམས་ཅད་དུ་འདྲ་བར་སྦྱར་དུ་མི་རུང་ངོ༌། །དེའི་ཕྱིར་གཞུང་གི་ཆ་འདི་དགོངས་པ་ཅན་ཡིན་ནོ། །སློབ་དཔོན་ཁ་ཅིག་ནི། མཆོག་མཐའ་ནི་དགའ་བྲལ་ཡིན་ལ་དེ་དག་དང་པོར་སོང་བའི་ཕྱི་ནས་ཞེས་འཆད་པར་བྱེད་ལ་དེའང་ཚིག་གི་དོན་ལེགས་སོ། །ཡང་ན་ཤེས་རབ་ཀྱིས་རློམ་པ་བླ་མ་ལ་རག་ལས་སུ་གཞུག་པར་བྱ་བའི་ཕྱིར་རྒྱུད་དཀྲུགས་པའམ། ནང་ལྟར་བཤད་པ་མ་ནིང་གི་དབང་ལ་དགོངས་སོ། །ཞེས་ཀྱང་གསུངས་མོད། གཞུང་གི་ཆ་སྔ་མ་ཉིད་འགྲིག་པ་ཡིན་ནོ། །ལྷན་ཅིག་སྐྱེས་པ་གསུམ་པར་འདོད་པ་ལ་སྐྱོན་གཞན་ཡང་ཡོད་དེ། རྣམ་པར་སྤྲོས་པས་ཆོག་གོ །དེའི་དུས་སུ་ཡེ་ཤེས་དེ་ཇི་ལྟ་བུར་ཤེས་པར་བྱ་སྙམ་ན། མུན་པ་ལ་ནི་མར་མེ་ལྟར་ཏེ། མར་མེས་མུན་པ་འཇོམས་ཤིང༌། དངོས་པོ་རྣམས་གསལ་བར་བྱེད་པ་བཞིན་ནོ། །དེ་བཞིན་བུས་ཀྱང་ཡིད་ཆེས་ཀྱིས། །ཞེས་བྱ་བ་ནི་ཡེ་ཤེས་འདིས་མ་རིགས་པས་བསྒྲིབས་པའི་སྣང་བ་ཐམས་ཅད་བཅོམ་ནས། དངོས་པོའི་དོན་རྟོགས་པར་གསལ་བར་གྱིས་ཤིག་ཅེས་བྱའོ། །གལ་ཏེ་སྔར་ཡང༌། གང་ཕྱིར་འབྱུང་བ་ཆེ་བདེ་བ། དེ་ཕྱིར་བདེ་བ་དེ་ཉིད་མིན། །ཞེས་ལེའུ་བཅུ་པར་འཇིག་རྟེན་པའི་བདེ་བ་ལ་སྨད་དོ་ཞེ་ན། དེའི་ཕྱིར་དེ་བཞིན་བུས་ཀྱང་ཡིད་ཆེས་གྱིས་ཏེ་མར་མེས་དངོས་པོ་ཐམས་ཅད་མཚོན་པ་ལྟར་ཡེ་ཤེས་འདིས་ཀྱང་སངས་རྒྱས་ཀྱི་ཡེ་ཤེས་མཚོན་པར་གྱིས་ཤིག་ཅེས་བྱ་བར་སྦྱར་བར་ཡང་བྱའོ། །དེ་བས་ན་སངས་རྒྱས་ནི་དངོས་པོ་དང་དངོས་པོ་མེད་པ་གཉི་ག་མ་ཡིན་ནོ། །ཞེས་མཇུག་བསྡུ་བ་ནི་ལྷའི་རྣལ་འབྱོར་ལས་སངས་རྒྱས་དངོས་མེད་མིན་ལ། བདེན་པའི་རང་བཞིན་ཡིན་པའི་ཕྱིར་སངས་རྒྱས་དངོས་པོ་མིན་ཞེས་བྱ་བར་སྦྱར་ཏེ། ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང༌། མྱ་ངན་འདས་པ་དངོས་མེད་ནའང༌། །མིན་ན་དེ་དངོས་ག་ལ་ཡིན། །ཞེས་གསུངས་པ་ལྟ་བུའོ། །ཅི་གལ་ཏེ་དེ་ལྟར་འབྲས་བུ་ནི་ཆོས་སྐུ་དང་གཟུགས་སྐུ་དབྱེར་མེད་པ་ཡིན་ལ། ལམ་གྱི་དུས་སུའང་དབྱེར་མེད་པ་ཡིན་མོད། རྒྱུའི་རྒྱུད་རང་བཞིན་གྱིས་རྣམ་པར་དག་པ་ཡིན་ནམ་མ་ཡིན། མ་ཡིན་ན་ནི་གྲོལ་བར་མི་འགྱུར་ལ། ཡིན་ན་ལམ་ལ་དོན་མེད་པར་འགྱུར་རོ་སྙམ་ན། དེ་ལ་རང་བཞིན་གྱིས་སངས་རྒྱས་ཀྱི་རྒྱུ་གནས་སོ་ཞེས་སྟོན་པ་ནི། ཞལ་ཕྱག་རྣམ་པ་ཞེས་བྱ་བ་ལ་སོགས་པ་ཚིག་རྐང་པ་དགུས་སྟོན་པར་བྱེད་དེ། དེ་ལ། ཞལ་ཕྱག་རྣམ་པའི་གཟུགས་ཅན་ཉིད། །ཅེས་བྱ་བ་དེ་ནི་དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུ་འདི་ནི་ཞལ་དང་ཕྱག་གི་རྣམ་པ་ཅན་སྒྱུ་མ་ལྟ་བུའི་སྐུ་ཡིན་ན། དེ་སེམས་ཅན་ཐམས་ཅད་ཀྱང་དེ་བཞིན་དུ་གནས་སོ་ཞེས་བྱ་བ་སྟེ། ལྷ་ཡི་རྣམ་པའི་གཟུགས་ཀྱིས་ནི། །ཞེས་བྱ་བ་རྐང་པ་གསུམ་གྱིས་རྒྱས་པར་བཤད་དོ། །མཆོག་ཏུ་བདེ་བ་གཟུགས་མེད་པ། །རྣམ་དག་རྣམ་པའི་སེམས་ཀྱིས་ནི། །རང་བཞིན་མྱ་ངན་འདས་པ་ཉིད། །ཅེས་བྱ་བ་འདིས་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་སྐུ་འདི་ནི་དམིགས་པ་ཐམས་ཅད་ལས་རབ་ཏུ་གྲོལ་བར་གནས་པ་བཞིན་དུ། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱང་རང་བཞིན་གྱིས་རྣམ་པར་དག་པ་སྟོན་ཏོ། །དེའི་ཕྱིར་འགྲོ་བ་ཀུན་ལ་ལྷན་ཅིག་སྐྱེས་ཏེ། སངས་རྒྱས་ཀྱི་རྒྱུ་ཉིད་རང་བཞིན་གྱིས་ལྷན་ཅིག་སྐྱེས་སོ་ཞེས་སྟོན་ཏོ། །འོ་ན་རང་བཞིན་གྱི་སངས་རྒྱས་ཡིན་ན་བསྒྲུབ་ཏུ་མེད་པའི་ཕྱིར། ལམ་ལ་དོན་མེད་པར་འགྱུར་རོ་སྙམ་ན། འོན་ཀྱང་བག་ཆགས་ཕལ་པས་སོ། །ཞེས་སྨོས་ཏེ། གློ་བུར་གྱི་དྲི་མས་བསྒྲིབས་སོ། །ཞེས་བྱ་བའི་དོན་ཏོ། །གློ་བུར་གྱི་དྲི་མ་སེལ་བར་བྱེད་པའི་ཐབས་ནི་དུག་གི་དུམ་བུ་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། གལ་ཏེ་མྱ་ངན་ལས་འདས་པ་སྲིད་པ་སྐྱེ་བ་དང་འཇིག་པ་ལས་འདས་པ་ཡིན་ལ། དེ་ཐོབ་པ་ལ་ནི་སྲིད་པ་ལས་འདས་དགོས་ལ། ལམ་ལ་གནས་པ་རྣམས་ནི། སྲིད་པ་འཁོར་བ་པ་ཡིན་པས། སྲིད་པ་ལས་འདས་པའི་ལམ་རྒྱུད་ལ་མི་གནས་པའི་ཕྱིར་གློ་བུར་གྱི་དྲི་མ་སེལ་བར་ག་ལ་འགྱུར་སྙམ་ན། སྲིད་པ་ཉིད་ཀྱིས་སྲིད་པ་དག །ཅེས་སྨོས་ཏེ། སྲིད་པ་ནི་འཇིག་རྟེན་པ་རྣམས་ཀྱི་སྐྱེ་བ་དང་གནས་པ་ལ་སོགས་པ་ཡིན་ལ། དེ་ཉིད་ཡོངས་སུ་ཤེས་པ་ལ་སོགས་པའི་ལམ་གྱིས་དེ་ཉིད་དག་པར་བྱེད་དོ། །དེའི་དཔེ་གང་ལྟ་བུ་ཞེ་ན། དུག་གི་དུམ་བུ་ཞེས་བྱ་བ་ལ་སོགས་པའོ། །གལ་ཏེ་སྲིད་པའི་དེ་ཁོ་ན་ཉིད་ཤེས་པས་སྲིད་པ་དང་བྲལ་དུ་ཆུག རྣམ་པར་རྟོག་པ་མི་ཟད་དེ། ལམ་དེ་ཉིད་ཀྱང་རྣམ་པར་རྟོག་པ་ཡིན་པའི་ཕྱིར་རོ། །རྣམ་རྟོག་མ་ཟད་ན་གྲོལ་བར་ག་ལ་འགྱུར་སྙམ་ན། རྣམ་རྟོག་ལས་ནི་རྣམ་རྟོག་དང༌། །ཞེས་སྨོས་ཏེ། འདི་ལྟར་སྟོང་པ་ཉིད་དོ་ཞེས་བསྒོམས་པས། དེ་ཉིད་རྣམ་པར་རྟོག་པ་ཡིན་ཡང༌། མི་སྟོང་པའི་རྣམ་པར་རྟོག་པའི་གེགས་བྱེད་ལ། མི་སྟོང་པ་དང་བྲལ་བ་ན། སྟོང་པ་ཉིད་ཀྱང་བྲལ་བར་འགྱུར་ཏེ། མཁན་པོ་ཞི་བའི་ལྷས་ཀྱང༌། དཔེར་ན་རྨི་ལམ་བུ་ཤི་ལ། །དེ་མེད་སྙམ་དུ་རྣམ་རྟོག་ནི། །དེ་ཡོད་རྣམ་པར་རྟོག་པ་ཡི། །གེགས་ཡིན་དེ་ཡང་བརྫུན་པ་ཡིན། །ཞེས་གསུངས་པ་ལྟ་བུའོ། །རྟོག་པས་རྟོག་པ་འདག་པའི་དཔེ་ནི། ཇི་ལྟར་རླུང་གིས་ཟིན་པ་ཞེས་བྱ་བ་ལ་སོགས་པ་སྟེ། རླུང་ཆུང་ངུ་འཕྱན་ནད་ཀྱིས་ཟིན་པ་ལ། རླུང་ཆེན་པོ་མོན་སྲན་གྱི་བཟའ་བས་སེལ་བར་བྱེད་དོ། །སྦམས་པ་གཉེན་པོར་ཆེ་བ་ནི། །ཇི་ལྟར་རྣ་བར་ཆུ་ཞུགས་པ། །ཞེས་བྱ་ལ་སོགས་པ་སྟེ། ཐ་མལ་གྱི་རྣམ་པར་རྟོག་པས་རབ་ཏུ་གཡེངས་པ་ལ། རྣམ་པས་ཞེས་བྱ་བ་ལྷའི་རྣམ་པར་རྟོག་པས་སྦྱོང་བར་བྱེད་དེ། སྨན་པ་གཉེན་པོར་ཆེ་བ་ནི་ཇི་ལྟར་མཆོད་པས་ཞེས་བྱ་བ་ལ་སོགས་པ་སྟེ། འདོད་ཆགས་ཀྱི་མེས་ཚིག་པ་ལ་འདོད་ཆགས་ཉིད་ཀྱིས་སེལ་གྱི་གཞན་གང་གིས་སེལ་བར་འགྱུར། རྡོ་རྗེ་གུར་གྱི་རྒྱུད་ལས་ཀྱང༌། འདོད་ཆགས་ཀྱིས་བསྐྱེད་འཇིག་རྟེན་པ། །འདོད་ཆགས་ཉིད་ཀྱིས་རྣམ་གྲོལ་འགྱུར། །རྡོ་རྗེ་ཆགས་པ་ཡོངས་ཤེས་པས། །ཡིད་ནི་རྡོ་རྗེ་སེམས་དཔར་འགྱུར། །ཞེས་གསུངས་པ་ལྟ་བུའོ། །གལ་ཏེ་དེ་ལྟ་བུའི་ལམ་དེ་སྤང་བྱ་དང་འགལ་བས་གྲོལ་ལམ་མི་འགལ་བས་གྲོལ། འགལ་བས་གྲོལ་ན་སྔར་བསྟན་པ་དང་འགལ་ལ། མི་འགལ་བས་གྲོལ་ན་སོ་སོ་སྐྱེ་བོ་རྣམས་དང་ཁྱད་ཅི་ཡོད་སྙམ་ན། མི་འགལ་བས་གྲོལ་བ་ནི། སྐྱེ་བོ་མི་བཟད་པ་ཡི་ལས། །ཞེས་བྱ་བ་ལ་སོགས་པ་ནི་མཇུག་བསྡུས་ནས་སྟོན་ཏེ། མདོར་ན་རྨོངས་པ་རྣམས་ནི་གང་དང་གང་གིས་བཅིངས་པ་སྟེ། ཉོན་མོངས་པ་འདོད་ཆགས་ལ་སོགས་པས་སོ། །འོ་ན་འགལ་བས་གྲོལ་ན་སྔར་བསྟན་པ་དང་མི་འགལ་ལམ་ཞེ་ན། ཐབས་དང་བཅས་ན་དེ་ཉིད་ཀྱིས་གྲོལ་ཏེ། སྤང་བྱའི་རྒྱུ་དང་འགལ་བ་དེས། རྒྱུད་དེས་འགལ་བས་གྲོལ་བའི་ཐབས་ཡོད་ལ། དེ་ཉིད་དེ་དངོས་སུ་མི་འགལ་བས་ལམ་ཁྱད་པར་དུ་འཕགས་སོ། །དེས་ན་འཕགས་པ་འོད་སྲུངས་ཀྱིས་ཞུས་པ་ལས། འོད་སྲུངས་གྲོང་ཁྱེར་གྱི་ལུད་གང་ཡིན་པ་དེ་བུ་རམ་གྱི་ཞིང་ལ་ཕན་པར་འགྱུར་རོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཉོན་མོངས་པའི་ལུད་གང་ཡིན་པ་དེ་བླ་ན་མེད་པའི་བྱང་ཆུབ་ཀྱི་ཞིང་ལ་ཕན་པར་འགྱུར་རོ་ཞེས་གསུངས་སོ། །འཕགས་པ་བྱམས་པས་ཀྱང༌། ཐབས་ཆེན་དང་ནི་ལྡན་པ་ལ། །འཁོར་བ་ཞི་བའི་ཐབས་ཉིད་པས། །ཉོན་མོངས་བྱང་ཆུབ་ཡན་ལག་འགྱུར། །དེ་ཕྱིར་རྒྱལ་སྲས་བསམ་མི་ཁྱབ། །ཅེས་གསུངས་པ་ལྟ་བུ་སྟེ། དེ་ལྟར་ཐེག་པ་ཆེན་པོའི་མདོ་དང༌། རྒྱུད་དང་རྟོག་པ་ཐམས་ཅད་ལས་གསུངས་ཏེ། ཡི་གེ་མངས་པས་འཇིགས་པས་མ་བྲིས་སོ། །དེ་ལྟ་བུ་ནི་སངས་རྒྱས་མུ་སྟེགས་ཀྱིས་མི་ཤེས་ཞེས་བྱ་སྟེ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བས་སངས་རྒྱས་པ་ཡིན་ཡང༌། ཐེག་པ་ཆེན་པོའི་ལམ་ཟབ་པ་དང་རྒྱ་ཆེ་བ་ལ་ཞེ་སྡང་བས། མུ་སྟེགས་བྱེད་དང་འདྲ་བས། འཕགས་པ་ཉན་ཐོས་པ་རྣམས་ཀྱིས་མི་ཤེས་ཞེས་བྱ་བའི་དོན་ཏོ། །གལ་ཏེ་སེམས་ཅན་རྣམས་ལ་ཉོན་མོངས་པའི་རིགས་བསམ་གྱིས་མི་ཁྱབ་པ་ཡོད་ལ། དེ་དག་སྦྱོང་བར་བྱེད་པ་ལ་ཉན་ཐོས་ཀྱི་ལམ་ལས་ཀྱང་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་ལ། བསྐྱེད་པའི་རིམ་པ་བས་ཀྱང་རིགས་བརྒྱའི་རབ་ཏུ་དབྱེ་བའི་བར་དུ་གསུངས་པ་ཡིན་ན། འདིར་ཞུ་བདེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གཅིག་ཉིད་ལ་རིགས་ཀྱིས་རབ་ཏུ་དབྱེ་བ་མེད་ལ། དེ་མེད་ན་ཉོན་མོངས་པ་སོ་སོར་སྤོང་བར་ག་ལ་འགྱུར་སྙམ་དུ་སེམས་པའི་རྣམ་རྟོག་སྤོང་བའི་ཕྱིར། འབྱུང་བ་ལྔ་ཡི་རང་བཞིན་ལས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གོང་དུ་ལེའུ་བཅུ་པ་ལས་གསུངས་པའི་ཞུ་བདེ་འབྱུང་བ་ལ་བརྟེན་པའི་རྒྱས་པར་བཤད་པར་ཡང་འགྱུར་རོ། །ཞེ་སྡང་འདྲེན་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་རྒྱུ་ལ་རིགས་སུ་གཞག་པ་སྟེ། ཞེ་སྡང་དག་པས་ཞེ་སྡང་དུ་གྱུར་པ་ཞེས་བྱ་སྟེ། བུད་ཤིང་བསྲེགས་པའི་རིགས་པ་ཡིས། །དགྱེས་པའི་རྒྱལ་བ་གར་མཁན་མཆོག །ཅེས་བྱ་བ་དཔལ་ཁ་སྦྱོར་ལས་གསུངས་སོ། །ཚིག་གི་དོན་ནི་གོ་སླའོ། །ལེའུ་གཉིས་པ་ཚིགས་སུ་བཅད་པ་དྲུག་ཅུ་རྩ་བཞིའི་འགྲེལ་པའོ།། །།དེ་ནས་རྡོ་རྗེ་ཅན་གྱིས་ཞེས་བྱ་བ་ལ་སོགས་པས་གླེང་གཞིའི་ལེའུ་གསུངས་སོ། །ཕྱག་རྒྱ་ཆེན་པོའི་དབང་བསྐུར་བར་ཞེས་བྱ་བ་ལ་སོགས་པའི་རྫོགས་པའི་རིམ་པ་དབང་དང་བཅས་པ་ཉིད་རྒྱས་པར་ཤེས་པར་བྱ་བའི་ཕྱིར། ལེའུ་གཉིས་པའི་རྗེས་ལ་བསྟན་ཏོ། །རྒྱུད་ཐམས་ཅད་ནི་འདུས་པ་ལ་སོགས་པ་མཐའ་དག་གོ །དེ་རྣམས་ཀྱི་གླེང་གཞི་ནི། གླེང་བའི་རྩ་བར་གྱུར་པའམ། ངེས་པའི་དོན་དུ་གྱུར་པའམ། འདིས་མཐའ་དག་རྟོགས་པར་བྱེད་པས་ཏེ་ཨེ་ཝྃ་མོ་ཞེས་བྱ་བ་ནི་མིང་སྟེ། དེས་བསྐྱེད་པ་དེའི་གཞི་ཐམས་ཅད་ལའང་གླེང་གཞི་ཞེས་གདགས་སོ་ཞེས་བྱ་བའི་དོན་ཏོ། །ཐབས་ནི་དེ་རྟོགས་པར་བྱེད་པའི་ཐབས་སུ་གྱུར་པའོ། །དེ་བཀའ་སྩལ་པའོ། །དེ་ལ་གཉིས་ཏེ། ལུས་རྣམ་པར་གཞག་པ་དང༌། ཡན་ལག་རྒྱས་པར་དབྱེ་བའོ། །དེ་ལ་དང་པོ་ནི། སྡོམ་པ་ཞེས་བྱ་བ་ལ་སོགས་པ་སྟེ། སྡོམ་པ་ནི། བདེ་བ་མཆོག་ཏུ་གྱུར་པའོ། །དེའི་དོན་ནི་འདི་ཡིན་ཏེ། སྔར་ལེའུ་དང་པོར་སྡོམ་པ་ཞེས་བཤད་པ་དེ་ནི། རང་བྱིན་བརླབ་གཙོ་བོར་གྱུར་པ་ཡིན་ལ། དེར་མ་གསུངས་པའི་འདིར་དཀྱིལ་འཁོར་གྱི་འཁོར་ལོའི་སྡོམ་པ་བཤད་པས་ལེའུ་དེར་ཁ་སྐོང་ངོ༌། །དེའི་སྡོམ་པའི་གནས་ནི་ཨེ་ཝྃ་མོ། །རང་གི་ངོ་བོ་ཨེ་ཝྃ་གྱི་བདེ་ཆེན་ནོ། །ཡང་དེས་མཚན་མ་དང༌། རྟོག་པ་སྡོམ་པས་སྡོམ་པའོ། །དེ་ལ་མང་པོ་གཅིག་ཏུ་སྡོམ་པའི་དབྱེ་བ་ནི། དགའ་དང་སྐད་ཅིག་དབྱེ་བ་དང༌། །ཞེས་བྱ་བ་ཡིན་ནོ། སྡོམ་པ་དེ་ཤེས་པར་བྱེད་པའི་ཐབས་ནི་དབང་དང་ཡང་ཞེས་བྱ་སྟེ། འདིས་ལེའུ་བཅུ་པ་དབང་གི་ལེའུའི་དོན་གསལ་བར་བྱེད་པ་ཡིན་ནོ། །དེ་དག་ནི་དེ་ལ་སྡོམ་པ་བཀའ་སྩལ་པ་ཞེས་བྱ་བ་ནས་བརྩམས་ནས། དཀྱིལ་འཁོར་འཁོར་ལོའི་ཐབས་ཀྱིས་ནི། །རྟག་ཏུ་ངེས་པར་གྲོལ་བར་འགྱུར། །ཞེས་ལམ་དུ་བྱེད་པའི་བཞི་པའི་བར་གྱིས་བསྟན་ཏོ། །དེ་ལ་ཐེ་ཚོམ་བསལ་བ་ནི། རྡོ་རྗེ་སྙིང་པོས་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །དབང་དེའི་དམ་ཚིག་གང༌། །ཞེས་རྟོག་པ་ལ་ཡང༌། རྡོ་རྗེ་སྙིང་པོས་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །ལམ་དུ་བྱེད་པའི་བཞི་པའི་དོན་ལ་ཐེ་ཚོམ་བསལ་བ་དངོས་པོའི་གནས་ལུགས་རྟོགས་པའི་ལྟ་བ་དང་རོ་གཅིག་ཏུ་ཁྱད་པར་མེད་པར་བསྟན་པ་ནི། དེ་ནས་རྣལ་འབྱོར་མ་ཐམས་ཅད་ཀྱི་ཞེས་བྱ་བ་ནས། ཡིད་ལ་གྱིས་ཤིག་ཅེས་བྱ་བའི་བར་གྱིས་བསྟན་ཏེ། དེ་དག་ནི་དབང་དང་ཡང་ཞེས་བྱ་བ་འདི་ལས་འཕྲོས་པ་ཡིན་ནོ། །དེ་ལྟ་བུའི་སྡོམ་པ་ཐོབ་པའི་རྣལ་འབྱོར་པའི་སྤྱོད་པ་ནི་གཞན་ཡང་བཟའ་བ་ཞེས་བྱ་བ་འདི་ཡིན་ཏེ། ལེའུ་དྲུག་པ་སྤྱོད་པའི་ལེའུར་རྒྱས་པར་བཤད་པར་བྱ་བའི་ཕྱིར། དེ་ནས་རྣལ་འབྱོར་མ་བདག་མེད་མ་ཞེས་བྱ་བ་ལ་སོགས་པ་འདིས་བསྟན་ཏོ། །སོགས་པ་ཞེས་བྱ་བ་འདིས་དབང་པོ་དྲུག་གི་དག་པ་སྔར་ལེའུ་དགུ་པར་མ་གསུངས་པ་དེ་ཁ་སྐོང་བ་སྟེ། དེ་ནི་རྡོ་རྗེ་སྙིང་པོས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ནི་ཞར་ལས་བྱུང་བ་ཡིན་ནོ། །དེ་བཞིན་དགོངས་པའི་སྐད་ཉིད་དང༌། །ཞེས་བྱ་བ་ནི་སྡོམ་པ་ཐོབ་པའི་སྤྱོད་པ་དང་འབྲེལ་པའམ། བསྐྱེད་པའི་རིམ་པ་ལ་གནས་པ་རྣམས་ཀྱིའང་ཚོགས་ཀྱི་འཁོར་ལོ་ལ་སོགས་པའི་དུས་སུ་ངག་གི་བརྡས་སྨྲ་བ་ཡིན་པ་ལ། དེ་ལེའུ་བདུན་པས་མ་གསུངས་པ་དེ་ཁ་སྐོང་བ་ཡིན་ཏེ། དེ་ནི་རྡོ་རྗེ་སྙིང་པོས་གསོལ་པ། ཞེས་བྱ་བ་ལ་སོགས་པའི་གཞུང་གིས་བསྟན་ཏོ། །ལུས་རྣམ་པར་གཞག་པའོ། །ཡན་ལག་རྒྱས་པར་དབྱེ་བ་ལ། དང་པོར། སྡོམ་པ་དང་ནི་དབང་དང་ཡང༌། །དགའ་དང་སྐད་ཅིག་དབྱེ་བ་དང༌། །ཞེས་བྱ་བ་ལེའུ་དང་པོ་དང༌། བཅུ་པའི་དོན་གསལ་བར་བྱེད་དོ། །དེ་ནས་གཞན་ཡང་བཟའ་བ་ཞེས་བྱ་བ་སྤྱོད་པའི་ལེའུའི་ཨ་བ་དྷཱུ་ཏཱིའི་སྤྱོད་པ་རྒྱས་པར་འཆད་དོ། །དེ་ནས་སོགས་པ་སྟེ་ལེའུ་དགུ་པར་དབང་པོ་དྲུག་གི་དག་པ་ཁ་སྐོང་བའོ། །དེ་ནས་དེ་བཞིན་དགོངས་པའི་སྐད་ཉིད་དང༌། ཞེས་བྱ་བ་ལེའུ་བདུན་པ་བརྡའི་ལེའུར་མ་ཚང་བ་ཁ་སྐོང་བར་བྱེད་དོ། །དང་པོ་ལ་གཉིས་ཏེ། སངས་རྒྱས་ཀྱི་སྡོམ་པ་ལ་བརྟེན་ཏེ་མདོར་བསྟན་པ་དང༌། རྣལ་འབྱོར་མའི་སྡོམ་པ་ལ་སྦྱར་ཏེ་རྒྱས་པར་བཤད་པའོ། །དེ་ལ་སངས་རྒྱས་ནི་སྒྲུབ་པ་པོ་ལྷར་བསྐྱེད་པའོ། །མཁའ་འགྲོ་མ་ནི་ཕྱག་རྒྱ་ལྷར་བསྐྱེད་པའོ། །དེས་ན་དེ་གཉི་གའང་སྡོམ་པའི་གནས་ཀྱི་ཁྱད་པར་ཡིན་གྱི། རང་གི་ངོ་བོ་དང་ཐབས་ལ་ཁྱད་པར་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལ་སྡོམ་པ་བཀའ་སྩལ་པ། །ཞེས་བྱ་བ་ལ། གང་དུ་སྡོམ་པའི་གནས་དང༌། རང་གི་ངོ་བོ་དང༌། དེ་ཤེས་པར་བྱེད་པའི་ཐབས་གསུམ་དུ་དགོས་པ་ལས། དང་པོ་ནི། ཨེ་ཝྃ་རྣམ་པར་རབ་ཏུ་གནས། །ཞེས་བྱའོ། །གཉིས་པ་ནི། ཨེ་ཝྃ་རྣམ་པའི་བདེ་ཆེན་ཏེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཏེ་འདིས་རྣམ་པར་རྟོག་པ་ཐམས་ཅད་སྡོམ་པར་བྱེད་དོ། །དེ་ཅི་གང་ལས་ཤེས་པར་འགྱུར་ཞེ་ན། དབང་ལས་ཏེ། དབང་བསྐུར་བ་བཞི་པོ་རྣམས་ལས་ཤེས་པར་འགྱུར་རོ། །ཞེས་བྱའོ། །རྣལ་འབྱོར་མའི་སྡོམ་པ་སྦྱར་ཏེ། རྒྱས་པར་བཤད་པ་ལ་གཉིས་ལས། ཞུས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པའོ། །ལན་ནི་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པའོ། །འདི་ལ་གསུམ་སྟེ། སྡོམ་པའི་གནས་དང༌། སྡོམ་པ་རང་གི་ངོ་བོ་དང༌། སྡོམ་པ་དེ་ཤེས་པར་བྱེད་པའི་ཐབས་རྒྱས་པར་བཤད་པའོ། །དང་པོ་ནི་ཨེའི་ཆ་བྱད་ཅེས་བྱ་བ་ལ་སོགས་པའོ། །གཉིས་པ་ནི་སྐད་ཅིག་དབྱེ་བས་ཞེས་བྱ་བ་ལ་སོགས་པ་སྟེ། ཚིགས་སུ་བཅད་པ་གཅིག་གིས་བསྟན་ཏོ། །ཡང་གཅིག་གིས་བཤད་དེ། དེ་ནས་གསུམ་གྱིས་ནི་རབ་ཏུ་རྒྱས་པར་བཤད་དོ། །སྐད་ཅིག་མ་རྣམས་ཀྱི་མཚན་ཉིད་ནི་ལེའུ་དང་པོར་བཤད་ཟིན་ཏོ། །དེ་འདིར་ཡང་སྐད་ཅིག་བཞིའི་ངེས་ཚིག་རྒྱུད་གཞན་ལས་གསུངས་པ། འཁྱུད་དང་འོ་བྱེད་ལ་སོགས་ཀྱིས། །སྣ་ཚོགས་དགའ་བ་སྣ་ཚོགས་ཉིད། །བྷ་གར་ལིང་ག་རབ་སྦྱོར་བས། །རྣམ་པར་སྨིན་པ་ཡེ་ཤེས་མཆོག །ཕྱག་རྒྱ་ཉེད་པས་རྣམ་པར་ཉེད། །མཚན་ཉིད་བྲལ་བས་ངེས་མཚོན་བྱ། །ཞེས་གསུངས་སོ། །འདིས་ན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི། དུས་ཚིགས་གསུམ་པ་ཡིན་ནོ་ཞེས་བྱ་བའི་ལོག་པར་རྟོག་པའང་བསལ་བ་གྲུབ་པ་ཡིན་ནོ། །གསུམ་པ་དེ་ཤེས་པར་བྱེད་པའི་ཐབས་ནི་སློབ་དཔོན་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་བཞི་སྟེ། དབང་བསྐུར་བ་དངོས་དང༌། ལམ་དུ་བྱེད་པའི་བཞི་པ་ལ་ཐེ་ཚོམ་བསལ་བ་དང༌། དབང་གི་དམ་ཚིག་དང་སྡོམ་པ་དང༌། ཡུལ་ལ་སོགས་པ་སྦྱོང་བའི་དོན་རྒྱས་པར་བཤད་པའོ། །དང་པོ་ལ་ལྔ་སྟེ། དབང་བཞིས་དགའ་བ་བཞི་མཚོན་པར་བསྟན་པ་དང༌། དབང་གི་དག་པ་དང༌། དབང་གི་དགོས་པ་དང༌། དབང་གི་ངེས་པའི་ཚིག་དང༌། དབང་བཞི་སོ་སོའི་མཚན་ཉིད་དོ། །དང་པོ་ནི་སློབ་དཔོན་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་སློབ་དཔོན་ནི་རྡོ་རྗེ་སློབ་དཔོན་དུ་བྱེད་པས་ན་སློབ་དཔོན་ཏེ་ཆུ་ལ་སོགས་པ་ཐུན་མོང་གི་དབང་སྔོན་དུ་སོང་ནས། དམ་ཚིག་གསུམ་དང༌། བུམ་པ་དང༌། དཀྱིལ་འཁོར་དང༌། ལྷའི་དེ་ཁོ་ན་ཉིད་བསྟན་ཏེ། རྗེས་སུ་གནང་བའི་བར་དུ་གནང་བ་གང་ཡིན་པའོ། །གསང་བ་ནི་རྫས་གསང་བས་ན་གསང་བའི་དབང་སྟེ། བྱང་ཆུབ་ཀྱི་སེམས་ལྕེ་ལ་བྱིན་ཏེ། མིང་བཏགས་ནས་ལུང་བསྟན་པའོ། །ཤེས་རབ་ནི་ཤེས་རབ་ལ་བརྟེན་ཏེ། ཡེ་ཤེས་དགའ་བ་བཞིའི་ཉམས་བསྐྱེད་ནས། འབྲས་བུ་འཐོབ་པར་འགྱུར་བ་དང༌། ལམ་འདི་ལྟ་བུའོ་ཞེས་བྱ་བར་དབུགས་དབྱུང་བ་གང་ཡིན་པའོ། །བཞི་པ་དེའང་དེ་བཞིན་ནོ། །ཞེས་བྱ་བ་སྟེ། ཤེས་རབ་ལ་བརྟེན་པའི་ཉམས་ཉིད་དོན་གྱི་བཞི་པ་ཡིན་ནོ་ཞེས་བྱ་བའམ། ཡེ་ཤེས་དེ་ལ་བླ་མས་ཚིག་གིས་བསྟན་པས་སྒྲོ་འདོགས་བཅད་པར་གྱུར་པ་ནི་ཚིག་གི་བཞི་པའོ། །དེ་བཞིན་དུ་ལམ་དུ་བྱེད་པ་ལ་སོགས་པ་ཐམས་ཅད་དཔེའི་ཡེ་ཤེས་དེ་ལ་རག་ལས་ཤིང་བརྟེན་པའོ་ཞེས་བྱ་བའི་ཕྱིར་དེ་བཞིན་ཞེས་བྱའོ། །དེས་དགའ་བ་རྣམས་མཚོན་པར་བསྟན་པ་ནི། དབང་ནི་བཞི་ཡི་གྲངས་ཀྱི་ནི། །ཞེས་བྱ་བ་རྐང་པ་གཉིས་སོ། །གལ་ཏེ་དབང་གི་དགའ་བ་མཚོན་ཅིང་ཤེས་པར་བྱེད་དོ་ཞེས་བྱ་བ་འདི་ཅི་དབང་གིས་དགའ་བ་སྐྱེད་ཅིང་ཤེས་པར་བྱེད་པ་ཡིན་ནམ། འོན་ཏེ་འདྲ་བས་རྟོགས་པར་བྱེད་པ་ཡིན་སྙམ་ན། གཉི་ག་ཡིན་ནོ། །འོ་ན་སྐྱེད་པར་བྱེད་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་དང༌། དེའི་ལམ་ཁོ་ན་ཡིན་ན། འདིས་སློབ་དཔོན་དང་གསང་དབང་གིས་ཅི་བྱ་སྙམ་ན། དབང་དེ་གཉིས་ལ་མ་ལྟོས་པར་ནི་ཤེས་རབ་ཡེ་ཤེས་འབྱུང་བ་མ་ཡིན་ནོ། །དེ་བས་ན་དེ་གཉིས་སྨོས་སོ། །ཡང་འདྲ་བའི་ཕྱིར་ཡང་མཚོན་ཅིང་ཤེས་པར་བྱེད་པ་ཉིད་ཡིན་ཏེ། གྲངས་འདྲ་བ་དང༌། གོ་རིམ་འདྲ་བ་དང༌། དྲི་མ་དག་པར་བྱེད་པ་འདྲ་བའི་ཕྱིར་དབང་གི་དགའ་བ་མཚོན་པར་བྱེད་དོ་ཞེས་བྱའོ། །དེ་ལ་དབང་བཞིར་གྲངས་ངེས་པ་བཞིན་དུ་དགའ་བའང་དེར་གྲངས་ངེས་ཞེས་བྱ་བའོ། །ཡང་གོ་རིམ་འདྲ་སྟེ། སྔ་མ་སྔ་མ་ལ་མ་ལྟོས་པར་དབང་བསྐུར་དུ་མི་རུང་བ་བཞིན། དགའ་བའང་སྔ་མ་ལ་མ་ལྟོས་པར་སྐྱེ་བར་མི་འགྱུར་རོ། །གལ་ཏེ་ན་ཤེས་རབ་ལ་བརྟེན་ཏེ་ཡེ་ཤེས་སྐྱེས་པ་དེ་དབང་གསུམ་པ་ཡིན་ལ། དེ་དབང་གི་དངོས་གཞི་ཡིན་པས། དགའ་བའང་གསུམ་པ་ཉིད་དུ་མི་འགྱུར་རམ་སྙམ་ན། དེ་ཉིད་ཀྱིའང་ཡེ་ཤེས་དེ་ནི་བཞི་པ་ཡིན་ལ། ཡང་དེ་གསུམ་པ་ཡིན་དུ་ཆུག་ཀྱང༌། མྱོང་བ་ཙམ་དེས་སྒྲོ་འདོགས་ཡོངས་སུ་བཅད་པ་མེད་པའི་ཕྱིར་མཐར་ཕྱིན་པ་ནི་མ་ཡིན་ལ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི་མཐར་ཕྱིན་པ་ཡིན་པས་ག་ལ་མཚུངས། དེ་བས་ན་འདི་ཉིད་གོ་རིམ་ངེས་པའོ། །ཡང་དྲི་མ་དག་པའི་ཕྱིར་ཡང་མཚོན་པར་བྱེད་དེ། དགོད་པ་དག་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་དགོད་པའི་ཆགས་པ་ནི་འཕྲུལ་དགའི་ལྷ་རྣམས་ཡིན་ལ། དེའི་བདེ་བ་གནང་བ་ནི་སྤྱོད་པའི་རྒྱུད་ཡིན་ཞིང༌། རྒྱུད་དེའི་དབང་གི་མཐའ་ནི་སློབ་དཔོན་གྱི་དབང་ཡིན་ནོ། །རྒྱུད་དེ་དང་དབང་དེའི་ཉམས་སུ་མྱོང་བ་གང་ཡིན་པ་དེ་ཙམ་ནི་དགའ་བའི་ཡེ་ཤེས་ལ་ཡོད་པས་ན་དགའ་བའི་ཡེ་ཤེས་འདིས་ཀྱང་དགོད་པའི་དྲི་མ་དག་པར་བྱེད་དོ། །ལྟ་བའི་ཆགས་པ་ནི་གཞན་འཕྲུལ་དབང་བྱེད་པ་དག་ཡིན་ལ། དེ་ཙམ་གྱི་བདེ་བ་གནང་ཞིང་དེ་དག་པ་ནི་བྱ་བའི་རྒྱུད་ཡིན་ཞིང༌། དེའི་དབང་གི་མཐའ་ནི་དཀྱིལ་འཁོར་དང་ལྷའི་དེ་ཁོ་ན་ཉིད་སྟོན་པ་གསང་བའི་དབང་བསྐུར་བ་ཡིན་ནོ། །རྒྱུད་དེ་དང་དེའི་དབང་གི་ཉམས་སུ་མྱོང་བ་ཙམ་ནི་མཆོག་ཏུ་དགའ་བའི་ཡེ་ཤེས་ལ་ཡོད་པས། འདིས་ཀྱང་ལྟ་བའི་དྲི་མ་དག་པར་བྱེད་དོ། །ལག་བཅངས་ཀྱིས་ཆགས་པ་ནི་དགའ་ལྡན་པ་དང༌། མཚེ་མ་བ་དག་ཡིན་ལ། དེའི་བདེ་བ་གནང་ཞིང༌། དེ་དག་གི་དྲི་མ་དག་པར་བྱེད་པ་ནི་རྣལ་འབྱོར་གྱི་རྒྱུད་ཡིན་ཞིང༌། དེའི་དབང་གི་ཐབས་ནི་ཤེས་རབ་སྟེ། རྡོ་རྗེ་དང༌། དྲིལ་བུ་དང༌། ཕྱག་རྒྱའི་དེ་ཁོ་ན་ཉིད་བསྟན་པ་འདི་ཡིན་ནོ། །དེའི་དབང་གིས་མྱོང་བ་ནི་དགའ་བྲལ་གྱི་དགའ་བ་ལའང་ཡོད་པས་ཀྱང་འདིས་ལག་བཅངས་ཀྱི་དྲི་མ་དག་པར་བྱེད་དོ། །གཉིས་གཉིས་སྤྲོད་པའི་ཆགས་པ་ནི་སུམ་ཅུ་རྩ་གསུམ་པ་ནས་གླིང་བཞི་པའི་བར་ལ་ཡོད་ལ། དེ་དག་གི་བདེ་བ་གནང་ཞིང་དེའི་དྲི་མ་དག་པར་བྱེད་པ་ནི་རྣལ་འབྱོར་བླ་ན་མེད་པ་ཡིན་ལ། དེའི་དབང་གི་མཐའ་ནི་དབང་བཞི་པ་ཡིན་ཞིང༌། དབང་དེའི་ཡེ་ཤེས་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡིན་པས་འདིས་གཉིས་གཉིས་སྤྲོད་པའི་དྲི་མ་དག་པར་བྱེད་པས་ན་ཆོས་མཐུན་པའོ། །འདིས་འོག་ནས་རྒྱུད་བཞིར་བཤད་པའི་དོན་ཀྱང་གསལ་བར་བྱེད་ཅིང་སྤྱི་ལ་སྦྱར་བ་བཤད་པ་ལུགས་གཅིག་གོ །ཡང་ན་དགོད་པ་དག་པ་ནི་སློབ་དཔོན་ཡིན་ལ། དགའ་བས་ཀྱང་དེ་དག་པར་བྱེད་དོ། །ལྟ་བ་དག་པ་ནི་གསང་དབང་གི་བྱང་སེམས་ལྕེ་ལ་ལྟ་བས་ཡིན་ལ་མཆོག་དགའ་འང་ལྟ་བ་སྟེ། རྡོ་རྗེ་པདྨ་ལྟ་བས་དེས་དེ་དག་པར་བྱེད་དོ། །ལག་བཅངས་དག་པ་ནི་ཤེས་རབ་ཡེ་ཤེས་ཡིན་ལ། ལག་པ་ཉེད་པས་རྣམ་ཉེད་ནི་དགའ་བྲལ་ཏེ་དེས་ཀྱང་དེ་དག་པར་བྱེད་དོ། །གཉིས་གཉིས་འཁྱུད་དག་པ་ནི་དབང་བཞི་པ་ཡིན་ལ། མཚན་ཉིད་དང་བྲལ་བའི་དུས་སུ་བྱང་ཆུབ་ཀྱི་སེམས་གཉིས་གཉིས་འཁྱུད་པས་ལྷན་སྐྱེས་སྐྱེ་སྟེ། དེ་འདིས་དག་པར་བྱེད་དོ། །འདིས་ནི་རང་གི་ལུགས་ཀྱི་དབང་བཞི་དང༌། དགའ་བ་བཞི་སྦྱར་བའི་བཤད་པའོ། །འདི་ལ་སློབ་དཔོན་ཁ་ཅིག་ཤེས་རབ་ཡེ་ཤེས་ཀྱི་དབང་འབའ་ཞིག་ལ་ཐུན་མོང་མ་ཡིན་པའི་དབང་བཞི་ཞེས་འཆད་དེ། ལུགས་དེ་ལ་འགལ་བ་ཡོད་པ་མ་ཡིན་ནོ། །དབང་གི་དགོས་པ་ནི། སེམས་ཅན་རྣམས་ཀྱི་དངོས་གྲུབ་ཕྱིར། །ཞེས་བྱ་བ་སྟེ། འདིས་སྐུ་བཞི་པོ་ཐོབ་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །དབང་གི་ངེས་པའི་ཚིག་ནི་གཏོར་དང་ཞེས་བྱ་བ་སྟེ། དེ་ལ་བླུགས་པ་ནི་བུམ་པ་སྤྱི་བོ་ནས་དང༌། གསང་དབང་ལྕེ་ལ་དང༌། ཤེས་རབ་ཡེ་ཤེས་དབང་གི་གནས་སུ་དང༌། དབང་བཞི་པ་སེམས་ལ་བླུགས་པས་སོ། །དེས་གཏོར་བ་ནི་བཀྲུས་པ་སྟེ། ལུས་དང་ངག་དང་སེམས་ཀྱི་དྲི་མ་རྣམས་བཀྲུས་ཞེས་བྱ་བའི་དོན་ཏོ། །དེས་ལམ་བསྒོམ་པའི་སྐལ་བ་ལ་དབང་བར་བྱས་སོ། །དེས་ན་དབང་ཞེས་བྱའོ། །དབང་བཞི་སོ་སོའི་མཚན་ཉིད་ནི་ཤེས་རབ་ཅེས་བྱ་བ་ལ་སོགས་པ་སྟེ། འདི་དག་རྒྱས་པར་ནི་དཀྱིལ་འཁོར་ཆོ་ག་ལས་སྟོན་པར་འགྱུར་རོ། །ཤེས་རབ་བཅུ་དྲུག་ཅེས་བྱ་བ་ལ་སོགས་པས་ནི་རྣལ་འབྱོར་གྱི་རྒྱུད་ལས། ཁྱད་པར་དུ་འཕགས་པའི་དམ་ཚིག་གསུམ་སྦྱིན་པ་སློབ་དཔོན་གྱི་དབང་སྟོན་ཏོ། །ཤིན་ཏུ་བཞིན་བཟངས་ལ་སོགས་པས་ནི་གསང་བའི་དབང་ངོ༌། །སྟོན་པས་ཞེས་བྱ་བ་ལ་སོགས་པས་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་སྟེ། དང་པོར་ཇི་ལྟར་ཞེས་ཚིགས་བཅད་གཅིག་དང༌། ཞིམ་པའི་ཞེས་བྱ་བ་ལ་སོགས་པ་རྐང་པ་དྲུག་གིས་མཆོད་པ་བྱའོ། །དེའི་འོག་ཏུ་བཅོམ་ལྡན་ཞེས་བྱ་བ་ལ་སོགས་པ་ཤླཽ་ཀ་གཉིས་ཀྱིས་གསོལ་བ་གདབ་བོ། །དེ་གཉིས་སློབ་མའི་བྱ་བའོ། །དེ་ནས་སྟོན་པས་ཞེས་བྱ་བ་ཤླཽ་ཀ་གཉིས་ནི་ཕྱག་རྒྱ་གཏད་པའི་དབང་ངོ༌། །མཆོག་ཏུ་དགའ་བ་ཞེས་རྐང་པ་གཉིས་ནི་ཡེ་ཤེས་ཀྱི་དབང་ངོ༌། །དེས་ཤེས་རབ་ཡེ་ཤེས་སོ། །སྟོན་པས་སྨྲས་པ། ཞེས་བྱ་བ་ཤླཽ་ཀ་གསུམ་ནི་ཚིག་གི་བཞི་པའོ། །དཀྱིལ་འཁོར་ཞེས་བྱ་བ་རྐང་པ་གཉིས་ནི་ལམ་དུ་བྱེད་པའི་བཞི་པའོ། །དེ་ལྟར་ན་དབང་དངོས་སོ། །གཉིས་པ་ལམ་དུ་བྱེད་པ་ལ་དཀྱིལ་འཁོར་ཞེས་བྱ་བས་བསྐྱེད་རིམ་དང་ཐེ་ཚོམ་གྱི་དྲི་བ་དང་དེ་བསལ་བ་ནི། དེ་ནས་རྡོ་རྗེ་སྙིང་པོས་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་ན་སྡོམ་པ་དེ་དབང་ཐུན་མོང་མ་ཡིན་པ་དེས་ཤེས་པ་ཡིན་ན་འདིའི་དམ་ཚིག་གང་ཡིན་ཞེས་དྲིས་པ་དང༌། ལན་སྟོན་པ་དོན་གསུམ་པ་ནི་རྡོ་རྗེ་སྙིང་པོས་ཞེས་བྱ་བ་ལ་སོགས་པ་སྟེ། སྡོམ་པ་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་སྡོམ་པས་སོ། །དམ་ཚིག་ནི་དེ་ལས་འདའ་བར་བྱ་བ་མ་ཡིན་པའོ། །དེའི་ལན་ལ་ཁྱོད་ཀྱིས་ཞེས་ཤླཽ་ཀ་གཅིག་གིས་ནི་མདོར་བསྟན་ལ། རྐང་པ་དྲུག་གིས་རྒྱས་པར་བཤད་པའོ། །ཡང་ན་དང་པོ་ནི་སྒྲ་ཇི་བཞིན་པ་ཡིན་ལ། འོག་མ་ནི་དགོངས་ཏེ་གསུངས་པའོ། །དང་པོ་ནི་དེ་ཁོ་ན་ཉིད་བསྡུས་པ་ལས་གསང་བའི་དེ་ཁོ་ན་ཉིད་གསུངས་པ་ལྟ་བུ་སྟེ། འདི་ནི་ཤེས་རབ་ཡེ་ཤེས་ཁོ་ནའི་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་སྤྱི་དང་ཡང་ཐུན་མོང་བའོ། །སེམས་གཅིག་ཅེས་བྱ་བ་ནི་དགོངས་པ་སྟེ། མཚན་མ་དང་རྣམ་པར་རྟོག་པའི་སེམས་ལས་སྲོག་གི་དབང་པོ་གཞན་ཡོད་པ་མ་ཡིན་ནོ། །དེ་བས་ན་རྟོག་པ་གསད་པར་བྱ་ཞེས་བྱའོ། །ཡང་དག་པར་ན་འཇིག་རྟེན་ཞེས་བྱ་བ་ག་ལ་ཡོད། དེ་བས་ན་སྙིང་རྗེ་ཆེན་པོས་སེམས་ཅན་སྒྲོལ་བ་ནི་མེད་བཞིན་དུ་སྒྲོལ་བས་བརྫུན་ནོ། །བཙུན་མོའི་ཁུ་བ་ནི་དེས་མ་བྱིན་པར་རླུང་འདྲེན་པའི་སྟོབས་ཀྱིས་སོ། །ཡང་ན་བཙུན་མོ་ནི་རྡོ་རྗེ་བཙུན་མོའོ། །དེའི་ཁུ་བ་ནི་བདེ་བ་ཆེན་པོའི་ཡེ་ཤེས་སོ། །གཞན་གྱི་བུད་མེད་ནི་མཆོག་གི་སྟེ་དོན་དམ་པ་སྟོང་པའི་བཙུན་མོའོ། །རང་མཚུངས་མཛེས་ཏེ་རང་གི་སྙིང་ག་ལས་སྤྲུལ་པ་ཞེས་བྱ་བར་དགོངས་སོ། །དེ་དག་གིས་ནི་ལེའུ་བཅུ་པའི་དོན་གསལ་བར་བྱས་པའོ། །ཡུལ་ལ་སོགས་པ་སྦྱོང་བའི་དོན་རྒྱས་པར་བཤད་པ་འདིས་ནི་སྔར་བཤད་པའི་རྫོགས་པའི་རིམ་པ་ལྟ་བ་དང་བཅས་པའི་དོན་གསལ་བར་བྱེད་དེ་བདེན་པ་གཉིས་ཀྱི་དོན་གསལ་བར་བྱེད་དོ། །དེའི་ཞུས་པ་ནི། དེ་ནས་རྣལ་འབྱོར་མ་ཞེས་བྱ་བ་ལ་སོགས་པའོ། །ལན་ནི་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་ཡུལ་ནི་དབང་པོ་དང༌། རྣམ་པར་ཤེས་པའི་ཡུལ་དུ་གྱུར་པའི་ཕྱིར་རོ། །དབང་པོ་ནི་རྣམ་པར་ཤེས་པ་ལ་དབང་བྱེད་པའི་ཕྱིར་ཏེ། ཡུལ་ཁ་དོག་ལ་སོགས་པ་སོ་སོ་ལ་དམིགས་པ་གཟུགས་དྭངས་པའོ། །སྐྱེ་མཆེད་ནི་རྣམ་པར་ཤེས་པ་སྐྱེ་བའི་སྒོའི་ཕྱིར་རོ། །སྤུངས་པའི་ཕྱིར་ཕུང་པོའོ། །རིགས་ཀྱི་དོན་གྱིས་ན་ཁམས་སོ། །མཛོད་ལས། སྤུངས་དང་སྐྱེ་སྒོ་རིགས་ཀྱི་དོན། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་ཡིན། །ཞེས་སོ། །གཟུགས་སུ་རུང་བས་ན་གཟུགས་སོ། །ཉམས་སུ་མྱོང་བས་ན་ཚོར་བའོ། །ཡུལ་ལ་མཚན་མར་འཛིན་པས་ན་འདུ་ཤེས་སོ། །མངོན་པར་འདུ་བྱེད་པས་འདུ་བྱེད་དོ། །རྣམ་པར་རིག་པས་རྣམ་པར་ཤེས་པའོ། །དེ་ལྟར་ན་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ནི་ཡུལ་ལ་སོགས་པ་སྟེ། དེའི་དགོས་པ་ནི་རྣལ་འབྱོར་མ་རྣམས་ཀྱིས་གོ་བྱའི་ཕྱིར་རོ། །གལ་ཏེ་དེ་དག་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱིས་ཀྱང་གོ་ན་རྣལ་འབྱོར་མས་ཅིའི་ཕྱིར་མི་གོ་སྙམ་ན། གོ་བ་ནི་བོ་དྷི་བྷྱཱཾ་ཡིན་ལ། དེ་ལ་བོ་དྷི་བྷྱཱཾ་ནི་བྱང་ཆུབ་པར་བྱ་བའི་ཕྱིར་རོ། །བྱང་ཆུབ་པ་ལ་འདི་རྣམས་ཀྱིས་ཅི་བྱ་སྙམ་ན། འདི་རྣམས་མ་བཟུང་བར་གྲོལ་བར་མི་འགྱུར་རོ། །འོ་ན་ཐམས་ཅད་གྲོལ་ལམ་ཞེ་ན། མ་ཡིན་ཏེ། དེ་རྣམས་ནི་ཆོས་ཅན་ཀུན་རྫོབ་ཡིན་ལ། དེ་རྣམས་ལ་བརྟེན་ནས་ཆོས་ཉིད་རང་བཞིན་གདོད་ནས་མ་སྐྱེས་པ། འདི་རྟོགས་ན་གྲོལ་བར་འགྱུར་ཏེ་འདི་དེ་ལ་ལྟོས་སོ། །དེས་ན་ཐ་སྙད་ལ་བརྟེན་ནས་དམ་པའི་དོན་རྟོགས་ཞེས་བྱ་བ་འདི་གྲུབ་བོ། །གདོད་ནས་མ་སྐྱེས་ན་སྣང་བ་དང་འགལ་ལོ་སྙམ་པ་ལ་བདེན་མིན་བརྫུན་མིན་ཞེས་སྨོས་ཏེ། འགལ་བ་མེད་ཅེས་དཔེས་གསལ་བར་བྱས་སོ། །རྒྱས་པར་ངོ་བོ་གཟུགས་མེད་ཅེས་བྱ་བའི་སྐབས་སུ་བཤད་ཟིན་ཏོ། །གཙུབ་ཤིང་ལ་སོགས་པའི་དཔེ་ནི་དེ་ལྟར་ན་བཙལ་ན་རེ་རེ་ལ་ཡེ་མེད་ལ། རེ་རེ་ལ་མེད་ན་ཚོགས་པ་ལའང་ག་ལ་ཡོད་དེ། དེ་ལྟ་ནའང་ཚོགས་པ་ལས་སྣང་བ་ནི་རྣམ་པར་རྟོག་པ་ཙམ་ཞེས་བྱ་བའི་དོན་ཏོ། །ད་ནི་གཞན་ཡང་བཟའ་བ་ཞེས་གསུངས་པའི་དོན་སྟོན་ཏོ། །དེ་ནས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་རྣལ་འབྱོར་མ་ལ་དེ་ཁོ་ན་ཉིད་གསུངས་པས་རྣལ་འབྱོར་མ་རྣམས་མཉེས་པས་སོ། །དེ་ལ་བཅོམ་ལྡན་འདས་དགྱེས་ནས་རང་བྱིན་གྱིས་བརླབ་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་རྟོགས་པ་དེ་གོང་ནས་གོང་དུ་འཕེལ་བར་བྱ་བའི་ཕྱིར་ཨ་ཝ་དྷཱུ་ཏཱིའི་སྤྱོད་པ་ཞེས་དགོངས་སོ། །དོན་ནི་ལེའུ་དྲུག་པར་བཤད་ཟིན་ཏེ། ཚིག་གི་དོན་ནི་གོ་སླའོ། །དེ་དག་གིས་ནི་སྦས་པའི་དོན་དུ་བཤད་པའོ། །དེ་ནས་རྡོ་རྗེ་སྙིང་པོས་ཞེས་པ་ལ་སོགས་པས་ནི་དོན་དབང་པོ་དྲུག་གི་དག་པ་སྟོན་ཏོ། །འདི་ཅིའི་ཕྱིར་འདིར་སྨོས་སྙམ་ན། གོང་དུ་གཏི་མུག་རྡོ་རྗེ་ལ་སོགས་ལྡན་ཞེས་བསྐྱེད་པའི་རིམ་པ་ཞར་ལས་གསུངས་པ་དེ་ལ་བརྟེན་ནས་གསུངས་ཀྱི། དོན་ནི་བསྐྱེད་རིམ་སྤྱི་ཡིན་ལ། ཚིག་འདི་ནི་ལེའུ་དགུ་པར་མ་ཚང་བ་ཁ་སྐོང་བར་བྱེད་དོ། །སྔར་དེ་བཞིན་དགོངས་པའི་སྐད་ཉིད་ཅེས་གསུངས་པ་དེ་ལ་ཞུ་བ་ནི་རྡོ་རྗེ་སྙིང་པོས་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་ལན་ནི་དགོངས་པའི་སྐད་ནི་ཞེས་བྱ་བ་ལ་སོགས་པའོ། །འདི་སྤྱོད་པའི་ཡན་ལག་ཏུ་གྱུར་པའི་ཕྱིར་འདིར་ཡང་རང་བྱིན་བརླབ་ཀྱི་རྗེས་ལ་གསུངས་ལ། དེ་བས་ན་བརྟག་པ་དང་པོའི་ལེའུ་བདུན་པར་མ་ཚང་བ་ཁ་སྐོང་བར་བྱེད་དོ། །དེ་ལ་མཉན་པར་གདམས་པ་དང༌། དོན་དངོས་ལས། དང་པོ་ནི་དགོངས་པའི་སྐད་ནི་ཚིག་གཞན་གྱིས་དོན་གཞན་སྟོན་པ་སྟེ་ཚིག་འབྲུ་ལ་རྟོན་པར་མི་བྱ་ཞེས་བྱ་བའི་དོན་ཏོ། སྐད་ཆེན་པོ་སྟེ་དོན་གྱིས་བསམ་མི་ཁྱབ་པ་སྟོན་པའོ། །དམ་ཚིག་ནི་སྨྲ་བར་བྱ་བའོ། །བརྡ་ནི་གཞན་གྱིས་མི་གོ་བ་སྟེ་སྒྲ་ཇི་བཞིན་མ་ཡིན་པ་མན་ངག་གིས་བཤད་པ་ཞེས་བྱ་བར་དགོངས་སོ། །དོན་དངོས་ལ་གསུམ་ལས། བརྡ་དངོས་ནི་མ་ད་ན་ཆང་ཞེས་བྱ་བ་ལ་སོགས་པའོ། །བརྡ་གཟུང་བར་གདམས་པ་ནི་རྡོ་རྗེ་སྙིང་པོ་ཞེས་བྱ་བ་ལ་སོགས་པའོ། །མ་བཟུང་བའི་ཉེས་པ་ནི་ཀྱེའི་རྡོ་རྗེ་འདིར་ཞེས་བྱ་བ་ལ་སོགས་པ་སྟེ། གནས་བཞི་ལས་སྐྱེས་ཞེས་བྱ་བ་ལ་གནས་ལས་སྐྱེས་པ་ནི་གནས་སྐྱེས་སོ། །ཞིང་ལས་སྐྱེས་པ་ནི་ཞིང་སྐྱེས་སོ། །མཁའ་འགྲོ་མའི་བུ་མོ་ནི་རིགས་སྐྱེས་སོ། །སྔགས་ཀྱིས་གྲུབ་པ་ནི་སྔགས་སྐྱེས་སོ། །ཡང་ན་གནས་དང་ཞིང་གཉིས་གཅིག་གོ །ལས་ལས་སྐྱེས་པ་སྟེ་ལས་ཀྱི་རྫུ་འཕྲུལ་ཐོབ་པའི་མཁའ་འགྲོ་མའོ། །ཡང་ན་ཞིང་ལས་སྐྱེས་པ་ནི་སྤྲུལ་པའི་སྐུའོ། །ལས་ལས་སྐྱེས་པ་དང༌། སྔགས་ལས་སྐྱེས་པ་ནི་དེའི་འཁོར་ན་གནས་པའི་ལས་ཀྱི་མཁའ་འགྲོའོ། །ལྷན་ཅིག་སྐྱེས་མ་ཞེས་བྱ་བ་དང་བཞི་པོ་འདི་ཡིན་ནོ། །གཞན་ཚིག་གི་དོན་རྣམས་ནི་རྟོགས་པར་སླ་བས་མ་བྲིས་སོ། །ལེའུ་གསུམ་པ་ཚིགས་སུ་བཅད་པ་བདུན་ཅུ་རྩ་དྲུག་གི་འགྲེལ་པའོ།། །།དེ་ནས་རྡོ་རྗེ་སྙིང་པོས་ཞེས་བྱ་བ་ལ་སོགས་པས་ལེའུ་བཞི་པ་སྟོན་ཏོ། །དེ་ནས་ཞེས་བྱ་བ་ནི་གསུམ་པའི་རྗེས་ལ་སྟེ། ལེའུ་གསུམ་པས་དབང་དང་དགོངས་པའི་སྐད་ལ་སོགས་པས་བརྟག་པ་དང་པོར་མི་གསལ་བ་འགའ་ཞིག་གསལ་བར་བྱས་ཀྱང༌། དེ་ལས་གཞན་ཁྱད་པར་མང་པོ་རྟོགས་པར་འདོད་ནས་ཞུས་པ་ཞེས་བྱ་བར་སྦྱར་རོ། །ལེའུ་འདི་ལ་དོན་དྲུག་སྟེ། ལེའུ་དྲུག་པ་ལ་སོགས་པ་ལེའུ་བཞིའི་དོན་ལ་ཞུས་པ་དང༌། ལན་བསྟན་པ་དང༌། ཁྱད་པར་དུ་ལེའུ་དང་པོ་རྡོ་རྗེ་རིགས་ཀྱི་ལེའུའི་རྩའི་དོན་ཏེ་བྱང་ཆུབ་ཀྱི་སེམས་གཉིས་བསྐྱེད་པའི་ཐབས་སུ་གསལ་བར་བཤད་པ་སྟེ། དེ་ལས་འཕྲོས་ཏེ་སྡོམ་པའི་དབྱེ་བའི་དོན་ཞེས་བྱ་བ་ལེའུ་བརྒྱད་པར་མ་ཚང་བ་ཁ་སྐོང་ཞིང་ལེའུ་དང་པོའི་དོན་གསལ་བར་བྱེད་དོ། །ཡང་ལེའུ་འདི་ཉིད་ཀྱི་ཕྱག་རྒྱའི་དོན་རྒྱས་པར་འཆད་དོ། །ཡང་ལེའུ་གཉིས་པའི་གཏོར་མ་རྒྱས་པར་འཆད་དོ། །ཡང་ལྷ་མོ་གསུམ་གྱི་བྱ་བ་སྐུ་གསུང་ཐུགས་ཀྱི་བདག་ཉིད་ཅན་དུ་གསལ་བར་སྟོན་ཏོ། །སྤྱིར་རིགས་ཀྱི་དབྱེ་བ་རྒྱས་པ་དང་བསྡུས་པའི་ཚུལ་འཆད་དེ་འདིས་དེ་ཁོ་ན་ཉིད་ཀྱི་ལེའུའི་རིགས་ཀྱི་དབྱེ་བ་བསྐྱེད་པའི་རིམ་པའི་ཚུལ་གྱིས་གསལ་བར་བྱེད་པའོ། །དང་པོ་ལ་ཞུས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་བཞིས་བསྟན་ཏོ། །ལན་ལ་བཞི་ལས། སྤྱོད་པའི་ལེའུའི་གླུ་གར་གྱི་དོན་གསལ་བར་བཤད་པ་ལ་ལྔ་སྟེ། རྡོ་རྗེའི་གླུ་དང༌། གར་ཇི་ལྟར་བྱ་བ་དང༌། དེ་གཉིས་ཀྱི་ལྷའི་རྣལ་འབྱོར་དང༌། ཕན་ཡོན་དང༌། ཇི་ལྟར་བྱ་བའི་ཚུལ་གྲུབ་པའི་རྟགས་དང་བཅས་པའོ། །དང་པོ་ནི། བཅོམ་ལྡན་ཞེས་བྱ་བ་ལ་སོགས་པ་སྟེ་འདི་དག་ནི་བསྐྱེད་རྫོགས་ཐུན་མོང་བ་ཡིན་ནོ། །ཀོལླ་ཞེས་བྱ་བ་ལ་སོགས་པ་ནི་སྒྲ་ཇི་བཞིན་མ་ཡིན་པ་མན་ངག་གི་བཤད་པ་སྟེ། ཚིག་གི་དོན་ནི་བཤད་ཚུལ་མཐའ་ཡས་སོ། །གར་ནི་དྲན་པས་མི་འཕྲོགས་ཞེས་བྱ་བ་ལ་སོགས་པ་སྟེ། དྲན་པ་མི་འཕྲོགས་པ་ནི་སེམས་རྣམ་པར་གཡེངས་པས་མ་ཡིན་པའོ། །གར་ཞེས་བྱ་བ་ནི་ཇི་སྐད་བཤད་པའི་རྐང་པས་རྒྱུ་བའོ། །དེའི་ལྷའི་རྣལ་འབྱོར་ནི་རྡོ་རྗེ་ཆོས་ཏེ་གསུང་གི་རྡོ་རྗེའི་རྣལ་འབྱོར་དང༌། ཤེས་རབ་རྣལ་འབྱོར་མས་གླུ་བླང་བའོ། །སངས་རྒྱས་ཏེ་རྣམ་སྣང་ངམ་སྟེ། སྐུ་རྡོ་རྗེའི་རྣལ་འབྱོར་དང༌། ཤེས་རབ་མ་མོས་གར་བྱ་ཞེས་བྱ་བ་སྟེ། འདི་ཤིས་པའི་རྣལ་འབྱོར་རོ། །འོ་ན་རྡོ་རྗེ་གུར་དུ་གསུངས་པ་དང་མི་འགལ་ལམ་སྙམ་ན། དེ་ནི་བསྡུས་པའི་དཀྱིལ་འཁོར་ཡིན་ལ། འདི་ནི་ཐུགས་ཀྱི་རིགས་ཡིན་པས་མི་འགལ་ལོ། །དེའི་ཕན་ཡོན་ནི་འདི་ཉིད་ཀྱིས་ཞེས་བྱའོ། །བྱ་བའི་ཚུལ་གྲུབ་པའི་རྟགས་དང་བཅས་པ་ནི། གང་དུ་གུས་བཅས་ཞེས་བྱ་བ་ལ་སོགས་པའོ། །དྲིས་པ་གཉིས་པའི་ལན་ནི་ཕྱག་ཅེས་བྱ་བ་ལ་སོགས་པ་སྟེ། དེ་ལ་ཕྱག་རྒྱའི་བྱེད་པ་ནི་རྐང་པ་གཉིས་སོ། །རྒྱས་མ་བཏབ་པའི་ཉེས་པ་ནི་རིགས་འཆོལ་ཞེས་བྱ་བ་རྐང་པ་གཉིས་སོ། །དེ་ནི་ངོ་བོ་ཉིད་དམ་རྟེན་དང་བརྟེན་པའམ། རྒྱུ་འབྲས་སུ་ངེས་པ་ནི་མ་འཆོལ་བ་ཡིན་ལ་གཞན་ནི་འཆོལ་བ་ཞེས་བྱ་བའི་དོན་ཏོ། །རྒྱས་པར་འོག་ནས་འཆད་པར་འགྱུར་རོ། །དྲིས་པ་གསུམ་པའི་ལན་ནི། ཨཱ་ལིའི་དང་པོ་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །དེ་དག་ནི་སྤྱིའི་དོན་དུ་བཤད་པའོ། །དྲིས་པ་བཞི་པའི་ལན་ནི་རིགས་ཀྱི་ལེའུ་ལས་ཞེས་བྱ་བ་ལ་སོགས་པའོ། །རྩ་ནི་གཉིས་གཉིས་རྣལ་འབྱོར་མ་ཞེས་བྱ་བ་ལ། སློབ་དཔོན་མི་ཐུབ་ཟླ་བ་དང༌། ཤཱནྟི་པ་ལ་སོགས་པ་ཁ་ཅིག་ནི་མི་ཕྱེད་མ་དང་ཕྲ་གཟུགས་མ་གཉིས་ནི་རྡོ་རྗེ་མའོ་ཞེས་གོ་རིམ་བཞིན་དུ་འཆད་དོ། །ཡང་སློབ་དཔོན་བྷ་བ་ལ་སོགས་པ་དག་ནི་དབུས་ནས་རྩ་གསུམ་བདག་མེད་མ་ཡིན་པས་སྔ་མའི་དང་པོ་དང༌། ཕྱི་མའི་དང་པོ་ནས་གཉིས་གཉིས་བསྡེབས་ཏེ་ཡིན་ནོ་ཞེས་ཟེར་རོ། །གང་ལྟར་ཡང་རུང་སྟེ། རྩ་སུམ་ཅུ་རྩ་གཉིས་པ་མ་ཚང་བ་འདི་ཇི་ལྟར་བསྡུ་སྙམ་པ་ལ་ལྷག་མ་སྤང་ཞེས་བྱའོ། །ཅིའི་ཕྱིར་སྙམ་ན་ཆ་མེད་པས་ཞེས་བྱའོ། །འོ་ན་བདུད་འདྲལ་མ་ཡོད་པའོ་སྙམ་ན། དོན་གྱི་བྱ་བ་མི་བྱེད་ཕྱིར། །ཞེས་སྨོས་ཏེ། འཇིག་རྟེན་ན་བུ་ཕའི་བྱ་བ་མི་བྱེད་ན་བུ་མིན་ཞེས་ཟེར་བ་བཞིན་ནོ། །དེ་ལ་དོན་གྱི་བྱ་བ་དེ་གང་ཡིན་ཞེ་ན། རྩ་རྣམས་ཀྱིས་ནི་ཐ་མལ་པའི་དུས་སུ་རྣམ་པར་རྟོག་པ་སྐྱེད་པ་ཡིན་པ་ལས། གཡས་ཀྱིས་གཟུང་བའི་རྟོག་པ་གཡོན་གྱིས་འཛིན་པའི་རྟོག་པ་སྐྱེད་པ་ཡིན་པ་དེ་ལྷ་མོས་དག་པར་བྱེད་ལ། འདི་ནི་མི་རྟོག་པ་ཡིན་པས་ལྷ་མོ་ཤེས་རབ་ཀྱི་རང་བཞིན་གྱིས་འདི་ལ་དག་པར་བྱར་མེད་པས་དེ་བས་ཡབ་ཀྱི་དག་པའོ། །དེ་བཞིན་དུ་དེ་དང་འདྲ་བ་གཞན་དག་ཀྱང་ཡོད་དོ། །དགའ་བ་བཅུ་དྲུག་པ་དང༌། ཨཱ་ལི་བཅུ་དྲུག་པའང་བྱ་བ་མི་བྱེད་དེ། དཔེར་ན་བཅོ་ལྔའི་ཆའི་བདག་ཉིད་ཀྱི་ཟླ་བ་ཞེས་བྱ་བ་དཔེ་སྟེ། ཚེས་བཅོ་ལྔའི་བར་དུ་ཟླ་བ་འཕེལ་ཏེ། བཅུ་དྲུག་པ་ལ་དེ་ལྟ་མ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་ཞེས་བྱ་བ་ནི་དགའ་བའི་དབང་དུ་བྱས་པ་སྟེ། བཅོ་ལྔའི་བར་དུ་རྟོག་པ་དང་བཅས་པ་བློའི་ཡུལ་ཡིན་ལ། དགའ་བ་བཅུ་དྲུག་པ་ནི་བློའི་ཡུལ་ཐམས་ཅད་ལས་གྲོལ་ལོ། །ཨཱ་ལིའི་གཟུགས་རྣལ་འབྱོར་མ་རྣམས་དེའི་ཆ་ཞེས་བྱ་བ་འདིས་དབྱངས་ཡིག་གི་ས་བོན་རྣམས་ཀྱང་དེ་དང་འདྲ་བས་སྟོན་ཏེ། ཨཱ་ལིའི་གཟུགས་ནི་ཨཿཚེག་དྲག་ཅན་ནོ། །རྣལ་འབྱོར་མ་རྣམས་ནི་བཅོ་ལྔ་པོས་བསྐྱེད་དོ། །དེའི་ཆ་ཞེས་བྱ་བ་ནི་དེས་ན་ལྷན་སྐྱེས་ལ་སོགས་པ་རྟོག་མེད་རྣམས་ནི་ཡབ་ཧེ་རུ་ཀའི་རང་བཞིན་ཡིན་པས་དེ་ཡིན་ལ་ཆ་ནི་ཡན་ལག་སྤྲོས་པ་ཡིན་པས། དེ་རྣམས་རྣལ་འབྱོར་མ་བཅོ་ལྔས་དག་པར་བྱས་སོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་ཀུན་གྱི་ཐ་མ་སྤང་ཞེས་གྲུབ་བོ། །ཞེས་ག་ཡ་དྷ་རའི་གསུང་ངོ༌། །འདི་ལ་སློབ་དཔོན་ཤཱནྟི་པ་དང༌། དམ་ཚིག་རྡོ་རྗེ་ན་རེ། ཨཱ་ལི་དང་བྱང་ཆུབ་ཀྱི་སེམས་ལ་སོགས་པའི་ལྷག་མ་སྤང་བ་འདི་དག་གི་ཤུགས་ལས་མཁའ་སྤྱོད་མས་ཀྱང་རྩ་གསུམ་བསྡུས་སོ། །དེས་ན་ཆ་ཞེས་བྱ་བ་ཟུང་དུ་གྲུབ་བོ་ཞེས་ཟེར་བ། འདིས་ནི་སྤང་ཞེས་བྱ་བའི་ཚིག་རིགས་པས་འཇུག་པར་ག་ལ་འགྱུར། དེས་ན་མ་ཡིན་ནོ། །རྩའི་མངོན་པར་རྟོགས་པ་དང༌། སློབ་དཔོན་མི་ཐུབ་ཟླ་བའི་རྗེས་སུ་འབྲང་བ་དང་བཅས་པ་ནི། རྩ་ཐ་མ་ལ་རྣམ་པར་དག་པ་ལྷ་མོས་མི་དགོས་སོ་དེས་ན་སྤང་ཞེས་བྱའོ། །དེའི་རྒྱུ་མཚན་ནི་མེད་ཕྱིར་ཏེ་དོན་གྱི་བྱ་བ་མི་བྱེད་པས་མེད་པ་དང་འདྲ་བས་སོ། །དོན་གྱི་བྱ་བ་གང་ཞེ་ན། དགའ་བ་བཞིའི་ཡེ་ཤེས་མངོན་དུ་བྱས་པ་ན། རྩ་སོ་གཅིག་གིས་ཞུ་བདེའི་ཡེ་ཤེས་མྱོང་བ་དང་རྟོག་པ་དང་བཅས་པ་བཅོ་ལྔ་པོ་སྐྱེད་ལ། དགའ་བ་བཅུ་དྲུག་པ་ལ་སྤྲོས་པ་མེད་དོ། །དེས་ན་དོན་གྱི་བྱ་བ་མྱོང་རྟོགས་ཀྱི་ཡེ་ཤེས་སོ། །མྱོང་བའི་ཡེ་ཤེས་བཅོ་ལྔ་ལས་མེད་པ་ཅིའི་ཕྱིར་སྙམ་ན། དེའི་རྟེན་ཆ་ཞེས་བྱ་བ་ཟུང་སྟེ་ཨཱ་ལི་ཡིན་ལ། དེ་ནི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་བཅོ་ལྔར་འགྱུར་རོ་ཞེས་དེས་ན་བཅུ་དྲུག་པ་མེད་དོ། །ཞེས་བྱ་བའི་དོན་ཏོ། །དེ་ཉིད་རྒྱས་པར་བཤད་པ་ནི་བཅོ་ལྔའི་ཆ་ཞེས་པ་ཤླཽ་ཀ་གཅིག་སྟེ། བདེ་བ་ཆེན་པོ་ནི་དགའ་བ་བཅུ་དྲུག་པ་ཡིན་ལ། ཨཱ་ལིའི་གཟུགས་ཏེ་ཨཿཚེག་དྲག་ཅན་མིང་དུ་ཡོད་ཀྱང་དོན་དུ་མེད་པ་ལྟ་བུའོ། །རྣལ་འབྱོར་མའི་དག་པར་བྱ་བ་བཅོ་ལྔ་པོ་ནི་ཆས་བསྐྱེད་ཅེས་པའོ། །འདིས་ནི་འདི་སྐད་སྟོན་པར་འགྱུར་ཏེ། ཇི་ལྟར་ཕྱི་རོལ་དུ་ཡར་ངོ་དང་མར་ངོའི་རིམ་པས་ཟླ་བ་འཕེལ་འགྲིབ་བྱེད་པ་ལྟར། གཡོན་པ་དང་གཡས་པའི་རིམ་པས་བྱང་ཆུབ་ཀྱི་སེམས་ཨཱ་ལི་བཅོ་ལྔའི་རིམ་པས་འཕོ་བ་ན། རྩ་བཅུ་དྲུག་པ་ཚེས་བཅོ་ལྔ་པར་གྱུར་པ་ན་དེར་འཕོ་བ་མེད་པས་བྱ་བ་མེད་དོ་ཞེས་བྱ་བ་ནི་ལུས་ཀྱི་གནས་ལུགས་སོ། །དེ་ལྟར་ན་ཨཱ་ལིའི་གཟུགས་ཏེ། རྒྱུ་དེ་གྲུབ་པས་ལམ་དུ་བྱས་པའི་ཚེ་དགའ་བ་བཅོ་ལྔའི་བར་དུ་ནི་བློ་འཕེལ་ཞིང་འགྱུར་བ་ཡིན་པས་འདི་ལམ་ཡིན་ནོ། །དེ་བས་ན་དེ་དག་གི་ངོ་བོས་རྣལ་འབྱོར་མ་བཅོ་ལྔར་བྱའོ། །དེ་ལ་ནི་དེ་བཞིན་གཤེགས་པའི་དབུགས་དབྱུང་སྟེ་ལམ་མོ། །དགའ་བ་བཅུ་དྲུག་པར་གྱུར་པ་ནི་སྤྲོས་པ་ཐམས་ཅད་བློ་ལས་ཡོངས་སུ་འདས་པའི་ཕྱིར་རྡོ་རྗེ་འཆང་ཆེན་པོ་འབྲས་བུ་ཡིན་ན་འདི་ལ་འདིས་དག་པར་བྱར་ཅི་ཡོད། དེས་ན་འདི་ནི་བདེ་བ་ཆེན་པོ་ཡིན་ལ། གཞན་ནི་དེའི་རྒྱུ་ཨཱ་ལིའི་གཟུགས་སུ་གནས་པས་བཅོ་ལྔ་ཡིན་ནོ་ཞེས་བྱའོ། །དེས་ན་བཅུ་དྲུག་པ་ཐ་མ་ཀུན་སྤང་ཞེས་བྱ་བ་འདི་གྲུབ་བོ། །མངོན་པར་རྟོགས་པ་ལས་ཀྱང༌། རྩ་སུམ་ཅུ་གཉིས་ལ་གནས་ཇི་ལྟ་བར་ཡི་གེ་བཅུ་དྲུག་དང༌། ཆས་གཅིག་ལ་སོགས་པར་རིམ་པ་དང༌། རིམ་པ་ལས་བཟློག་པའི་ཕྱིར་རོ་ཞེས་སོ། །དཔལ་ཡེ་ཤེས་ཐིག་ལེ་ལས་ཀྱང༌། ཉ་གང་བ་ལས་དབང་ནི་ཤར། །བཅོ་ལྔ་པ་ཡི་ཐིག་ལེས་སོ། །དཔའ་བོ་བཅུ་དྲུག་པ་ཡི་ཆ། །གཞན་ནི་གང་དུའང་མི་གནས་སོ། །ཞེས་པ་དང༌། དགའ་བའི་བྱེ་བྲག་རང་བཞིན་དགའ། །བཅུ་དྲུག་པ་ཡི་དོན་དུ་ཡོད། །ཆར་ཡང་བཅུ་དྲུག་འདི་རུ་ནི། །ཡོད་པ་མ་ཡིན་མེད་པ་མིན། །གཡས་དང་གཡོན་གྱི་ཡན་ལག་ཏུ། །ཡར་ངོ་དེ་བཞིན་མར་ངོ་ཡི། །འདོད་པ་ཡིས་ནི་འབྱུང་བའི་ཚེ། །བཅུ་དང་ལྔ་ནི་གཉིས་མེད་སྦྱོར། །ཞེས་གསུངས་པ་ལྟ་བུའོ། །ཡི་གེའི་དོན་ནི་འདི་ཉིད་ཡིན་ནོ། །ཉམས་སུ་བླང་བར་འདོད་པས་བླ་མའི་གསུང་བསྟེན་པར་རིགས་སོ། །རྩ་འདི་རྣམས་ལ་ལུས་ཀྱི་གནས་མི་འདྲ་བ་རྣམས་ནི་རྩའི་རྩེ་མོ་དང༌། རྩ་བ་དང༌། དབུས་ཀྱི་ཆ་ལས་མིང་དུ་བཏགས་པར་རིག་པར་བྱའོ། །དེས་ན་རྣལ་འབྱོར་མའི་རང་བཞིན་གྱི་རྩ་ལས་བདེ་བ་ཆེན་པོའི་རང་བཞིན་གྱི་བྱང་ཆུབ་ཀྱི་སེམས་དེ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རང་བཞིན་གྱི་རྒྱུ་ཉིད་དུ་གྲུབ་པར་མཐོང་ནས། དེ་སྤང་དུ་མི་རུང་བ་མ་ལགས་སམ་ཞེས་འདྲི་བ་ནི་རྡོ་རྗེ་སྙིང་པོས་ཞེས་བྱ་བ་ལ་སོགས་པའོ། །དེའི་ལན་ནི་བཅོམ་ལྡན་ཞེས་པའོ། །དེ་ལྟར་མི་སྤང་ན་དེ་སྐྱེད་པའི་ཐབས་འདྲི་བ་ནི་རྡོ་རྗེ་སྙིང་པོས་ཞེས་པའོ། །དེའི་ལན་ནི་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པའོ། །དེས་ན་འདི་དག་ལེའུ་དང་པོ་དེ་ཉིད་ལས་འཕྲོས་པ་ཡིན་ཏེ། ཡ་གིར་དོན་དམ་པའི་ལས་དང༌། ཀུན་རྫོབ་ཀྱི་ལས་ཞེས་རྩའི་འཁོར་ལོས་བྱེད་པ་གཉིས་གསུངས་པ་དེའི་བཤད་པ་ཡིན་པས། གཞུང་གི་ཆ་མང་པོ་ཡོད་པས་བླ་མ་རྗེ་བཙུན་ས་བཅད་ལོགས་སུ་བཀར་ཏེ། ལེའུ་དང་པོའི་དོན་ཞེས་གསུང་ངོ༌། །འདི་ལ་གཉིས་ཏེ། བྱང་ཆུབ་ཀྱི་སེམས་མི་སྤོང་བར་བསྟན་པ་ནི་རྡོ་རྗེ་སྙིང་པོས་ཞེས་བྱ་བ་ལ་སོགས་པའོ། །བསྐྱེད་པར་བསྟན་པ་ལ་ཞུས་པ་ནི་ཐབས་གང་གིས་ཞེས་བྱ་བ་ལ་སོགས་པའོ། །ལན་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྟེ། དོན་ནི་བྱང་ཆུབ་ཀྱི་སེམས་སྐྱེད་པར་བྱེད་པ་ལ་རྒྱུ་གཉིས་ཏེ། དཀྱིལ་འཁོར་འཁོར་ལོ་སྟེ་བདེ་ཆེན་གྱི་སྙིང་པོ་ལེན་པའི་ཕྱིར། ལས་ཀྱི་ཕྱག་རྒྱ་བསྟེན་པའི་རྣལ་འབྱོར་དང༌། རང་བྱིན་བརླབ་སྟེ་ཕྱག་རྒྱ་ལ་སོགས་པ་ལ་མ་ལྟོས་པར་རང་གི་ལུས་ཉིད་ལ་ཡེ་ཤེས་སྐྱེད་པའི་ཐབས་སོ། །དེ་ལ་སྔ་མས་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྐྱེད་དེ། འབད་རྩོལ་ལ་ལྟོས་པ་ཉིད་ཀྱི་ཕྱིར་རམ། བདེ་བ་ཤས་ཆེ་བའི་ཕྱིར་ཀུན་རྫོབ་ཅེས་བྱ་བའོ། །རང་བྱིན་བརླབ་ཀྱིས་ནི་དོན་དམ་བྱང་ཆུབ་ཀྱི་སེམས་བསྐྱེད་དེ་འབད་རྩོལ་ལ་མ་ལྟོས་པས་སམ། མི་རྟོག་པ་གཙོ་བོར་གྱུར་པའི་ཕྱིར་དོན་དམ་པའོ། །དེ་རེ་རེ་ཡང་བདེན་པ་གཉིས་ཟུང་དུ་ཆུད་དོ་ཞེས་བསྟན་པ་ནི་ཀུན་རྫོབ་ཀུནྡ་ཞེས་བྱ་བའོ། །གལ་ཏེ་འདི་སྙམ་དུ་ཁྱོད་ཅི་ལམ་ཐོག་མར་བསྐྱེད་པའི་རིམ་པ་བསྒོམས་ལ། དེ་ནས་ནི་རང་བྱིན་གྱིས་རློབ་པ། དེ་ནས་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་མོ་ཞེས་བྱ་བ་དེ་ལྟར་ཡིན་ན། འདིར་ཡང་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ནི་དཀྱིལ་འཁོར་འཁོར་ལོས་བསྐྱེད་ལ། དོན་དམ་པ་ནི་རང་བྱིན་བརླབ་ཀྱིས་བསྐྱེད་པ་དེ་ལྟ་ན་སྔོན་ལ་དོན་དམ་རྟོགས་དཀའ་བ་བསྐྱེད་ནས་ཕྱི་ནས་ཀུན་རྫོབ་རྟོགས་སླ་བ་བསྐྱེད་པར་ག་ལ་འགྱུར། དེ་བས་ན་མི་རིགས་སོ་ཞེས་རྒོལ་ན། འདི་ལ་མི་རིགས་པ་མེད་དེ་ལམ་གྱི་རིམ་པ་ཐམས་ཅད་ནི་རང་གི་ངོ་བོ་རྒྱུ་འབྲས་ཀྱི་དབང་དུ་བྱས་ནས་རགས་པའི་རིམ་པ་ཙམ་ལ་དགོངས་ནས་བཞག་གི ཕྲ་མོའི་རིམ་པའི་དབང་དུ་བྱས་ན་ལམ་ཐམས་ཅད་འདྲེ་ཞིང་འཇུག་པ་ཡིན་ཏེ། དཔེར་ན་ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ནས་དོན་དམ་པ་རྟོགས་ནས། ཡང་དོན་དམ་པ་ལས་སྒྱུ་མ་ལྟ་བུའི་སྐུར་ལྡང་བ་འདི་ལྟ་བུའམ། ཕ་རོལ་ཏུ་ཕྱིན་པ་དྲུག་གི་གོ་རིམ་ལྟ་བུའོ། །དེ་ལྟར་ན་འདིར་ཡང་དང་པོར་བསྐྱེད་པའི་རིམ་པ་ལ་གནས་ནས། རླུང་ལས་རྣམ་པར་རྒྱལ་བར་བྱེད་པ་ལ་རང་བྱིན་བརླབ་ཀྱི་དམིགས་པ་འཇུག་པས་དེས་ན་རང་བྱིན་བརླབ་སྔོན་དུ་འགྲོ་སྟེ། དེ་ལ་མ་བརྟེན་ན་ཐིག་ལེ་ལ་དབང་བར་ག་ལ་འགྱུར། དེ་ནས་ཕྱག་རྒྱ་བསྟེན་པའི་རྣལ་འབྱོར་འཇུག་པས་དཀྱིལ་འཁོར་འཁོར་ལོ་སྟེ་ཀུན་རྫོབ་བོ། །ཡང་འབད་རྩོལ་དོར་བ་འཇུག་པས་རང་བྱིན་བརླབ་སྟེ་དོན་དམ་པའོ། །དེ་བཞིན་དུ་ས་དྲུག་པའི་བར་དུ་བསྐྱེད་པའི་རིམ་པ་ཡིན་ཡང་འགལ་བ་ཅི་ཡོད། མིང་དང་གོ་རིམ་འདི་ནི་ཕྱོགས་རེ་ཙམ་ལ་དགོངས་ཏེ་འཇོག་པར་བྱེད་དོ། །ཡང་ན་ཐབས་གཉིས་གས་ཀྱང་ཀུན་རྫོབ་དོན་དམ་སྟེ། ཞུ་བདེ་གཉིས་པོ་བསྐྱེད་པས་འདི་ལ་འགལ་བ་ཅི་ཡོད། ཡང་ན་དཀྱིལ་འཁོར་གྱི་འཁོར་ལོ་ནི་མིང་མང་བ་ལ་འཇུག་པས་འདིར་དཀྱིལ་འཁོར་འཁོར་ལོ་ནི་བསྐྱེད་པའི་རིམ་པ་དང༌། དེའི་ལས་ཀྱི་ཕྱག་རྒྱ་ཡིན་ལ་རང་བྱིན་བརླབ་རྫོགས་རིམ་ཡིན་ནོ། །ཞེས་རྣམ་བཤད་ཕལ་ཆེར་གྱིས་བཤད་པས་ན་དེ་ལྟ་ནའང་འགལ་བ་ཡོད་པ་མ་ཡིན་ནོ། །རྒྱས་པར་བཤད་པ་ལ་གཉིས་ལས། དཀྱིལ་འཁོར་འཁོར་ལོ་རྒྱས་པར་བཤད་པ་དང༌། རང་བྱིན་བརླབ་རྒྱས་པར་བཤད་པའོ། །དང་པོ་ལ་དྲུག་སྟེ། བྱང་ཆུབ་ཀྱི་སེམས་བསྐྱེད་པའི་གནས་དང༌། དེར་མངོན་དུ་བྱས་པའི་ལྷན་སྐྱེས་ཀྱི་མཚན་ཉིད་དང༌། ཡེ་ཤེས་ཀྱི་རྟེན་ཕྱག་རྒྱའི་མཚན་ཉིད་དང༌། དེ་བསྟེན་པའི་ཚུལ་དང༌། དེ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་མི་སྤོང་བའི་ཚུལ་དང༌། མི་སྤོང་བའི་འཐད་པའོ། །དང་པོ་ནི། བུད་མེད་ཀོལླའི་ཞེས་རྐང་པ་དྲུག་པོས་བསྟན་ཏོ། །གཉིས་པ་ནི། འདི་ཉིད་འཁོར་བ་ཞེས་བྱ་བ་ལ་སོགས་པའོ། །དེ་ཅི་ཀོལླ་ལ་བརྟེན་པའི་བདེ་བ་དེ་ནི་འཁོར་བ་ཡིན་ཏེ། བདག་ནི་གྲོལ་བ་དོན་དུ་གཉེར་བ་ལ་དེས་ཅི་བྱ་སྙམ་ན། བདེན་མོད་འདི་ཉིད་འཁོར་བ་སྟེ། མ་རྟོགས་ན་མངོན་པར་ཞེན་པ་དང༌། ཉོན་མོངས་པ་ལ་སོགས་པར་འགྱུར་རོ། །དེ་ལྟར་ཡིན་ཡང་འདི་ཉིད་མྱ་ངན་ལས་འདས་པ་སྟེ། ཐབས་ཀྱིས་ཟིན་པར་བྱས་ནའོ། །དེས་ན་གཅིག་ཉིད་ལའང༌། གཟུང་དང་འཛིན་པ་རྣམ་པར་སྤངས། །ཞེས་བྱ་བ་དང༌། དངོས་པོའི་མཚན་ཉིད་དུ་ནི་བརྟག །ཅེས་ལེའུ་དང་པོ་ལས་བསྟན་ཏོ། །གལ་ཏེ་འཁོར་འདས་ཐུན་མོང་དུ་གྱུར་པ་མི་འཐད་དོ་སྙམ་ན། ཐུན་མོང་ཉིད་ཡིན་ཏེ་འཁོར་བ་སྤངས་ནས་གཞན་དུ་ཞེས་སྨོས་སོ། །དེའི་གཏན་ཚིགས་ནི་འཁོར་བ་གཟུགས་དང་ཞེས་བྱ་བ་ལ་སོགས་པ་སྟེ། ཐབས་འདིར་མ་ཟད་ནམ་དུའང་འཁོར་འདས་ཐ་དད་མ་མཐོང་ངོ་ཞེས་བྱ་བའི་དོན་ཏོ། །དེས་ན་སློབ་དཔོན་ཀླུ་སྒྲུབ་ཀྱིས་ཀྱང༌། འཁོར་བ་སྤངས་པར་གྱུར་པ་ཡིས། །མྱ་ངན་འདས་ཁྱོད་མི་བཞེད་ཀྱི། །འཁོར་བ་མི་དམིགས་པ་ཡིས་ནི། །ཞི་ཉིད་མགོན་པོ་ཁྱོད་ཀྱིས་བསྟན། །ཞེས་གསུངས་པ་ལྟ་བུའོ། །གསུམ་པ་དེའི་རྟེན་ལས་ཀྱི་ཕྱག་རྒྱ་དངོས་ནི་ཤིན་ཏུ་ཞེས་བྱ་བ་ལ་སོགས་པ་སྟེ། ཐ་མལ་པ་ལ་མ་ཡིན་ཏེ་སྦྱང་བའི་བར་དུ་བསྟན་ཏོ། །དེ་བསྟན་པའི་ཐབས་ནི་དེར་ནི་ཆང་སྤང་ཞེས་བྱ་བ་ལ་སོགས་པའོ། །དེ་ལས་བྱུང་བའི་ག་པུར་མི་སྤང་བའི་ཚུལ་ནི་དེར་སྦྱོང་བ་ཞེས་བྱ་བ་སྟེ། ལྕེ་ནི་རྡོ་རྗེ་སྟེ། རླུང་གི་ནུས་པས་ཞེས་བྱ་བའི་དོན་ཏོ། །དགོས་པ་ནི་གཉིས་ཏེ། བློ་སྟེ་མི་རྟོག་པའི་ཤེས་རབ་བསྐྱེད་པའི་ཕྱིར་དང༌། སྟོབས་དེ་ལུས་ཀྱི་སྟོབས་ཏེ། དེས་ནི་ཏིང་ངེ་འཛིན་སྐྱེད་པར་ནུས་སོ། །ཡང་ན་སྟོབས་ནི་མཐར་ཐུག་པའི་སྟོབས་སོ། །དེ་ལྟ་བུ་བསྐྱེད་པར་ནུས་པའི་རྒྱུ་ནི་ག་པུར་ཉིད་ནི་བདག་མེད་མ་ཞེས་པས་སོ། །དེ་ལྟར་ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་ཀུན་རྫོབ་ཀུནྡ་ལྟ་བུ་བསྐྱེད་ནས། རང་བྱིན་བརླབ་ལ་བརྟེན་ནས་དོན་དམ་པ་བདེ་སྟོང་གི་ཡེ་ཤེས་བསྐྱེད་པར་བྱའོ་ཞེས་སྟོན་པ་ནི། བདེ་བ་དེའི་ཞེས་བྱ་བ་ལ་སོགས་པའོ། །འདི་ལའང་དྲུག་སྟེ། ཡེ་ཤེས་བསྐྱེད་པའི་གནས་དང༌། དེའི་མཚན་ཉིད་དང༌། དེ་ལས་སྐྱེས་པའི་ཡེ་ཤེས་ཉམས་སུ་བླང་བའི་ཚུལ་དང༌། དེ་ལས་འབྲས་བུ་གྲུབ་པར་བསྟན་པ་དང༌། ཉམས་སུ་བླང་བའི་ཚུལ་རྒྱས་པ་དང༌། དེར་སྐྱེས་པའི་ཡེ་ཤེས་ཀྱི་མཚན་ཉིད་བསྟན་པའོ། །དང་པོ་ནི་བདེ་བ་དེའི་ཞེས་བྱ་བ་སྔར་བསྟན་པའི་བདག་མེད་ཚུལ་ཅན་དེའིའོ། །ཕྱག་རྒྱ་ཆེ་སྟེ་དེས་གདབ་པར་བྱ་བས་ནའོ། །ཡང་ན་དེའི་བདེ་བ་དེ་ཉིད་ནི་ཕྱག་རྒྱ་ཆེན་པོའོ། །ཞེས་བྱ་བ་སྟེ། དངོས་པོ་ཐམས་ཅད་ལ་རྒྱས་འདེབས་པའི་ཕྱིར་རོ། །དེའི་གནས་ནི་ལྟེ་བའོ། །གཉིས་པ་དེའི་དབྱིབས་སམ་ཡོན་ཏན་ནམ་བྱེད་པ་བསྟན་པ་ནི་དང་པོའི་ཞེས་བྱ་བ་ལ་སོགས་པ་རྐང་པ་བརྒྱད་དོ། །དེ་ཉམས་སུ་བླང་ཞིང་ལོངས་སྤྱད་པ་ནི་དེ་ལས་སྐྱེས་པའི་ཞེས་བྱ་བ་སྟེ། དེ་ལས་སྐྱེས་པའི་ཚུལ་ནི་བླ་མས་འཆད་པར་འགྱུར་རོ། །སྐྱེས་པའི་བདེ་བ་དེ་ནི་རྣལ་འབྱོར་པས་ཟ་བ་སྟེ། ཚིམ་ཞིང་མྱོང་བས་ལོངས་སྤྱོད་ཅེས་བྱ་བའི་དོན་ཏོ། །དེ་ལྟར་བྱས་པའི་དགོས་པའམ་ཕན་ཡོན་ནི་དེ་དང་ཞེས་བྱ་བ་སྟེ། བདེ་བ་ཆེན་པོ་དེ་དང་མ་བྲལ་བ་ནི་ལྷན་ཅིག་གོ །དེས་དངོས་པོ་ཐམས་ཅད་ལ་རྒྱས་འདེབས་པས་ཕྱག་རྒྱ་ཆེན་པོའོ། །དེ་ལས་བདེ་སྦྱིན་གྱི་དངོས་གྲུབ་ཏུ་འགྱུར་ཞེས་བྱ་བའོ། །དེ་ལ་ཅི་རྣལ་འབྱོར་པ་བདེ་བ་དེ་ཟ་ཞེས་པ་དེ་ཡུལ་ལ་ལོངས་མ་སྤྱད་པས་སམ། ལོངས་སྤྱད་པས་ཟ་སྙམ་པ་ལ། ལོངས་སྤྱད་ཅིང་བཟའ་ཞེས་སྟོན་པ་ནི་གཟུགས་དང༌། ཞེས་བྱ་བ་ལ་སོགས་པའོ། །ཤེས་རབ་ཀྱིས་སྤྱད་པ་ནི་ཡེ་ཤེས་ཀྱིས་ཡུལ་ཐམས་ཅད་ཁ་དོག་བསྒྱུར་ཅིང་སྤྱད་པ་སྟེ། གཟུགས་རྣམས་སྣ་ཚོགས་ལྟ་བ་དང༌། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །དྲུག་པ་དེ་ལས་སྐྱེས་པའི་ཡེ་ཤེས་དེ་ཉིད་ཇི་ལྟ་བུ་ཞེ་ན། དེ་ཉིད་ལྷན་ཅིག་སྐྱེས་པ་ཞེས་བྱ་བ་ལ་སོགས་པ་སྟེ། ཡེ་ཤེས་ལྔ་ནི་ལེའུ་བརྒྱད་པར་བཤད་པ་ལྟ་བུ་སྟེ། ལེའུ་ལྔ་པར་བཤད་པ་དང་ཡང་མཚུངས་སོ། །དེ་ལྟར་ན་དེ་དག་གིས་ལེའུ་དང་པོར་རྩའི་འཁོར་ལོ་གསུངས་པ་དང༌། ལེའུ་བརྒྱད་པར་རྣལ་འབྱོར་མའི་འཁོར་ལོ་གསུངས་པ་དེའི་དོན་བཤད་དོ།། །།ད་ནི་ཡང་ལེའུ་དང་པོར་སྡོམ་པའི་དབྱེ་བའང་གསུངས་པ། དེ་ལ་ལེའུ་བརྒྱད་པར་དཀྱིལ་འཁོར་འཁོར་ལོ་ལ་སོགས་པའང་གསུངས། དེ་དག་ནང་དུ་བསྡུ་བའང་གོང་ཉིད་དུ་གསུངས། དཀྱིལ་འཁོར་གྱི་འཁོར་ལོའི་སྡོམ་པའང་གསུངས་ན་རང་བྱིན་བརླབ་ཀྱི་སྡོམ་པ་དེ་ཅི་འབྱུང་ངམ་མི་འབྱུང༌། འབྱུང་ན་དེ་ཇི་ལྟ་བུ་ཞེས་ལེའུ་དང་པོའི་དོན་གསལ་བར་ཤེས་པར་འདོད་ནས་ཞུ་བ་ནི་རྡོ་རྗེ་སྙིང་པོས་ཞེས་བྱ་བ་ལ་སོགས་པའོ། །དེའི་ལན་ནི་བཅོམ་ལྡན་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་སྤྱིར་སྡོམ་པ་ནི། ཉན་ཐོས་དང༌། བྱང་ཆུབ་སེམས་དཔའ་དང༌། བསྐྱེད་པའི་རིམ་པ་དང༌། རྫོགས་པའི་རིམ་པ་དཀྱིལ་འཁོར་གྱི་འཁོར་ལོ་དང༌། རང་བྱིན་བརླབ་ཀྱི་སྡོམ་པ་ཞེས་བྱ་བ་དུ་མ་ཡོད་པ་ལས། དང་པོ་གསུམ་ནི་གཞན་དུ་བསྟན། །དཀྱིལ་འཁོར་འཁོར་ལོའི་སྡོམ་པ་ནི་ལེའུ་གསུམ་པར་བསྟན་ཟིན་ཏོ། །རང་བྱིན་བརླབ་ལ་སྡོམ་པ་ནི་མདོར་བསྟན་པ་ལེའུ་དང་པོར་བསྟན་ཏོ། །འདིར་རྒྱས་པར་འཆད་དོ། །དེ་ལ་སྤྱིར་རྣམ་པར་གཞག་ན། སྡོམ་པ་ནི་གནས་གང་དུ་སྡོམ་པ་དང༌། རང་གི་ངོ་བོ་གང་དང༌། ཐབས་གང་གིས་དང༌། སྡོམ་པ་དང་ལྡན་པའི་གང་ཟག་རྣམས་ལ་སྔ་མ་གཉིས་ནི་རྒྱས་པར་འཆད་དོ། །ཐབས་ནི་འདི་ནས་མི་སྟོན་ཏེ་བླ་མའི་མན་ངག་གོ །སྔར་མ་བསྟན་པ་རྟེན་གྱི་གང་ཟག་འདི་ནས་སྟོན་ཏོ། །དེ་ལ་གནས་ནི་ཕྱི་རོལ་དུ་གཙུག་ལག་ཁང་དང༌། སྡེ་པ་བཞི་ལྟ་བུ་ནི། ནང་གི་འཁོར་ལོ་དང་བཅས་པའི་ལུས་སོ། །ངོ་བོ་ལ་གསུམ་ལས་མི་མཐུན་པའི་ཕྱོགས་སྡོམ་པ་དང༌། བདེ་ཆེན་གྱི་སྡོམ་པ་ནི་ཤུགས་ཀྱིས་སྟོན་པར་འགྱུར་རོ། །གཞུང་འདིར་སྡོམ་པའི་གནས་དང༌། རང་གི་ངོ་བོ་ལས། མང་པོ་སྡོམ་པ་གཙོར་བྱས་ཏེ་སྟོན་པར་བྱེད་དོ། །འདིས་ནི་རྣལ་འབྱོར་པ་རང་བྱིན་བརླབ་བསྒོམ་པས་རང་གི་ལུས་ཙམ་ལས་སྤྲོས་པའི་སྒྲོ་འདོགས་གཅོད་པར་བྱེད་པའི་དགོས་པ་ཡོད་དོ། །ཅིའི་ཕྱིར་སྤྲོས་པ་ཆོད་སྙམ་ན། དངོས་པོ་ལ་ཡང་དག་པ་བདེན་པར་སོ་སོར་གྲུབ་པ་ནི་ཕྱི་རོལ་ནའང་མེད་ལ། རང་གི་ངོ་བོ་དེ་ཙམ་པོ་དེ་འདྲ་བར་ལུས་ལ་ཚང་བའི་ཕྱིར་གཅོད་པར་བྱེད་དོ། །འདི་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི་རྣལ་འབྱོར་མ་ལུས་ཞེས་བྱ་བ་ཤླཽ་ཀ་གཅིག་གོ །རྒྱས་པར་བཤད་པ་ལ་གསུམ་སྟེ། རྩ་ལ་རྣམ་པར་གཞག་པ་དང༌། འཁོར་ལོ་བཞི་ལ་གཞག་པ་དང༌། སེམས་ཅན་ཐམས་ཅད་རང་བཞིན་གྱིས་སྡོམ་སྲུང་དུ་བསྟན་པ་སྡོམ་པ་དང་འབྲེལ་བའི་གང་ཟག་གོ །དང་པོ་ནི་ཅི་བོལླའི་ཞེས་བྱ་བ་སྟེ། དོན་ནི་སྔར་ལེའུ་གསུམ་པར་བདེ་བ་མཆོག་ཏུ་གྱུར་པའི་སྡོམ་པ་དེ་ཐབས་ཤེས་རབ་ཀྱི་ཨེ་ཝྃ་ལ་བརྟེན་ནས་བསྐྱེད་པ་ཡིན་ན། དེ་ཅིའི་ཕྱིར་རང་བྱིན་བརླབ་འདི་ལ་ཡོད་དམ་ཞེ་ན། ཕྱི་རོལ་གྱི་མེད་ཀྱང་ནང་གི་ཡོད་དོ་ཞེས་སྟོན་པ་སྟེ། བོལླ་སྟེ་རྩ་ཨ་ཝ་དྷཱུ་ཏཱིའོ། །དེར་སྐྱེས་པའི་བདེ་བ་ནི་དེའི་བདེ་བ་སྟེ་དེ་ནི་ཕྱག་རྒྱ་ཆེན་པོའོ། །རྡོ་རྗེ་སྐྱེ་མཆེད་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །དེས་ན་བདེ་བ་དང་སྟོང་པ་ཟུང་དུ་འཇུག་པ་འདི་ནི་ཐབས་ཤེས་རབ་བོ། །ཡང་ན་རྩ་དང་བདེ་བའོ། །དེ་ནི་སྙོམས་པར་འཇུག་པ་ཡིན་གྱི་གཞན་སྤྱིའི་གཉིས་གཉིས་མི་དགོས་སོ་ཞེས་བསྟན་ཏོ། །འདིས་ནི་ཕྱི་མའི་ཐབས་ཤེས་རབ་བསྡུས་པའི་ཕྱིར་མང་པོ་གཅིག་ཏུ་སྡོམ་པའང་བསྟན་ལ། ཡང་བདེ་ཆེན་གྱི་སྡོམ་པ་དང༌། སྡོམ་པའི་ཐབས་ཅུང་ཟད་ཀྱང་ཤུགས་ལས་བསྟན་ཏོ། །གཉིས་པ་འཁོར་ལོ་ལ་གཞག་པ་ལ་གསུམ་སྟེ། སྐུ་གསུམ་དུ་གཞག་པ་དང༌། འབྲས་བུ་བཞིར་གཞག་པ་དང༌། སྡེ་པ་བཞིར་གཞག་པའོ། །དེ་ལ་རྩ་ལ་ནང་གི་སྙོམས་འཇུག་གཞག་པ་དང༌། སྐུ་གསུམ་དང་འབྲས་བུ་བཞིར་གཞག་པ་ནི། སྡོམ་པ་རང་གི་ངོ་བོ་མང་པོ་གཅིག་ཏུ་བསྡུ་བ་སྟོན་ཏོ། །སྡེ་པ་བཞིར་གཞག་པས་ནི་གང་དུ་སྡོམ་པ་སྟོན་ཏོ། །དེ་ལ་དང་པོ་ནི་སྤྱིར་སྐུ་གསུམ་ཐོབ་པར་འདོད་ན་སྐུ་གསུམ་མ་ཤེས་ཤིང་ཉམས་སུ་མ་བླངས་ན་ཐོབ་པར་མི་འགྱུར་ཞིང་དེ་ཤེས་པ་བསྐྱེད་རིམ་ལ་སོགས་པའི་ཐབས་མང་པོ་གསུངས་ན་དེ་འདིར་ཇི་ལྟར་ནང་དུ་བསྡུ་ཞེ་ན། སྐུ་གསུམ་ཞེས་བྱ་བ་ཤླཽ་ཀ་གཅིག་གིས་མདོར་བསྟན། ཆོས་དང་ཞེས་བྱ་བས་རྒྱས་པར་བཤད། མ་ལུས་པའི་ཞེས་བྱ་བ་ལ་སོགས་པས་ངེས་ཚིག་དང་བཅས་ཏེ་རབ་ཏུ་རྒྱས་པར་བཤད་དོ། །ཡང་འདི་སྙམ་དུ་རྒྱུ་དང་རྐྱེན་རྣམས་མེད་ན་ནི་འབྲས་བུ་མེད་ལ། རྒྱུ་འབྲས་མེད་ན་འདུས་བྱས་ཀྱི་ཆོས་རྣམས་སམ་སྐྱེ་བ་དང་འགོག་པ་མི་འབྱུང་ངོ༌། །དེ་བས་ན་འདི་གང་དུ་བསྡུས། དེ་ལ་སྤྱིར་འབྲས་བུ་ནི་ལྔ་སྟེ། ཕྱིས་ཁད་ཀྱིས་ཆེར་སྨིན་པས་སམ། སོ་སོ་རང་གི་ཆེར་སྨིན་པ་སྟེ། མི་འདྲ་བར་སྨིན་པ་ནི་རྣམ་སྨིན་གྱིས་འབྲས་བུའོ། །རྒྱུ་དང་འདྲ་བས་ན་རྒྱུ་མཐུན་པའོ། །འགག་པས་ན་བྲལ་བའི་འབྲས་བུ། སྟོབས་ཀྱིས་སྐྱེ་བས་ན་སྐྱེས་བུ་བྱེད་པའི་འབྲས་བུ། སྔོན་མེད་བྱུང་བ་བདག་པོའི་འབྲས་བུའོ། །དེ་ལྟར་ཡང༌། མཛོད་ལས། རྣམ་སྨིན་ལུང་དུ་མ་བསྟན་ཆོས། །སེམས་ཅན་བརྗོད་ལུང་བསྟན་ཕྱིས་འབྱུང༌། །རྒྱུ་མཐུན་རྒྱུ་དང་འདྲ་བའོ། །བྲལ་བ་བློ་ཡི་ཟད་པའོ། །གང་གི་སྟོབས་ཀྱིས་གང་སྐྱེས་པའི། །འབྲས་བུ་སྐྱེས་བུ་བྱེད་ལས་སྐྱེས། །སྔོན་བྱུང་མ་ཡིན་འདུས་བྱས་ནི། །འདུས་བྱས་ཁོ་ནའི་བདག་པོའི་འབྲས། །ཞེས་སོ། །དེ་ལ་འབྲས་བུ་དེ་དག་ཡོད་ལ། དེས་དེ་དག་གི་རྒྱུའང་ཡོད་པ་ཉིད་ཡིན་ནོ་ཞེས་སྟོན་པ་ནི་ཨེ་ཝཾ་ཞེས་བྱ་བ་ལ་སོགས་པས་མདོར་བསྟན་ཏོ། །ལས་ཀྱི་རླུང་གིས་ཞེས་བྱ་བ་ལ་སོགས་པས་རྒྱས་པར་སྟོན་ཏེ། ལས་ཀྱི་རླུང་ནི་བཤང་སྒོའི་རླུང་སྟེ། དེས་བསྐུལ་བས་མེ་འབར་བ་ནི་རྒྱུ་ཡིན་ལ། དེ་ལས་ཙཎྜཱ་ལཱིའི་མེ་འབར་བ་སྤྱོད་པ་སྟེ། བཅོམ་ལྡན་མ་ཨ་ཝ་དྷཱུ་ཏཱིས་ལོངས་སྤྱད་པས། རྒྱུ་མཐུན་གྱི་འབྲས་བུ་ལ་ལོངས་སྤྱད་ཅེས་བྱའོ། །སྔར་མདོར་བསྟན་པའི་སྐབས་སུ་སྐྱེས་བུ་བྱེད་པ་སྔོན་དུ་བསྟན་པ་ནི་འཁོར་ལོའི་རིམ་པ་ཡིན་ལ། འདིར་སྐྱེས་བུ་བྱེད་པ་ཕྱིས་བསྟན་པ་ནི། སྐྱེས་བུ་བྱེད་པ་རྣལ་མོ་ནི་སངས་རྒྱས་ཡིན་ལ། དེ་དང་བྲལ་བའི་འབྲས་བུ་འགོག་པ་དགོས་པའི་ཕྱིར་ཞེས་དགོངས་པའོ། །བདག་པོའི་འབྲས་བུ་ནི་སྐྱེས་བུ་བྱེད་པའི་འབྲས་བུ་དང་མཚུངས་པའི་ཕྱིར་དེར་བསྡུས་པས་འབྲས་བུ་བཞིའོ། །ལེའུ་དང་པོར་སྡོམ་པའི་གནས་བསྟན་པ་སྤྱིར་སྡེ་པ་བཞི་གསུངས་པ་དེ་རྒྱས་པར་བཤད་པའི་ཕྱིར་གང་ཕྱིར་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་ཉན་ཐོས་ཀྱི་སྡོམ་པ་ཐམས་ཅད་སྡུད་པར་བྱེད་པ་ནི་སྡེ་པ་བཞི་པ་འདི་ཡིན་ཏེ། དགེ་འདུན་མང་པོ་འདུས་པ་རྣམས་ནི་ཕལ་ཆེན་ནོ། །གནས་མི་འགྱུར་བ་གནས་བརྟན་འཕགས་པ་རྣམས་ནི་གནས་བརྟན་པའོ། །གང་ཅུང་ཟད་ཐམས་ཅད་ཡོད་དོ་ཞེས་ཆོས་སྨྲ་བ་གཙོ་བོར་བྱེད་པ་རྣམས་ནི་ཐམས་ཅད་ཡོད་སྨྲའོ། །གནས་བརྟན་རྒྱལ་པོའི་བུ་ཀུན་གྱིས་བཀུར་བ་ནི་ཀུན་བཀུར་ཏེ། སྡེ་པ་བཞི་པོ་འདི་དག་གིས་བསླབ་བྱ་དང་གཙུག་ལག་ཁང་དུ་སྡོམ་དགོས་སོ་ཞེས་དོགས་པ་ལ། དེའང་རང་གི་ལུས་ལ་འདུས་པར་སྟོན་པ། གང་ཕྱིར་སྤྲུལ་པ་གནས་བརྟན་ཕྱིར། །ཞེས་བྱ་བ་ལ་སོགས་པས་དེ་འདི་ལས་འདྲ་བ་ཡོད་པས་སོ་ཞེས་བྱ་བར་དགོངས་སོ། །ཡང་འདི་སྙམ་དུ་རྟོགས་ཏེ། སྡོམ་པའི་ངོ་བོ་དང༌། སྡེ་པ་བཞིའི་དོན་ལྷ་འདྲ་བར་སྣང་ལ། སྡེ་པའི་རྩ་བ་ནི་སྡོམ་པ་དང་ལྡན་པའི་གང་ཟག་ལ་ལྟོས་ཏེ་དེའང་རབ་ཏུ་བྱུང་བ་ཡིན་པས། དེའང་འདིར་མེད་ལ། ཡང་སྡོམ་པ་དང༌། སྡེ་པ་ཐམས་ཅད་ཀྱི་རྩ་བ་སངས་རྒྱས་བཅོམ་ལྡན་འདས་ཉོན་མོངས་པ་སྤངས་པའི་དགེ་སློང་དེ་འདི་ལ་མེད་ན། འདིར་མང་པོ་མ་འདུས་པར་གྱུར་ཏོ་ཞེས་དོགས་པ་བསལ་བའི་ཕྱིར་སྡེ་པ་ཞེས་བྱ་སྐུ་རུ་བརྗོད་ཅེས་པ་ལ་སོགས་པ་སྨོས་སོ། །འདི་ལ་བཞི་སྟེ། ཆོས་མཐུན་གྱི་སྒོ་ནས་དགེ་སློང་དང༌། སངས་རྒྱས་སུ་བསྟན་པ་དང༌། དེ་ལ་ངོ་མཚར་སྐྱེས་ཏེ་བརྒྱལ་བ་དང༌། བསྟོད་པའི་སྒོ་ནས་བསླང་བ་དང༌། དེའི་ཐེ་ཚོམ་བསལ་བའི་ཕྱིར། །དེ་ཁོ་ནའི་དོན་བཤད་པའོ། །དང་པོ་ལ་སྡེ་པ་ཞེས་པ་ནི་ནི་ཀཾ་སྟེ། ཚོགས་པའམ་འདུས་པ་ཡིན་ལ། དེ་ལ་ཀཱ་ཡ་ཞེས་ལུས་ཀྱི་སྒྲ་ལའང་ཡོད་པ་དང༌། ལུས་འདུས་པ་དང་འདྲ་བས་སྡེ་པ་ནི་སྐུའོ། །དེའི་རབ་ཏུ་བྱུང་བ་ནི་ལྟོ་བ་ལ་གནས་ཞེས་བྱ་བ་ལ་སོགས་པའོ། །སངས་རྒྱས་དང་འདྲ་བ་ནི་སངས་རྒྱས་ཉིད་དུ་ཐེ་ཚོམ་མེད་ཅེས་བྱ་བ་ལ་སོགས་པའོ། །གཉིས་པ་ཐེ་ཚོམ་སྐྱེས་པ་ནི་དེ་ལས་ཞེས་བྱ་བ་ལ་སོགས་པ་སྟེ། ལུས་ལ་ཆོས་མཐུན་པའི་སངས་རྒྱས་སུ་བསྟན་པས་ངོ་མཚར་སྐྱེས་པའམ་ཐེ་ཚོམ་དུ་གྱུར་ཏེ། བརྒྱལ་བ་དང་འདར་བ་ལ་སོགས་པའོ། །གལ་ཏེ་ལྷ་མོ་རྣམས་བརྒྱལ་བ་ལ་སོགས་པ་ཡོད་ན་ལྷ་མོ་རྣམས་ཐ་མལ་པར་མི་འགྱུར་རམ་སྙམ་ན། རྡོ་རྗེ་ལྷ་མོ་རྣམས་ལ་བརྒྱལ་བ་ལྟ་ག་ལ་ཞིག་ཐ་དད་དུ་འཛིན་པའི་རྟོག་པའང་མེད་དོ། །དེ་བས་ན་བློ་དམན་པའི་སྐྱེ་བོ་རྣམས་ཀྱི་ཐེ་ཚོམ་བཅད་ཅིང་དྲང་བའི་དོན་དུ་བསྟན་ཏོ། །ཡང་ན་སྔར་བསྟན་པ་གོམས་པར་བྱས་པ་ལས་ཏིང་ངེ་འཛིན་སྐྱེས་པ་ནི་བརྒྱལ་བ་ལ་སོགས་པ་སྟེ་ཞི་གནས་ཡིན་ལ། བསླང་སྟེ་ཐེ་ཚོམ་བསལ་བ་ནི་ལྷག་མཐོང་གི་དོན་ཡིན་ནོ་ཞེས་སློབ་དཔོན་ཁ་ཅིག་གསུང་ངོ༌། །བསྟོད་པའི་སྒོ་ནས་བརྒྱལ་བ་ལས་བསླང་བ་ནི་ཡང་རྡོ་རྗེ་ཅན་གྱིས་ཞེས་བྱ་བ་ལ་སོགས་པའོ། །ཐེ་ཚོམ་བསལ་བ་ལ་བདུན་ཏེ། རང་བཞིན་གྱིས་སངས་རྒྱས་ཡིན་ཡང༌། གློ་བུར་གྱི་དྲི་མ་སེམས་ཅན་དུ་མི་འགལ་ཞིང་དེ་བསལ་ན་སངས་རྒྱས་ཡིན་པ་དང༌། གློ་བུར་གྱི་དྲི་མ་དེ་སེལ་བའི་ཐབས་དང༌། དེའི་ཕྱིར་ཐམས་ཅད་སངས་རྒྱས་ཀྱི་གང་ཟག་ཏུ་བསྟན་པ་དང༌། ལོགས་སུ་སངས་རྒྱས་བཙལ་དུ་མེད་པར་བསྟན་པ་དང༌། དེའི་ཕྱིར་ལམ་ཤེས་ན་ཐམས་ཅད་གྲུབ་པར་བསྟན་པ་དང༌། མ་ཤེས་ན་མི་འགྲུབ་པ་དང༌། ཐབས་ཀྱི་རང་བཞིན་བསྟན་པའོ། །དང་པོ་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་བསལ་ནས་ནི་སངས་རྒྱས་ཉིད། །ཅེས་གསུངས་སོ། །དེ་ལ་འདི་སྙམ་དུ་རྟོགས་ཏེ། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །ཅེས་བྱ་བ་འདི་གང་དུ་བསྟན་པ་ཟླ་བ་བཅུའང་ས་རྣམས་ཉིད། ཅེས་བྱ་བ་ལ་སོགས་པ་འདི་ལ་ཟེར་བའམ། འོན་ཏེ་རང་བཞིན་གྱིས་དག་པའི་སངས་རྒྱས་ལ་ཟེར། དང་པོ་ནི་མི་རིགས་ཏེ། གློ་བུར་གྱི་དྲི་མ་དེ་བསལ་ན་ཟླ་བ་བཅུ་པར་འགྱུར་ཞིང་མངལ་གྱི་ཕྲུ་མ་ཆོས་གོས་ཉིད་དུ་འགྱུར་བ་ནི་སྲིད་པ་མ་ཡིན་ནོ། །གལ་ཏེ་རང་བཞིན་གྱིས་དག་པའི་སངས་རྒྱས་ཡིན་ནོ་ཞེ་ན། དེའང་མི་རིགས་ཏེ། གོང་དུ་ཆོས་མཐུན་བཤད་པ་ལ་ལྷ་མོ་རྣམས་ཐེ་ཚོམ་སྐྱེས་ཤིང་གཞི་དེ་བསླང་བའི་ཕྱིར་ཡིན་པས། སྐབས་སུ་མ་བབ་པ་ཡིན་ནོ་ཞེས་དོགས་པ་ལ། འདིར་རང་བཞིན་གྱིས་སངས་རྒྱས་ཡིན་པ་ལ་དགོངས་སོ། །དེ་སྐབས་སུ་མ་བབ་པའང་མ་ཡིན་ཏེ། གོང་དུ་བསྟན་པའི་འཁོར་ལོ་ལ་སྐུ་གསུམ་གཞག་པ་དང༌། ལུས་བདེ་བར་གཞག་པ་ལ་སོགས་པ་སྟེ། ཐམས་ཅད་ཆོས་མཐུན་ལ་གཞག་པ་ཡིན་ལ། ཆོས་མཐུན་ལ་གཞག་པའི་དགོས་པའང་དེ་ལྟར་ཤེས་པ་ལམ་ཉིད་དུ་བསྒྲུབ་པའི་ཕྱིར་ཏེ། དཔེར་ན་རང་གི་རྟོག་པ་ལ་སྣང་བའི་བསྐྱེད་རིམ་ལ་སྐུ་གསུམ་ཡེ་ཤེས་ལྔ་ལ་སོགས་པར་མོས་པ་ལྟ་བུའོ། །དེ་ལྟར་ལམ་དང་ཆོས་མཐུན་ཡིན་པར་རྣལ་འབྱོར་མ་རྣམས་ཀྱིས་ཤེས་པས། དེ་ལྟར་བསྟན་པ་འདི་ཉིད་སངས་རྒྱས་སོ། །ཞེས་ཐེ་ཚོམ་སྐྱེས་པ་མ་ཡིན་ཏེ། དེས་ན་ལམ་ཐམས་ཅད་རང་གི་ལུས་ལ་ཚང་ན་སེམས་ཅན་རྣམས་མི་གྲོལ་བ་འདི་ཅི་རྒྱུ་མེད་པའམ་འོན་ཏེ་དེ་ལྟར་ཤེས་པ་ལམ་མ་ཡིན་པའམ། ཅི་ཡིན་ཞེས་ངོ་མཚར་རམ་ཐེ་ཚོམ་དུ་གྱུར་པའོ། །དེ་བས་ན་དེའི་བརྒྱལ་བ་བསླང་བའི་རྒྱུ་མེད་པའང་མ་ཡིན་ནོ། །ཞེས་སྟོན་པ་ནི་སེམས་ཅན་རྣམས་ནི་རང་བཞིན་གྱིས་སངས་རྒྱས་ཉིད་ཡིན་ཞེས་འདིར་འབྲེལ་ལ། དེ་ཉིད་ཤེས་པ་ལམ་ཡིན་པ་ནི་གང་གིས་མི་ཤེས་ཞེས་བྱ་བས་སྟོན་པས་ན་འདིར་སྐབས་སུ་བབ་པ་ཡིན་ནོ། །དེ་ལྟར་ཐམས་ཅད་སངས་རྒྱས་ཡིན་ན་ཅིའི་ཕྱིར་འཁོར་བར་འཁྱམ་སྙམ་པ་ལ། འོན་ཀྱང་གློ་བུར་དྲི་མས་བསྒྲིབས་ཏེ། དྲི་མ་ནི་གཟུང་འཛིན་ལ་སོགས་པའོ། །དེ་གློ་བུར་ནི་སེམས་ཀྱི་རང་བཞིན་མ་ཡིན་ཞེས་བྱ་བ་བསལ་དུ་རུང་བ་ཡིན་གྱི། དང་པོ་དག་པ་ལ་སྐབས་སུ་མ་དག་པ་མ་ཡིན་ཏེ། ཡིན་ནའང་འཁོར་བར་འགྱུར་བའི་ཕྱིར་རོ། །དེ་བས་ན་གློ་བུར་པ་དེ་ཐབས་འདིས་བསལ་ན་སངས་རྒྱས་ཡིན་ནོ། །དེ་ལ་སྒྲོ་འདོགས་ཆོད་པའི་རྟོགས་པ་དབུལ་བ་ནི་དེ་དེ་བཞིན་ཞེས་བྱ་སྟེ། བདེན་པ་མ་མཆིས་པ་ནི་གློ་བུར་དུ་བསྒྲིབས་པས་སོ། །བརྫུན་པ་མ་མཆིས་པ་ནི་རང་བཞིན་གྱིས་དག་པ་ཞེས་བྱ་བར་དགོངས་སོ། །གློ་བུར་གྱི་དྲི་མ་དེ་སེལ་བར་བྱེད་པའི་ཐབས་ནི་སྔར་བསྟན་པའོ། །དེ་ཉིད་ཐབས་ཡིན་ནོ་ཞེས་སྟོན་པ་ནི་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྟེ། གང་གིས་སོ་སོ་སྐྱེ་བོའི་ལུས་འདི་ཉིད་ཀྱིས་བཅིངས་པ་འདིས་རྣལ་འབྱོར་པས་དེ་ཉིད་ཤེས་ན་གྲོལ་བར་བྱེད་ཅེས་བྱ་བ་སྔར་ལེའུ་གཉིས་པར་བསྟན་པའོ། །ཐབས་དེ་གང་ཞེ་ན། ཞི་བའི་ཐབས་ཤེས་ཤིང་ནི་མི་གནས་པའི་མྱ་ངན་ལས་འདས་པའི་ཐབས་རྟོགས་པས་སོ། །ཀྱེའི་རྡོ་རྗེར་ངལ་བསོ་བ་ནི་སྡུག་བསྔལ་སྣ་ཚོགས་ཀྱིས་དུབ་པ་དེ་ལམ་བདེ་བ་འདི་ཉམས་སུ་བླངས་པས་སོ། །དེས་ན་ཐམས་ཅད་སངས་རྒྱས་ཀྱི་གང་ཟག་ཏུ་བསྟན་པ་ནི་རང་རང་གི་རྣམ་རྟོག་ལས་ཏེ། རྟོགས་ན་ཐམས་ཅད་འགྱུར་ཏེ་རང་བཞིན་གྱིས་དག་པའི་ཕྱིར་རོ་ཞེས་སྟོན་པ་ནི་རང་བཞིན་བདེ་བ་ཅན་ཞེས་སྦྱར་རོ། །རྒྱུད་བླ་མ་ལས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང༌། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང༌། །རིགས་ཡོད་ཕྱིར་ན་ལུས་ཅན་རྣམས། །རྟག་ཏུ་དེ་ཡི་སྙིང་པོ་ཅན། །ཞེས་གསུངས་པ་ལྟ་བུའོ། །དེས་ན་ལོག་པའི་སངས་རྒྱས་ཚོལ་བ་དགག་པ་ནི་འཇིག་རྟེན་ཞེས་བྱ་བ་ལ་སོགས་པའོ། །ལམ་ཤེས་ན་བྱ་བ་དང་སྤྱོད་པ་ལ་སོགས་པའམ། ཐེག་པ་ཐུན་མོང་བ་ལྟར་གང་ཟག་རིགས་ལ་ལྟོས་པ་དགག་པ་ནི། གདོལ་པ་ཞེས་བྱ་བ་ལ་སོགས་པ་སྟེ། རྒྱུད་སྦྱང་བར་མ་བྱས་པའང་འགྲུབ་པར་བསྟན་ཏེ། འདི་ལ་ལམ་ཅིག་ཅར་བ་ཞེས་བྱའོ། །འདིར་ནི་རྒྱུད་ཀྱི་ཆེ་བ་ཉིད་བསྟན་ཏོ། །ལམ་མ་ཤེས་ན་མི་འགྲུབ་པར་བསྟན་པ་ནི་བྱིས་པ་མི་ཤེས་ཞེས་བྱ་བ་ལ་སོགས་པའོ། །བདུན་པ་ཐབས་དངོས་ནི། རྡོ་རྗེ་སྙིང་པོ་ཞེས་བྱ་བ་ལ་སོགས་པ་སྟེ། ཀྱེའི་རྡོ་རྗེ་ནི་སྟོང་པ་དང་སྙིང་རྗེ་གཉིས་སུ་མེད་པའོ། །དེའི་ཐབས་ནི་ལམ་བསྐྱེད་རྫོགས་གཉིས་འཁོར་དང་བཅས་པའོ། །ཡུལ་རྣམ་སྦྱོང་ནི་དེས་རྣམ་པར་རྟོག་པ་ཐམས་ཅད་འཇོམས་ཞེས་བྱ་བའི་དོན་ཏོ། །དེ་དག་ནི་སྦས་པའི་དོན་དུ་བཤད་པའོ། །གོང་དུ་གང་གི་ཕྱག་རྒྱ་ཅི་ཞེས་དྲིས་པའི་ལན་གསུངས་པ་དེ་ལ། རིགས་འཆོལ་བར་འགྱུར་རོ་ཞེས་འགལ་བར་མཐོང་ནས་དྲིས་པ་བཞི་ལ་ལན་བརྒྱད་གསུངས་པ་ནི། རྡོ་རྗེ་སྙིང་པོས་གསོལ་བ། ས་ནི་ཞེས་བྱ་བ་ལ་སོགས་པའོ། །ལན་གྱི་དོན་ནི་འགལ་བ་མ་ཡིན་ཏེ། རྟེན་དང་བརྟེན་པ་དང་རྒྱུ་དང་འབྲས་བུ་ཞེས་བྱ་བ་འདིར་འབྲེལ་ཏོ་ཞེས་བྱ་བའི་དོན་ཏོ། །འདོད་ཆགས་ཁྲག་བཤད་པ་ཞེས་བྱ་བ་འདི་ནི་ཉོན་མོངས་པའི་རྒྱུ་འབྲས་མ་ཡིན་ཏེ། འདོད་ཆགས་ལས་འབྲས་བུ་ཁྲག་འཕེལ་ལ། དེ་རྣམ་པར་དག་པ་ནི་རིན་ཆེན་འབྱུང་གནས་སམ། ཁྲག་ལས་རཏྣ་སཾ་བྷ་བ་ཞེས་སྒྲའི་རྒྱུ་འབྲས་སོ། །ལྷག་མ་ནི་གོ་སླའོ། །སྔར་ལེའུ་གཉིས་པར་འབྱུང་པོ་ཐམས་ཅད་ཀྱི་གཏོར་མའི་སྔགས་སོ་ཞེས་གསུངས་པ་དེ་ལ། གཏོར་མའི་དགོས་པ་དང་མགྲོན་ལ་སོགས་པ་མ་གསུངས་པས། ཞུས་པ་ནི། ཀྱེའི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པའོ། །ལན་ལ་གསུམ་སྟེ། དགོས་པ་མདོར་བསྡུས་པ་དང༌། གཏོར་མའི་སྔགས་དང༌། ཕན་ཡོན་རྒྱས་པའོ། །དང་པོ་ནི་ཨེ་ཝྃ་ཞེས་བྱ་བ་ལ་སོགས་པའོ། །གཉིས་པ་ལ་བཞི་སྟེ། ཨོཾ་ཞེས་བྱ་བ་ནས་སྭཱ་ཧཱ་ཞེས་བྱ་བའི་བར་ནི་མགྲོན་གྱི་སྔགས་ཏེ། འདིར་འཇིག་རྟེན་སྐྱོང་བ་བཅུ་བཞི་གཙོར་གསུངས་ལ། ཡང་ན་ཨཥྚ་ཞེས་བྱ་བས་ཀླུ་བརྒྱད་ཡིན་ལ། ཙཎྜཱ་ལ་སོགས་པས་ནམ་མཁའ་ལ་རྒྱུ་བའི་ལྷ་འདོད་པ་དང༌། གཟུགས་ཀྱིས་བསྡུས་པའི་ལྷ་རྡོ་རྗེ་གུར་ནས་གསུངས་པ་ལྟ་བུའམ། ལྷ་ཆེན་པོ་བརྒྱད་ཅེས་བྱ་བ་ནི་མན་ངག་གོ །ཨི་དཾ་ཞེས་བྱ་བ་ལ་སོགས་པ་ནི་བཞེས་པར་གསོལ་བའི་སྔགས་ཏེ་གཏོར་མའི་ཡོ་བྱད་བསྟན་པའོ། །ཨཾ་བྷ་ཞེས་བྱ་བ་ལ་སོགས་པས་ནི་གསོལ་བ་གདབ་པའི་སྔགས་སོ། །ཨོཾ་ཨ་ཀཱ་རོ་ཞེས་བྱ་བ་ལ་སོགས་པས་ནི་བྱིན་གྱིས་བརླབ་པའི་སྔགས་སོ། །ཆོ་ག་ནི། དང་པོར་རྫས་བྱིན་གྱིས་བརླབ་པའོ། །དེ་ནས་ནི་མགྲོན་ནོ། །དེ་ནས་ནི་དབུལ་བའོ། །དེ་ནས་གསོལ་བ་གདབ་པའོ། །དེ་ནས་གཤེགས་སུ་གསོལ་བ་སྟེ། ལྔ་པོ་ནི་སྒྲུབ་པའི་ཐབས་བཞིན་བླ་མས་འཆད་པར་འགྱུར་རོ། །གསུམ་པ་ཕན་ཡོན་ནི། གལ་ཏེ་གཏོར་མ་འདིས་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་ཏེ། འབྱུང་པོ་ཐམས་ཅད་ཅེས་པ་ལ་འདིར་མགྲོན་ཉུང་ངུ་སྨོས་ཀྱང་དེ་དག་གཙོ་བོ་ཡིན་གྱི་འཇིག་རྟེན་གསུམ་ཀ་དེ་དག་གི་འཁོར་དང་རིས་སུ་འདུས་པས་དགུག་པའོ། །གཏོར་མ་ནི་མཆོད་པའི་ཕྱིར་བཀོད་པའི་མིང་ངོ༌། །མཆོད་པའི་བྱེད་པ་ནི་དེ་དག་མགྲོན་དུ་འོས་པར་འགྱུར་པའོ། །གལ་ཏེ། བདག་ཉིད་རྡོ་རྗེ་སེམས་དཔའ་ཁས་འཆེ་ལ། །འཇིག་རྟེན་ལྷ་ཀླུ་དག་ལ་ཕར་མཆོད་ན། །རྐྱེན་དུ་མི་འཚམ་རྣལ་འབྱོར་ཞིང་དང་འགལ། །དཔེར་ན་རྒྱལ་པོས་དམངས་ཀྱི་སྤྱོད་པ་བྱེད་པ་བཞིན་ཞེས་དཔལ་དབྱངས་ཀྱིས་བཤད་པ་འདི་ཇི་ལྟར་དྲང་ཞེ་ན། དེས་ནི་སེམས་ཅན་གྱི་ཞིང་ནི་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཞིང་ངོ་ཞེས་བཤད་པ་འདི་མི་དྲན་པས་ལེགས་པར་མ་བྲིས་པ་ཉིད་དོ། །ཡང་ན་འཇིག་རྟེན་པའི་ལྷ་ལ་སྐྱབས་གནས་སམ། མཆོག་ཏུ་འཛིན་པའི་མཆོད་པ་བཀག་པ་ལ་དགོངས་ཀྱི། གཙོ་བོ་རྣམས་ནི་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་པས། བྱང་ཆུབ་སེམས་དཔའི་དགེ་འདུན་ཡིན་ལ། དེའི་འཁོར་དུ་གཏོགས་པ་རྣམས་ནི་སྙིང་རྗེའི་མགྲོན་དུ་གྱུར་པས་འདི་ལ་འགལ་བ་ཅི་ཡོད། ཡང་ན་རྣལ་འབྱོར་ཆེན་པོའི་ལུགས་ཀྱིས་དེ་དག་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་ལྷར་བསྒྱུར་ཏེ། མཆོད་པ་བྱེད་པ་ཡིན་ན། ཐ་མལ་པའི་བྱེད་པ་ནི་རྣལ་འབྱོར་པ་ལ་ནམ་ཡང་བཀག་པ་ཡིན་ན་འདི་ལ་འགལ་བ་མེད་དེ་དེ་ལ་དགོངས་སོ། །དེའི་ཕྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བཀའ་རྣམས་ནི་ལེགས་པར་གསུངས་པ་ཡིན་ན་འགལ་བར་མཐོང་བ་རྣམས་ནི་རང་གི་བློ་གྲོས་ཀྱི་སྐྱོན་ཡིན་ནོ། །ལྷག་མ་ནི་གོ་སླའོ། །ཕྱག་རྒྱ་གང་གིས་ཞེས་བྱ་བ་ལ་སོགས་པས་ཡང་སྔར་གསུངས་པའི་ཕྱག་རྒྱའི་དོན་ལ་བརྩད་པ་སྤོང་བའི་ལྷག་མ་སྟེ། ལན་གྱི་དོན་ནི་ལྷ་མོ་གསུམ་པོ་འདི་ནི་སྐུ་གསུང་ཐུགས་ཀྱི་བདག་ཉིད་ཅན་ཡིན་ནོ། །ཞེས་བྱ་བའི་ཕྱིར་དབུས་སུ་བཞུགས་སོ། །དེས་ན་ཕྱག་རྒྱའི་ངེས་པ་འདི་ཡིན་ནོ་ཞེས་དགོངས་སོ། །རྒྱས་པར་རབ་ཏུ་ཕྱེ་བ་ལས་ཞེས་བྱ་བ་ལ་སོགས་པས་དེ་ཁོ་ན་ཉིད་ཀྱི་ལེའུར་རིགས་ཀྱི་རབ་ཏུ་དབྱེ་བ་གསུངས་པ་དེ་ལ། ལེའུ་གཉིས་པར་རྫོགས་པའི་རིམ་པ་ལ་ལྟོས་པའི་རིགས་ཀྱི་དབྱེ་བའི་དབང་དུ་མཛད་ནས་གསུངས་སོ། །འདིར་ནི་བསྐྱེད་པའི་རིམ་པ་ཕྱག་རྒྱ་ལ་བརྟེན་ཏེ་རིགས་ཀྱི་དབྱེ་བ་གསུངས་སོ། །དོན་ནི་འདི་ཡིན་ཏེ། ལྷ་མོའི་འཁོར་ལོ་ལ་སོགས་པ་དབྱེ་བ་མང་པོ་ཡོད་པ་དེ་དག་ནི་ཉོན་མོངས་པ་སོ་སོའི་དབྱེ་བ་ལ་སོགས་པ་ལ་དགོངས་པ་ཡིན་གྱི། མདོར་བསྡུ་ན་དྲུག་དང་ལྔ་དང་གསུམ་དང་གཅིག་གི་བར་དུའང་འདུས་པ་ཡིན་ནོ་ཞེས་ཤེས་པར་བྱ་བའི་ཕྱིར་རོ། །འདིས་རིགས་ཀྱི་དགོས་པ་དང༌། དབྱེ་བ་དང༌། བསྡུ་བའི་ཚུལ་མ་ལུས་པར་ཁོང་དུ་ཆུད་པར་བྱའོ། །སྤྱི་དོན་དུ་བཤད་པའོ། །ཕྱག་རྒྱ་ནི་འདེབས་པར་བྱེད་པས་ན་སྟེ་རིགས་བདག་གམ། གདབ་པར་བྱ་བས་ན་ཕྱག་རྒྱ་སྟེ་རིགས་རྣམས་སོ། །དེ་བསྡུས་པ་ནི་བརྗོད་བྱ་གཙོ་བོར་གྱུར་པའི་ཐ་མ་ལས་མིང་བཏགས་པའོ། །ལེའུ་བཞི་པ་ཚིགས་སུ་བཅད་པ་བརྒྱ་བཅུ་གཅིག་གི་རྣམ་པར་བཤད་པའོ།། །།ཕྱག་ནི་བཅུ་དྲུག་ཅེས་བྱ་བ་ལ་སོགས་པས་ལེའུ་ལྔ་པ་དཔལ་ཧེ་རུ་ཀ་མངོན་པར་འབྱུང་བ་སྟོན་ཏོ། །དེ་ལྟར་ལེའུ་བཞི་པས་བརྟག་པ་དང་པོའི་ལེའུ་ལྔ་པའི་དོན་གཏན་ལ་ཕབ་ཀྱང༌། ལེའུ་གཉིས་པ་དང༌། གསུམ་པ་དང༌། བརྒྱད་པ་དང༌། བཅུ་པར་བདག་མེད་མ་དང༌། ཧེ་རུ་ཀ་གསུམ་པོ་གསུངས་ཀྱང༌། དཔལ་ཧེ་རུ་ཀའི་རྣལ་འབྱོར་ལ་སོགས་པ་མ་གསུངས་སོ། །དེ་བས་ན་ལེའུ་འདིར་དང་པོར་དཔལ་ཧེ་རུ་ཀའི་སྐུ་མངོན་པར་འབྱུང་བས་ལེའུ་གསུམ་པ་དང་བརྒྱད་པར་མ་ཚང་བ་ཁ་སྐོང་བར་བྱེད་དོ། །དེ་ནས་གསུང་མངོན་པར་འབྱུང་བ་ཕྲེང་བའི་སྔགས་ལེའུ་གཉིས་པར་མ་ཚང་བ་ཁ་སྐོང་བར་བྱེད་དོ། །དེ་ནས་དབང་མངོན་པར་འབྱུང་བ་ལེའུ་བཅུ་པར་མ་ཚང་བ་ཁ་སྐོང་བར་བྱེད་དོ། །དང་པོ་ལ་གཉིས་ཏེ། ཞུས་པ་དང༌། ལན་གདབ་པའོ། །དང་པོ་ནི། ཕྱག་ནི་བཅུ་དྲུག་ཅེས་བྱ་བ་ལ་སོགས་པ་རྐང་པ་བཅུ་སྟེ། ཞུ་བའི་ཡུལ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། རྣམ་པ་ཕྱག་བཅུ་དྲུག་ལ་སོགས་པ་དང་ལྡན་པའོ། །ཞུ་བ་པོ་ནི་བདག་མེད་མའོ། །ཞུ་བའི་ཚུལ་ནི་སྔར་ལེའུ་བརྒྱད་པར་བདག་གི་འཁོར་ལོ་བཤད་པ་དེར་ཁྱོད་ཀྱི་མ་གསུངས་པས་ཞུས་པའོ། །བཅོ་ལྔས་བསྐོར་ཞེས་བྱ་བའི་སྒྲ་གསུམ་པ་ལས་སུ་བྱ་བ་འདི་ལྟར་ན། ལྷ་བཅུ་དྲུག་པར་མི་འགྱུར་རམ་ཞེ་ན། འདི་ནི་བོད་ཀྱི་སྡེབ་སྦྱོར་ཡིན་གྱི་རྒྱ་གར་གྱི་ལུགས་ཀྱིས་གནས་གཞན་གྱི་གོ་རིམ་ངེས་པས་པཉྩ་ད་ཤ་ཞེས་ལྔ་བཅུས་བསྐོར་བ་སྟེ། ནང་གི་འཕར་མ་ལྔ་ཕྱིའི་བཅུས་བསྐོར་བའོ། །ཡང་ན་གཉིས་པའི་སྒྲ་དྲུག་པ་བདག་པོ་སྟེ། བཅོ་ལྔས་ཡོངས་སུ་བསྐོར་བ་ནི་བཀོད་པ་ཞེས་བྱས་ན་ཉེས་པ་གང་ཡང་ཡོད་པ་མ་ཡིན་ནོ། །ལན་ལ་གཉིས་ཏེ། རྗེས་སུ་ཆགས་པས་མཉེས་པར་མཛད་ནས་དམ་བཅའ་བ་དང༌། དོན་དངོས་སོ། །དང་པོ་ལ་ཙུམྦ་ན་ཞེས་བྱ་བ་ལ་སོགས་པ་འདི་ནི་སྐྱེ་བོ་ཆགས་ཅན་རྗེས་སུ་གཟུང་བར་བྱ་བའི་ཕྱིར་རོ། །དོན་དངོས་ལ་གསུམ་སྟེ། གཞལ་ཡས་ཁང་བསྐྱེད་པ་དང༌། ལྷ་བསྐྱེད་པ་དང༌། གདན་བསྟན་པའོ། །དང་པོ་ནི་འཁོར་ལོ་ཞེས་བྱ་བ་ལ་སོགས་པ་སྟེ། བསོད་ནམས་ཀྱི་ཚོགས་བསག་པ་དང༌། སྟོང་པ་ཉིད་དང༌། བསྲུང་བའི་འཁོར་ལོ་དང༌། ཆོས་འབྱུང་དང༌། འབྱུང་བ་རིམ་བརྩེགས་སུ་གྱུར་པ་ལས་བསྐྱེད་པའི་བར་ནི། སྔར་གསུམ་པ་དང་བརྒྱད་པར་གསུངས་པས་འདིར་མ་གསུངས་སོ། །དེར་མ་གསུངས་པའི་ཁྱད་པར་དོ་ཤལ་ཞེས་བྱ་བ་ལ་སོགས་པའོ། །དེས་ནི་ཡན་ལག་དང་པོ་རྣམ་པར་སྣང་མཛད་ཀྱི་ཡན་ལག་བསྟན་ཏོ། །ད་ནི་ཡན་ལག་གཉིས་པ་སྟོན་པ་ལས། གཞུང་དུམ་བུ་དགུ་སྟེ། རྒྱུ་རྡོ་རྗེ་འཆང་དང༌། འབྲས་བུ་རྡོ་རྗེ་འཆང་དང༌། ལྷ་མོ་དབྱུང་བ་དང༌། རྒྱུ་རྡོ་རྗེ་འཛིན་པ་ཞུ་བ་དང༌། དེ་ལ་གླུས་བསྐུལ་བ་དང༌། བཞེངས་པའི་མཚན་ཉིད་དང༌། ལྷ་མོའི་ས་བོན་དང༌། འབྲས་བུ་ས་བོན་ལས་བཞེངས་པའི་ཚུལ་དང༌། ལྷ་མོའི་ཕྱག་མཚན་དང་ཁ་དོག་བསྟན་པའོ། །དང་པོ་ནི་འདོད་ཆགས་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ཚིགས་བཅད་གཅིག་གོ །འདིའི་མངོན་པར་བྱང་ཆུབ་པ་ལྔས་བསྐྱེད་པའི་ཚུལ་ནི་ལེའུ་བརྒྱད་པར་བསྟན་ཏོ། །ཞལ་བརྒྱད་ཅེས་བྱ་བ་ལ་སོགས་པ་ནི་འབྲས་བུ་རྡོ་རྗེ་འཆང་ཡིན་པས་འདི་དག་དོར་ཏེ། དང་པོར་ལྷ་མོའི་འཁོར་ལོ་འབྱིན་པར་འགྱུར་རོ། །དེ་ལྟར་རིམ་པའང་རྡོ་རྗེ་གུར་ལས། དང་པོར་སྐྱེས་བུ་བསམས་དེ་ནས། །རྣལ་འབྱོར་མ་ཡི་འཁོར་ལོ་སྤྲོ། །ཁུ་བ་རྗེས་སུ་དྲན་པར་བྱ། །མཚམས་ཀྱི་ལྷ་མོས་བསྐུལ་བར་བྱ། །ཞེས་སོ། །གལ་ཏེ་དེ་ལྟར་རིམ་པ་ཡིན་པའང་ལེགས་མོད། ཞལ་བརྒྱད་ཅེས་བྱ་བ་ལ་སོགས་པའང་རྒྱུ་རྡོ་རྗེ་འཛིན་པར་བྱ་བའི་རྒྱུད་དཀྲུགས་ཏེ་བཤད་པ་འདི་མི་རིགས་སོ་ཞེས་སྙམ་པ་ལ། རྒྱུ་རྡོ་རྗེ་འཆང་ནི་དཀར་པོ་ཡིན་ལ། འདིར་ནག་པོར་ཡོད་པ་དང༌། རྒྱུད་གོ་རིམ་ངེས་པའང་མི་བཏུབ་སྟེ། ལྷ་མོ་ཕྱུང་ཟིན་པའི་རྗེས་ལ་ས་བོན་འོག་ན་ཡོད་པའང་ག་ལ་རུང་ཞེས་བྱ་བའི་རིགས་པ་འདིས་བསྡེབས་ཏེ་བཤད་པར་བྱའོ། །དེ་བས་ན་རྒྱུ་རྡོ་རྗེ་འཆང་བསྐྱེད་ནས། ལེའུ་བཅུ་གཉིས་པ་ལས་འབྱུང་བའི་ཚུལ་གྱིས་མཁའ་གསང་བྱིན་གྱིས་བརླབ་པ་སྔགས་དང་བཅས་པ་བྱས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཏ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བྱ་བས་རྗེས་སུ་ཆགས་པས་རྡོ་རྗེ་འཆང་ཆེན་པོར་བྱིན་གྱིས་བརླབས་ལ། བདེ་བའི་སྒྲས་སངས་རྒྱས་ཐམས་ཅད་བསྐུལ་ཏེ། ཐུགས་ཀར་ཞུ་སྟེ། པདྨར་ཕབ་པ་དང༌། ས་བོན་བརྒྱད་དུ་གྱུར་པར་སྦྱར་རོ། །ས་བོན་ལས་ལྷ་མོ་བྷ་ག་ཉིད་དུ་བསྐྱེད་དེ་དབྱུང་བ་ནི་གྲོང་ཁྱེར་ཉམས་དགའ་ཞེས་བྱ་བ་ལ་སོགས་པར་སྦྱར་རོ། །དེ་དག་གི་ཕྱག་མཚན་དང་ཁ་དོག་ནི་དཀར་མོ་གཡས་ན་ཞེས་བྱ་བ་ལ་སོགས་པར་སྦྱར་རོ། །འཁོར་གྱི་ལྷ་མོ་ཕྱུང་མ་ཐག་ཏུ་བར་མ་དོའི་སེམས་ཡིག་འབྲུ་ལྔ་པོ་སྣ་བུག་གཡོན་པ་ནས་ཞུགས་ཏེ། བྷ་གར་ཕེབས་པ་དང་ཞུ་བར་གྱུར་པ་ནི། དེ་ནས་རྡོ་རྗེ་ཆགས་ཞེས་བྱ་བར་སྦྱར་རོ། །དེ་ལ་གླུས་བསྐུལ་བ་ནི། རྗེ་བཙུན་ཞེས་བྱ་བ་ལ་སོགས་པ་པྲ་ཀྲྀ་ཏའི་སྐད་ཀྱི་གླུའོ། །འདིར་མཚམས་ཀྱི་ལྷ་མོས་བསྐུལ་བ་ནི། འབྲས་བུའི་དབང་དུ་བྱས་ན་ཚད་མེད་པ་བཞིས་བསྐུལ་བ་ཡིན་ལ། རྒྱུ་རྒྱུད་ཀྱི་དབང་དུ་བྱས་ན་འབྱུང་བ་བཞིའི་ངོ་བོའི་ཕྱིར་རོ། །དེ་ལས་བཞེངས་པ་ནི་ཨཾ་དང་ཧཱུྃ་ཞེས་ཤླཽ་ཀ་གཅིག་དང༌། བདག་པོའི་ཞེས་རྐང་པ་དྲུག་གི་ས་བོན་ཙམ་ལས་བཞེངས་པ་སྟེ། འདི་ནི་སྒོང་སྐྱེས་སོ། །ལྷ་མོ་རྣམས་མངལ་སྐྱེས་སོ། །རྒྱུའི་རྡོ་རྗེ་འཛིན་པ་དྲོད་གཤེར་ལས་སྐྱེས་པ་ཞེས་བྱ་བའི་དོན་ཏོ། །སྐུ་མདོག་ལ་སོགས་པ་ནི་ཞལ་བརྒྱད་ཅེས་བྱ་བ་ལ། སོགས་པའོ། །ཕྱག་མཚན་དང་ཉམས་ན་གླང་པོ་རྟ་བོང་ཞེས་བྱ་བར་སྦྱར་བར་བྱའོ། །དེ་ལྟར་ན་དམ་ཚིག་པ་བསྐྱེད་པའོ། །དེ་ནི་སེམས་དཔའ་སུམ་བརྩེགས་སུ་བྱའོ། །དེ་ནས་ཡེ་ཤེས་འཁོར་ལོ་གཞུག །དེ་བཞིན་སྐྱེ་མཆེད་དྲུག་པོ་དང༌། །སྐུ་གསུང་ཐུགས་ཀྱང་བྱིན་བརླབ་པ། །ཡན་ལག་གཉིས་པ་རྡོ་རྗེ་སེམས། །དབང་ནི་མི་བསྐྱོད་དེ་བཞིན་གཤེགས། །བདུད་རྩི་མྱང་བ་འོད་དཔག་མེད། །མཆོད་པ་དོན་ཡོད་གྲུབ་པ་སྟེ། །བསྟོད་པ་རིན་ཆེན་འབྱུང་གནས་དཔལ། །ཇི་སྲིད་སྐྱོ་བར་མ་གྱུར་པ། །དེ་སྲིད་དུ་ནི་རབ་ཏུ་བསྒོམ། །སྐྱོ་ན་ངག་གི་བཟླས་པ་དང༌། །དག་པ་རྗེས་སུ་དྲན་པར་བྱ། །སྨོན་ལམ་རྡོ་རྗེའི་གླུ་བླངས་ཏེ། །སྤྱོད་ལམ་ལྷ་ཡི་ང་རྒྱལ་གྱིས། །བྱང་ཞིང་མཚན་མ་རྙེད་གྱུར་ནས། །རྫོགས་པའི་རིམ་པ་འདོད་པས་བསྒོམ། །དེ་དག་ནི་འདིར་ཁ་བསྐང་བར་ཚིགས་སུ་བཅད་པ་སྟེ། རྒྱས་པར་ནི་བཤད་པའི་རྒྱུད་ཀྱི་དགོངས་པ་བསྐང་བའི་སྒྲུབ་པའི་ཐབས་ཡན་ལག་དྲུག་པ་ལས་ཤེས་པར་འགྱུར་རོ། །གསུང་མངོན་པར་འབྱུང་བ་ལ་གཉིས་ལས། ཞུས་པ་ནི་བོལླ་གཞིབས་པ་ཞེས་བྱ་བ་ཆགས་ཅན་གཟུང་བའི་སྤྱོད་པའོ། །ལན་ལ་ལྔ་སྟེ། ཆེ་བ་བརྗོད་དེ་མཉན་པར་གདམས་པ་ནི་བུད་མེད་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པའོ། །གཉིས་པ་རྙེད་པར་དཀའ་བ་ནི་སངས་རྒྱས་ཞེས་བྱ་བ་ལ་སོགས་པའོ། །སྔོན་བྱུང་ཕྲིན་ལས་མཛད་པའི་ཚུལ་ནི་འབར་བའི་ཕྲེང་བ་ཞེས་བྱ་བ་ལ་སོགས་པའོ། །བཞི་པ་རྗེས་འཇུག་གི་ལས་ཇི་ལྟར་བྱ་བ་ནི་བཟླས་པ་ཁྲིའི་ཞེས་བྱ་བ་ལ་སོགས་པ་སྟེ། གསལ་བ་ནི་གོ་བའོ། །རིང་བ་ནི་རིག་བྱེད་འདོན་པ་ལྟ་བུའོ། །བཟང་བ་ནི་རིང་ཐུང་ལ་སོགས་པ་ཐམས་ཅད་ཕྱེད་པའོ། །ལྔ་པ་སྔགས་དངོས་ལ་རིག་བྱེད་རྣམས་ཀྱི་དང་པོ་ཞེས་བྱ་བ་ལ་སོགས་པ་སྟེ། རིག་བྱེད་ནི་བཞི་སྟེ། སྲིད་སྲུང་རི་ལ་སྲིད་རིག་བྱས། །སྙན་ངག་རི་ལ་སྙན་རིག་བྱས། །སྐལ་ལྡན་གྱིས་ནི་ཕུག་རོན་ཅན། །ངེས་བརྗོད་ཨངྒི་ར་སས་བྱས། །ཞེས་པ་ལ། ངེས་བརྗོད་ནི་ཨོའོ། །སྙན་ངག་ནི་ཨུའོ། །སྲིད་སྲུང་ནི་ཨུྃའོ། །མཆོད་སྦྱིན་ནི་ཨ་སྟེ་ཡི་གེ་བཞིའི་ཚད་དུ་འདྲེན་པར། དེ་ལ་ཟླ་ཕྱེད་ཐིག་ལེ་བསྣན་པས་ཡི་གེ་བརྒྱད་ཀྱི་ཚད་འདྲེན་པར་བྱེད་དེ་རིག་བྱེད་ལྟ་བུ་ཞེས་དགོངས་སོ། །ལྷག་མ་ལ་དེ་ནས་ཞེས་བྱ་བ་དང༌། དེའི་རྗེས་སུ་ཞེས་བྱ་བ་འདི་ནི་ཚིགས་སུ་བཅད་པའི་ངོར་བྱས་པའི་དོན་ཏོ། །དེ་ལ་རྐང་པ་བརྒྱད་ཟློ་བའི་དུས་སུ་ནི་སྐུའི་རྣམ་པར་གསལ་གདབ་པར་བྱའོ། །ཨོཾ་ཞེས་བྱ་བ་ལ་སོགས་པ་ཕྱི་མ་ཟློ་བ་ན་སྐུ་ལས་སྤྲུལ་པ་དཔག་ཏུ་མེད་པ་སྤྲོས་ནས་སེམས་ཅན་གྱི་དོན་མཛད་ཅེས་དགོངས་སོ། །ཧ་ཧ་ཞེས་བྱ་བ་ལ་སོགས་པ་ནི་བཅོམ་ལྡན་འདས་ཀྱི་སྐུ་ལ་དེ་ཧ་ཞེས་བྱ་བའི་ཧ་ལ་དབྱངས་བཅུ་གཉིས་བྱིན་པ་འདི་ནི་བཞད་པའི་ཉམས་སོ། །དབང་མངོན་པར་འབྱུང་བ་ལ་གཉིས་ཏེ། ཞུས་པ་དང༌། ལན་ནོ། །ཞུས་པ་ནི། དེ་ནས་ལྷ་མོ་དེ་དགྱེས་ནས་ཞེས་བྱ་བ་ལ་སོགས་པའོ། །ལན་ལ་བརྒྱད་དེ། དཀྱིལ་འཁོར་བྲི་བའི་ཚུལ་དང༌། ལྷ་དགོད་པ་དང༌། བུམ་པ་དབུལ་བ་དང༌། ཆོ་ག་རྣམས་གཞན་ལ་ལྟོས་པར་བསྟན་པ་དང༌། རིག་མ་གཞུག་པ་དང༌། དེ་བསྟེན་པའི་ཚུལ་དང༌། སློབ་མ་དཀྱིལ་འཁོར་དུ་གཞུག་པ་དང༌། །དེ་ལ་དབང་བསྐུར་བར་བྱ་བའོ། །དང་པོ་ནི་དེ་ལ་སྟོན་པ་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་ཞེས་བྱ་བ་ནི་ཞུས་པ་དེ་ལ་ཞེས་བྱ་བའོ། །དོན་ནི་འདི་ཡིན་ཏེ། སློབ་མ་ཡོངས་སུ་གཟུང་བ་དང༌། སྔོན་དུ་བསྙེན་པ་དང༌། སའི་ཆོ་ག་དང༌། སྟ་གོན་གྱི་ཆོ་ག་དང༌། དཀྱིལ་འཁོར་བྲི་ཞིང་རྒྱན་དགྲམ་པ་དང༌། བསྒྲུབ་ཅིང་མཆོད་པ་དང༌། འཇུག་ཅིང་དབང་བསྐུར་བ་ཞེས་བྱ་བ་རྣམས་ལས། དཀྱིལ་འཁོར་གྱི་ཁྱད་པར་སྔར་དང་མི་འདྲ་བའི་ཚུལ་ཞུས་པ་དང༌། སྔར་བཅུ་པ་དང༌། གསུམ་པར་མ་གསུངས་པའི་སློབ་མ་གཞུག་པ་དང༌། དབང་གི་ཁྱད་པར་ཞུས་པས་སོ། །དེས་ན་ཆོ་གའི་རྣམ་པར་གཞག་པ་ཐམས་ཅད་འདྲ་བ་ལས། འོན་ཀྱང་མི་འདྲ་བའི་ཁྱད་པར་དང༌། སྔར་མ་གསུངས་པ་གསལ་བར་མཛད་པ་དེ་བས་ན་ཉིད་ཀྱིས་དཀྱིལ་འཁོར་བྲི་བར་མཛད་ཅེས་སྦྱར་རོ། །དེ་ལ་དཀྱིལ་འཁོར་ནི་འཕར་མ་གཅིག་ཅེས་བྱ་བ་ལ་སོགས་པའོ། །ལྷ་དགོད་པ་ནི་སྙིང་པོར་ཞེས་བྱ་བ་ལ་སོགས་པ་སྟེ། གསང་བ་སྤྱི་རྒྱུད་ལས། དང་པོ་གཟུགས་སུ་བྲི་བར་བཤད། །གཉིས་པ་ཕྱག་རྒྱ་བྲི་བར་བྱ། །གསུམ་པ་གདན་དུ་ཡང་དག་དགོད། །དེས་ན་ཕྱག་རྒྱའི་གཟུགས་སུ་བྲི། །ཞེས་བཤད་པ་ལྟ་བུའོ། །བུམ་པ་དབུལ་བ་ནི། དེ་ནས་རྣམ་རྒྱལ་ཞེས་བྱ་བ་ལ་སོགས་པའོ། །གཞན་ལ་ལྟོས་པ་ནི་མང་དུ་རབ་ཏུ་བརྗོད་པས་ཅི་ཞེས་བྱ་བ་སྟེ། དེ་ཉིད་བསྡུས་པ་ནི་གསང་བའི་དེ་ཉིད་འདུས་པ། རྡོ་རྗེ་གུར་རམ། ཡང་ན་རྣལ་འབྱོར་གྱི་རྒྱུད་དེ་ཁོ་ན་ཉིད་འདུས་པ་ལས་འབྱུང་བ་ལྟར་བྱའི་འདིར་མང་པོས་མི་ལང་ཞེས་བྱ་བར་དགོངས་སོ། །དེའི་ཕྱིར་ཁོ་བོས་ཀྱང་མང་དུ་སྤྲོ་བར་ག་ལ་ནུས། དཀྱིལ་འཁོར་གྱི་ཆོ་ག་ཉིད་ལས་བཙལ་བར་བྱའོ། །སྤྱི་རྒྱུད་ལས་ཀྱང༌། དེ་ནི་སྤྱི་ཡི་རྒྱུད་དག་ལས། །གསུངས་པའི་ཆོ་ག་མཁས་པས་བསྟེན། །ཞེས་སོ། །སློབ་དཔོན་ཀངྐ་ནས་ཀྱང༌། སློབ་མ་དབང་བསྐུར་ཆོ་ག་ནི། །གང་ནའང་གཅིག་གིས་རྫོགས་པ་མེད། །དེ་ཕྱིར་མཁས་པས་ཆོ་ག་ནི། །རྒྱུད་ཀུན་ལས་ནི་བསྡུ་བར་བྱ། །ཞེས་གསུངས་པ་ལྟ་བུའོ། །ལྔ་པ་རིག་མ་གཞུག་པ་ནི། བཅུ་གཉིས་ཞེས་བྱ་བ་ལ་སོགས་པའོ། །སྐབས་འདིར་ཅིའི་ཕྱིར་རིགས་མ་གཞུག་པར་བྱ་ཞེས་སྙམ་ན། སྤྱིར་སློབ་མས་བླ་མ་ལ་ཕྱག་རྒྱ་དབུལ་བ་ཡིན་ལ། དེའང་དུས་ནམ་ཡང་ངེས་པ་མེད་པ་ཡིན་མོད། འདིར་སྨོས་པ་ནི་སློབ་དཔོན་ཀུན་ནས་དཀྲིས་པ་ཆེ་བ་དང༌། བསྟན་པ་ལ་སྨོད་པའི་འཇིགས་པ་ལ་སོགས་པ་མེད་པ་དེའི་ཚེ། དངོས་ཀྱི་རིག་མ་ལ་བརྟེན་ཏེ་དཀྱིལ་འཁོར་བསྒྲུབ་པར་བྱའོ། །ཞེས་བྱ་བ་འདི་ལ་དགོངས་སོ། །ཀུན་ནས་དཀྲིས་པ་ཆུང་བ་དང༌། བསྟན་པ་ལ་སྨོད་པ་ལ་སོགས་པ་ནི་ནམ་དུ་ཡང་བསྟེན་པར་བྱ་བ་མ་ཡིན་ཏེ། དཔལ་ཁ་སྦྱོར་ལས། བསྟན་པ་ལ་སྨོད་པའི་འཇིགས་པ་དང༌། སྐྱེ་བོ་གདུག་པ་ཅན་རྣམས་ཀྱི་ནང་དུ་ནི་རང་གི་སེམས་འབའ་ཞིག་ལ་ལྷག་པར་མོས་པ་བྱའོ། །ཞེས་གསུངས་ཏེ། ཡེ་ཤེས་ཀྱི་རིག་མ་ལ་བརྟེན་པར་ཞེས་བྱ་བར་དགོངས་སོ། །དཀྱིལ་འཁོར་བསྒྲུབ་པ་ཉིད་ལ་རིག་མས་ཅི་བྱ་སྙམ་ན། འདི་ནི་རྣལ་འབྱོར་གྱི་རྒྱུད་ལ་སོགས་པ་ལས་ཁྱད་པར་ཏེ། ཆགས་ཅན་རྗེས་སུ་གཟུང་བ་དང༌། །དཀྱིལ་འཁོར་གྱི་འཁོར་ལོ་འདོད་ཆགས་ཆེན་པོའམ། ཐབས་ཤེས་རབ་ལས་བྱུང་བར་མཚོན་པར་བྱ་བའི་ཕྱིར། དམ་ཚིག་གི་དཀྱིལ་འཁོར་ནི་འབྱིན་པའི་ཚུལ་གྱིས་བསྒྲུབ་པའོ། །དེར་སྟ་གོན་གྱི་ལྷ་དང་གཉིས་སུ་མེད་པར་བྱེད་པས། ཡེ་ཤེས་པ་དགུག་གཞུག་གི་ཚུལ་གྱིས་བསྒྲུབ། སྐྱེ་མཆེད་ལ་སོགས་པ་བྱིན་གྱིས་བརླབ་པའི་ཚུལ་གྱིས་བསྒྲུབ། དབང་བསྐུར་ཞིང་རྒྱས་གདབ་པའི་ཚུལ་གྱིས་བསྒྲུབ། དེ་ལ་མཆོད་པ་ལ་སོགས་པས་བསྙེན་བཀུར་བའི་ཚུལ་གྱིས་བསྒྲུབ་པའོ་ཞེས་བྱ་བའི་དོན་ཏོ། །བཅུ་གཉིས་ལ་སོགས་པ་ནི་དབང་དུས་སུ་ལང་འཚོ་གཙོར་གྱུར་པས་སོ། །མ་དང་ཞེས་བྱ་བ་ལ་སོགས་པའི་རིག་མ་བརྒྱད་པོ་འདི་ནི་གྲངས་བརྒྱད་དགོས་པ་ནི་མ་ཡིན་ཏེ། སྔར་ལེའུ་ལྔ་པར་བསྟན་པའི་ཡོན་ཏན་དང་ལྡན་པ་ཞེས་པའམ། ཡང་ན་བླ་མའི་གསང་དབང་གི་ཡུམ་ནི་མ་ཡིན་ལ། ཤེས་རབ་ཡེ་ཤེས་ནི་སྲིང་མོ་ཞེས་བྱ་བ་ལ་སོགས་པ་བླ་མའི་འབྲེལ་པ་ནས་བརྩིས་པ་གང་ཡང་རུང་བ་དང་ལྡན་པ་ཞེས་བྱ་བར་དགོངས་སོ། །ཡང་ན་འདིར་དཀྱིལ་འཁོར་ལ་མཆོད་པ་བྱེད་པ་ལ་ཚོགས་ཀྱི་འཁོར་ལོ་བྱ་དགོས་ལ་དེ་ལ་རྣལ་འབྱོར་མ་བརྒྱད་དགོས་པ་སྟེ། འོག་ལེའུ་བདུན་པ་ལས་འཆད་པར་འགྱུར་རོ། །དེ་བས་ན་དམ་ཚིམ་དང་ལྡན་པའི་བུ་མོ་བརྒྱད་གོས་མེད་པར་བྱས་ལ་ཞེས་ཆོ་ག་ལས་འཆད་པའོ། །ཞེས་སློབ་དཔོན་བྲམ་ཟེ་ནག་པོའི་དགོངས་པའོ། །དམ་དུ་འཁྱུད་ཅེས་བྱ་བ་ལ་སོགས་པ་ནི་དེ་བསྟེན་པའི་ཚུལ་ལོ། །བདུན་པ་སློབ་མ་གཞུག་པ་ནི་དེ་ནས་ཐུན་ཚོད་གཉིས་པ་ཞེས་བྱ་བ་ལ་སོགས་པ་སྟེ། གཉིས་པ་ནི་དང་པོ་ལ་བསྒྲུབ་མཆོད་དང༌། སློབ་དཔོན་བདག་ཉིད་འཇུག་པར་བྱས་པས་ན་འདིར་གཉིས་པའོ། །གོས་ཀྱིས་བཀབ་ཅེས་བྱ་བ་ལ་སོགས་པ་འཇུག་པའི་ཆོ་ག་རྒྱས་པར་བྱས་པས་སོ། །དཀྱིལ་འཁོར་བསྟན་པ་ནི་དབྱིབས་དང་མིང་བསྟན་གྱི། དེ་ཁོ་ན་ཉིད་ནི་དབང་གི་རྗེས་ལའོ། །འདིར་ལེའུ་བཅུ་པར་ཁ་བསྐང་བའོ། །དབང་བསྐུར་བ་ལ་གཉིས་ཏེ། དབང་གི་ཆོ་ག་རྒྱས་པ་དང༌། ཤེས་རབ་ཡེ་ཤེས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི་མཚན་མོ་ཞེས་བྱ་བ་ལ་སོགས་པ་སྟེ། སློབ་དཔོན་ལ་སོགས་པ་ནི་ཐུན་མོང་གི་དབང་དང༌། ཐུན་མོང་མ་ཡིན་པའི་དབང་བཞིའི་དབྱེ་བས་སོ། །དེ་དག་ལའང་མཆོད་པ་ལ་སོགས་པ་བྱ་སྟེ་སྔར་བཤད་པར་ཤེས་ཞེས་བྱ་བ་ནི་རྣལ་འབྱོར་གྱི་རྒྱུད་རྒྱས་པའམ། རྡོ་རྗེ་གུར་དུའང་ལེའུ་གསུམ་པ་ལས་སོ། །དེའི་ཤེས་རབ་ཡེ་ཤེས་དེའི་ཡེ་ཤེས་ཀྱི་ཁྱད་པར་འཆད་པ་ནི་དེ་ལ་དེ་ཉིད་ཅེས་བྱ་བ་ལ་སོགས་པ་སྟེ། འདི་ལ་བཞི་སྟེ། ཡེ་ཤེས་སྐྱེ་བའི་དུས་དང༌། འདི་རྙེད་པར་དཀའ་བར་བསྟན་པ་དང༌། ཡེ་ཤེས་ཀྱི་མཚན་ཉིད་རྒྱས་པར་བཤད་པ་དང༌། ཡེ་ཤེས་སྐྱེད་པའི་ཐབས་ཀྱི་ཁྱད་པར་གཞན་དང༌། ཡེ་ཤེས་ཉིད་བརྗོད་པ་ཐམས་ཅད་དང་བྲལ་བར་བསྟན་པའོ། །དང་པོ་ནི་དགའ་བྲལ་དང་པོ་ཞེས་བྱ་བ་ལ་སོགས་པ་སྟེ་སྔར་བཤད་ཟིན་ཏོ། །ཐམས་ཅད་རྒྱུད་དུ་སྦས་པ་ནི་འདུས་པ་ལ་སོགས་པར་རོ། །མཐའ་དང་མཐའ་རུ་ཕྱེ་བ་ཉིད། །ཅེས་བྱ་བ་ནི་རྒྱུད་འདི་ཐམས་ཅད་ཀྱི་ཕྱི་མའི་ཕྱེ་མར་གྱུར་པ་ཞེས་བྱ་སྟེ། དེས་ན་འདིར་ལན་གྲངས་དུ་མས་གཏན་ལ་ཕབ་པའོ། །ཡང་ན་མཐའ་ནི་ཤེས་རབ་ཡེ་ཤེས་ཀྱི་དུས་སུ་རྩ་སྣར་ཞེས་མན་ངག་གོ །དེའི་ཡེ་ཤེས་རྒྱས་བཤད་ནི་ཞུས་པ་དང༌། ལན་གྱི་སྒོ་ནས་སྟོན་ཏེ། སྤྲོས་པ་འདི་ཐམས་ཅད་ལས་གྲོལ་བར་སྟོན་ཏོ། །སློབ་དཔོན་ཁ་ཅིག་འདི་དག་གིས་སྐད་ཅིག་གསུམ་པར་གསལ་བར་བྱེད་དོ་ཞེས་གསུངས་ཏེ། གོང་དུ་སུན་ཕྱུང་ཟིན་ཏོ། །ལོངས་སྤྱོད་ཀྱི་ནི་རླབས་གཉིས་ལས། །ཞེས་བྱ་བ་ལ་སོགས་པ་ནི། ཁ་ཅིག་གསང་དབང་དུ་འཆད། ཁ་ཅིག་ལས་ཀྱི་ཕྱག་རྒྱའི་ཡེ་ཤེས་སུ་འཆད། བླ་མ་རྣམས་ནི་མ་ནིང་གི་དབང་དུ་འཆད་དེ། འདི་བླ་མའི་ཞལ་ལས་རྟོགས་པར་འགྱུར་རོ། །དེའི་ཡེ་ཤེས་བརྗོད་པ་ཐམས་ཅད་དང་བྲལ་བར་བསྟན་པ་ནི། དེ་ནས་ཡེ་ཤེས་སྐྱེ་བར་འགྱུར། །ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །ལེའུ་ལྔ་པ་ཚིགས་སུ་བཅད་པ་བདུན་ཅུ་རྩ་གཉིས་ཀྱི་རྣམ་པར་བཤད་པའོ།། །།ལྷ་མོ་ལ་ནི་ཞེས་བྱ་བ་ལ་སོགས་པ་ནི་ལེའུ་དྲུག་པ་སྟེ། དང་པོ་ནི་ཕྱག་རྒྱ་ལྔའི་དགོས་པ་སྟོན་པར་བྱེད་དོ། །དེའི་འོག་ཏུ་བྲིས་སྐུའི་ཆོ་ག་འཆད་པར་བྱེད་དོ། །དེ་ལ་དང་པོ་སྤྱི་བོར་འཁོར་ལོ་ཞེས་བྱ་བ་ལ་སོགས་པ་རྣལ་འབྱོར་པ་སྤྱོད་པ་བྱ་བའི་དུས་སུ་གཟུང་ངོ་ཞེས་ཀྱང་གསུངས་ལ། དེའི་རྣམ་པར་དག་པ་འཁོར་ལོའི་གཟུགས་ཀྱིས་མི་བསྐྱོད་པ་ཞེས་བྱ་བ་ལ་སོགས་པའང་ལེའུ་དྲུག་པར་གསུངས་པ་ལ། དེ་དག་གི་དགོས་པའི་ཁྱད་པར་མ་གསུངས་པ་དེས་ན་དེ་ལེའུ་འདིར་གསལ་བར་མཛད་པར་དགོངས་ནས་གསུངས་པའོ། །དོན་ནི་འདི་ཡིན་ཏེ། རང་གི་རྒྱུད་བདེ་བ་ཆེན་པོས་མྱོས་པའི་ཚེ་བྱ་བ་ཐམས་ཅད་བརྗེད་ནས་འགྲོ་བ་ན་འདི་རྣམས་ལ་བརྟེན་ཏེ་མི་བརྗེད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཚིག་གི་དོན་ནི་གོ་བར་ཟད་དོ། །དེ་ནས་རབ་ཏུ་བཞད་མཛད་ནས། །ཞེས་བྱ་བ་ལ་སོགས་པ་ནི་བྲིས་སྐུའི་ཆོ་གའོ། །འདིས་བརྟག་པ་དང་པོའི་ལེའུ་གཉིས་པར་དངོས་གྲུབ་མཐའ་དག་གི་མངོན་པར་རྟོགས་པ་སྟོན་པའི་སྐབས་ཡིན་པ་ལ་སྐུ་རྡོ་རྗེའི་དམ་ཚིག་མ་གསུངས་པས་དེར་ཁ་བསྐང་བའོ། །ཡང་འདིས་ལས་དང་པོ་པས་ལྷའི་རྣམ་པ་གསལ་བའི་ཡན་ལག་ཏུ་འགྱུར་བ་ཡིན་པས། གོང་དུ་ལེའུ་གསུམ་པ་དང༌། བརྒྱད་པ་དང༌། གཉིས་པ་དང༌། ལྔ་པ་རྣམས་སུའང་གསལ་བར་བྱེད་དོ་ཞེས་བྱ་བའོ། །གལ་ཏེ་བྱ་བ་དང་སྤྱོད་པའི་རྒྱུད་དག་ཏུ་བྲིས་སྐུ་གསུངས་པ་ཡིན་ན། རྒྱུད་འདི་མཆོག་ཏུ་གྱུར་པས་བྲིས་སྐུས་ཅི་བྱ་སྙམ་ན། ཨེ་མའོ། །རྒྱུད་ཀྱི་དགོངས་པ་ཕྱོགས་གཅིག་ཏུ་བཟུང་བས་ནོངས་ཏེ། རྒྱུད་རེ་རེས་ནི་གང་ཟག་བསམ་གྱིས་མི་ཁྱབ་པའི་ལམ་སྟོན་པར་བྱེད་དོ། །དེ་བས་ན་བྲིས་སྐུའི་སྤྱན་སྔར་གྲུབ་པར་བྱེད་པའོ། །ཞེས་ཕྱི་རོལ་གྱི་དེ་བཞིན་གཤེགས་པ་ལ་མོས་པ་ནི་རྒྱུད་དམན་པ་ཡིན་ལ། འདིར་ལས་དང་པོ་པ་རྣམས་དམིགས་པ་གསལ་བའི་གྲོགས་བྱས་ནས། འདི་ལ་པཱུ་ཛ་བྱས་པས་ཀྱང་ཚོགས་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་བས་ན་དེའི་སྤྱན་སྔར་གྲུབ་པར་ཡང་འགྱུར་ཏེ་སྦྱིན་སྲེག་དང་འཁོར་ལོ་ལ་བརྟེན་ཏེ་གྲུབ་པ་བཞིན་ནོ། །མཆོག་འདོད་པ་ལས་དང་པོ་པས་ཀྱང་བསྐྱེད་པའི་རིམ་པ་གསལ་བར་བྱེད་དོ། །དེས་ན་དཔལ་གསང་བ་འདུས་པ་ལས་ཀྱང༌། བྲིས་པའི་དཀྱིལ་འཁོར་གསུངས་ནས། །ལུས་དང་ངག་སེམས་མཆོད་པ་ཡིས། །ནན་ཏན་དུ་ནི་མཆོད་པར་བྱ། །ཞེས་བྱ་བ་ནས། དེ་ལྟར་བྱས་ན་སངས་རྒྱས་དང༌། །བྱང་ཆུབ་སེམས་དཔའ་གྲགས་ཆེན་མཉེས། །ཞེས་གསུངས་སོ། །ལེའུ་བཅུ་དྲུག་པ་ལས་ཀྱང༌། རྡོ་རྗེ་སྐུ་ཡི་བཀའ་བཞིན་དུ། །དཀྱིལ་འཁོར་དག་གིས་ཐམས་ཅད་འགྲུབ། །ཅེས་སོ། །རྡུལ་ཚོན་གྱིས་བྲིས་པ་དང༌། རས་ལ་བྲིས་པ་ལ་ཁྱད་པར་ཅི་ཡོད་ལས་ཆུང་བས་འདི་ཉིད་མཆོག་གོ །བྲིས་སྐུ་ལ་སོགས་པ་ལ་སྨོད་པ་དེ་ནི་རྣལ་འབྱོར་པའི་རིམ་པ་སྟེ་དེས་ནི་བསྐྱེད་པའི་རིམ་པ་ལའང་སྨད་དོ། །དེ་ལྟ་བུས་ཀྱང་གཞན་དོན་དུ་གང་ལའང་འགལ་བ་མེད་དོ། །ཞུས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པའོ། །ལན་ལ་བཞི་ལས། གང་ཟག་ནི་འདིར་ནི་ཞེས་བྱ་བའོ་བྲི་བའི་ཚུལ་དང་རྣམ་པ་ནི་བྲིས་སྐུ་ཞེས་བྱ་བ་ལ་སོགས་པ་སྟེ། ཇི་ལྟར་རྡུལ་ཚོན་གྱི་དཀྱིལ་འཁོར་བྲི་བའི་ཚུལ་ཏེ། ཐིག་ནས་བསྒྲུབ་མཆོད་ཀྱི་བར་དུ་ཁྱད་པར་མེད་པར་དགོངས་སོ། །ཡང་རབ་ཏུ་གནས་པའང་ཤེས་པར་བྱའོ། །བྲི་བའི་གཞི་ནི་གང་གང་ཞེས་བྱ་བའོ། །ཆོ་ག་ནི་ཟླ་བ་ཟླ་བ་ཞེས་བྱ་བ་སྟེ། འོག་ཏུ་ལེའུ་བདུན་པའི་ཚོགས་ཀྱི་མཆོད་པའི་ཆོ་ག་ཇི་ལྟ་བས་ཞེས་བྱ་བར་དགོངས་སོ། །ལེའུ་དྲུག་པ་ཚིགས་བཅད་བཅུ་གསུམ་གྱི་འགྲེལ་པའོ།། །།དེ་ནས་ཞེས་བྱ་བ་ལ་སོགས་པས་ལེའུ་བདུན་པ་སྟེ་འདི་ལ་དོན་གཉིས་སོ། །དང་པོ་ནི་དེ་ལྟར་ལེའུ་དྲུག་པས་སྐུ་རྡོ་རྗེའི་དམ་ཚིག་བྲིས་སྐུ་གསུངས་ཀྱང༌། གསུང་རྡོ་རྗེ་དམ་ཚིག་མ་གསུངས་པས་མ་ཚང་བ་ཁ་བསྐང་བ་དང༌། གོང་དུ་ལེའུ་བདུན་པ་དང༌། བཅུ་པ་དང༌། གསུམ་པ་དང༌། བཞི་པ་དང༌། ལྔ་པ་དང༌། དྲུག་པ་རྣམས་སུ་ཚོགས་ཀྱི་བཟའ་བ་དགོས་པར་གསུངས་ཀྱང་ཇི་ལྟར་བཟའ་བའི་ཚུལ་མ་གསུངས་པས་དེ་དག་ཏུ་མ་ཚང་བ་ཁ་བསྐང་བའོ། །དང་པོ་ནི། ཞུས་པ་དང་ལན་ལས། ཞུས་པ་ནི། དེ་ནས་ཞེས་བྱ་བ་སྟེ། རྣལ་འབྱོར་པ་དྲན་པ་བརྗེད་པ་གསོ་བ་དང༌། རྟོགས་པ་སྤེལ་པ་དང༌། བཀླགས་པ་ལ་སོགས་པས་བསོད་ནམས་ཀྱི་ཚོགས་སྤེལ་བའི་ཕྱིར་ཏེ། དེ་བས་ན་ཞུས་པའོ། །དེའི་ལན་ལ་བཞི་སྟེ། དང་པོ་མཉན་པར་གདམས་པ་ནི་རྡོ་རྗེ་པདྨ་ཞེས་བྱ་བའོ། །བྲི་བའི་ཚུལ་ནི་སྦྲང་ཆེན་ཞེས་བྱ་བ་ལ་སོགས་པ་སྟེ། དམ་ཚིག་ཅན་ནི་དམ་ཚིག་དང་ལྡན་པ་སྟེ། དམ་ཚིག་དང་རྣལ་འབྱོར་དང་མཆོད་པ་ལ་སོགས་པ་དང་ལྡན་པས་ཞེས་བྱ་བར་དགོངས་སོ། །གསུམ་པ་གང་ལ་མི་བསྟན་པ་དང༌། བསྟན་པའི་ཚུལ་ནི་གླེགས་བམ་དང་ནི་ཞེས་བྱ་བ་ལ་སོགས་པའོ། །ལམ་དུ་ཇི་ལྟར་བྱ་བའི་ཚུལ་ནི། གླེགས་བམ་ལམ་གྱི་ཞེས་བྱ་བ་ལ་སོགས་པའོ། །ཚིག་གི་དོན་གོ་སླའོ། །བྷ་གར་ལིངྒ་ཞེས་བྱ་བ་ལ་སོགས་པས་ནི་ཚོགས་ཀྱི་བཟའ་བ་སྟེ། འདོད་པའི་ཡོན་ཏན་བསྟན་པའི་སྤྱོད་པ་ནི་ཚོགས་ཀྱི་འཁོར་ལོ་སྟེ་དེ་བས་ན་དེའི་ཆོ་ག་མཉན་པར་གདམས་པ་ནི་རྐང་པ་དྲུག་གོ །དགོས་པ་ནི་གང་དུ་ཞེས་བྱ་བ་རྐང་པ་གཉིས་སོ། །ལྷག་མས་ནི་ཆོ་ག་དངོས་སྟོན་ཏོ། །དེ་ལ་གང་དུ་ཟོས་པས་འདོད་དོན་ཀུན། །གྲུབ་པ་ཡིན་གྱི་དངོས་གྲུབ་འབྱུང༌། །ཞེས་བྱ་བ་ནི་མཆོག་ཐུན་མོང་གི་དངོས་གྲུབ་ཏུ་འགྱུར་བའོ། །དེའི་རྒྱུ་ནི་ཟོས་པས་ཞེས་བྱ་བ་འདོད་པའི་ཡོན་ཏན་ལ་ལོངས་སྤྱོད་པས་སོ། །དེ་ལྟར་སྤྱད་པས་ཅིའི་ཕྱིར་འགྲུབ་སྙམ་ན། དཔལ་གསང་བ་འདུས་པ་ལས་ཀྱང༌། དཀའ་ཐུབ་དཀའ་སྤྱད་མི་བཟད་པས། །བསྒྲུབས་ཀྱང་འགྲུབ་པར་མི་འགྱུར་རོ། །འདོད་པའི་ལོངས་སྤྱོད་ཐམས་ཅད་ནི། །བསྟེན་ན་མྱུར་དུ་འགྲུབ་པར་འགྱུར། །ཞེས་སོ། །རིགས་པ་ནི་ཕྱི་རོལ་གྱི་སངས་རྒྱས་ལ་མཆོད་པས་ཀྱང་འགྲུབ་པར་འགྱུར་ན། བདག་ཉིད་སངས་རྒྱས་སུ་ཡིན་པ་མཆོད་ན་སྨོས་ཅི་དགོས་ཞེས་བྱ་བ་སྟེ། བདེ་མཆོག་སྒྱུ་མ་ལས་ཀྱང༌། སངས་རྒྱས་ཐམས་ཅད་བདག་ཉིད་ཀྱི། །ར་ས་ཡ་ན་བདེ་བ་དེས། །རྡོ་རྗེ་སེམས་དཔའི་དཔལ་དང་ཚེ། །ལང་ཚོ་ནད་མེད་བདེ་མཆོག་འགྲུབ། །ཅེས་སོ། །གལ་ཏེ་འདིས་མཆོག་སངས་རྒྱས་གྲུབ་པ་ལྟ་ཞོག ཉོན་མོངས་པ་འཕེལ་བར་བྱེད་པའོ་ཞེ་ན། མ་ཤེས་ན་དེ་ལྟར་འགྱུར་ཡང་ཤེས་པ་ལ་མ་ཡིན་ཏེ། དཔལ་མཆོག་དང་པོ་ལས། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འཛིན་པས་དུག་ཏུ་འགྱུར་བ་ཡིན། །དུག་ནི་ཉེ་བར་ཞི་གྱུར་ན། །དུག་ནི་དུག་མེད་བྱས་པ་ཡིན། །ཞེས་བྱ་བ་ལ་སོགས་པ་སྟེ། འདི་ནི་གོང་དུ་ལེའུ་གཉིས་པར་ཡང་བཤད་ལ་གཞན་དུ་རྒྱས་པར་རྟོགས་པར་འགྱུར་བས་མང་པོ་སྤྲོ་བར་མི་བྱའོ། །འདིས་ཐུན་མོང་གི་དངོས་གྲུབ་གྲུབ་པ་ནི་མཁའ་འགྲོ་མ་རྣམས་མཉེས་པར་འགྱུར་བའི་ཕྱིར་རོ། །ཞེས་དགོངས་སོ། །དེ་ལྟར་བཟའ་བའི་ཆོ་ག་ལ་དྲུག་སྟེ། གནས་ནི་དུར་ཁྲོད་ཅེས་བྱ་བ་ལ་སོགས་པ་སྟེ་ཁང་པ་སུམ་བརྩེགས་ཡོད་པའམ་མེད་ནའང་འདི་ཉིད་དོ། །དེར་གདན་བཀོད་པ་ནི་དེ་ལ་ཞེས་བྱ་བ་ལ་སོགས་པ་སྟེ་ལྷ་གྲངས་དང་རྗེས་སུ་མཐུན་པའོ། །རྣལ་འབྱོར་པ་རྣམས་ཀྱི་བཀོད་པ་ནི་དབུས་སུ་ཞེས་བྱ་བ་ལ་སོགས་པ་སྟེ། བདག་ཉིད་དཀྱིལ་འཁོར་གྱི་རྣམ་པ་ཇི་ལྟ་བ་བཞིན་བྱས་ནས་མཆོད་པ་སྟེ། ཕྱི་རོལ་གྱི་ལ་མཆོད་པ་ནི་མ་ཡིན་ནོ། །འོ་ན་རྒྱུད་གཞན་ལས་མདུན་གྱི་དཀྱིལ་འཁོར་ལ་མཆོད་པ་གསུངས་པ་དེ་ཇི་ལྟར་དྲང་ཞེ་ན། དེ་ནི་ལས་དང་པོ་པ་སྤྲོས་པ་ལ་དགའ་བའི་དབང་དུ་བྱས་པ་ཡིན་ནོ། །རྡོ་རྗེ་གུར་ལས། སངས་རྒྱས་ཀྱི་གར་གསུངས་པའང་འདི་དང་འདྲའོ། །དེ་ལྟར་ནང་གི་རྣལ་འབྱོར་བཀོད་ནས། ཚོགས་ཀྱི་སྐྱེ་བོ་གཞན་དེའི་ཕྱི་རོལ་དུ་ཞེས་ཤུགས་ལས་ཤེས་པར་འགྱུར་རོ། །རྣལ་འབྱོར་རྫོགས་ནས་ཐོག་མར་མ་ད་ནས་མཆོད་པ་ནི། སྐྱེས་པའི་ཐོད་ཆེན་ཞེས་བྱ་བ་ལ་སོགས་པའོ། །དེ་ནས་བཟའ་བ་གཞན་བཟའ་བ་ནི། དམ་ཚིག་མ་ལ་ཏིནྡྷ་ནཾ་ཞེས་བྱ་བ་ལ་སོགས་པའོ། །ཚོགས་ཀྱི་དཀྱིལ་འཁོར་བྱ་བ་ནི་དེར་ནི་ཟོས་ནས་ཞེས་བྱ་བ་ལ་སོགས་པའོ། །འདི་དག་གི་ཆོ་ག་རྒྱས་པར་འདིར་མི་སྦྱར་ཏེ། སློབ་དཔོན་པདྨ་བས་མཛད་པའམ། སློབ་དཔོན་ཌོམྦི་བས་མཛད་པའི་ཚོགས་ཀྱི་ཆོ་ག་བཞིན་དུ་འདིར་ཡང་ཤེས་པར་བྱའོ། །འགྲེལ་པ་མཁན་པོས་ནང་གི་ཚོགས་ཀྱི་དཀྱིལ་འཁོར་ཤིན་ཏུ་སྤྲོས་པ་མེད་པར་གསུངས་པ་དེ་འདིར་བླ་མ་མི་གསུངས་བས་མི་བྲིའོ། །ལེའུ་བདུན་པ་ཚིགས་སུ་བཅད་པ་བཅོ་ལྔའི་འགྲེལ་པའོ།། །།དེ་ནས་ཞེས་བྱ་བ་ལ་སོགས་པས་ལེའུ་བརྒྱད་པ་སྟེ། འདིར་ཕྱག་རྒྱ་ཆེན་པོའི་མཚན་ཉིད་དང༌། སྨོན་ལམ་དང༌། རིམ་གྱིས་འདུལ་བ་གསུམ་གསུངས་སོ། །དང་པོ་ལ་གཉིས་ལས། ཞུས་པ་ནི། དེ་ནས་རྣལ་འབྱོར་མ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་ལེའུ་བདུན་པ་ཡན་ཆད་ཐམས་ཅད་དུ་ཕྱག་རྒྱ་བསྟེན་པར་བྱའོ་ཞེས་བྱ་བ་གསུངས་པ་ལ། རིགས་ཀྱི་དབྱེ་བ་དང༌། སྦྱངས་པའི་རིམ་པ་དང༌། མཚན་ཉིད་ཅུང་ཟད་ཙམ་གསུངས་ཀྱང༌། ཕྱག་རྒྱ་ཆེན་པོའི་ཡེ་ཤེས་སྐྱེད་པ་ནི་ཡོན་ཏན་གྱི་ཁྱད་པར་འདི་ལྟ་བུ་དང་ལྡན་ནོ་ཞེས་དེའི་མཚན་ཉིད་རྒྱས་པར་མ་གསུངས་པ་དེས་ན་ཞུ་བའི་དོན་ཏོ། །དེའི་ལན་ནི་ཤིན་ཏུ་རིང་མིན་ཞེས་བྱ་བ་ལ་སོགས་པ་སྟེ། སྤྱིར་གླང་པོ་ཅན་དང༌། རི་དྭགས་ཅན་དང༌། དུང་ཅན་དང༌། སྣ་ཚོགས་ཅན་དང༌། པད་ཅན་མ་ཞེས་བྱ་བ་ལ་སོགས་པད་ཅན་མ་འདི་ཉིད་མཆོག་ཡིན་པས་འདིའི་མཚན་ཉིད་བསྟན་པའོ། །འདི་རྙེད་ན་དངོས་གྲུབ་འགྱུར་བ་སྟེ། སྐྱེ་བ་འདི་ཉིད་ལ་ཞེས་བྱ་བའི་དོན་ཏེ་གང་ཟག་དབང་པོ་རབ་ཀྱི་དོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་སྨོན་ལམ་གདབ་པ་སྟེ། དེ་ལྟར་དབང་པོ་རབ་ཏུ་མ་གྱུར་ན་གོང་དུ་བསྟན་པའི་རིམ་པ་གཉིས་པོ་མཐའ་དག་གི་མཇུག་ཏུ་སྨོན་ལམ་གདབ་པ་མ་གསུངས་པས་དེ་ཞུ་བའི་དོན་ཏོ། །ལན་གྱི་དོན་ནི་རྣལ་འབྱོར་པ་དམ་ཚིག་དང་ལྡན་ན་སྐྱེ་བ་བཅུ་དྲུག་ཚུན་ཆད་ལ་ངེས་པར་འགྲུབ་སྟེ། ཇི་སྐད་དུ། དམ་ཚིག་ལྔ་པ་ལས། གལ་ཏེ་ལྟུང་བ་མེད་གྱུར་ན། །སྐྱེ་བ་བཅུ་དྲུག་དག་ན་འགྲུབ། །ཅེས་གསུངས་པ་ལྟ་བུའོ། །དེ་དག་གི་བར་དུ་རྣལ་འབྱོར་པ་ལམ་གཞན་དུ་གྱུར་ན་ལམ་རིང་ངོ༌། །དེ་བས་ན་སྨོན་ལམ་གདབ་པས་ནི་ངེས་པར་འགྱུར་རོ་ཞེས་བྱ་བ་ནི་རིགས་སུ་སྐྱེ་དང་ཞེས་བྱ་བ་ལ་སོགས་པའོ། །ཚིག་གི་དོན་ནི་གོ་སླའོ། །གང་ཟག་འབྲིང་དང་ཐ་མའི་ལམ་བསྟན་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་དོན་གསུམ་པ་སྟེ། སློབ་དཔོན་གྱི་གནས་ཐོབ་པས་སེམས་ཅན་གྱི་དོན་བྱེད་པ་ཡིན་ན། དེ་ལ་གང་ཟག་ཐོག་མ་ཉིད་ནས་གསང་བའི་ལམ་ལ་མོས་པ་རྣམས་ཀྱི་ཐབས་ཀྱང་གསུངས་ཤིང༌། དྲག་ཤུལ་གྱིས་གཞུག་པའང་ལེའུ་བདུན་པ་དང་བཅུ་གཅིག་པར་གསུངས་ན། ཤིན་ཏུ་གདུལ་དཀའ་བ་རིམ་གྱིས་ཞི་བས་གཞུག་པའི་ཐབས་ཇི་ལྟ་བུ་ཞེས་ཞུ་བའི་དོན་ཏོ། །དེའི་ལན་ནི་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པའོ། །དོན་ནི་འདི་ཡིན་ཏེ། སློབ་དཔོན་བློ་གྲོས་ཆེན་པོ་སློབ་མའི་བསམ་པ་ཤེས་ཤིང་རྗེས་སུ་མཐུན་པའི་ཆོས་སྟོན་པར་ནུས་པ་ནི་གཞན་གྱི་དོན་བྱེད་པ་ལ་དབང་བས། དེས་གསོ་སྦྱོང་ལ་སོགས་པ་འདི་དག་བསྟན་པར་བྱའོ། །དེ་ཁོ་ན་ཉིད་ལ་འཇུག་པ་ལས། བླ་མས་སློབ་མའི་བསམ་ཤེས་ནས། །རྗེས་སུ་སྟོན་པ་བྱེད་པ་གང༌། །དེས་ནི་སློབ་དཔོན་ཉིད་ཡིན་གྱིས། །གཞན་དག་སློབ་མ་བསྡུ་འོས་མིན། །ཞེས་བཤད་པ་ལྟ་བུའོ། །གལ་ཏེ་རྣལ་འབྱོར་ཆེན་པོའི་རྒྱུད་འདིར་དབང་ལ་སོགས་པའི་ཐབས་གཅིག་ཁོ་ནས་ཆོག་གི གསོ་སྦྱོང་ལ་སོགས་པ་མང་པོས་ཅི་བྱ་སྙམ་ན། བྱང་ཆུབ་སེམས་དཔས་ནི་སེམས་ཅན་གང་ཡང་དོར་བར་བྱ་བ་མ་ཡིན་ན། དེས་ན་ཐབས་སྣ་ཚོགས་དགོས་ཏེ། བཞི་བརྒྱ་པ་ལས། ལ་ལའི་བླ་མར་གྱུར་པ་སྟེ། །ལ་ལ་ཡི་ནི་སློབ་མར་བསྒྱུར། །ཐབས་རིགས་སྣ་ཚོགས་ཐབས་རྣམས་ཀྱིས། །མ་རྟོགས་སེམས་ཅན་རྟོགས་པར་བྱེད། །ཅེས་གསུངས་སོ། །དེ་བས་ན་སློབ་དཔོན་བློ་གྲོས་ཆེན་པོ་དེ་ལ་འགའ་ཞིག་སློབ་དཔོན་གྱི་ཕྱིར་གསོལ་བ་འདེབས་ན། དེ་ལ་སླར་དྲི་བ་ལ་སོགས་པས་དེའི་བསམ་པ་རྗེས་སུ་རྟོགས་པར་བྱའོ། །གལ་ཏེ་བློ་གྲོས་ཆེན་པོ་ཉིད་ཡིན་ན་དེ་ལ་ཐེག་པ་མཆོག་ཉིད་སྦྱིན་པར་བྱ་སྟེ། རྒྱ་ཆེ་ཆོས་ཀྱི་སྣོད་གྱུར་པ། །ཐེག་པ་དམན་ལ་སྦྱར་མི་བྱ། །ཞེས་སྤྱོད་འཇུག་ལས་གསུངས་སོ། །གལ་ཏེ་དེ་བློ་དམན་པ་ཞིག་ཏུ་མཐོང་ན་དེའི་བློ་རྒྱ་བསྐྱེད་པར་བྱ་བའི་ཕྱིར་རིམ་གྱིས་སྦྱང་བར་བྱའི་ཅིག་ཅར་དུ་མི་བསྟན་ཏེ། དམན་ལ་ཟབ་དང་རྒྱ་ཆེ་དང༌། །ཞེས་བྱ་བའི་སྐྱོན་དུ་འགྱུར་རོ། །དེ་བས་ན་ལང་ཀར་གཤེགས་པ་ལས་ཀྱང༌། རང་གི་སེམས་སྣང་བའི་རྒྱུད་རིམ་གྱིས་དག་པར་འགྱུར་གྱི། ཅིག་ཅར་གྱིས་མ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པ་དཔེ་དང་བཅས་ཏེ་གསུངས་སོ། །ཡང་བློ་གྲོས་རྒྱ་ཆེ་བ་ཉིད་ལའང་ལམ་གྱི་སྒྲོ་འདོགས་བཅད་པའི་དོན་དུའམ། གཞན་འཛིན་པའི་དོན་དུ་འདི་དག་བསླབ་པར་བྱ་ཞེས་བྱ་བའོ། །དེ་ལ་རིམ་གྱིས་སྦྱང་བ་ནི། དེ་ཁོ་ན་ཉིད་འདུས་པ་ལ་སོགས་པར་དཀྱིལ་འཁོར་དུ་བཞུགས་པ་ལ་སོགས་པ་རིམ་གྱིས་གསུངས་ཀྱང༌། རྒྱུད་འདིར་ཐེག་པ་ཐུན་མོང་བ་དང་མཐུན་པར། སྐལ་ངན་གྱི་སེམས་ཅན་དེ་བློ་གྲོས་རྒྱ་ཆུང་བ་ལ། དང་པོར་གསོ་སྦྱོང་སྦྱིན་པར་བྱ། །ཞེས་སྨོས་སོ། །དེ་ལ་གསོ་བ་ནི་དགེ་བའི་ས་བོན་གསོ་ལ། སྦྱོང་བ་ནི་སྡིག་པ་སྦྱོང་བ་སྟེ། འདི་ནི་ཚེ་འདི་འབའ་ཞིག་ཙམ་དོན་དུ་གཉེར་ཞིང༌། མཐོ་རིས་ཙམ་ལའང་འདོད་པ་མེད་པ་རྗེས་སུ་གཟུང་བའི་དོན་ཏོ། །དེ་ལ་གསོ་སྦྱོང་སྟེར་བ་ལ་སྐྱབས་སུ་འགྲོ་བ་དགོས་ཏེ། གཞན་ལ་བསྙེན་གནས་ཡོད་མོད་ཀྱི། །སྐྱབས་སུ་མ་སོང་བ་ལ་མེད། །ཅེས་མཛོད་ལས་སོ། །སྐྱབས་འགྲོ་སྐྱེ་བ་ལ་འཇིགས་དགོས། དཀོན་མཆོག་གི་ཡོན་ཏན་དྲན་དགོས་སོ། །དེ་བས་ན་དང་པོ་ཚེ་འདི་དོན་མེད་པ་དང༌། འཆི་བའི་འཇིགས་པ་དང༌། ངན་སོང་གི་འཇིགས་པ་བཤད་དོ། །དེའི་རྗེས་ལ་དཀོན་མཆོག་གི་ཡོན་ཏན་མདོར་བསྡུས་པ་ཙམ་བསྟན་པར་བྱའོ། །དེས་ན་འཇིགས་པ་ལས་སྐྱོབ་པར་འདོད་པས་སྐྱབས་སུ་འགྲོ་བའོ། །དེ་ལ་མཐོ་རིས་ཐོབ་པར་བྱེད་པའི་རྒྱུར་གསོ་སྦྱོང་སྦྱིན་ཏེ། བཤེས་པའི་སྤྲིང་ཡིག་ལས། གསོ་སྦྱོང་འདོད་སྤྱོད་ལྷ་ལུས་ཡིད་ཡོང་བ། །སྐྱེས་པ་བུད་མེད་དག་ལ་སྩོལ་བར་བགྱི། །ཞེས་སོ། །འདིའང་ཡན་ལག་བརྒྱད་དང་ལྡན་པ་སྟེ། མཛོད་ལས། ཚུལ་ཁྲིམས་ཡན་ལག་བག་ཡོད་པའི། །ཡན་ལག་བརྟུལ་ཞུགས་ཡན་ལག་སྟེ། །བཞི་གཅིག་དེ་བཞིན་གསུམ་རིམ་བཞིན། །དེ་ཡིས་དྲན་ཉམས་དྲེགས་པར་འགྱུར། །ཞེས་སོ། །འདི་ནི་ཉིན་ཞག་གི་མཐའ་སྟེ། ནང་པར་རེ་རེ་ཞིང་གཞན་ལས་ནོད་པར་བྱའོ། །དེ་རྗེས་བསླབ་པའི་གནས་བཅུ་སྦྱིན། །ཞེས་བྱ་བ་ལ། དེ་ལྟར་ཉིན་ཞག་གི་མཐའི་རྗེས་ལ་ཡང་ནུས་ན་བཅུ་ཉིད་ཡིན་ལ། མི་ནུས་པ་ལ་སྣ་གཅིག་སྤྱོད་པ་དང༌། སྣ་འགའ་སྤྱོད་པ་དང༌། ཕལ་ཆེར་སྤྱོད་པ་དང༌། ཡོངས་སུ་རྫོགས་པའི་དགེ་བསྙེན་གྱི་བར་རོ། །དེ་ནས་བསླབ་པའི་གནས་བཅུ་ནི། གང་ཞིག་སྲོག་གཅོད་གཞན་གྱི་ནོར་འཕྲོག་དང༌། །མི་ཚངས་སྤྱོད་བརྫུན་བཅོས་པའི་ཆང་ལ་སོགས། །གར་སོགས་ཕྲེང་སོགས་མལ་ཆེན་མཐོ་བ་དང༌། །དུས་མིན་ཁ་ཟས་དངུལ་ལས་ལྡོག་བྱེད་པ། །ཡན་ལག་བཅུ་ནི་དགེ་ཚུལ་སྡོམ་པ་ཡིན། །ཞེས་བྱ་བ་འདིའམ། ཡང་ན་མི་དགེ་བ་བཅུ་པོ་མཐའ་དག་སྤོང་བ་འདི་ལ་བྱའོ། །དེ་ལྟར་ལྡོག་པའི་ཚུལ་ཁྲིམས་དང་འཇུག་པའི་ཚུལ་ཁྲིམས་ལ་ལེགས་པར་གནས་ནས། དེའི་འོག་ཏུ་ཤེས་རབ་རྣམ་པ་གསུམ་བསྐྱེད་པར་བྱ་སྟེ། ཇི་སྐད་དུ། ཚུལ་གནས་ཐོས་དང་བསམ་ལྡན་པས། །བསྒོམ་པ་ལ་ནི་རབ་ཏུ་སྦྱར། །ཐོས་སོགས་ལས་བྱུང་བློ་རྣམས་ནི། །མིང་དང་གཉི་ག་དོན་ཡུལ་ཅན། །ཞེས་སོ། །དེ་བས་ན་དེ་ལ་བྱེ་བྲག་སྨྲ་བ་བསྟན་ཞེས་བྱ་སྟེ། བསྟན་བཅོས་བྱེ་བྲག་ཏུ་བཤད་པ་སྟེ་དེ་ཉིད་བརྩེ་ཞིང་སྟོན་ལ། མདོ་སྡེ་ཐམས་ཅད་དྲང་བའི་དོན་དུ་བྱས་ནས་བསྟན་བཅོས་ཚད་མར་བྱེད་པ་དེ་ལས་མིང་དེ་སྐད་ཅེས་བྱའོ། །འདིས་ནི་འདུས་བྱས་དང་འདུས་མ་བྱས་ཞེས་བྱ་བའམ། ཟག་བཅས་དང་ཟག་པ་མེད་པ་ཞེས་བྱ་བར་བསྡུས་ནས་སམ། ཕུང་པོ་དང༌། སྐྱེ་མཆེད་དང༌། བདེན་པ་ལ་སོགས་པའི་དབྱེ་བའི་སྒོ་ནས་ཐོག་མར་ཐོས་བསམ་གྱི་ལྟ་བ་གཏན་ལ་འབེབས་སོ། །དེ་ནས་ཞི་གནས་དང་ལྷག་མཐོང་བསྒོམ་པ་ལ་འཇུག་གོ །དེས་འབྲས་བུ་བྱང་ཆུབ་རྣམ་གསུམ་དུ་འགྱུར་རོ་ཞེས་བྱ་བ་དེ་ལྟ་བུ་ཡིན་ཏེ། འདི་གཞུང་ལུགས་ནི་མཐའ་ཡས་མོད་ཀྱི། གངས་ཅན་འདི་ན་ཁ་ཆེ་བྱེ་བྲག་ཏུ་སྨྲ་བའི་ལུགས་ཙམ་སྟོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པ་འདི་ཙམ་ལ་བརྟེན་ཏེ་ཤེས་པར་ནུས་སོ། །འདི་ནི་སངས་རྒྱས་པའི་གྲུབ་པའི་མཐའ་ཐམས་ཅད་ཀྱི་གཞི་མ་ལྟ་བུ་ཡིན་ནོ། །དེ་ཤེས་ནས་མདོ་སྡེ་པ་ཞེས་བྱ་བ་སྟེ། མདོ་སྡེ་ཉིད་ཚད་མར་བྱེད་པས་དེ་སྐད་ཅེས་བྱ་སྟེ། ཉན་ཐོས་གྲུབ་མཐའ་འཛིན་པ་བ་ཉིད་ལ་ཡོད་པའི་གསུང་རབ་ཡན་ལག་བཅུ་གཉིས་པོ་ལ་བརྟེན་པ་སྟེ། འདིའང་སྔ་མའི་གྲུབ་མཐའ་ཉིད་ལ་སྣང་བ་སེམས་ཡིན་ནོ་ཞེས་བྱ་བའམ། བྱང་ཆུབ་ཀྱི་ཕྱོགས་གོ་རིམ་བཞིན་དུ་སྐྱེའོ་ཞེས་བྱ་བའམ། ཆོས་མངོན་པ་བདུན་ལ་སོགས་པ་ལ་ཚད་མར་མི་བྱེད་པ་ལ་སོགས་པ་ཁྱད་པར་འགའ་ཞིག་གིས་ཕྱེ་བ་ཡིན་ཏེ། འདིའི་ལུགས་ཀྱི་བསྟན་བཅོས་ནི་གངས་ཅན་འདི་ན། མཛོད་ཀྱི་འགྲེལ་པའམ། ཆོས་མངོན་པ་ཀུན་ལས་བཏུས་པ་ཞེས་བྱ་བ་འདི་ཙམ་ཡིན་ནོ། །མདོ་ནི་ལུང་སྡེ་བཞིའམ། དྲན་པ་ཉེ་བར་གཞག་པ་ལ་སོགས་པ་འགའ་ཙམ་ལས་བོད་ན་མི་སྣང་ངོ༌། །དེ་ལྟར་གཉིས་ནི་གྲུབ་པའི་མཐའ་འཛིན་པས་ཉན་ཐོས་ཀྱི་གཞུང་ལུགས་ཡིན་ནོ། །གལ་ཏེ་དེ་ལྟ་ན་སློབ་དཔོན་ཤཱནྟི་པ་དང་མཻ་ཏྲཱི་བ་ལ་སོགས་པས། མདོ་སྡེ་པ་འདི་ཐེག་པ་ཆེན་པོའི་མདོ་ཟབ་མོ་མ་ཡིན་པ་ལ་ཞུགས་པ་ཞེས་བྱ་བར་བཤད་པ་འདི་ཇི་ལྟར་དྲང་ཞེ་ན། དེ་ནི་དྲང་བར་བྱ་བ་མ་ཡིན་ཏེ་རང་གི་གྲུབ་པའི་མཐའི་རྟོག་པས་རང་བཟོར་སྦྱར་བའི་ཕྱིར་རོ། །ཇི་ལྟར་ཞེ་ན། ས་བཅུ་པ་ལ་སོགས་པའི་མདོ་ནི་ངེས་པའི་དོན་སྟོན་པ་ཡིན་ན་ཇི་ལྟར་ཟབ་མོ་མ་ཡིན། ཡང་རྣལ་འབྱོར་སྤྱོད་པ་དང༌། དབུ་མ་ཞེས་བྱ་བ་སྤྱི་སྒྲ་བྱེ་བྲག་ལ་ཞུགས་པ་འདིའང༌། སེམས་ཙམ་པ་འདིས་གཅིག་ཏུ་བསྡུས་ན་ཐ་དད་དུ་བྲིས་པ་ལ་དགོས་པ་མེད་དོ། །དེས་ན་དོར་བར་བྱའོ། །གལ་ཏེ་འདི་ནི་གྲུབ་མཐའ་མཁས་པ་ཡིན་པས་གདོན་མི་ཟ་བར་དྲང་བར་བྱའོ་ཞེ་ན། དེ་ལྟར་ནའང་ཐེག་པ་ཆེན་པོའི་གཞུང་ཉིད་ལ་རིགས་ཅན་གསུམ་གྱི་ལམ་ཡོད་པས་རིམ་གྱིས་ཁྲིད་པ་སྟེ། བྱེ་བྲག་ཏུ་སྨྲ་བ་ནི་བརྡ་ནི་ཉན་ཐོས་ཀྱི་ལམ་ཡིན་པ་དང༌། དེ་ནས་རང་སངས་རྒྱས་དང༌། དེ་ནས་རྒྱ་ཆེ་བའི་མདོ་སྡེ་ཀློག་པ་ཙམ་དང༌། དེ་ནས་སེམས་སུ་བསྒྲུབ་པ་ཙམ་དང༌། དེ་ནས་གཟུང་འཛིན་ལས་གྲོལ་བ་ཞེས་རིམ་གྱིས་མངོན་པར་རྟོགས་པ་སྐྱེ་བ་ལ་བསམས་ནས་རིགས་པར་བྱའི། གྲུབ་མཐའ་སོ་སོ་བ་ནི་མ་ཡིན་ནོ། །གྲུབ་མཐའ་ཡིན་ན་སྐྱོན་དུ་འགྱུར་ཏེ། ཐེག་པ་ཆེན་པོའི་མདོ་བཀར་བསྒྲུབས་ན་མདོ་སྡེ་མཐའ་དག་བཀར་བསྒྲུབ་དགོས་པར་འགྱུར་རོ། །གལ་ཏེ་ཉན་ཐོས་ལས་གྲགས་པ་དེ་དག་མི་དགོས་ན། དེ་དག་གི་མདོ་ལས་ཚད་མར་བྱེད་པའི་ཕལ་ཆེན་སྡེ་པ་ལ་སོགས་པ་དེ་དག་མདོ་སྡེ་པར་ཅིའི་ཕྱིར་མི་འགྱུར། ཡང་འདི་སློབ་དཔོན་ཆེ་བ་གཞན་གྱིས་ཀྱང་ཉན་ཐོས་སུ་བཤད་དེ། སྤྱོད་པ་བས་ཀྱང་ཉན་ཐོས་མདོ་སྡེ་པ་ཞེས་སོ། །སློབ་དཔོན་བྷ་ཝས་ཀྱང་ཐམས་ཅད་ཡོད་པར་སྨྲ་བ་ལ་གཉིས་ཏེ། གཞི་པ་དང༌། མདོ་སྡེ་སྨྲ་བ་ཞེས་གྲག་གོ་ཞེས་གསུངས་སོ། །དེ་བས་ན་བྱེ་བྲག་ཏུ་བཤད་པ་ལ་ཚད་མར་མི་བྱེད་པའི་ཉན་ཐོས་ཐམས་ཅད་མདོ་སྡེ་པར་རིགས་པར་བྱའོ། །མདོ་སྡེ་པ་འདི་ནི་ཐེག་པ་ཆེན་པོ་ལ་ཉེ་བ་ཡིན་ནོ། །དེ་ནས་ཟབ་པ་དང་རྒྱ་ཆེ་བ་ལ་ལྷག་པར་མོས་པ་ཐེག་པ་ཆེན་པོ་པར་བྱ་བས། དང་པོ་དེ་ལ་རྣལ་འབྱོར་སྤྱོད་པ་བསྟན་ཏེ། ཀྱེ་རྒྱལ་བའི་སྲས་དག ཁམས་གསུམ་པོ་འདི་ནི་སེམས་ཙམ་མོ་ཞེས་སྟོན་པ་སྟེ། དགོངས་པ་ངེས་པར་འགྲེལ་པ་ལ་སོགས་པའི་མདོ་དང༌། ཐེག་པ་ཆེན་པོ་བསྡུས་པ་ལ་སོགས་པའི་བསྟན་བཅོས་རྣམས་ཡིན་ཏེ། འདི་ནི་ཐེག་པ་ཆེན་པོ་གྲུབ་པའི་མཐའི་གཞི་ལྟ་བུ་ཡིན་ནོ། །དེ་རྗེས་དབུ་མ་པ་ཡང་བསྟན། །ཅེས་བྱ་བ་སྟེ། ཇི་ལྟར་སྣང་བ་ཐམས་ཅད་ཀུན་རྫོབ་ཙམ་སྟེ། རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར་མཐའ་ཐམས་ཅད་ལས་གྲོལ་བས་དབུ་མའོ། །འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའམ། ལང་ཀར་གཤེགས་པ་ལ་སོགས་པའི་མདོ་དང༌། རིགས་པའི་ཚོགས་ལ་སོགས་པའི་བསྟན་བཅོས་སོ། །དེ་ལྟར་ཐེག་པ་ཆེན་པོ་ཐུན་མོང་བ་བསྟན་པས་བྱང་ཆུབ་སེམས་དཔར་གྱུར་པས། རང་དང་གཞན་གྱི་དོན་མྱུར་དུ་འགྲུབ་པར་བྱ་བའི་ཕྱིར་གསང་སྔགས་ཀྱི་ལམ་སྟོན་ཏོ། །དེའང་སྔགས་ཀྱི་རིམ་པ་ཀུན་ཏེ། དང་པོར་གཙང་སྦྲ་ལ་སོགས་པ་ཕྱིའི་བྱ་བ་གཙོ་བོར་སྟོན་པ་བྱ་བའི་རྒྱུད་ཀྱི་ལམ་ལ་གཞུག་གོ །དེ་ནི་ལེགས་པར་གྲུབ་པ་དང༌། དཔུང་པ་བཟང་པོ་ལ་སོགས་པའོ། །དེ་ནས་གཙང་སྦྲ་ལ་སོགས་པ་ལ་སྨད་དེ་ཕྱིའི་བྱ་བ་དང༌། ནང་ཏིང་ངེ་འཛིན་གྱི་བྱ་བ་མཉམ་པར་སྤྱོད་པས་སྤྱོད་པའི་རྒྱུད་དེ། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་དང༌། དམ་ཚིག་གསུམ་བཀོད་པ་དང༌། འཇམ་དཔལ་གསང་བའི་རྒྱུད་ལ་སོགས་པའོ། །དེ་ནས་ནི་ཕྱིའི་བྱ་བ་མཐའ་དག་དོར་ཏེ། ཏིང་ངེ་འཛིན་གཙོ་བོར་གྱུར་པ་སྔགས་དང་ཕྱག་རྒྱ་ཙམ་གྱིས་དངོས་གྲུབ་བསྒྲུབ་པ་རྣལ་འབྱོར་གྱི་རྒྱུད་དེ། དེ་ཁོ་ན་ཉིད་འདུས་པ་ལ་སོགས་པའོ། །དེ་ནས་ལག་པའི་ཕྱག་རྒྱ་ལ་སོགས་པའང་དོར་ཏེ། ཏིང་ངེ་འཛིན་ཁོ་ན་གཙོར་བྱེད་པ། བསྐྱེད་པའི་རིམ་པ་དང༌། རྫོགས་པའི་རིམ་པའི་ཐབས་ཟབ་མོ་མ་ཡིན་པ། དཔལ་གསང་བ་འདུས་པ་དང༌། བསྐྱེད་པའི་རིམ་པ་ཟབ་ཅིང་སྤྲོས་པ་རྒྱ་ཆེ་བ་ནི། བདེ་མཆོག་སྒྱུ་མ་སྟེ། རྣལ་འབྱོར་བླ་ན་མེད་པའི་རྩ་བའི་རྒྱུད་དེ་དག་ལ་བསླབ་པར་བྱའོ། །དེ་ལྟར་ཤེས་ནས། དེ་རྗེས་ཀྱེའི་རྡོ་རྗེ་བརྩམས་ཏེ། ཤིན་ཏུ་ཟབ་མོའི་བསྐྱེད་རྫོགས་གཉིས་ཀྱི་རིམ་པའི་ཐབས་སྟོང་ཉིད་སྙིང་རྗེ་རྟོགས་པར་བྱེད་པ་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཕྱི་མའི་ཕྱི་མ་འདི་བསྟན་ཞེས་བྱ་བར་དགོངས་སོ། །འདི་ཉིད་ལ་བསླབ་པའི་རིམ་པ་ནི་སྔར་བསྟན་ཟིན་ཏོ།། །།འདུལ་བའི་ལེའུ་ནི་ཕྱག་རྒྱས་རྣམ་པར་རྟོག་པ་དངོས་སུ་འདུལ་ལ། སྨོན་ལམ་གྱིས་འདུལ་བ་ལེན་པར་བྱེད་པ་དང༌། འདིས་རིམ་གྱིས་འདུལ་བས་ན་འདུལ་བའི་ལེའུའོ། །ལེའུ་བརྒྱད་པ་ཚིགས་སུ་བཅད་པ་བཅུ་གཉིས་ཀྱི་འགྲེལ་པའོ།། །།དེ་ནས་ཞེས་བྱ་བ་ལ་སོགས་པ་ལེའུ་དགུ་པ་སྟེ། འདི་ལ་གསུམ་སྟེ། ལེའུ་བདུན་པ་བརྡའི་ལེའུར་ཐམས་ཅད་གདུག་པ་གཞུག་པ་སྟེ། ཆོ་གའི་གཙོ་བོས་དགག་པར་བྱ། །ཞེས་གསུངས་པ་ལ། བསྒྲལ་བའི་ཡུལ་དང༌། ཆོ་ག་མ་གསུངས་པ་དེ་གསལ་བར་བཤད་པ་དང༌། ལེའུ་དགུ་པར་ཕྱག་བཅུ་དྲུག་པའི་སྤྱན་ལ་སོགས་པའི་དག་པ་རྒྱས་པར་མ་གསུངས་པ་དེ་བཤད་པ་དང༌། སྔགས་ཀྱི་ལེའུར་སྔགས་བཏུ་བ་ཁ་བསྐང་བའོ། །དང་པོ་ལ་དེ་ནས་ཞེས་བྱ་བ་ནས། གསད་པར་བྱ་བ་ཉིད་ཅེས་པའི་བར་ནི་ཁ་སྦྱོར་འབྱེད་པའོ། །ཇི་ལྟར་ཞེས་བྱ་བ་ནས་འགྲུབ་པར་འགྱུར་ཡན་ཆད་ནི་སྦྱོར་བ་གཉིས་པ་རྡོ་རྗེ་མེ་ཁབ་བོ། །དེ་ལྟར་གཉིས་སུ་གནས་ཀྱང་བླ་མའི་མན་ངག་གིས་རྣལ་འབྱོར་གཅིག་ཏུ་བྱེད་དོ། །འདི་ལ་ལྔ་སྟེ། ཕ་རོལ་པོ་བསྒྲལ་པའི་ཡུལ་དུ་གྱུར་པ་དང༌། བདག་ལ་ནུས་པ་ཡོད་པ་དང༌། །བསམ་པའི་ཐབས་ལ་མཁས་པ་དང༌། །སྦྱོར་བའི་ཐབས་ལ་མཁས་པ་དང༌། །ཆོ་ག་དངོས་སོ། །དང་པོ་ནི་བསྟན་ལ་ཞེས་རྐང་པ་གཉིས་ཏེ། ལས་མི་དགེ་བ་ཚན་པོ་ཆེ་བྱས་པས། ངན་འགྲོ་ལ་ཕྱོགས་པར་གྱུར་པ་ཞེས་བྱ་བའི་དོན་ཏོ། །གཉིས་པ་ནི་གང་གིས་རྣམ་པར་ཤེས་ཞེས་བྱ་བ་རྐང་པ་གཉིས་བདག་ལྷའི་རྣལ་འབྱོར་བརྟན་པས་བསམ་གཏན་གྱི་མཐུ་གྲུབ་པའོ་ཞེས་བྱ་བའོ། །འདིས་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་བས། སྡིག་པ་ལ་འཇུག་པར་འདོད་པའི་གང་ཟག་ལ་མཚོན་གྱིས་བསད་པ་ཞེས་བྱ་བ་དེ་ལས་ཁྱད་པར་དུ་བྱ་བར་བསྟན་ཏོ། །འོ་ན་དེ་ལྟར་བསད་ན་མུ་སྟེགས་བྱེད་གསོད་པའི་མཆོད་སྦྱིན་པ་དང་ཁྱད་པར་ཅི་ཡོད་སྙམ་པ་ལ། གསུམ་པ་སྙིང་རྗེས་གསད་པར་བྱ་བ་ཉིད་ཅེས་བྱ་བ་སྨོས་ཏེ། མུ་སྟེགས་རྣམས་ནི་རང་གི་དོན་བྱེད་པས་བརྩེ་བ་དང་བྲལ་བ་ཡིན་ན། འདིར་ཐེག་པ་ཆེན་པོ་བས། སྙིང་རྗེ་ལྡན་ཞིང་བྱམས་ཕྱིར་དང༌། །སེམས་དགེ་བ་ལ་ཉེས་པ་མེད། །ཅེས་གསུངས་པ་ལ་སོགས་པས་གྲུབ་བོ། །སྦྱོར་བའི་ཐབས་ལ་མཁས་པ་ནི། སྡིག་ཅན་དེ་ལ་དང་པོ་ཁོ་ནར་དེ་ལ་གསོལ་བ་གདབ་ཅིང༌། ཞི་བའི་སྒོ་ནས་བཟློག་པར་བྱའོ། །དེ་ལྟར་ཡང་བཟློག་པར་མ་ནུས་པ་དེའི་ཚེ་བླ་མ་ལ་ཞུ་བ་སྟེ། བདག་གིས་འདི་ལྟར་བགྱི་བའི་དུས་ལགས་སམ་ཞེས་ཞུའོ། །གལ་ཏེ་བླ་མ་དངོས་སུ་མི་བཞུགས་པ་ཡིན་ན་བླ་མ་དང་ཐུབ་པ་སངས་རྒྱས་ཐམས་ཅད་དམིགས་ལ། དེ་དག་ལ་གསོན་ཅིག་ཅེས་བྱ་བ་ལ་སོགས་པས་གསོལ་བ་གདབ་པར་བྱའོ། །དེས་རྗེས་སུ་གནང་བར་འགྱུར་རོ། །ཡང་དེ་བདག་ལ་མི་མགུ་བ་མེད་པར་བྱ་བའི་ཕྱིར་ཤིན་ཏུ་མི་ཚོར་བར་བྱ་བ་འདི་ནི་ཐབས་མཁས་པའོ། །ཆོ་ག་ནི་ཏིང་ངེ་འཛིན་གྱི་སྒོ་ནས་བསྒྲལ་བས་མི་བསྐྱོད་པའི་ཞིང་དུ་སྐྱེ་བར་འགྱུར་ཏེ་ལམ་ཐུན་མོང་བ་ལ་ཁྱད་པར་རྟེན་ཅིང་འབྲེལ་བར་འབྱུང་བ་བསམ་གྱིས་མི་ཁྱབ་པའོ། །དེ་ནི་ཧེ་རུ་ཀ་མཉམ་ཞེས་པ་དང༌། བསྒྲུབ་བྱའི་ཞེས་པ་དང༌། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྟེ། བདག་གི་རྣལ་འབྱོར་ལ་གནས་པས། མདུན་དུ་ཡྃ་རྃ་ལས་རླུང་མེའི་སྦྱོར་བ་བྱས་ལ། མཁའ་འགྲོའི་ཚོགས་སྤྲོས་པས་དེ་དག་གིས་བཀུག་སྟེ། ཁྲག་སྐྱུག་པ་ལ་སོགས་པ་དང་ལྡན་པས་མེའི་དབུས་ན་གནས་པར་བསམ་མོ། །དེ་ནས་དེའི་ལམ་ནས་མེ་ཞུགས་ཏེ། སྙིང་གར་རྃ་བསྒོམ་སྟེ། དེ་ལ་ཕོག་པས་དེ་འབར་ཏེ་ཧཱུྃ་བསྲེག་ཅིང༌། མཁའ་འགྲོ་མ་རྣམས་ཀྱིས་ལྟེ་བའི་རྩ་གཅོད་པར་བསྒོམས་ན་འགྲུབ་པར་འགྱུར་རོ་ཞེས་ཏེ། རྒྱས་པར་དེ་ཁོ་ན་ཉིད་བཅུ་པ་བཞིན་ནོ། །རྟོག་མེད་དངོས་གྲུབ་ཅེས་བྱ་བ་ལ་སོགས་པས། གསང་སྔགས་པས་འདོད་ཡོན་བསྟེན་པ་ནི། ཐ་མལ་གྱི་རྣམ་པར་རྟོག་པ་བསལ་ཏེ་བསྟེན་ལ། ཐ་མལ་པ་སེལ་བ་དེ་ནི་ལྷའི་རྣམ་པ་ཡིན་ལ། རྣམ་པ་དེ་ཉིད་དེ་ཁོ་ན་ཉིད་དང་ལྡན་པ་ཡིན་པས། དེ་ཉོན་ཅིག་ཅེས་བྱ་བའོ། །ད་ནི་སྙིང་རྗེའི་སྤྱན་དམར་ཞེས་བྱ་བ་ལ་སོགས་པ་སྟེ། འདི་ནི་ལེའུ་ལྔ་པའི་འཕྲོས་སུའང་འགྱུར་རོ། །བསྡུ་བའི་དངོས་པོ་བཞི་ནི། ཟང་ཟིང་ལ་སོགས་པའི་སྦྱིན་པ་བཞི་དང༌། ཕ་རོལ་ཏུ་ཕྱིན་པ་སྟོན་པའི་ངག་སྙན་པར་སྨྲ་བ་དང༌། གཞན་དེ་ལེན་དུ་འཇུག་པ་དོན་སྤྱོད་པ་དང༌། རང་ལེན་པ་དོན་མཐུན་པ་ཞེས་བྱ་བ་བཞིའོ། །རྣམ་པར་ཐར་པ་བརྒྱད་ནི། གཟུགས་ཅན་གཟུགས་ལ་ལྟ་བ་དང༌། ནང་གཟུགས་མེད་པར་ཤེས་ནས་ཕྱིའི་དོན་ལ་ལྟ་བ་དང༌། སྡུག་པའི་རྣམ་པར་ཐར་པ་ལུས་ཀྱི་མངོན་སུམ་དུ་རྫོགས་པར་བྱས་ཏེ་གནས་པ་དང༌། དེ་ལྟར་གཟུགས་ལས་འདས་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་གནས་པ་དང་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང༌། ཅི་ཡང་མེད་པའི་སྐྱེ་མཆེད་དང༌། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དང༌། འདུ་ཤེས་དང༌། ཚོར་བ་འགོག་པ་མངོན་སུམ་དུ་བྱས་པའི་རྣམ་པར་ཐར་པའོ། །སྟོང་པ་ཉིད་བཅུ་དྲུག་ནི། ནང་སྟོང་པ་ཉིད་དང༌། ཕྱི་སྟོང་པ་ཉིད་དང༌། ཕྱི་ནང་སྟོང་པ་ཉིད་དང༌། སྟོང་པ་ཉིད་སྟོང་པ་ཉིད་དང༌། ཆེན་པོ་སྟོང་པ་ཉིད་དང༌། དོན་དམ་པ་སྟོང་པ་ཉིད་དང༌། འདུས་བྱས་སྟོང་པ་ཉིད་དང༌། འདུས་མ་བྱས་སྟོང་པ་ཉིད་དང༌། མཐའ་ལས་འདས་པ་སྟོང་པ་ཉིད་དང༌། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང༌། དོར་བ་མེད་པ་སྟོང་པ་ཉིད་དང༌། རང་བཞིན་སྟོང་པ་ཉིད་དང༌། ཆོས་ཐམས་ཅད་སྟོང་པ་ཉིད་དང༌། རང་གི་མཚན་ཉིད་སྟོང་པ་ཉིད་དང༌། མི་དམིགས་པ་སྟོང་པ་ཉིད་དང༌། དངོས་པོ་མེད་པ་སྟོང་པ་ཉིད་དོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ནི། །དྲན་པ་དང༌། ཆོས་རབ་ཏུ་འབྱེད་པ་དང༌། བརྩོན་འགྲུས་དང༌། དགའ་བ་དང༌། ཤིན་ཏུ་སྦྱངས་པ་དང༌། ཏིང་ངེ་འཛིན་དང༌། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་རྣམས་སོ། །ཚིག་གི་དོན་ནི་གོ་སླའོ། །བདག་མེད་མས་གསོལ་པ། །ཞེས་བྱ་བ་ལ་སོགས་པ་ནི་སྔགས་བཏུ་བ་སྟེ། དེ་ལ་བཏུ་བའི་གཞི་ནི་ཨཱ་ལི་ཀཱ་ལི་ལས་ཐུ་བའོ། །གང་བཏུ་ན་སྙིང་པོ་ལ་སོགས་པའི་སྔགས་སོ། །ཚུལ་ནི་ཀཱ་ལི་ལས་ལུས་ཐུ་ལ་ཨཱ་ལི་ལས་ནི་ཡན་ལག་བཏུའོ། །ཆོ་ག་ནི་ཇི་ལྟ་བ་བཞིན་རྣམས་བཀོད་ནས་ཐུ་བའོ། །ཡི་གེ་གོ་སླ་བ་ཉིད་དོ། །ལེའུ་དགུ་པ་ཚིགས་བཅད་བཞི་བཅུ་ལྔའི་བཤད་པའོ།། །།དེ་ནས་ཆོས་ཀུན་སྡོམ་ཞེས་བྱ་བ་ལ་སོགས་པ་ལེའུ་བཅུ་པ་སྟེ། འདས་མ་ཐག་པ་དང༌། ལེའུ་གཉིས་པར་སྔགས་གསུངས་ཀྱང་བཟླས་པའི་ཡུལ་ཕྲེང་བ་དང༌། དེའི་དུས་ཀྱི་ཁ་ཟས་མ་གསུངས་པས། དེ་ཁ་བསྐང་བར་བྱ་བའི་ཕྱིར་གསུངས་སོ། །དང་པོ་ནི། དེ་ནས་ཞེས་བྱ་བ་ནས་བསད་པ་ལས་ཞེས་བྱ་བའི་བར་ཏེ། སྤྱིར་ཕྲེང་བ་མེད་པའི་བཟླས་པ་བས། ཕྲེང་བའི་དེ་ཁོ་ན་དང་ལྡན་པའི་བཟླས་པ་ཕན་ཡོན་ཆེ་ཞིང༌། ཕྲེང་བའང་ལས་སོ་སོ་ལ་བསྔགས་པ་དང༌། གྲངས་དང༌། ཐག་པ་དང༌། རབ་གནས་ལ་སོགས་པ་ནི་བཤད་པའི་རྒྱུད་རྡོ་རྗེ་གུར་དང༌། ཁ་སྦྱོར་གྱི་བརྟག་པ་བརྒྱད་པའི་གཉིས་པ་ལས་བསྟན་པ་ལྟར་བྱའོ། །འདིར་ནི་དྲག་པོའི་སྔགས་བརྒྱད་ཆར་དབབ་པ་དང་བཅས་པ་དང༌། འབྲེལ་པ་ཙམ་གྱི་དབང་དུ་མཛད་དོ། །རེངས་པ་འོ་མ་ཞེས་བྱ་བ་ལ་སོགས་པ་ནི་དེའི་དུས་ཀྱི་ཁ་ཟས་ཏེ། འདིའང་དྲག་པོའི་སྔགས་ལ་དགོངས་སོ། །འོ་མ་ལ་སོགས་པ་ནི་བདུད་རྩི་ལྔའི་བརྡའོ། །མཐའི་ཤྭ་དང་ཞེས་བྱ་བ་ལ་སོགས་པ་ནི་མཐའ་ན་ཤྭ་ཡོད་པས་ཨ་ཤྭ་སྟེ་རྟའི་ཤའོ། །ལྷག་མ་རྣམས་ནི་མིང་གི་ཡི་གེ་དང་པོ་སྟེ། ཤ་ལྔའི་མིང་སྟེ་དེ་དག་ཀྱང་བཟའ་ཞེས་བྱ་བའི་དོན་ཏོ། །ལེའུ་བཅུ་པ་ཚིགས་སུ་བཅད་པ་ལྔའི་འགྲེལ་པའོ།། །།ཀྱེའི་རྡོ་རྗེ་ལ་ཞེས་བྱ་བ་ལ་སོགས་པས་ལེའུ་བཅུ་གཅིག་པ་སྟེ། འདི་ལ་གཉིས་ཀྱི་དང་པོ་ནི་ལེའུ་ལྔ་པ་དེ་ཁོ་ན་ཉིད་ཀྱི་ལེའུར་རིགས་ནི་འབྱུང་བ་ལྔ་རྣམས་དང་ཞེས་བྱ་བ་ལ་སོགས་པ་དབྱེ་བ་མང་དུ་གསུངས་ཀྱང༌། དེ་བཞིན་གཤེགས་པ་རྣམས་ཀྱི་ཀུན་རྫོབ་ཀྱི་རིགས་པ་རྣལ་འབྱོར་སོ་སོར་བྱས་ན་མྱུར་དུ་འགྲུབ་པ་ལ་དགོངས་ནས། ཁ་དོག་དང༌། མཚན་མ་ལ་སོགས་པ་མ་གསུངས་པ་དེ་ཁ་བསྐང་བ་དང༌། ལེའུ་དེ་ཉིད་ལ་སོགས་པར་ཕྱག་རྒྱ་བསྟེན་པར་བྱའོ་ཞེས་གསུངས་ཀྱང༌། དེའི་སྦྱོར་ཐབས་ཀྱི་ཚུལ་མ་གསུངས་པས་ཁ་བསྐང་བའོ། །དང་པོ་ལ་ཞུས་པ་ནི། ཚིགས་སུ་བཅད་པ་གཅིག་གོ །ལན་ནི་བྷ་གར་ཞེས་བྱ་བ་ལ་སོགས་པ་སྟེ། གང་གི་སྲིན་ལག་གི་རྩ་བ་ན་རྡོ་རྗེའི་རི་མོ་ཡོད་ཅིང༌། ཁ་དོག་ནག་པོར་སྣང་བ་དང༌། ཉོན་མོངས་པ་ཞེ་སྡང་ཤས་ཆེ་བ་འདི་ནི་མི་བསྐྱོད་པའི་རིགས་ཡིན་པས། སློབ་དཔོན་གྱིས་ཀྱང་དེ་དང་རྗེས་སུ་མཐུན་པའི་ཆོས་བཤད་པར་བྱའོ། །ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་གཞན་ཡང་ཤེས་པར་བྱའོ། །ཀུན་རྫོབ་གཟུགས་སུ་གནས་ནས་ནི། །བདེ་གཤེགས་རིགས་སུ་འགྱུར་ཞེས་བྱ་བ་ནི། དོན་དམ་པར་སེམས་ཅན་ཐམས་ཅད་རང་བཞིན་གྱིས་སངས་རྒྱས་ཡིན་ལ། རྣམ་པ་འདི་དག་སངས་རྒྱས་ཀྱི་ཀུན་རྫོབ་ཀྱི་སྐུ་དང་ཡང་འདྲ་བས་དེས་ན་འདི་སངས་རྒྱས་ཀྱི་རིགས་ཡིན་པས། མི་སྨད་ཅེས་བྱ་བའི་དོན་ཏོ། །དཔལ་ཡང་དག་པར་སྦྱོར་བ་ལས་ཀྱང༌། བུད་མེད་དམ་ནི་སྐྱེས་པའི་ལུས། །ལས་ནི་དུ་མས་བསྐྱེད་པ་སྟོན། །མི་ཤེས་པས་ཀྱང་མི་བྱ་སྟེ། །སྐུ་ཡི་རྡོ་རྗེའི་དམ་ཚིག་གོ །ཞེས་སོ། །སེམས་ཅན་གང་སུའང་རུང་བ་ལ་བརྙས་པར་མི་བྱ། འདི་ནི་ཐེག་པ་ཆེན་པོའི་སངས་རྒྱས་ཀྱི་གསུང་ཕལ་ཆེར་ལས་གསུངས་པས་འདི་ནི་དམ་ཚིག་མཆོག་ཏུ་གྱུར་པ་གྲུབ་པའི་མཐའ་མཆོག་ཏུ་གྱུར་པའོ། །འདི་ནི་རྨི་ལམ་ངེས་པར་བསྟན་པའི་མདོ་ལ་སོགས་པ་ནས་ཀྱང་གསལ་བར་གསུངས་སོ། །བྷ་གར་ལིངྒ་ཞེས་བྱ་བ་ལ་སོགས་པས་ཀརྨ་མུ་དྲཱ་བསྟན་པའི་སྦྱོར་ཐབས་འཆད་དེ། གནས་ཀྱི་ཁྱད་པར་ནི་ཚལ་དང་ཞེས་བྱ་བ་ལ་སོགས་པ་སྟེ་དབེན་པའི་གནས་རང་དབང་དུ་སྤྱོད་པར་ཞེས་བྱ་བའི་དོན་ཏོ། །རྣལ་འབྱོར་གྱི་བྱ་བ་ནི་ཕྱག་རྒྱ་ཆེ་སྟེ་ལྷའི་སྐུ་ལ་སོགས་པ་གསུམ་མོ། །སྦྱོར་ཐབས་དངོས་ནི་ཙུམྦ་ན་ལ་སོགས་པ་སྟེ། བླ་མས་འཆད་པར་འགྱུར་རོ། །ལེའུ་བཅུ་གཅིག་པ་ཚིགས་སུ་བཅད་པ་བཅོ་ལྔའི་བཤད་པའོ།། །།དེ་ནས་རྡོ་རྗེ་ཅན་གྱི་དབང་ཞེས་བྱ་བ་ལ་སོགས་པ་ལེའུ་བཅུ་གཉིས་པ་སྟེ། འདིར་ཆ་དང་པོས་ལེའུ་བཅུ་པ་དང༌། གསུམ་པ་དང༌། ལྔ་པར་དབང་བསྐུར་བ་བཞི་པོ་གསུངས་ཀྱང་དེ་དག་གི་ཚིགས་སུ་བཅད་པ་ཇི་ལྟ་བུས་སྦྱིན་པ་མ་གསུངས་པས་དེ་ཁ་བསྐང་བ་དང༌། ཡང་གོང་དུ་དབང་དང་བསྐྱེད་རྫོགས་མཐའ་དག་གི་སྐབས་སུ་ཐབས་དང་ཤེས་རབ་ཀྱི་སྦྱོར་བ་གསུངས་པ་ལ་མཁའ་གསང་བྱིན་གྱིས་བརླབ་པའི་སྔགས་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་མ་གསུངས་པས་དེ་ཁ་བསྐང་བའོ། །དེ་ལ་རྡོ་རྗེ་རབ་ཏུ་གནས་པ་ནི་རྡོ་རྗེ་འཆང་ཆེན་པོའི་སྐུ་གནས་པ་སྟེ་འདི་ནི་རྣལ་འབྱོར་གྱི་རྒྱུད་ལས་ཁྱད་པར་དུ་ཤེས་རབ་བཅུ་དྲུག་ལོན་པ་དང་བཅས་པ་སྟེ་ཕྱག་རྒྱའི་དམ་ཚིག་གོ །རྡོ་རྗེ་ཉིད་ཆེན་པོ་ཟུང་བ་ནི་ལག་པ་གཡས་པར་རྡོ་རྗེ་གཏད་པ་ཐོག་མཐའ་མེད་པའི་བྱང་ཆུབ་ཀྱི་སེམས་ཐུགས་ཀྱི་དམ་ཚིག་གོ །དྲིལ་བུ་ཆེ་ཟུང་བ་ནི་ལག་པ་གཡོན་པར་དྲིལ་བུ་གཏད་པ། སྲིད་པ་ངོ་བོ་ཉིད་ཀྱིས་དག་པར་བསྟན་པ་གསུང་གི་དམ་ཚིག་གོ །དེ་རིང་ཞེས་བྱ་བ་ནི་དེ་ལྟར་དམ་ཚིག་གསུམ་པོ་བྱིན་པའི་དུས་འདི་ན་ཞེས་བྱ་བ་སྟེ། དེའི་རྗེས་ལ་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་ནས་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ལ་སོགས་པ་ཤེས་པར་བྱས་པ་འདིར་བསྟན་ཏོ། །དེ་རྡོ་རྗེ་སློབ་དཔོན་དུ་གྱུར་པའོ། །དེ་བས་ན་སློབ་མ་བསྡུ་བ་ཉིད་དུ་གྱིས་ཏེ་སྣོད་དང་འཚམ་པར་ཤོད་ཅིག་ཅེས་བྱ་བ་འདི་ནི་རྗེས་སུ་གནང་བའི་དབང་ངོ༌། །འདིས་ནི་ཐུན་མོང་མ་ཡིན་པའི་སློབ་དཔོན་གྱི་དབང་བསྟན་ཏོ། །གསང་བའི་དབང་སྟེར་བ་ན་འདི་བརྗོད་དེ། འདས་པའི་སངས་རྒྱས་ནི་རྡོ་རྗེ་འཆང་ཆེན་པོའོ། །དེས་བྱང་ཆུབ་ཀྱི་སྲས་ནི་དེ་བཞིན་གཤེགས་པ་དང༌། བྱང་ཆུབ་སེམས་དཔའ་ལ་སོགས་པའོ། །དེ་ལ་ཇི་ལྟར་དབང་བསྐུར་བ་བཞིན་ཏེ། ཟླ་གསང་ཐིག་ལེ་ལས། རྣམ་དག་རྡོ་རྗེ་ལས་ནི་བྱུང་བའི་ཡེ་ཤེས་ཆུ། །རིན་ཆེན་རབ་འབར་བྱང་ཆུབ་སེམས་ནི་རྣམ་བྱུང་ནས། །རྒྱལ་བ་ཐམས་ཅད་ཀྱི་ནི་དབུ་ནི་སྐམས་པ་ལ། །དྲི་མེད་རིན་ཆེན་ཆར་གྱིས་སྤྱི་བོར་དབང་བསྐུར་མཛོད། །ཅེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །དེ་བཞིན་དུ་བདག་གི་གསང་བའི་དབང་སྟེ་རྫས་གསང་བའི་རྒྱུད་ཀྱི་བསྐུར་ཞེས་བྱ་བའི་དོན་ཏོ། །ཤེས་རབ་ཡེ་ཤེས་ལ་ལྷ་མོ་དགའ་སྦྱིན་ནི་དགའ་བ་བཞིའི་རིམ་པས་སོ། །གནས་སྦྱིན་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ། །ལྷག་མ་ནི་གོ་བར་སླའོ། །དབང་བཞི་པ་ལ་ཡེ་ཤེས་འདི་ནི་གསུམ་པའི་ཚེ་མྱོང་བ་གང་ཡིན་པའོ། །ཆེས་ཕྲ་བ་ནི་རྟོགས་པར་དཀའ་བའོ། །རྡོ་རྗེ་ནི་མི་ཕྱེད་པས་སོ། །ནམ་མཁའི་དཀྱིལ་ནི་མཐའ་དང་བྲལ་བས་སོ། །ཡང་ན་དཀྱིལ་ནི་སྙིང་པོ་སྟེ་མཐའ་དང་བྲལ་བའོ། །མཁའ་ནི་དམིགས་པ་མེད་པའོ། །རྡུལ་བྲལ་ནི་ཉོན་མོངས་པ་ཟད་པའོ། །མཐར་ཕྱིན་ནི་སྲིད་པ་ཟད་པའོ། །ཞི་བ་ནི་གནོད་པ་མེད་པའོ། །ཁྱོད་རང་ཕ་ནི་བརྗོད་པས་ཤེས་པར་མི་ནུས་པས་རང་གིས་སྐྱེད་ཅིག་པའི་དོན་ཏོ། །རྡོ་རྗེ་དང་པདྨ་བྱིན་གྱིས་བརླབ་པ་ནི་རྟོགས་པར་སླ་བ་ཉིད་དོ། །ལེའུ་བཅུ་གཉིས་པ་ཚིགས་སུ་བཅད་པ་བདུན་གྱི་བཤད་པའོ།། །།དེ་ལྟར་བརྟག་པ་ཕྱི་མ་ལ་ཚིགས་སུ་བཅད་པ་བཞི་བརྒྱ་བཞི་བཅུའོ། །འདིའི་འོག་ཏུ་རྗེས་སུ་ཡི་རང་བ་ལ་སོགས་པ་ཚིགས་སུ་བཅད་པ་ཉི་ཤུ་རྩ་བདུན་མ་ཚང་ངོ༌། །ཞེས་གཏམ་དུ་གྲག་གོ །ཞེས་བླ་མ་བརྒྱུད་པ་རྣམས་གསུང་ངོ༌། །རྒྱུད་ཀྱི་རྒྱལ་པོ་ནི་བཤད་ཟིན་ཏོ། །སྒྱུ་མ་ནི་བུད་མེད་སྒྱུ་འཕྲུལ་དེས་ཞུས་པའི་ཕྱིར་རམ་གཉིས་སུ་མེད་པའི་ཡེ་ཤེས་སྟོན་པའི་ཕྱིར་ཏེ། སངས་རྒྱས་མཉམ་སྦྱོར་ལས། བུད་མེད་ཀུན་གྱི་སྒྱུ་མའི་རྒྱ། །འདི་ནི་གཉིས་སུ་མེད་པའི་མཆོག །སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །ཞེས་སོ། །འདིས་ནི་བརྟག་པ་གཉིས་པའི་མིང་བསྟན་ཏོ། །བརྟག་པ་ཞེས་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་རྟོག་པ་མེད་ཀྱང༌། སྒྲ་ལ་སོགས་པའི་སྒོ་ནས་ཆོ་ག་ལ་སོགས་པར་རྟོག་པས་བརྟག་པ་སྟེ། རྡོ་རྗེ་རྩེ་མོ་ལས། ཆོས་ཀུན་གཟུགས་ཅན་མ་ཡིན་ཡང༌། །གཟུགས་ཅན་དུ་ཡང་འདི་རུ་བརྟག །ཆོས་ཀུན་ཚིག་གི་སྤྱོད་ཡུལ་མིན། །སྒྲ་རུ་ཡང་ནི་འདིར་བསྟན་ཏོ། །དེ་བས་ངོ་མཚར་ཆོས་འདི་རུ། །རྟོག་པས་བརྟག་པ་ཡིན་པར་བརྗོད། །དེ་ཉིད་གསང་བ་བསྒྲུབ་པའི་ཕྱིར། །ལས་རྣམས་དྲུག་པོ་ཉིད་དང་ནི། །གཟུགས་ཅན་ཚིག་གི་མཐུ་དག་དང༌། །འབྲས་ཕྱིར་དམ་པ་ངོ་མཚར་ཆེ། །དེ་ཕྱིར་འདི་ནི་ངོ་མཚར་ཆོས། །དེ་ཕྱིར་འདི་ནི་རྟོག་པར་བརྗོད། །ཅེས་སོ། །སུམ་ཅུ་རྩ་གཉིས་པ་ལས་བཏུས་པ་ནི། ཟབ་པ་བཏུས་ཤིང་བསྡུས་ནས་ཕྱི་མ་གཉིས་སུ་གཞག་པ་སྟེ། རྡོ་རྗེ་གུར་ལས། བརྟག་པ་སུམ་ཅུའི་མིང་གི་རྗེས་ལ། །མཁའ་འགྲོ་མཁའ་འགྲོ་མ་རྣམས་ཀྱི། །དག་པའི་སྙིང་པོ་ཡོངས་བསྡུས་པ། །ཞེས་མིང་དེ་གཉིས་འདིའི་འོ། །ཀྱེའི་རྡོ་རྗེ་ནི་སྟོང་པ་དང་སྙིང་རྗེ་སྟོན་པས་སོ། །མཁའ་འགྲོ་མ་ནི་མཁའ་འགྲོའི་སྐུ་ཉིད་སྟོན་པའི་ཕྱིར་རམ། ཡང་ན་རྡོ་རྗེ་གུར་གྱི་རྒྱུད་ལས། ཌི་བེ་ཧ་ཡ་ག་མ་ནེ། །སངས་རྒྱས་ཁམས་དེ་རྣམ་པར་བརྟག །ནམ་མཁའ་ཀུན་ཏུ་སྤྱོད་གྲུབ་པ། །མཁའ་འགྲོ་མ་ཞེས་རབ་ཏུ་བརྗོད། །ཅེས་གསུངས་སོ། །དྲྭ་བ་ནི་སྒྱུ་མའམ་ཚོགས་སོ། །སྡོམ་པ་ནི་སཾ་བ་ར་སྟེ། རྩ་བའི་རྒྱུད་ལས། སཾ་ཞེས་བྱ་བ་བདེ་བར་བཤད། །སངས་རྒྱས་ཀུན་གྱི་བདེ་ཆེན་ཡིན། །སྒྱུ་མ་ཐམས་ཅད་མཉམ་སྦྱོར་བས། །མཆོག་ཏུ་བདེ་བས་བདེ་བའི་མཆོག །ཅེས་གསུངས་སོ། །དེ་ལྟར་ན་བརྗོད་པར་བྱ་བ་དོན་གྱི་རྒྱུད་དང༌། རྗོད་པར་བྱེད་པ་སྒྲའི་རྒྱུད་འདི་དག་ཐམས་ཅད་ཀྱང༌། ཌཱ་ཀི་ནི་ཛྭ་ལ་སཾ་བ་ར་ཞེས་བྱ་བའི་རྒྱུད་ཀྱི་མཚན་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །འགྲོ་བའི་མིག་གཅིག་སྟོན་པ་རྡོ་རྗེ་འཆང་དབང་གིས། །མདོ་དང་རྟོག་པ་བྱ་བ་སྤྱོད་པ་རྣལ་འབྱོར་རྒྱུད། །རྣལ་འབྱོར་བླ་མེད་ཅེས་བྱ་གདུལ་བྱའི་ངོར་གསུངས་པ། །ཀུན་གྱི་ཕྱི་མར་གྱུར་པ་འབུམ་ལྔ་ཀྱེ་རྡོ་རྗེ། །མཁའ་འགྲོ་དྲྭ་སྡོམ་རྒྱུད་ཆེན་རྒྱ་མཚོའི་ཟབ་མོའི་དོན་བསྡུས་པ། །ཁྲོ་ཆགས་རྣམ་པར་མི་རྟོག་དོན་གསལ་རིམ་པ་གཉིས་ཀྱི་གསང༌། །བརྟག་པ་སུམ་ཅུ་རྩ་གཉིས་བདུན་བརྒྱ་ལྔ་བཅུ་རྡོ་རྗེའི་ཚིག །གསང་ལས་ཤིན་ཏུ་གསང་གྱུར་སྡུད་མཛད་དེ་ལ་བསྟོད་ཕྱག་འཚལ། །ཟབ་མོའི་རྒྱུད་འདི་འཛམ་བུའི་གླིང་དུ་གསལ་མཛད་དཔལ་ལྡན་ཡེ་ཤེས་མཁའ་འགྲོ་མ་ལས་རབ་འོངས་ཏེ། །རྗེ་བཙུན་མཐུ་ཅན་ཀཧྞ་ཌ་མ་གཉིས་མེད་ག་ཡ་འཛིན་པར་བརྒྱུད་དེ་འོངས་པ་འདི་ཡང་སྟེ། །འོན་ཀྱང་འདིར་གཙོ་ཌོམྦི་ཧེ་རུ་ཀ་དཔལ་རྡོ་རྗེ་ཨ་ལ་ལ་དང་ནགས་ཁྲོད་གརྦྷ་རི། །དེ་བཞིན་ཛ་ཡ་ཤྲཱི་དང་ཐུབ་དཀའི་ཟླ་དཔལ་རིམ་གཉིས་སྒྲུབ་ཐབས་ཡན་ལག་བཅས་དང་རྣལ་འགྲེལ་མཛད། །མ་ནོར་རིམ་པར་སྟོན་མཛད་དཔའ་བོ་རྡོ་རྗེ་མཛེས། །སྐད་གཉིས་སྨྲ་གཙུག་ཡེ་ཤེས་ཞབས་ཀྱིས་གངས་ཅན་གསལ། །ཐོས་འཛིན་གསལ་བའི་སྙིང་པོས་ཚིག་འགྲེལ་དོན་བསྡུས་མཛད། །འབར་བའི་མཐས་ཀྱང་གསལ་མཛད་དེ་དག་རྣམས་ལ་འདུད། །ཐུགས་རྗེའི་བདག་ཉིད་མ་ནོར་བརྒྱུད་པ་ཀུན་སྡུད་ཅིང༌། །བློ་གྲོས་མཚུངས་མེད་གསང་མཛོད་དུ་མའི་ལྡེ་མིག་ཅན། །རྡོ་རྗེ་འཆང་དཔལ་ས་སྐྱ་པ་ཞེས་རབ་གྲགས་པ། །མངོན་རྟོགས་སོགས་མཛད་རྗེ་བཙུན་དེ་ལ་གུས་ཕྱག་འཚལ། །བླ་མ་དེ་ཡི་ཞབས་བཏུད་རྣལ་འབྱོར་པ་བདག་ལ། །རོང་གི་དགེ་སློང་སེང་གེ་རྒྱལ་མཚན་དེས་བསྐུལ་ནས། །བཤད་པའི་སྲོལ་བཟུང་ལུང་དང་རིགས་ལྡན་སྡེབ་སྦྱོར་གྱིས། །བླ་མའི་གསུང་ཉིད་གསལ་བྱེད་བཤད་སྦྱར་འདི་བགྱིས་སོ། །འབད་རྩོལ་གཏུགས་ནས་བཤད་ཀྱང་བླ་མའི་གསུང་དང་འགལ་སྲིད་ན། །རྒྱུད་དོན་ཟབ་ཅིང་རྒྱ་ཆེ་རྟོགས་དཀས་བདག་བློའི་ཉེས་པ་ལགས། །འདི་ལྟར་བརྩེ་བའི་མ་ནི་བུ་ཡིས་ཉེས་ཀྱང་ཡང་མི་ཁྲོ། །དེ་བཞིན་རྗེ་བཙུན་བླ་མ་མཁའ་འགྲོ་མ་རྣམས་བཟོད་པ་མཛོད། །སྔོན་དུས་དཔག་མེད་བསོད་ནམས་ཚོགས་བསགས་ཐོས་མང་ཞིང༌། །བླ་མའི་ཞབས་གུས་གདམས་པའི་སྣོད་ལྡན་སྐྱེ་བོ་རྣམས། །རྒྱུད་རྒྱལ་ཀུན་ཀྱི་རྩེ་མོ་དངོས་གྲུབ་མཛོད་གྱུར་པ། །ཟབ་མོ་འདི་རྟོགས་བྱོས་ལ་བསྒྲུབ་ལ་བརྩོན་པར་གྱིས། །ཚིག་འགྲེལ་རྒྱ་ཆེར་མ་ཡིན་དོན་གསལ་བགྱིས། །འདི་ལ་འབད་པའི་དགེ་བ་གང་ཡོད་པས། །འགྲོ་ཀུན་ལམ་མཆོག་འདིར་ཞུགས་རབ་མྱུར་བར། །བྱང་ཆུབ་དམ་པ་རྡོ་རྗེ་འཛིན་གྲུབ་ཤོག །རྗེ་བཙུན་དམ་པས་རྒྱུད་དོན་གསུང་རྫོགས་ཏེ། །བཅུ་དྲུག་ལོན་ནས་ཤིང་ཕོ་རྟ་ལོ་ལ། །ལེགས་པའི་འབྱུང་གནས་གྲགས་པས་རབ་མཛེས་པ། །དཔལ་ལྡན་ས་སྐྱའི་དབེན་གནས་དམ་པར་བྲིས།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།