དང་པོའི་ལས་ཅན་གྱི་བྱ་བའི་རིམ་པ་དང་ལམ་རིམ་བགྲོད་ཚུལ།

༼ག༽

༄༅། །དང་པོའི་ལས་ཅན་གྱི་བྱ་བའི་རིམ་པ་དང་ལམ་རིམ་བགྲོད་ཚུལ་བཞུགས།།

༄༅། །ཨོཾ་སྭ་སྟི་སིདྡྷཾ། དཔལ་ལྡན་འཁྲུལ་པ་ཀུན་བཅོམ་ཞིང༌། །འགྲོ་ལ་རྩེ་གཅིག་བྱམས་པ་དང༌། །བརྩེ་བས་མ་ནོར་ལེགས་པའི་ལམ། །གསུང་མཛད་བླ་མ་ལ་ཕྱག་འཚལ། །ཀྱེ་ཡི་རྡོ་རྗེ་འདིར་དབང་བསྐུར། །དང་པོའི་ལས་ཅན་ལ་ཕན་ཕྱིར། །དེ་ཡི་བྱ་བ་བླ་མ་ཡི། །གསུང་བཞིན་འབད་པས་བྲི་བར་བྱ། །དང་པོར་རེ་ཞིག་སེམས་ཅན་ཐམས་ཅད་ལ་གཅིག་ཏུ་བརྩེ་བའི་བློས། བསླབ་པ་གསུམ་གྱིས་ལེགས་པར་སྦྱངས་བའི་བློ་ཅན། བསླབ་པ་གསུམ་ལ་ལེགས་པར་གནས་པ་གསང་སྔགས་ཀྱི་ཚུལ་ལ་མཁས་ཤིང་སྤྱོད་པའི་བླ་མ་བསྟེན་པ། དཔལ་ཀྱེའི་རྡོ་རྗེ་ལས་གསུངས་པའི་དཀྱིལ་འཁོར་དུ་ཞུགས་ནས་དབང་བསྐུར་ཏེ། དམ་ཚིག་དང་སྡོམ་པ་ཡང་དག་པར་བཟུང་བའི་སྔགས་པས། ཐོག་མར་རྩ་བའི་ལྟུང་བ་ལ་སོགས་པ་བྱ་བ་དང༌། བྱ་བ་མ་ཡིན་པའི་ཆ་ཤེས་པར་བྱ་སྟེ། དེ་ལ་ལེགས་པར་བསླབ་པར་བྱའོ། །དེ་ནས་རྣལ་འབྱོར་ལ་བརྩོན་པར་བྱ་སྟེ། དེའང་འདི་ལྟར་ལས་དང་པོ་པས་ནི་རྒྱུན་དུ་མཉམ་པར་བཞག་པའམ་མ་བཞག་ཀྱང་བྱང་ཆུབ་ཀྱི་སེམས་དང་དེ་ཁོ་ན་ཉིད་ཀྱིས་ཟིན་པའི་སྤྱོད་པ་མཉམ་པར་བཞག་པ་དང་ཁྱད་པར་མེད་པ་སྤྱོད་པར་ནུས་པ་ནི་མ་ཡིན་ཏེ། དེ་སེམས་ལ་ལེགས་པར་དབང་དུ་གྱུར་པ་མ་ཡིན་པའི་ཕྱིར་རོ། །དེ་བས་ན་ཉིན་ཞག་གིས་ཐུན་དུ་ཕྱེ་སྟེ། མཉམ་པར་བཞག་པ་དང༌། མཉམ་པ་ལས་ལངས་པའི་སྤྱོད་པ་ལ་འབད་པར་བྱའོ། །འདི་ལྟར་རང་གི་ཁྱིམ་དུ་ནང་པར་སྔར། །ལེགས་ལངས་ལུས་སེམས་བྱིན་གྱིས་བརླབ་བྱ་སྟེ། །དག་པ་དྲན་དང་སྨོན་ལམ་ལེགས་བཏབ་སྟེ། །སྒྱུ་འདྲའི་ལྷ་ཡིས་ཀུན་དུ་སྤྱོད་པ་བརྩམ། །བསམ་གྱིས་མི་ཁྱབ་པའམ་ཐིག་ལེའི་ངང་ལས་ཐོ་རངས་ཀྱི་དུས་སུ་ལྡང་བའི་རྣལ་འབྱོར་གྱིས་ལྷག་པའི་ལྷར་ལངས་ཏེ་སྙིང་གར་རེ་ཕ་ལས་བྱུང་བའི་ཉི་མ་ལ་ཧཱུྃ་གིས་རྣམ་པ་ཁ་དོག་སྔོན་པོ་དམིགས་པར་བྱས་ལ། དེ་ནས་དག་པ་རྗེས་སུ་དྲན་པར་བྱ་སྟེ། སྙིང་རྗེའི་སྤྱན་ནི་དམར་པོ་ལ། །ཞེས་བྱ་བ་ལ་སོགས་པ་བརྗོད་ཅིང་དོན་དྲན་པར་བྱའོ། །དེ་ནས་སྲོད་ཀྱི་ཐུན་བསྒོམས་པའི་དགེ་བ་བསྔོ་བ་དང༌། རིགས་སུ་སྐྱེ་དང་ཞེས་བྱ་བ་ལ་སོགས་པས་སྨོན་ལམ་གདབ་ཅིང་རྡོ་རྗེའི་གླུ་བླང་བར་བྱའོ། །དེ་ནས་ལེགས་པར་ལངས་ཏེ་བསམ་གཏན་གྱི་ཡན་ལག་ཏུ་ཁྲུས་ཀྱི་རྣལ་འབྱོར་བྱ་བའི་ཕྱིར། སྙིང་གའི་ས་བོན་གྱི་འོད་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། རིག་མ་དང་ལྷ་མོ་དང༌། ཁྲོ་བོའི་ཚོགས་རྣམས་སྤྱན་དྲངས་ཏེ། དེ་དག་ལ་ཡིད་ལས་བྱུང་བའི་མཆོད་པས་ཡང་དག་པར་མཆོད་དེ། ཨ་བྷི་ཥིཉྩ་ཏུ་མཱཾ་སརྦ་ཏ་ཐཱ་ག་ཏ་ཞེས་བྱ་བ་ལ་སོགས་པས་གསོལ་བ་གདབ་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་དེ་དག་ཧེ་རུ་ཀའི་རྣམ་པར་གྱུར་ཏེ། རིན་པོ་ཆེ་ལས་བྱས་པའི་བུམ་པ་བདུད་རྩིས་གང་བས་སྤྱི་བོ་ནས་དབང་བསྐུར་ཞིང༌། བྱང་ཆུབ་སེམས་དཔའ་དང༌། རིག་མ་དང༌། ལྷ་མོ་དང༌། ཁྲོ་བོ་རྣམས་ཀྱིས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་དང༌། རྡོ་རྗེའི་གླུ་དང༌། མཆོད་པའི་སྤྲིན་དང༌། བགེགས་སྐྲོད་པར་བྱེད་པར་བསམ་ཏེ་ཁྲུས་བྱའོ། །དེ་ནས་བྲིས་པའམ་འབུར་དུ་བྱས་པའམ་དེ་ལྟ་མིན་ནའང་རྟེན་གྱི་མཎྜལ་གྱི་སྤྱན་སྔར་ཚོགས་བསག་པའི་ཕྱིར། རྟེན་གྱི་དཀྱིལ་འཁོར་གྱི་ཆོ་ག་བརྗོད་པར་བྱ་སྟེ། ཁྲུ་གང་གི་ཚད་དམ་དེ་ལས་ལྷག་པའི་ས་བྱི་དོར་ལེགས་པར་བྱས་ལ། བའི་རྣམ་ལྔ་དང༌། བདུད་རྩི་རྣམ་པ་ལྔས་དབང་ལྡན་གྱི་མཚམས་ནས་བརྩམས་ཏེ་ལེགས་པར་བྱུག་ཅིང༌། ཨོཾ་མེ་དི་ནཱི་བཛྲཱི་བྷ་བ་བནྡྷ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཅེས་བརྗོད་པས་རྡོ་རྗེའི་ས་གཞིར་བསམ་པར་བྱའོ། །དེ་ནས་ཨོཾ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཅེས་བརྗོད་པས་སྲུང་བའི་འཁོར་ལོ་གུར་དང་བླ་རེ་དང་བཅས་པ་བསམ་པར་བྱའོ། །དེར་གཞལ་མེད་ཁང་སྐད་ཅིག་གིས་དམིགས་ལ། དབུས་སུ། ཨོཾ་ཤྲཱི་ཧེ་བཛྲ་ན་མཿཞེས་བརྗོད་པས་བཅོམ་ལྡན་འདས་སྐད་ཅིག་གིས་དམིགས་ཏེ། དེའི་དབུ་ལ་མེ་ཏོག་དབུལ་ལོ། །ཨོཾ་ནྃ་རཻ་རཱདྨ་ན་མཿཞེས་བརྗོད་པས་བཅོམ་ལྡན་འདས་མ་ལའོ། །དེ་བཞིན་དུ་ཤར་དུ་ཨོཾ་གྃ་གཽ་རཱི་ན་མཿ ལྷོ་ཕྱོགས་སུ་ཨོཾ་ཙྃ་ཙཽ་རཱི་ན་མཿ ནུབ་ཕྱོགས་སུ་ཨོཾ་བྃ་བེ་ཏཱ་ལཱི་ན་མཿཞེས་པས་སོ། །བྱང་ཕྱོགས་སུ་ནི་ཨོཾ་གྷྃ་གྷསྨ་རཱི་ན་མཿ དབང་ལྡན་དུ། ཨོཾ་པྃ་པུཀྐ་སཱི་ན་མཿཞེས་བྱ་བས་སོ། །མེར་ནི་ཨོཾ་ཤཾ་ཤ་བ་རཱི་ན་མཿཞེས་བྱ་བས་སོ། །སྲིན་པོར་ནི་ཨོཾ་ལྃ་ཙཎྜཱ་ལཱི་ན་མཿཞེས་བྱ་བས་སོ། །རླུང་དུ་ནི་ཨོཾ་ཌྃ་ཌོམྦི་ནཱི་ན་མཿཞེས་བྱ་བས་ཌོམྦི་ནཱི་བསམས་ཏེ། དེའི་དབུ་ལ་མེ་ཏོག་དོར་བར་བྱའོ། །དེའི་ཤར་གྱི་དུར་ཁྲོད་དུ་བླ་མ་མི་བསྐྱོད་པའི་རྣམ་པ་ལྟ་བུ་བསམ་པའམ། ཡང་ན་དཀྱིལ་འཁོར་གྱི་འཁོར་ལོ་དང་ཐ་མི་དད་པར་བསམ་པར་བྱའོ། །དེ་ནས་དེའི་སྤྱན་སྔར་ཆོ་ག་ལས་འབྱུང་བ་བཞིན་དཀྱིལ་འཁོར་གྱི་ཆོ་ག་དང༌། མཆོད་ཡོན་དང༌། རྐང་བཀྲུ་དང༌། ཞལ་བསིལ་དང༌། མེ་ཏོག་དང༌། སྤོས་དང༌། མར་མེ་དང༌། དྲི་ཆུ་དང༌། ལྷ་བཤོས་དང༌། རོལ་མོ་དང༌། ནང་གི་མཆོད་པ་དང༌། འཇིག་རྟེན་ལས་འདས་པ་དང༌། འཇིག་རྟེན་པའི་གཏོར་མའང་ཇི་ལྟ་བ་བཞིན་དུ་བཤམ་པར་བྱའོ། །དེ་ལ་མཆོད་ཡོན་ནི། འོ་འབྲས་མེ་ཏོག་ཙནྡན་ཏིལ། །དུང་གི་ཁ་ཡིས་དྲི་ཡི་ཆུ། །ཞབས་རྩ་དག་ལ་དབུལ་བར་བྱ། །ཞལ་བསིལ་འོ་མ་མར་དག་སྟེ། །ཞེས་པའོ། །ཡང་ན་མཆོད་ཡོན་ནི། ཆུ་གཙང་མེ་ཏོག་དཀར་པོ་རྣམས། །ཇི་ལྟར་རྙེད་སྣོད་ནང་བཞག་སྟེ། །ཞེས་བྱ་བའམ། དེའང་མེད་ན། ཆུ་གཙང་འབའ་ཞིག་ཉིད་ཀྱིས་ནི། །འཐོར་འཐུང་དུ་ནི་བསྟན་པ་ཡིན། །ཞེས་པས་བྱའོ། །དེ་ནས་རང་ལྷའི་ང་རྒྱལ་དང་ལྡན་པས་རྟེན་དང་མཆོད་པའི་དྲུང་དུ་སོང་སྟེ། ལག་གཡས་རྡོ་རྗེར་ཉི་མ་ཧཱུྃ། །གཡོན་པ་པདྨར་ཟླ་བ་ཨཱཿ །ལྕེ་ཧཱུྃ་རྡོ་རྗེར་བྱིན་བརླབས་ཏེ། །རྣམ་ལྔར་བསྐོར་བས་བླང་བར་བྱ། །ཨོཾ་མ་ཧཱ་བཛྲ་ཧཱུྃ་ཞེས་བརྗོད་དེ། ལག་པ་གཡས་པས་རྡོ་རྗེ་བླང་ངོ༌། །ཨོཾ་བཛྲ་གྷཎྜེ་ཨཿཞེས་བརྗོད་པས་གཡོན་པས་དྲིལ་བུ་དཀུ་གཡོན་པར་བཟུང་སྟེ། ཧཱུྃ་ཞེས་བརྗོད་དེ། རྡོ་རྗེ་ལན་གསུམ་དུ་བསྟོད་དོ། །རྡོ་རྗེ་སྙིང་གར་བཟུང་སྟེ་དྲིལ་བུ་ཕྱོགས་མཚམས་བརྒྱད་དུ་དཀྲོལ་ཞིང༌། ཨོཾ་བཛྲ་གྷཎྜེ་ར་ཎི་ཏ་པྲ་ར་ཎི་ཏ་སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཥེ་ཏྲ་པྲ་ཙ་ལི་ཏེ། པྲ་ཛྙཱ་པཱ་ར་མི་ཏ་ནཱ་ད་སཾ་བྷ་བེ་ཏ། བཛྲ་དྷརྨ་ཧྲྀ་ད་ཡ་སནྟོ་ཥ་ནི་ཧཱུྃ་ཧཱུྃ་ཧཱུྃ། ཨོཾ་ཨེ་ཧྱེ་ཧི་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་བཛྲ་ས་པ་རི་ཝཱ་ར་ཛཿཧཱུྃ་བྃ་ཧོཿཞེས་བརྗོད་ཅིང༌། སྙིང་གའི་ས་བོན་གྱི་འོད་ཀྱིས་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས་ཏེ། དཀྱིལ་འཁོར་གྱི་མདུན་གྱི་ནམ་མཁར་བཞུགས་པར་བསམ་པར་བྱའོ། །དེ་ནས་ཕྱག་འཚལ་བ་ནི། ཐོག་མར་བླ་མ་ལ་བཙལ་ཏེ། ཡན་ལག་ཐམས་ཅད་ས་ལ་གཏུགས་ཤིང་དང་བ་དང་བླ་མའི་ཞབས་ལ་གཏུགས་པར་བསམ་ཞིང༌། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུ་ཡི། །རྡོ་རྗེ་ཅན་ཞབས་པདྨར་འདུད། །ཅེས་བྱ་བ་དང༌། འཁོར་བའི་འདམ་སོགས་ནང་གནས་པ། །ཐུགས་རྗེའི་ཕྱག་གིས་དྲང་མཛད་ནས། །ཡེ་ཤེས་བདུད་རྩིས་ཚིམ་མཛད་པ། །བླ་མའི་ཞབས་ཀྱི་པདྨར་འདུད། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་རྣམས་ལ་སྐྱབས་སུ་མཆི། །ཞེས་བྱ་བ་དང༌། གཞན་ཡང་འོག་ནས་འབྱུང་བའི་སྟོང་པའི་སྙིང་པོར་ཕྱག་འཚལ་ལོ། །ཞེས་བྱ་བ་ལ་སོགས་པས་བསྔགས་པ་བརྗོད་ཅིང་ཕྱག་འཚལ་ལོ། །དེ་ནས་ལྷག་པའི་ལྷ་ལ་དང་བ་དང་བཅས་པས་ཕྱག་བཙལ་ཞིང༌། དང་པོར་མེ་ཏོག་ཕོག་པ་ཡི། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འདུད། །ཅེས་བྱ་བ་དང༌། གཞན་ཡང་རྣལ་འབྱོར་གྱི་བདག་པོ་སེམས་ཅན་ཐམས་ཅད་གྲོལ་བར་མཛད་ལ་བསྟོད་ཅིང་ཕྱག་འཚལ་ལོ། །སེམས་ཅན་བདག་ཉིད་ལས་སྐྱེས་གཅིག་པའི་རང་བཞིན་ལ་བསྟོད་ཅིང་ཕྱག་འཚལ་ལོ། །འཁོར་བའི་རྒྱ་མཚོའི་གཏི་མུག་གཅོད་པར་མཛད་ལ་བསྟོད་ཅིང་ཕྱག་འཚལ་ལོ། །དེ་ཁོ་ན་ཐམས་ཅད་ཀྱི་ཡེ་ཤེས་གཅིག་ཏུ་སྟོན་པར་མཛད་པ་ལ་བསྟོད་ཅིང་ཕྱག་འཚལ་ལོ། །ཞེས་བྱ་བ་དང༌། འོག་ནས་འབྱུང་བ་མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་དང༌། གཞན་ཡང་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་རྣམས་ཀྱི་བསྔགས་པ་བརྗོད་པར་གང་འདོད་པ་རྣམས་བརྗོད་ཅིང་ཕྱག་བྱའོ། །དེ་ནས་མཆོད་པ་བྱ་བ་ནི། དང་པོ་ནི་མཆོད་ཡོན་ལ་སོགས་པ་རྣམས་དྲིའི་ཆུའམ་ཆང་བདུད་རྩི་དང་སྦྱར་བས་གཏོར་ཞིང༌། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་བརྗོད་དེ་བགེགས་བསལ་ལ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་བརྗོད་པས་སྟོང་པར་བསམས་ལ། ཐམས་ཅད་ཧཱུྃ་ལས་དྭངས་ཤིང་ཐོགས་པ་མེད་པ་བདུད་རྩི་ལྔས་ཁྱབ་པར་བྱས་པར་བསམས་ཏེ། མཆོད་ཡོན་ལ། ཨོཾ་དེ་ཝ་པི་ཙུ་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ལན་བདུན་གྱི་བྱིན་གྱིས་བརླབས་ལ་བྱའོ། །ལྷག་མ་རྣམས་ལའང་རང་རང་གི་སྔགས་ཀྱི་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་དབུལ་བ་ནི་ལྷ་དང་བླ་མ་ཐ་མི་དད་དུ་སྤྱན་དྲངས་པའི་ལུགས་ལྟར་ན་དུས་གཅིག་ཏུ་ལྷ་ལ་ཕུལ་བ་ལྟར་ཕུལ་བས་ཆོག སོ་སོར་སྤྱན་དྲངས་ན་ཐོག་མར་བླ་མ་ལ་དབུལ་ཏེ། ཐལ་མོ་སྦྱར་ལ་མཛུབ་མོ་གཉིས་ཀྱིས་གུང་མོ་གཉིས་བཀབ་སྟེ། དྲི་མེད་ཡིད་དུ་འོང་བ་ཡི། །ལྷ་རྫས་དམ་པའི་མཆོད་ཡོན་འདི། །བླ་མ་རྗེ་བཙུན་ཁྱེད་ལ་དབུལ། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨོཾ་ཧཱུྃ་གུ་རུ་ཏེ་ཛཿཧཱུྃ་བྃ་ཧོཿཁྃ་རྃ། ཞེས་བརྗོད་པས་མཆོད་ཡོན་དབུལ་ལོ། །ཕྱག་རྒྱ་སྔ་མ་དེ་ཉིད་ཀྱིས་ཆུ་གསུམ་དབུལ་ཞིང༌། ལྷག་མ་རྣམས་ཀྱི་ཕྱག་རྒྱ་ནི། །མེ་ཏོག་བསྐུལ་བ་སྙིམ་པའི་སྦྱོར་བ་དང༌། །སྤོས་ལ་སྤོས་ཁང་སྦྱོར་བ་དང༌། །སྡོང་པོས་མར་མེའི་མཆོད་པ་དང༌། །བྱུག་པའི་ཚུལ་གྱིས་བྱུག་པ་དང༌། །ཞེས་པའོ། །རོལ་མོ་ནི་དངོས་སུ་དཀྲོལ་བའམ། །ལག་པ་མིག་དང་དེ་བཞིན་རྐང༌། །རྐང་པའི་ཟུར་གྱིས་གཡས་ཕྱོགས་སུ། །བསྐོར་ཏེ་ཕེག་རྡོབ་སྦྱོར་བ་ཡིས། །དེ་བཞིན་དུ་ཡང་གཡོན་དུ་བསྐོར། །ཚིག་རྣམས་ནི་སྔ་མ་ལ་མིང་གི་གནས་སུ་རང་རང་གི་མིང་གཞུག་པའོ། །དེ་ནས་ལྷག་པའི་ལྷ་ལ་དབུལ་བ་ནི་ལྷག་མ་ལ་ཇི་ལྟར་འབྱོར་པའི་མཆོད་པ་རྣམས་ཚུལ་བཞིན་དབུལ་བར་བྱའོ། །དེ་ནས་ལྷག་པའི་ལྷ་ལ་དབུལ་བ་ནི། ཕྱག་རྒྱ་སྔ་མ་ལྟར་བྱ་ཞིང༌། ངག་ཏུ། དྲི་མེད་ཡིད་དུ་འོང་བ་ཡི། །ལྷ་རྫས་དམ་པའི་མཆོད་ཡོན་འདི། །བཅོམ་ལྡན་འཁོར་དང་བཅས་ལ་འབུལ། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨོཾ་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་ཧེ་བཛྲ་ས་པ་རི་ཝཱ་ར་བཛྲ་སངྐཱ་ར་པྲ་བ་ར་པྲ་ཏཱིཙྪ་ཛཿཧཱུྃ་བྃ་ཧོཿཁྃ་རྃ་སྭཱ་ཧཱ། ཞེས་མཆོད་ཡོན་ཕྱག་ཏུ་དབུལ་ལོ། །ཨོཾ་ཞེས་པ་ནས་ས་པ་རི་ཝཱ་ར་ཞེས་བྱ་བའི་བར་གྱི་སྔགས་ཐམས་ཅད་ལ་འགྲེའོ། །དེའི་རྗེས་ལ་སརྦ་པཱ་པཾ་ད་ཧ་ན་སྭཱ་ཧཱ། ཨོཾ་ནི་རི་ཧཱུྃ་ཁྃ་ཞེས་ཞབས་བསིལ་ཞབས་ལའོ། །ཨོཾ་བཛྲ་ནི་ཝི་ཏི་ཧཱུྃ་ཞེས་ཞལ་བསིལ་ཞལ་དུའོ། །དེ་ནས་མེ་ཏོག་གི་བྱེ་བྲག་ཐམས་ཅད་ལ། མེ་ཏོག་འདི་དག་བཟང་ཞིང་དགེ །དག་པའི་སྐྱེ་གནས་ལས་དག་པ། །བདག་གིས་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཅེས་པའི་རྗེས་ལ། སྔགས་སྔ་མ་བཞིན་གྱི་རྗེས་ལ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་ཞེས་བརྗོད་དེ་ཕྱག་རྒྱ་མེ་ཏོག་སྙིམ་པའི་སྦྱོར་བས་དབུལ་བར་བྱའོ། །ཚིག་འོག་མ་གཉིས་དང་སྔགས་ནི་ཐམས་ཅད་ལ་མཐུན་པར་སྦྱར་རོ། །ཚལ་དག་རོ་ནི་ཕན་པ་དང༌། །གང་ཞིག་དྲི་དང་བདུག་སྤོས་མཆོག །འོག་མ་གཉིས་ཀྱི་རྗེས་ལ། ཨོཾ་བཛྲ་དྷཱུཔྤེ་ཨཱཿཧཱུྃ། ཞེས་བརྗོད་དེ། སྤོས་ལ་སྤོས་ཁང་གི་སྦྱོར་བས་ཤངས་ལའོ། །སྲིན་པོ་འཇོམས་ཤིང་དག་བྱེད་ལ། །དགེ་ཞིང་མུན་པ་རྣམས་སེལ་བ། །ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ། སྡོང་པོས་མར་མེའི་མཆོད་པ་སྤྱན་ལའོ། །འདི་ནི་དྲི་བཟང་དགེ་བ་སྟེ། །དག་པའི་སྐྱེ་གནས་ལས་དག་པ། །འོག་མ་ལ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ། བྱུག་པའི་ཚུལ་གྱིས་དྲི་ཐུགས་ཀར་རོ། །སྨན་རྣམས་བཅུད་གཙང་ཡི་གར་འོང༌། །སྔགས་ཀྱི་ཞལ་ཟས་བཤོས་འདི་དག །འོག་མའི་རྗེས་སུ། ཨོཾ་བཛྲ་ནཻ་ཝི་དྱེ་ཨཱཿཧཱུྃ། སྟོབས་པ་ལྟ་བུའི་ཚུལ་གྱིས་རོ་མཆོག་རྣམས་ཞལ་དུའོ། །དྲི་མེད་ཡིད་དུ་འོང་བ་ཡི། །ལྷ་རྫས་དམ་པའི་རོལ་མོ་འདི། །འོག་མ་གཉིས་ཀྱི་རྗེས་ལ་སྔར་གྱི་སྔགས་རིང་པོ་བཏགས་ཏེ་རོལ་མོ་རྣམས་དབུལ་ལོ། །གཞན་ཡང་སྤྲོས་པ་ལ་དགའ་ན་འདོད་ཡོན་ལྔ་ལ་སོགས་པའི་མཆོད་པའི་བྱེ་བྲག་གང་འབུལ་བ་རྣམས་ཀྱང༌། ཇི་ལྟར་གསུངས་པའི་སྔགས་དང༌། ཕྱག་རྒྱ་དང༌། ཏིང་ངེ་འཛིན་དང་བཅས་པས་མཆོད་པར་བྱའོ། །དེ་ནས་བདུད་རྩི་མྱང་བའི་ཆོ་ག་བཞིན་བྱིན་གྱིས་བརླབས་ཏེ་ལག་པ་གཡོན་པའི་མཐེ་བོང་དང་སྲིན་ལག་གིས་བླངས་ཏེ། ཐོག་མར་བླ་མ་ཉིད་ལ་འབུལ། རྩ་བའི་སྔགས་དང༌། སྙིང་པོ་དང༌། ཕྲེང་སྔགས་དང༌། སོ་སོའི་ས་བོན་ལ་ཨོཾ་ཨཱཿསྔོན་དུ་འགྲོ་བ་དང༌། །ཧཱུྃ་ཕཊ་མཐའ་རུ་སྦྱར་བ་ཡིས། །ལྷག་པའི་ལྷ་ལ་དབུལ་བྱ་ཞིང༌། །ཡི་གེ་གསུམ་གྱིས་དུར་ཁྲོད་ལའོ། །དེའི་མཐར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་དེ། ལྷ་རྣམས་ལ་བདུད་རྩིས་མཉེས་པར་བྱས་ལ་ཡི་གེ་གསུམ་གྱིས་རང་གི་ལྕེ་ལ་མྱང་བར་བྱའོ། །དེ་ནས་ཡང་སྙིང་གའི་ས་བོན་ལས་ལྷ་མོ་བརྒྱད་སྤྲོས་ཏེ་བླ་མ་དང་ལྷ་ལ་མཆོད་པར་བསམ་ཞིང༌། ངག་ཏུ། ནམ་མཁར་རྗེ་བཙུན་བལྟས་ནས་ནི། །རྡོ་རྗེ་སྐྱེ་བ་སྙིང་རྗེ་ཆེ། །རྒྱན་རྣམས་ཐམས་ཅད་འཛིན་པ་ཡི། །ལྷ་མོ་བརྒྱད་པོ་རྣམས་ཀྱིས་མཆོད། །དཀར་མོ་རི་དྭགས་མཚན་མ་འཛིན། །ཆོམ་རྐུན་བདུད་ལས་རྒྱལ་བའི་སྣོད། །རོ་ལངས་མ་ནི་ཆུ་ལག་མ། །གྷསྨ་རཱི་ནི་སྨན་འཛིན་ཅིང༌། །པུཀྐ་སཱི་ནི་རྡོ་རྗེའི་ལག །དེ་བཞིན་རི་ཁྲོད་མ་རོ་འཛིན། །གདོལ་པ་མོ་ནི་ཅང་ཏེའུ་བརྡུང༌། །འདི་རྣམས་ཀྱིས་ནི་གཙོ་བོ་མཆོད། །འདོད་ཆགས་ཆེན་པོས་རྗེས་ཆགས་པ། །གཡུང་མོས་སྐུ་ལ་འཁྱུད་པ་ཉིད། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ་ཞེས་བརྗོད་པར་བྱའོ། །དེ་ནས་ཡང་ལྷ་མོ་བརྒྱད་པོས་བསྟོད་པར་བསམ་ཞིང༌། རོལ་མོ་དང་བཅས་པས་དངོས་སུ་རང་གིས་བསྟོད་དེ། དང་པོར་བླ་མ་ལ་བསྟོད་པ་ནི། བསྟོད་པ་མདོར་བསྡུས་པའམ་ཡང་ན་དཔལ་ཁ་སྦྱོར་ལས་བྱུང་བ། སྟོང་པའི་སྙིང་པོར་ཕྱག་འཚལ་བསྟོད། །རྟོག་པ་ཐམས་ཅད་ཡང་དག་སྤངས། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཚོགས། །ཡེ་ཤེས་སྐུ་ལ་ཕྱག་འཚལ་བསྟོད། །འགྲོ་བའི་མི་ཤེས་གཅོད་པ་ཅན། །དག་པའི་དེ་ཉིད་སྟོན་མཛད་པ། །བདག་མེད་ཆོས་རྣམས་ལས་བྱུང་བའི། །རྡོ་རྗེ་སེམས་དཔར་ཕྱག་འཚལ་བསྟོད། །རྫོགས་སངས་རྒྱས་དང་བྱང་ཆུབ་སེམས། །ཕ་རོལ་ཕྱིན་པའི་ཡོན་ཏན་རྣམས། །མགོན་པོ་ལས་ནི་རྟག་ཏུ་འབྱུང༌། །བྱང་ཆུབ་སེམས་ལ་ཕྱག་འཚལ་བསྟོད། །དཀོན་མཆོག་གསུམ་དང་ཐེག་ཆེན་དང༌། །དེ་བཞིན་བརྟན་དང་འགྲོ་བ་དང༌། །ཁམས་གསུམ་པོ་ནི་འདི་དག་ཀུན། །འགྲོ་བའི་དཔའ་བོར་ཕྱག་འཚལ་བསྟོད། །ཡིད་བཞིན་ནོར་བུ་ལྟར་གྱུར་པའི། །འགྲོ་བའི་དད་པའི་དོན་བསྒྲུབ་ཕྱིར། །དཔལ་ལྡན་བདེ་གཤེགས་བཀའ་བཞིན་མཛད། །སངས་རྒྱས་སྲས་པོར་ཕྱག་འཚལ་བསྟོད། །ཅེས་པས་སོ། །དེ་ནས་ལྷ་ལ་བསྟོད་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་རིགས་ལྔའི་ངོ་བོ་ཡིན་པས། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁས་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་དབྱངས་ལ་ཕྱག་འཚལ་བསྟོད། །རྣམ་པར་སྣང་མཛད་དག་པ་ཆེ། །རྡོ་རྗེ་ཞི་བ་དགའ་ཆེན་པོ། །རང་བཞིན་འོད་གསལ་མཆོག་གི་མཆོག །སྟོན་པ་རྡོ་རྗེར་ཕྱག་འཚལ་བསྟོད། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མ་མེད། །རང་བཞིན་དག་པས་གོས་པ་མེད། །རྡོ་རྗེ་སྐུ་ལ་ཕྱག་འཚལ་བསྟོད། །རྡོ་རྗེ་དཔག་མེད་རྒྱལ་པོ་ཆེ། །མི་རྟོག་ནམ་མཁའ་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །རྡོ་རྗེ་གསུང་ལ་ཕྱག་འཚལ་བསྟོད། །དོན་ཡོད་རྡོ་རྗེ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་རྫོགས་མཛད་པ། །དངོས་ཉིད་དག་པ་ཉིད་ལས་བྱུང༌། །ལས་ཀྱི་རྡོ་རྗེར་ཕྱག་འཚལ་བསྟོད། །ཅེས་བྱ་བ་དང༌། ཁྱོད་ནི་རྣལ་འབྱོར་མ་ཚོགས་ཡོངས་སུ་བསྐོར། །ཁྱོད་ནི་ཉིད་ཀྱི་ཐུགས་ཀྱི་མཆོག་བརྙེས་པ། །ཁྱོད་ཀྱིས་རྒྱུ་དང་མི་རྒྱུའི་འགྲོ་ཀུན་བརྒྱན། །སྙིང་རྗེའི་ཐུགས་ཀྱིས་སེམས་ཅན་སད་མཛད་པ། །ཀུན་རྫོབ་སྒྱུ་མས་འབྲས་བུ་བསྒྲུབས་པ་ཉིད། །ཧེ་རུ་ཀ་དཔལ་རྡོ་རྗེ་ཡིད་ཀྱིས་དགྱེས། །ཞེས་བྱ་བས་བསྟོད། གཞན་ཡང་སྤྲོས་པ་ལ་དགའ་ན། ཐམས་ཅད་དངོས་པོའི་རང་བཞིན་མཆོག །ཅེས་བྱ་བ་ལ་སོགས་པ་ཉི་ཤུ་པ་དང༌། རྡོ་རྗེ་གུར་ལས་གསུངས་པའི་བསྟོད་པའི་ཁྱད་པར་གསུངས་པ་རྣམས་ཀྱིས་ཀྱང་བསྟོད་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་སྟུ་ཏི་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་པར་བྱའོ། །དེ་དག་ཀྱང་སློབ་དཔོན་མི་ཐུབ་ཟླ་བའི་ཡན་ལག་ཐ་དད་དུ་གསུངས་ཀྱང༌། ཕྱིའི་མཆོད་པ་དང༌། ནང་གི་དང༌། ཡིད་ལས་བྱུང་བ་དང༌། བསྟོད་པའི་མཆོད་པ་ཞེས་བྱ་བ་ཡིན་པས། མཆོད་པའི་ཁོངས་སུ་བསྡུར་རུང་བ་ཡིན་ནོ། །དེ་ནས་སྡིག་པ་བཤགས་པ་ལ་སོགས་པ་བྱ་སྟེ། དེ་ཡང་མདོར་བསྡུས་པ་རྡོ་རྗེ་གུར་ལས་འབྱུང་བ། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །ཞེས་བྱ་བ་ལ་སོགས་པ་བརྗོད་པའམ། ཡང་ན་རྒྱས་པར་བྱ་སྟེ། ཐོག་མེད་དུས་ནས་འཁོར་བ་ནི། །བདག་གིས་སྡིག་པ་གང་བགྱིས་དང༌། །བགྱིད་སྩལ་གང་ཡིན་དེ་རིང་འདིར། །གཙོ་བོས་སླར་ཡང་བསྡམ་པར་འཚལ། །རྒྱལ་བ་སྲས་དང་བཅས་རྣམས་དང༌། །འགྲོ་གཞན་ལེགས་བྱས་གང་ཡིན་པ། །དེ་དག་ཀུན་ལ་ཡི་རང་སྟེ། །བྱང་ཆུབ་ཏུ་ནི་བདག་གིས་བསྔོ། །སངས་རྒྱས་ཆོས་དང་དགེ་འདུན་ལ། །དེ་རིང་བདག་ནི་སྐྱབས་སུ་མཆི། །ཞེས་བརྗོད་དེ་དོན་ཡང་དྲན་པར་བྱའོ། །གཞན་ཡང་སྤྲོས་པ་ལ་དགའ་ན། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པའང་བྱའོ། །དེ་ནས་གཞན་ཡང་བྱང་ཆུབ་ཀྱི་སེམས་ཀྱི་དགོས་པ་དྲན་པར་བྱ། བྱང་ཆུབ་ཀྱི་སེམས་གཉིས་བསྐྱེད་པ་ལ་བསྐུལ་བའི་ཕྱིར། འཁོར་བའི་སྡུག་བསྔལ་བཅད་པ་དང༌། །དགེ་བ་རྣམས་ནི་སྤེལ་བའི་ཕྱིར། །བྱང་ཆུབ་སེམས་གཉིས་བསྐྱེད་ནས་སུ། །འགྲོ་རྣམས་དེ་རིང་མགྲོན་དུ་གཉེར། །སངས་རྒྱས་གྱུར་ནས་འགྲོ་བ་རྣམས། །མ་ལུས་སྲིད་མཚོ་ལས་བསྒྲལ་ཕྱིར། །ཞེས་བརྗོད་དོ། །དེའི་དོན་དྲན་པར་བྱ་སྟེ། འགྲོ་བའི་དོན་གྱི་ཕྱིར་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཞེས་དྲན་པར་བྱའོ། །དེ་ནས་སྨོན་པའི་སེམས་བསྐྱེད་པ་དང༌། འཇུག་པ་དང༌། རིགས་ལྔའི་སྡོམ་པ་མ་ལུས་པར་ཐོབ་པར་བྱ་བའི་ཕྱིར། སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་ནི་ཆེ་གེ་ཞེས་བགྱི་བས། །དུས་འདི་ནས་ནི་བཟུང་ནས་སུ། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་མེད་པའི། །དམ་པ་བདག་གིས་བསྐྱེད་པར་བགྱི། །དགེ་བའི་ཆོས་ནི་སྡུད་པ་ད་ང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་དང༌། །ཚུལ་ཁྲིམས་བསླབ་པ་དེ་རྣམ་གསུམ། །སོ་སོར་བདག་གིས་བརྟན་པོར་གཟུང༌། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་པའི། །སྡོམ་པ་དེང་ནས་བརྟན་པོར་གཟུང༌། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང༌། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་རྣལ་འབྱོར་གྱིས། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་ཞིང་ནི་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་གཟུང༌། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་པར་བགྱི། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །སྡོམ་པ་མ་ལུས་གཟུང་བར་བགྱི། །མ་བསྒྲལ་བ་རྣམས་བསྒྲལ་བར་བགྱི། །མ་གྲོལ་བ་རྣམས་དགྲོལ་བར་བགྱི། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང༌། །སེམས་ཅན་མྱ་ངན་འདས་ལ་དགོད། །ཅེས་ལན་གསུམ་བཟླས་ཏེ་འདིས་ནི་དམ་ཚིག་དང་སྡོམ་པ་མཐའ་དག་བླང་བར་འགྱུར་རོ། །དེ་ནས་འབྱོར་པས་ལྷ་དང་འབྱུང་པོ་སོ་སོའམ་དུས་གཅིག་ཏུ་ཆོ་ག་ལས་འབྱུང་བ་བཞིན་གཏོར་མ་ཕུལ་ལ་ཕྲིན་ལས་བཅོལ་བར་བྱའོ། །དེ་ནས་ལྷག་ཆད་བསྐང་བའི་ཆོ་ག་བྱ་བའི་ཕྱིར་ཡི་གེ་བརྒྱ་པ་བརྗོད་དོ། །བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་སྐྱབས་སུ་མཆི། །ཞེས་བརྗོད་ལ། དེའི་མཐར་ཨོཾ་བཛྲ་མུཿཞེས་བརྗོད་པས་སྤྱན་དྲངས་པ་རྣམས་གཤེགས་སུ་གསོལ་ཏེ། བསྐྱེད་པ་རྣམས་རང་ལ་བསྡུས་ལ། མེ་ཏོག་ཚོམ་བུ་དབུས་སུ་བསྡུས་བར་བྱའོ། །དེ་ནས་རང་གི་སྟན་ལ་འདུག་སྟེ། སློབ་དཔོན་ནག་པོ་པའི་ལུགས་ལྟར་སྔར་གྱི་དེ་དག་ཐུན་མཚམས་ཀྱི་བྱ་བར་བྱ་སྟེ། སླར་ཡང་ཡི་དམ་གྱི་ལྷ་སྤྱན་དྲངས་ནས་བརྩམས་ཏེ། བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པ་སྟན་གཅིག་ལ་རྫོགས་པར་བསྒོམས་ལ། ལངས་ཏེ་དག་པ་རྗེས་སུ་དྲན་པ་དང༌། རྡོ་རྗེའི་གླུ་བླང་བ་དང༌། སྨོན་ལམ་གདབ་ཅིང་ཀུན་དུ་སྤྱོད་པའི་དུས་ཐམས་ཅད་དུ། སྤྱོད་ལམ་གྱི་རྣལ་འབྱོར་གྱིས་གནས་པར་བྱའོ། །བརྩོན་འགྲུས་དང་འབྱོར་པ་དང་ལྡན་པས་མཆོད་པ་དང་གཏོར་མའང་སྔར་བཞིན་དུ་སྤྱད་པར་བྱའོ། །གཞན་ཡང་ཛཾ་བྷ་ལ་ལ་ཆུ་སྦྱིན་པ་ལ་སོགས་པ་ཟས་ཀྱི་སྔོན་དུ་བྱ་བ་རྣམས་བྱས་ཏེ་ཟས་ཀྱི་དུས་སུ་དང་པོ་བླ་མ་དང་ལྷ་ལ། ཨོཾ་བཛྲ་ནཻ་བི་དྱེ་ཨཱཿཧཱུྃ་ཞེས་བརྗོད་དེ་ཕུད་དབུལ། དེ་ནས་ཆོས་སྐྱོང་བ་ལ་གཏོར་མ་སྦྱིན། དེ་ནས་ཨོཾ་ཧ་རི་ཏེ་སྭཱ་ཧཱ། ཞེས་པས་འཕྲོག་མ་མ་སྨད་ལ་ཆང་བུ་གཉིས་སྦྱིན་པའམ། ཡང་ན་ཨོཾ་ཧ་རི་ཏེ་བཛྲ་ཡཀྵ་ནཱི་སྭཱ་ཧཱ་ཞེས་པས་སོ། །ཨོཾ་ཨ་གྲ་པིཎྜ་ཨ་སཱི་བྷྱཿསྭཱ་ཧཱ། ཞེས་པས་ཕུད་ལ་དགའ་བའི་འབྱུང་པོ་ལ་གཅིག་བྱིན་ཏེ། ཁ་ཟས་ཀྱི་རྣལ་འབྱོར་གྱིས་ནང་གི་སྦྱིན་སྲེག་བྱ་བ་ལ་སོགས་པ་ཐུན་མཚམས་ཀྱི་བྱ་བ་རྣམས་ཇི་ལྟ་བ་བཞིན་དུ་རྫོགས་པར་བྱས་ནས་སྔ་དྲོའི་ཐུན་ལ་འཇུག་པར་བྱའོ། །དེ་ནས་ལངས་ཏེ་ཐུན་མཚམས་ཀྱི་བྱ་བ་སྔར་བཞིན་བྱའོ། །གཞན་ཡང་མཆོད་རྟེན་བཞེངས་པ་དང༌། ཆོས་འཆད་པ་དང༌། ཀློག་པ་དང༌། བསྐོར་བ་ལ་སོགས་པའི་བྱ་བ་ཐུན་མཚམས་སུ་བྱ་སྟེ་དགོངས་མོའི་ཐུན་བྱའོ། །དེ་ནས་ལངས་ཏེ་ཐུན་མཚམས་སུ་སྔར་བཞིན་དང༌། ཁྱད་པར་དུའང་སྲོད་ཀྱི་དུས་སུ་གཏོར་མ་བྱའོ། །ཕྱིའི་སྦྱིན་སྲེག་དང་ནང་གི་སྦྱིན་སྲེག་ཀྱང་འབྱོར་པ་དང་ལྡན་པས་བྱའོ། །སྲོད་ཀྱི་ཐུན་གྱི་མཇུག་རྫོགས་པའི་རིམ་པ་ཐིག་ལེའམ་སྟོང་པ་ཉིད་ཀྱི་ངང་ལ་ཉལ་བར་བྱའོ། །ལངས་ཏེ་ཐོ་རངས་ཀྱི་དུས་སུ་སྔར་བཞིན་སྤྱད་དེ། དེ་ལྟར་ན་ཉིན་མཚན་རྒྱུན་དུ་མཉམ་པར་བཞག་པ་དང༌། མཉམ་པ་ལས་ལངས་པའི་རྣལ་འབྱོར་ལ་འབད་པར་བྱའོ། །གཞན་ཡང་རྣལ་འབྱོར་བརྩོན་ལྡན་པས། །ཉིན་ཞག་སོ་སོ་ཉིད་དག་གམ། །ཡི་དྭགས་ཟླ་ཕྱེད་བཅུ་བཞི་དང༌། །དེ་བཞིན་དུ་ཡང་བརྒྱད་པའམ། །ཟླ་བ་སོ་སོ་དག་ལའང་རུང༌། །ཤེས་པའི་དུས་ལ་ཁྱད་པར་དུ། །དུར་ཁྲོད་རི་ཡི་བྱ་སྐྱིབས་སམ། །ཁང་སྟོང་ངམ་ནི་ཁྱིམ་ནང་དུ། །མཁས་པས་ཆོ་ག་ཇི་བཞིན་དུ། །ཚོགས་ཀྱི་འཁོར་ལོ་བྱས་པ་ཡིས། །དཔའ་བོ་རྣལ་འབྱོར་མ་རྣམས་ཀུན། །མཉེས་པས་དངོས་གྲུབ་སྩོལ་བར་བྱེད། །དེ་ལྟར་ལས་དང་པོའི་བྱ་བ་དེ་དག་ཀྱང་རྡོ་རྗེ་གུར་ལས་གསུངས་ཏེ། དེའང་ཐོག་མར་རྒྱུན་དུ་ཡང་སྤང་བྱ་སྤངས་པ་ལ་བསླབ་པའང༌། སློབ་དཔོན་སྨད་པར་མི་བྱ་ཞིང༌། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱས་པར་གཞན་དུ་བཤད་པས་མི་སྤྲོའོ། །བསྟེན་བྱ་བསྟན་པའང༌། །རྟག་ཏུ་རང་གི་དམ་ཚིག་བྱ། །རྟག་ཏུ་དེ་བཞིན་གཤེགས་པར་མཆོད། །རྟག་ཏུ་བླ་མ་ལ་ཡང་དབུལ། །བླ་མ་སངས་རྒྱས་ཀུན་དང་འདྲ། །ཞེས་བྱ་བ་དང༌། ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །དཀོན་མཆོག་གསུམ་ནི་སྤང་མི་བྱ། །རྟག་ཏུ་དམ་ཚིག་བསྲུང་བར་བྱ། །རྡོ་རྗེ་དྲིལ་བུ་གཟུང་བར་བྱ། །གཙུག་ཏོར་རྟག་ཏུ་གཟུང་བར་བྱ། །རྟག་ཏུ་སྦྱིན་སྲེག་དགང་བར་བྱ། །རྟག་ཏུ་དཀྱིལ་འཁོར་བཞེངས་པར་བྱ། །རྟག་ཏུ་བདེ་གཤེགས་རབ་གནས་བྱ། །འབྱུང་པོ་ཆེ་ལ་གཏོར་མ་སྦྱིན། །རྟག་པར་རྒྱུན་དུ་སྔགས་བཟླས་ཤིང༌། །བསམ་གཏན་ཉིད་ཀྱང་འབྲལ་མི་བྱ། །རྟག་ཏུ་སློབ་མ་བསྡུ་བྱ་ཞིང༌། །རྟག་པ་རུ་ནི་བཤད་པར་གྱིས། །རྟག་ཏུ་སེམས་ཅན་བསྐྱང་བ་དང༌། །རྟག་ཏུ་སངས་རྒྱས་ཆེར་མཉེས་བྱ། །ཛམྦྷ་ལ་ལ་ཆུ་སྦྱིན་ཞིང༌། །ལས་རྣམས་ཐམས་ཅད་ཡང་དག་སྤྱད། །བྱེ་མའི་ལས་ལ་མཆོད་རྟེན་ཡང༌། །མཁས་པས་ཆོ་ག་བཞིན་དུ་སྤྱད། །ཅེས་གསུངས་པ་ཡིན་ནོ།།  །།དེ་ལྟར་རྣལ་འབྱོར་ལ་བརྩོན་པར་བྱས་པས་དྲོད་ཆུང་ངུ་ཐོབ་པར་གྱུར་པས་ན་ཀུན་འདར་གྱི་སྤྱོད་པ་གསང་ཏེ་བསྒྲུབ་བོ། །དྲོད་འབྲིང་གི་ཚེ་ཀུན་བཟང་གི་སྤྱོད་པ་གསང་སྟེ་བསྒྲུབ་བོ། །དྲོད་ཆེན་པོ་ཐོབ་པར་གྱུར་པ་ན། དམ་ཚིག་སྡོམ་ལས་རྣམ་པར་གྲོལ། །ཞེས་བྱ་བ་དང༌། ཕྱག་རྒྱ་བཅིང་བ་རྣམ་སྤོང་ཞིང༌། །ཞེས་བྱ་བ་ལ་སོགས་པའི་དུས་སུ་གྱུར་པ་ན་སྤྱོད་པ་གཉིས་འཇིག་རྟེན་པའི་མངོན་དུ་སྤྱོད། དེ་ནས་རྒྱུད་ལས་གསུངས་པ་བཞིན་སྤྱོད་པས། ཕྱི་ནང་གི་ཡུལ་དང་གྲོགས་དང་ནོར་རྣམས་དབང་དུ་གྱུར་པས་ས་རྣམས་བགྲོད་དེ། མཐར་མངོན་པར་རྫོགས་པར་བྱང་ཆུབ་སྟེ། བདག་གཞན་གྱི་དོན་མ་ལུས་པའང་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་ལྟར་དེ་དག་རྣམས་ཀྱང་རྒྱལ་བས་གསུངས་པ་ཡིན་པ་ལ། དེ་ཡང་བློ་དམན་བདག་ལ་རྟོགས་པའི་ནུས་མེད་ཀྱང༌། །བླ་མའི་གསུང་ལ་བརྟེན་ནས་ཅུང་ཟད་ཙམ་གང་རྟོགས། །དེ་འདིར་ཀྱེ་ཡི་རྡོ་རྗེའི་ལམ་འཇུག་དག་ལ་བརྩེ་བ་ཡིས། །དང་པོའི་ལས་ཅན་བྱ་བའི་རིམ་པ་དག་དང་ཡང༌། །ཞར་ལས་ལམ་རིམ་བགྲོད་ཚུལ་ཅུང་ཟད་བྲིས་འདི་ལ། །ཐར་འདོད་ལེགས་པར་སྨིན་པས་སྐལ་བ་དང་ལྡན་པའི། །སྐྱེ་བོ་རྣམས་ཀྱིས་བརྩོན་པར་ཆེར་བསྐྱེད་འཇུག་པའི་རིགས། །བློ་དམན་ལེ་ལོའི་དབང་གྱུར་པ། །བདག་གིས་དེ་ལྟར་སྨྲས་གྱུར་ལ། །ཆེར་དད་མེད་ནའང་རྒྱལ་བ་དང༌། །བླ་མའི་གསུང་ལ་ཡིད་ཆེས་རིགས། །དེ་ལྟར་བདག་གིས་འབད་བྱས་ལས། །བསོད་ནམས་སྟོབས་ལྡན་སྲིད་པ་ཡི། །རྩེ་མོར་གཏུགས་གྱུར་སྐྱེས་ཏེ་ཡིས། །འགྲོ་ཀུན་རྡོ་རྗེ་འཛིན་གྱུར་ཅིག །བླ་མ་དམ་པའི་ཞབས་ཀྱི་པདྨོ་ལ་གཏུགས་པའི་དགེ་བསྙེན་པུཎྱ་ཨ་གྲས་བྲིས་པ་ལས་དང་པོ་པའི་བྱ་བ་རྫོགས་སོ། །འདིས་བསྟན་པ་དང་སེམས་ཅན་མང་པོ་ལ་ཕན་ཐོགས་པར་གྱུར་ཅིག།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*