སཾ་པུ་ཊའི་རྒྱུད་ཀྱི་བསྡུས་དོན།

༼ག༽

༄༅། །སཾ་བུ་ཊའི་རྒྱུད་ཀྱི་བསྡུས་དོན་བཞུགས།།

༄༅། །དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །ཡང་དག་པར་སྦྱོར་བའི་རྒྱུད་ཆེན་པོ་འདི་ལ་བསྡུས་པའི་དོན་ལྔ་སྟེ། གླེང་གཞིའི་ཚུལ་གྱིས་ལུས་རྣམ་པར་གཞག་པ་དང༌། མཚན་གྱི་སྒོ་ནས་ཅུང་ཟད་ཙམ་བཤད་པ་དང༌། བརྟག་པ་དང་པོས་རྒྱས་པར་བཤད་པ་དང༌། བརྟག་པ་དགུ་པས་རབ་ཏུ་རྒྱས་པར་བཤད་པ་དང༌། རྒྱུད་ཕྱི་མས་ཚིག་དང་དོན་ཕྱེ་སྟེ་བཤད་པའོ། །ཡང་ན་རྒྱུད་འདི་ལ་དོན་གཉིས་ཀྱིས་བསྟན་ཏེ། རྩ་བའི་རྒྱུད་དང༌། དེ་གསལ་བར་བྱེད་པ་རྒྱུད་ཕྱི་མའོ། །དང་པོ་ལ་གཉིས་ཏེ། གླེང་གཞི་ཕུན་སུམ་ཚོགས་པས་ལུས་རྣམ་པར་གཞག་པ་དང༌། གང་བཤད་པའི་རྒྱུད་ཀྱི་ལུས་ཀྱི་ཚུལ་གྱིས་ཡན་ལག་རྒྱས་པར་དབྱེ་བ་དང༌། དེ་ལ་འཁོར་རྣམས་ཀྱིས་རྗེས་སུ་ཡི་རང་བའོ། །གཉིས་པ་ལ་གསུམ་སྟེ། རྒྱུད་ཀྱི་མཚན་ཉིད་ཀྱི་དོན་བསྟན་པ་དང༌། བཤད་པར་དམ་བཅའ་བ་དང༌། དོན་དངོས་སོ། །དང་པོ་ལ་ལྔ་སྟེ། རྒྱུད་ཞུ་བ་ལ་བསྐུལ་བའི་ཕྱིར་སྟོན་པས་གླེང་བསླང་བ་དང༌། རྒྱུད་ཀྱི་དོན་མདོར་བསྡུས་ཏེ་ཞུས་པ་དང༌། དེ་ལ་གཏང་རག་བྱིན་པ་དང༌། རྒྱུད་ཀྱི་མཚན་གྱི་དོན་རྒྱས་པར་ཞུས་པ་དང༌། དེའི་ལན་བསྟན་པའོ། །དེ་ལ་གཉིས་ཏེ། མཚན་དོན་རྒྱུད་བཤད་པ་དང༌། སྟོན་པ་དང༌། དེའི་ཆོས་ལྟར་བཤད་པའོ། །དོན་དངོས་ལ་གཉིས་ཏེ། བརྟག་པ་དང་པོས་མདོར་བསྟན་པ་དང༌། བརྟག་པ་གཉིས་པ་ནས་བརྩམས་ཏེ་རྒྱས་པར་བཤད་པའོ། །སྔ་མ་ལ་གཉིས་ཏེ། ཐབས་ཀྱི་རྒྱུད་གཙོ་བོ་ཉིད་དུ་བསྟན་པ་དང༌། ཐབས་དང་འབྲས་བུ་གཉི་ག་གླེང་གཞི་ལ་སྦྱར་ཏེ་བཤད་པའོ། །དང་པོ་ལ་གཉིས། ལམ་གྱི་གཙོ་བོ་ཐོག་མར་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང༌། དེའི་འོག་ཏུ་སེམས་བསྐྱེད་པའི་ལམ་ལ་འཇུག་པ་བསྟན་པའོ། །སྔ་མ་ལ་གཉིས་ཏེ། དོན་དངོས་དང༌། རབ་ཏུ་བྱེད་པའི་མིང་ངོ༌། །དོན་དངོས་ལ་གཉིས་ཏེ། སྤྱིའི་དོན་དེ་བཞིན་ཉིད་ཀྱི་དག་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང༌། སྦས་པའི་དོན་རང་རིག་པའི་དག་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པའོ། །དང་པོ་ལ་བཞི་སྟེ། ཐོག་མར་བསྟན་པའི་དགོས་པ་དང༌། གང་དུ་སྟོང་པ་ཉིད་དུ་བསྒོམ་པ་དང༌། སྟོང་པ་ཉིད་དང་དེ་ལ་དམིགས་པའི་ཡེ་ཤེས་ཀྱི་མཚན་ཉིད་དང༌། བསྒོམ་པར་རྗེས་སུ་བསྟན་པའོ། །ཐ་ལྟག་འདི་ལ་གསུམ་སྟེ། ཡེ་ཤེས་ཀྱི་མཚན་ཉིད་དངོས་དང༌། དེ་གཞན་གྱིས་མི་རྟོགས་པར་བསྟན་པ་དང༌། རྣལ་འབྱོར་པས་ཉམས་སུ་བླང་བའི་ཚུལ་ལོ། །དེ་ལ་གཉིས་ཏེ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྒོམ་པ་དང༌། དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམ་པའོ། །སྒོམས་པར་གདམས་པ་ལ་གཉིས་ཏེ། ཕན་ཡོན་གྱི་སྒོ་ནས་དང༌། མ་བསྒོམས་པའི་ཉེས་པའི་སྒོ་ནས་སོ། །རང་རིག་པའི་དག་པ་ལ་གསུམ། སྔ་མ་དང་མཚམས་སྦྱར་བ་དང༌། བསྒོམ་པའི་ཚུལ་དངོས་དང༌། བསྒོམས་པ་ལས་བྱུང་བའི་ཕན་ཡོན་ནོ། །བར་པ་ལ་གསུམ། རང་བྱིན་བརླབ་གཙོར་བསྒོམ་པ་དང༌། རྫོགས་པའི་རིམ་པ་གཉི་གའི་ཐུན་མོང་དུ་གྱུར་པ་དང༌། དཀྱིལ་འཁོར་འཁོར་ལོ་གཙོ་བོར་གྱུར་པའི་དེ་ཁོ་ན་ཉིད་དོ། །བར་པ་ལ་གསུམ། རྩ་དབུ་མའི་གནས་ལུགས་དགའ་བ་བཅུ་དྲུག་ཞར་ལ་བསྟན་པ་དང༌། གནད་ཀྱི་སྒོ་ནས་ཡི་གེས་དགག་པ་དང༌། བསྒོམས་པའི་ཕན་ཡོན་ནོ། །གསུམ་པ་དཀྱིལ་འཁོར་འཁོར་ལོའི་དེ་ཁོ་ན་ཉིད་ལ་ལྔ་སྟེ། ཆོས་ཅན་ལ་ཆོས་ཉིད་ཀྱི་དེ་ཁོ་ན་ཉིད་དང༌། གདབ་བྱ་ལ་འདེབས་བྱེད་ཀྱི་དེ་ཁོ་ན་ཉིད་དང༌། སྦྱང་གཞི་དང་སྦྱོང་བྱེད་ཀྱི་ཕན་ཚུན་རིགས་དང་རིགས་བདག་ཏུ་འགྱུར་བའི་དེ་ཁོ་ན་ཉིད་དང༌། མཚོན་བྱེད་ལ་མཚོན་བྱའི་དེ་ཁོ་ན་ཉིད་དང༌། ཕྱག་རྒྱ་དང་ཡེ་ཤེས་བསྲེ་བའི་དེ་ཁོ་ན་ཉིད་དོ། །དང་པོ་ལ་བཞི། ཆོས་ཅན་ཆོས་ཉིད་དུ་བསྒྲུབ་པ་དང༌། ཆོས་ཉིད་མ་བསྒོམས་པའི་ཉེས་པ་དང༌། བསྒོམས་པའི་ཕན་ཡོན་དང༌། ཆོས་ཉིད་ཀྱི་རང་བཞིན་ནོ། །གདབ་བྱ་ལ་འདེབས་བྱེད་ཀྱི་དེ་ཁོ་ན་ཉིད་ལ་བཞི། གདབ་བྱའི་རང་བཞིན་དང༌། ཇི་ལྟར་བསྟེན་པའི་ཚུལ་དང༌། གདབ་བྱ་ལ་འདེབས་བྱེད་ཕན་ཚུན་མཚོན་པ་དང༌། གདབ་བྱ་དང་འདེབས་བྱེད་ཕན་ཚུན་རོ་གཅིག་པར་བྱ་བའོ། །གསུམ་པ་སྦྱང་གཞི་དང་སྦྱོང་བྱེད་ཕན་ཚུན་རིགས་དང་རིགས་བདག་ཏུ་འགྱུར་བའི་དེ་ཁོ་ན་ཉིད་ལ་གསུམ་སྟེ། འབྲས་བུ་རིགས་བདག་གི་གྲངས་བསྟན་པ་དང༌། སྦྱང་གཞི་རིགས་ཀྱི་དབྱེ་བ་བསྟན་པ་དང༌། དེ་དག་ཕན་ཚུན་རིགས་དང་རིགས་བདག་ཏུ་འགྱུར་བའི་ཚུལ་ལོ། །མཚོན་བྱེད་ལ་མཚོན་བྱའི་དེ་ཁོ་ན་ཉིད་ལ་བཞི་སྟེ། ཉམས་སྣང་བ་དང༌། སྟོང་པ་ཟུང་འཇུག་ཏུ་བསྲེ་བ་དང༌། རིགས་ལྔའི་མཚན་དོན་དང་ཡེ་ཤེས་བསྲེ་བ་དང༌། ཡེ་ཤེས་དང་ལྷའི་མིང་དོན་བསྲེ་བ་དང༌། འབྲས་བུ་དང་ཡེ་ཤེས་བཅོམ་ལྡན་འདས་སུ་བསྲེ་བའོ། །བསྒོམས་པ་ལས་བྱུང་བའི་ཕན་ཡོན་ལ་ལྔ་སྟེ། སྨྲས་པ་བཟླས་པའི་དེ་ཁོ་ན་ཉིད་དང༌། རྐང་པའི་རྗེས་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང༌། ལག་པ་བསྒྱུར་བ་ཕྱག་རྒྱའི་དེ་ཁོ་ན་ཉིད་དང༌། བསམ་པ་བསམ་གཏན་གྱི་དེ་ཁོ་ན་ཉིད་དང༌། ལྷན་ཅིག་སྐྱེས་པའི་དེ་ཁོ་ན་རྟོགས་པའི་ཚུལ་ལོ། །རབ་ཏུ་བྱེད་པ་དང་པོའོ། །དེ་ལྟར་སེམས་བསྐྱེད་ནས། དེའི་འོག་ཏུ་འཇུག་པ་བསྟན་པ་ལ་གསུམ་སྟེ། བཤད་པར་དམ་བཅའ་བ་དང༌། དོན་དངོས་དང༌། རབ་ཏུ་བྱེད་པའི་མིང་ངོ༌། །དོན་ངོས་ལ་གཉིས་ཏེ། སྤྱིའི་དོན་དུ་བཤད་པ་དང༌། སྦས་པའི་དོན་གྱི་འཇུག་པ་བཤད་པའོ། །དང་པོ་ལ་བཞི། ཚོགས་ཀྱི་ལམ་གྱིས་བསྡུས་པ་དང༌། སྦྱོར་བའི་ལམ་གྱིས་བསྡུས་པ་དང༌། མཐོང་བའི་ལམ་གྱིས་བསྡུས་པ་དང༌། བསྒོམ་པའི་ལམ་གྱིས་བསྡུས་པའོ། །དང་པོ་ལ་གསུམ་སྟེ། དྲན་པ་ཉེ་བར་གཞག་པ་དང༌། ཡང་དག་པར་སྤོང་བ་དང༌། རྫུ་འཕྲུལ་གྱི་རྐང་པའོ། །སྦྱོར་ལམ་ལ་གཉིས། དབང་པོ་དང༌། སྟོབས་སོ། །སྦས་པའི་དོན་ལ་བཞི་སྟེ། ལམ་དང་འབྲས་བུའི་རིམ་པ་ཐམས་ཅད་རང་གི་ལུས་ཉིད་ལ་བསྡུ་བ་དང༌། དེ་དག་འགྲུབ་པར་བྱེད་པའི་རྒྱུ་རྩ་བ་ཡིན་པར་བསྟན་པ་དང༌། དེས་ན་ལུས་དང་སེམས་རྫོགས་པའི་སངས་རྒྱས་སུ་བསྟན་པ་དང༌། བྱང་ཆུབ་ཕྱོགས་ཀྱི་རང་བཞིན་གྱི་རྩ་ཉིད་རྒྱས་པར་བཤད་པའོ། །དེ་ལ་གཉིས་ཏེ། རྩའི་གྲངས་བསྟན་པ་བ་དང༌། རྩ་སྤྱིའི་མཚན་ཉིད་བསྟན་པའོ། །རབ་ཏུ་བྱེད་པ་གཉིས་པའོ། །ཐབས་དང་འབྲས་བུ་གཉི་ག་གླེང་གཞིའི་ཚིག་ལ་སྦྱར་བ་ལ་གཉིས་ཏེ། རྣལ་འབྱོར་མའི་རྒྱུད་ཀྱི་གླེང་གཞིའི་སྒོ་ནས་འབྲས་བུའི་རྒྱུད་གཙོར་བསྟན་ཅིང༌། ཐབས་ཀྱི་རྒྱུད་ཞར་ལ་བསྟན་པ་དང༌། རྣལ་འབྱོར་གྱི་རྒྱུད་ཀྱི་གླེང་གཞིའི་སྒོ་ནས་ཐབས་ཀྱི་རྒྱུད་གཙོར་བསྟན་ཅིང་འབྲས་བུ་ཞར་ལ་བསྟན་པའོ། །དང་པོ་ལ་གཉིས་ཏེ། དོན་དངོས་དང༌། རབ་ཏུ་བྱེད་པའི་མིང་ངོ༌། །དོན་དངོས་ལ་གཉིས་ཏེ། འབྲས་བུའི་རྒྱུད་བསྟན་པ་དང༌། ཞར་ལ་ཐབས་བསྟན་པའོ། །དང་པོ་ལ་གསུམ་སྟེ། མཆོད་ནས་ཞུས་པ་དང༌། དེའི་ལན་དང༌། རྡོ་རྗེ་འཆང་ཆེན་པོ་ལ་འཁོར་གྱིས་བསྟོད་པའོ། །བར་པ་ལ་གཉིས་ཏེ། འབྲས་བུ་སྤྱིར་བསྟན་པ་དང༌། ཆོས་སྐུའི་མཚན་ཉིད་ཀྱི་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གཉིས་ཏེ། སྟོན་པ་ཏིང་ངེ་འཛིན་ལ་བཞུགས་པ་དང༌། ལན་དངོས་སོ། །དེ་ལ་གསུམ་སྟེ། འབྲས་བུ་བཞུགས་པའི་གནས་དང༌། དུས་དང༌། བཞུགས་པ་པོ་སྟོན་པའི་རང་བཞིན་ནོ། །དེ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། སྟོན་པའི་རང་བཞིན་དངོས་དང༌། དེའི་མཛད་པའོ། །རྒྱས་པར་བཤད་པ་ལ་ཡང་གཉིས་ཏེ། སྟོན་པའི་རང་བཞིན་དངོས་དང༌། དེའི་མཛད་པའོ། །དེ་ལ་བཞི་སྟེ། འདུལ་བྱེད་མཛད་པའི་ངོ་བོ་དང༌། དེ་ཇི་ལྟར་མཛད་པའི་ཚུལ་དང༌། མཛད་པའི་རང་བཞིན་རྣམ་འཕྲུལ་དང་བཅས་པ་བྱེ་བྲག་ཏུ་བཤད་པ་དང༌། དེས་གདུལ་བྱ་དེ་བཞིན་གཤེགས་པ་སོ་སོའི་དངོས་གྲུབ་ལ་བཀོད་པའི་ཚུལ་ལོ། །ཆོས་སྐུའི་མཚན་ཉིད་བྱེ་བྲག་ཏུ་བཤད་པ་ལ་བཞི་སྟེ། སྟོན་པ་ཏིང་ངེ་འཛིན་ལ་བཞུགས་པ་དང༌། ངོ་བོ་ཟུང་འཇུག་གཉིས་མེད་ཀྱི་རང་བཞིན་དུ་བཤད་པ་དང༌། ཞར་ལ་དེ་ཉིད་རྣལ་འབྱོར་པའི་ཉམས་སུ་བླང་བྱར་བསྟན་པ་དང༌། ཆོས་སྐུ་སྤྲོས་པ་དང་བྲལ་ཡང་སེམས་ཅན་གྱི་དོན་མི་འགལ་བར་བསྟན་པའོ། །ཞར་ལ་ཐབས་ཀྱི་རྒྱུད་བསྟན་པ་ལ་གཉིས་ཏེ། མཆོད་ནས་ཞུས་པ་དང༌། ལན་བསྟན་པའོ། །དེ་ལ་གསུམ་སྟེ། རང་བྱིན་བརླབ་བསྒོམ་པའི་ཚུལ་དངོས་དང༌། དེ་ལ་རྩོད་པ་སྤང་བ་དང༌། དེ་ཁོ་ན་རྟོགས་བྱེད་ཀྱི་ཐབས་བླ་མ་ལ་རག་ལས་པར་བསྟན་པའོ། །གཉིས་པ་ལ་གསུམ་སྟེ། དེ་ཁོ་ན་ཉིད་ཀྱི་རང་བཞིན་དང༌། དེ་ལ་རྨོངས་པས་ལོག་པ་སྣ་ཚོགས་སུ་བརྟགས་ཚུལ་དང༌། སོ་སོར་བརྟགས་ཀྱང་དེ་ཁོ་ན་ཉིད་དུ་མར་མི་འགྱུར་བའི་ཚུལ་ལོ། །རབ་ཏུ་བྱེད་པ་གསུམ་པའོ། །རྣལ་འབྱོར་གྱི་རྒྱུད་ཀྱི་གླེང་གཞིའི་སྒོ་ནས་ཐབས་ཀྱི་རྒྱུད་གཙོར་བསྟན་ཅིང་འབྲས་བུའི་རྒྱུད་ཞར་ལ་བསྟན་པ་ལ་གསུམ་སྟེ། བཤད་པར་དམ་བཅའ་བ་དང༌། དོན་དངོས་དང༌། རབ་དུ་བྱེད་པའི་མིང་ངོ༌། །བར་པ་ལ་ལྔ། ཡི་གེ་ཨེའི་བཤད་པས་འབྲས་བུ་གྲུབ་པའི་གནས་དང༌། ཞར་ལ་རྐྱེན་གང་ལས་འགྲུབ་པ་བསྟན་པ་དང༌། ཡི་གེ་ཨེ་ཝྃ་གཉིས་ཀྱིས་ལུས་བཤད་པས་དངོས་གྲུབ་རང་ལས་འབྱུང་བར་བསྟན་པ་དང༌། ཨེ་ཝྃ་ལ་སོགས་པ་བཅུ་གཉིས་བཤད་པས་གང་ཞིག་གང་གི་ཚེ་འགྲུབ་པ་བསྟན་པ་དང༌། བཅོམ་ལྡན་འདས་ལ་སོགས་པ་ཡི་གེ་ཉི་ཤུ་རྩ་བརྒྱད་ཀྱིས་གང་ཞིག་འགྲུབ་པ་བསྟན་པ་དང༌། གཞུང་བསྡུ་བའི་སྒོ་ནས་ཕན་ཡོན་འདི་ཉིད་དུ་མངོན་དུ་གྱུར་པའི་ཚུལ་བསྟན་པའོ། །ཞེས་ཉེ་རྒྱུ་ལ་སྦྱར་ཏེ་གསུངས་མོད་ཀྱི་རེ་ཞིག་གཞག་གོ །འདིར་འདི་ལྟར་རྟོགས་པར་བྱ་སྟེ། བཤད་པར་དམ་བཅའ་བ་དང༌། དོན་དངོས་དང༌། རབ་ཏུ་བྱེད་པའི་མིང་ངོ༌། །བརྗོད་བྱ་རྒྱུད་གསུམ་དང༌། རྗོད་བྱེད་གླེང་གཞི་དང༌། འབྲས་བུའི་ཚུལ་གྱིས་གཞུང་བསྡུ་བའོ། །དང་པོ་ལ་གསུམ། རྒྱུའི་རྒྱུད། ཐབས་ཀྱི་རྒྱུད། འབྲས་བུའི་རྒྱུད་དོ། །དང་པོ་ལ་བཞི། གནས་དང༌། རང་གི་ངོ་བོ་དང༌། རྟོགས་ན་འབྲས་བུ་འགྲུབ་ཚུལ་དང༌། མ་རྟོགས་ན་འཁོར་བར་འཁྱམ་ཚུལ་ལོ། །ཐབས་རྒྱུད་ལ་གསུམ། །ལམ་སྟོན་པ་པོ་དང༌། རིག་དང་རིགས་བདག་ངོ་སྤྲད་པ་དང༌། ཐབས་ཁྱད་པར་ཅན་གྱིས་ཟིན་པའོ། །འབྲས་བུ་ལ་གཉིས། འབྲས་བུ་དངོས་དང༌། དེ་བླ་མ་མཆོག་ལས་རྙེད་པར་བསྟན་པའོ། །རྗོད་བྱེད་གླེང་གཞི་བཤད་པ་ལ་གསུམ། སྤྱི་དང༌། སྦས་པ་དང༌། མཐར་ཐུག་གསུམ་འདྲེ་ཞིང་འབྱུང་ངོ༌། །འདི་བཞིན་བཤད་པར་བྱའོ། །སྤྱི་དོན་གསུམ་པ་གཞུང་བསྡུས་ཏེ་བསྟན་པ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །འདི་ལ་བརྒྱད་དེ། རྗོད་བྱེད་ཀྱི་ཚིག་གང་ཡིན་པ་དང༌། རྗོད་བྱེད་དོན་ཉམས་སུ་བླང་བའི་བསམ་པ་དང༌། འབྲས་བུ་འགྲུབ་པའི་དུས་དང༌། འབྲས་བུ་དངོས་དང༌། ཐབས་ཉམས་སུ་བླང་བ་ལ་མི་མཐུན་པའི་བསམ་པ་དགག་པ་དང༌། རྟེན་གྱི་གང་ཟག་སྨིན་བྱེད་དང༌། གྲོལ་བྱེད་ཐབས་དང་རང་གི་ངོ་བོ་དང༌། འབྲས་བུ་དཔེའི་སྒོ་ནས་གསལ་བར་བྱ་བའོ། །བརྟག་པ་དང་པོའི་བསྡུས་པའི་དོན་ཏོ།།  །།བརྟག་པ་གཉིས་པ་ནས་བརྩམས་ཏེ་རྒྱས་པར་བཤད་པ་ལ་བཞི་སྟེ། ཐོག་མར་རྟེན་གྱི་གང་ཟག་སྣོད་དུ་རུང་བར་བྱ་བའི་ཕྱིར། སྨིན་བྱེད་དབང་བསྐུར་བ་དང༌། དེ་ཉམས་སུ་བླང་བའི་གྲོལ་བྱེད་ཐབས་ཀྱི་རྒྱུད་དང༌། ཐབས་ཉམས་སུ་བླང་བ་ལས་བྱུང་བ་འབྲས་བུའི་རྒྱུད་དང༌། ཐབས་ཀྱི་རྒྱུད་ལ་བརྩད་པ་སྤང་ཞིང་ཞར་ལ་དམ་ཚིག་དང་སྡོམ་པ་བསྟན་པའོ། །དང་པོ་ལ་གསུམ། བཤད་པར་དམ་བཅའ་བ་དང༌། དོན་དངོས་དང༌། རབ་ཏུ་བྱེད་པའི་མིང་ངོ༌། །དོན་དངོས་ལ་བཞི་སྟེ། བུམ་པའི་དབང་དང༌། གསང་བའི་དབང་དང༌། ཤེས་རབ་ཡེ་ཤེས་ཀྱི་དབང་དང༌། ཚིག་གི་དབང་རིན་པོ་ཆེ་བཞི་པའོ། །དང་པོ་ལ་དྲུག དབང་གི་རྟེན་དཀྱིལ་འཁོར་བྱ་བའི་ཚུལ་དང༌། སློབ་དཔོན་བདག་ཉིད་འཇུག་ཅིང་དབང་བླང་བ་དང༌། དབང་གི་རིམ་པ་ངེས་པའི་འཐད་པ་དང༌། སློབ་མས་སློབ་དཔོན་ལ་མཆོད་ཅིང་གསོལ་བ་གདབ་པ་དང༌། སློབ་དཔོན་གྱིས་དཀྱིལ་འཁོར་གྱི་སྒྲུབ་མཆོད་སློབ་མས་གཞུག་པ་དང་བཅས་པ་དང༌། དབང་བསྐུར་བ་དངོས་དམ་ཚིག་སྦྱིན་པ་དང་བཅས་པའོ། །དེ་རྣམས་ཀྱི་ཐོག་མ་ལ་གསུམ་སྟེ། སའི་ཆོ་ག་དང༌། བྲི་བའི་ཚུལ་དང༌། བསྒྲུབ་པ་བྱ་བའོ། །སློབ་མས་མཆོད་ཅིང་གསོལ་བ་གདབ་པ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །འདི་ལ་བཞི་སྟེ། དབང་གི་རྟེན་རིག་མ་དབུལ་བ་དང༌། མཆོད་པ་བྱ་བ་དང༌། བསྟོད་པ་བྱ་བ་དང༌། གསོལ་བ་གདབ་པའོ། །དང་པོ་ལ་ལྔ་སྟེ། ཡོན་ཏན་གྱིས་འབྲེལ་པའི་དབང་དུ་བྱས་ཏེ་རིག་མ་མདོར་བསྟན་པ་དང༌། དངོས་སུ་མེད་ན་ཡེ་ཤེས་ཀྱི་རིགས་མ་གཟུང་བར་བསྟན་པ་དང༌། དངོས་ཀྱི་རིག་མའི་མཚན་ཉིད་རྒྱས་པ་དང༌། རིག་མ་སྦྱང་བའི་ཚུལ་དང༌། སྦྱངས་པའི་རིག་མ་དབུལ་བའི་ཚུལ་བསྟན་པའོ། །དབང་བསྐུར་ཞིང་དམ་ཚིག་སྦྱིན་པ་ལ་གཉིས་ཏེ། དབང་བསྐུར་བ་དང༌། དམ་ཚིག་སྦྱིན་པའོ། །ཤེས་རབ་ཡེ་ཤེས་ཀྱི་དབང་ལ་དོན་ལྔ་སྟེ། དབང་གི་རྟེན་དང༌། དེ་ལས་སྐྱེས་པའི་ཡེ་ཤེས་ཀྱི་མཚན་ཉིད་དང༌། བྱང་ཆུབ་སེམས་ཀྱི་དབང་གི་དགོས་པ་དང༌། དབང་ཐོབ་པ་ལ་རྗེས་སུ་གནང་བ་སྦྱིན་པ་དང༌། དེ་ལ་དགའ་བ་སྐྱེས་པའི་སློབ་མའི་བྱ་བའོ། །གཉིས་པ་ལ་གཉིས་ཏེ། ཡེ་ཤེས་ཀྱི་མཚན་ཉིད་དངོས་དང༌། དེ་རྟོགས་པར་བྱེད་པའི་ཕྱིར་དགའ་བའི་རབ་ཏུ་དབྱེ་བའོ། །དང་པོ་ལ་གཉིས་ཏེ། ཡེ་ཤེས་ཀྱི་ངོ་བོ་དང༌། དེའི་ཁྱད་པར་རམ་མཚན་ཉིད་དོ། །སློབ་མའི་བྱ་བ་ལ་བཞི་སྟེ། སྤྲོ་བ་སྐྱེས་པའི་བསྔགས་པ་བརྗོད་པ་དང༌། མཆོད་པ་བྱ་བ་དངོས་དང༌། སངས་རྒྱས་ཐམས་ཅད་ལ་གསོལ་བ་གདབ་པ་དང༌། ལམ་ལ་གནས་པར་ཁས་བླང་བའོ། །གཉིས་པའི་དང་པོའོ། །དེས་ཉམས་སུ་བླང་བའི་ཐབས་ཀྱི་རྒྱུད་ལ་བཞི། གཙོ་བོར་མཆོག་གི་དངོས་གྲུབ་སྒྲུབ་པའི་ཐབས་ཀྱི་དབང་དུ་བྱ་བ་དང༌། དངོས་གྲུབ་མཐའ་དག་གི་ཐབས་ཀྱི་དབང་དུ་བྱས་པ་དང༌། གནས་གང་དུ་མཆོག་གི་དངོས་གྲུབ་སྒྲུབ་པར་བྱེད་པའི་ཉེ་བའི་རྒྱུ་དང༌། དངོས་གྲུབ་མཐའ་དག་གི་ཐབས་ཀྱི་ལྷག་མ་ཁྱད་པར་གཞན་བསྟན་པའོ། །དང་པོ་ལ་ལྔ་སྟེ། དབང་ཐོབ་པ་དེས་ཐོག་མར་ཇི་ལྟར་མོས་པ་བྱ་བ་རྫོགས་པའི་ལྟ་བ་དང༌། རྫོགས་རིམ་གྱི་རྟེན་བསྐྱེད་པའི་རིམ་པ་བསྒོམ་པ་དང༌། རྫོགས་པའི་རིམ་པར་རང་བྱིན་བརླབ་དག་པ་གསུམ་དང་བཅས་པ་བསྒོམ་པ་དང༌། དྲོད་ཐོབ་པའི་རྣལ་འབྱོར་པས་བརྟུལ་ཞུགས་ཀྱི་སྤྱོད་པ་ཇི་ལྟར་སྤྱད་པའི་ཚུལ་དང༌། ཉེ་བའི་རྒྱུ་རྫོགས་པའི་རིམ་པའི་དེ་ཁོ་ན་ཉིད་དང་བཅས་པ་རྒྱས་པར་བསྟན་པའོ། །དེ་རྣམས་ཀྱི་དང་པོ་ལ་དོན་གསུམ་སྟེ། བཤད་པར་དམ་བཅའ་བ་དང༌། དོན་དངོས་དང༌། རབ་ཏུ་བྱེད་པའི་མིང་ངོ༌། །བར་པ་ལ་གསུམ། ཐབས་ཤེས་རབ་ཀྱི་དོན་བསྒོམས་པའི་ཕན་ཡོན་ནམ་དམིགས་ཡུལ་བསྟན་པ་དང༌། བསྒོམ་པའི་དམ་ཚིག་བསྟན་པ་དང༌། ཐབས་ཤེས་རབ་ཀྱི་དོན་བསྒོམ་པ་དངོས་སོ། །དེ་ལ་གཉིས་ཏེ། དམིགས་མེད་བསམ་གྱིས་མི་ཁྱབ་པའི་དོན་བསྒོམ་པ་དང༌། དེ་ཉིད་དཀྱིལ་འཁོར་འཁོར་ལོའི་སྤྱོད་པ་དང་ལྡན་པས་བསྒོམ་པར་བསྟན་པའོ། །སྔ་མ་ལ་དྲུག་སྟེ། ཐབས་ཤེས་རབ་ཀྱི་དོན་བསྒོམ་པ་དངོས་དང༌། དེ་མཐའ་གང་ལ་ཡང་མ་རེག་པར་བསྒོམ་པའི་ཚུལ་དང༌། ཐབས་ཤེས་རབ་ཟུང་དུ་འཇུག་པ་དཔེའི་སྒོ་ནས་བསྟན་པ་དང༌། དེ་ལྟ་བུའི་རྣལ་འབྱོར་རྒྱུད་དུ་བསྐྱེད་པར་བསྟན་པ་དང༌། དེ་དག་བསྒོམ་པའི་འཐད་པ་དང༌། བསྒོམ་པའི་ཚུལ་རྗེས་སུ་གདམས་པ་དང་བཅས་ཏེ་གསུང་པའོ། །དང་པོ་ལ་གསུམ་སྟེ། ཤེས་རབ་དོན་དམ་པ་བསྒོམ་པ་དང༌། ཐབས་སྙིང་རྗེ་བསྒོམ་པ་དང༌། དེས་ན་ཟུང་འཇུག་བསྒོམ་པ་འབྲས་བུ་དང་བཅས་པའོ། །སྔ་མ་ལ་གཉིས་ཏེ། མི་མཐུན་པའི་བསྒོམ་པ་དགག་པ་འཐད་པ་དང་བཅས་པ་དང༌། རྣམ་པར་མི་རྟོག་པ་བསྒོམ་པའི་ཚུལ་དངོས་སོ། །གསུམ་པ་དཔེས་བསྟན་པ་ལ་གཉིས་ཏེ། དཔེ་ཐུན་མོང་བ་དང༌། ཐུན་མོང་མ་ཡིན་པའོ། །ལྔ་པ་བསྒོམ་པའི་འཐད་པ་ལ་བཞི་སྟེ། མིང་གི་རྣམ་གྲངས་ཀྱི་སྒོ་ནས་ཐམས་ཅད་ཀྱི་དོན་ཡིན་པས་འདི་བསྒོམ་པར་རིགས་པ་དང༌། དངོས་གྲུབ་ཐམས་ཅད་ཀྱི་རྒྱུ་ཡིན་པའི་ཕྱིར་འདི་སྒོམས་པར་གདམས་པ་དང༌། སེམས་འཁོར་འདས་གཉི་གའི་གཞི་ཡིན་པས་གོམས་དགོས་པའི་ཕྱིར་བསྒོམ་པར་འཐད་པ་དང༌། འབྲས་བུ་སྤངས་པ་དང་ཡེ་ཤེས་ཐོབ་པའི་རྒྱུ་ཡིན་པས་སྒོམས་པར་གདམས་པའོ། །དཀྱིལ་འཁོར་འཁོར་ལོ་བསྒོམ་པ་ལ་བཅུ་གཉིས་ཏེ། བསྒོམ་པའི་གནས་དང༌། བསྒོམ་པའི་བསམ་པ་དང༌། སྒོམས་པར་གདམས་པ་དང༌། གང་ཞིག་བསྟེན་པའི་ཡུལ་དང༌། ཚུལ་ཇི་ལྟར་བསྟེན་པ་དང༌། བསྒོམ་པའི་དུས་དང༌། བསྟེན་པའི་འཐད་པ་བསྡུས་པ་དང༌། དངོས་སུ་བསྟེན་པའི་གནས་སྐབས་དང༌། ལོགས་མ་བསྟེན་པའི་ཚུལ་དང༌། བསྒོམ་པའི་དུས་ལས་འདས་པའི་ཉེས་པ་དང༌། ཉེས་པ་ཕྱིར་བཅོས་པའི་ཐབས་དང༌། དོན་བསྡུས་ཏེ་བསྟན་པའོ། །གཉིས་པའི་གཉིས་པའོ། །རྫོགས་པའི་རིམ་པའི་རྟེན་ཡིན་པས་བསྐྱེད་པའི་རིམ་པ་བསྒོམ་པ་ལ་གཉིས། བསྐྱེད་པའི་རིམ་པ་དངོས་དང༌། བསྐྱེད་རིམ་གྱི་ལམ་གྱི་ཡན་ལག་བཟའ་བའི་དམ་ཚིག་དང་བཅས་པའོ། །དང་པོ་ལ་གཉིས་ཏེ། བཤད་པར་དམ་བཅའ་བ་དང༌། དོན་དངོས་སོ། །དེ་ལ་གཉིས་ཏེ། བསྐྱེད་པའི་རིམ་པ་སྤྱིའི་རྣམ་པར་གཞག་པ་དང༌། ལྷ་སོ་སོའི་སྒྲུབ་ཐབས་བཤད་པའོ། །དང་པོ་ལ་ལྔ་སྟེ། གནས་གང་དུ་བསྒྲུབ་པ་དང༌། ཚུལ་ཇི་ལྟར་བསྒྲུབ་པ་དང༌། དོན་དམ་པར་བསྒྲུབ་ཏུ་མེད་ཀྱང་ཀུན་རྫོབ་ཏུ་རྣམ་པར་གཞག་པའི་ཚུལ་དང༌། སྒྲུབ་ཐབས་སྣ་ཚོགས་གསུངས་པའི་འཐད་པ་དང༌། སྟོང་པ་ཉིད་ལ་རིགས་ཀྱིས་དབྱེ་བའི་ཚུལ་ལོ། །ལྷ་སོ་སོའི་སྒྲུབ་ཐབས་རྒྱས་པར་བཤད་པ་ལ་གཉིས། ཞུས་པ་དང༌། དེའི་ལན་གདབ་པའོ། །འདི་ལ་བརྒྱད་དེ། ཧེ་རུ་ཀ་གསུམ་གྱི་སྒྲུབ་པའི་ཐབས་དང༌། ལས་རྒྱས་པའི་ལྷ་མོ་གསུམ་གྱི་སྒྲུབ་པ་དང༌། རིག་པ་འཛིན་པ་གཙོ་ཆེ་བའི་དབང་དུ་བྱས་ནས་རིགས་བཞི་ཡུམ་བཞིའི་སྒྲུབ་ཐབས་དང༌། ཧེ་རུ་ཀ་ཕྱག་བཅུ་དྲུག་པའི་སྒྲུབ་ཐབས་དང༌། ཡེ་ཤེས་ཀྱི་མཁའ་འགྲོ་མའི་དཀྱིལ་འཁོར་དང༌། བདག་མེད་མའི་དཀྱིལ་འཁོར་དང༌། རིགས་བསྡུས་པ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དང༌། ཧེ་རུ་ཀ་དྲག་པོ་གདན་ཅན་གྱི་དཀྱིལ་འཁོར་བསྒོམ་པའི་ཐབས་དང་བཅས་པའོ། །དང་པོ་ལ་གཉིས་ཏེ། ཧེ་རུ་ཀ་བསྐྱེད་པ་ཐུན་མོང་གི་ཆོ་ག་དང༌། སོ་སོའི་རྣལ་འབྱོར་རོ། །དང་པོ་ལ་གསུམ། མངོན་པར་རྟོགས་པ་བསྡུས་པ་དང༌། འབྲིང་དང༌། རྒྱས་པའི་སྐྱེད་ཆོག་གོ །སོ་སོའི་རྣལ་འབྱོར་ལ་གསུམ་སྟེ། སྐུ་རྡོ་རྗེ་དང༌། གསུང་རྡོ་རྗེ་དང༌། ཐུགས་རྡོ་རྗེའི་རྣལ་འབྱོར་བསྟན་པའོ། །འདི་ལ་བརྒྱད་དེ། སྔ་མ་དང་སྦྲེལ་ཞིང་ལྷའི་ས་བོན་བསྟན་པ་དང༌། གཙོ་བོ་བསྐྱེད་པ་དང༌། འཁོར་གྱི་ལྷ་མོ་བསྐྱེད་པ་དང༌། ལྷ་མོ་རྣམས་ཀྱི་སྔགས་དང༌། མཚམས་མའི་བསྐྱེད་ཚུལ་དང༌། གསང་བའི་མཆོད་པ་དང༌། བཟླས་པ་བྱ་བའི་ཚུལ་དང༌། ནང་གི་རྣལ་འབྱོར་མའི་གྲངས་བསྡུ་བའོ། །གཉིས་པའི་གསུམ་པའོ། །ལས་རྒྱས་པའི་ལྷའི་རྣལ་འབྱོར་ལ་གསུམ་སྟེ། བཤད་པར་དམ་བཅའ་བ་དང༌། དོན་དངོས་དང༌། རབ་ཏུ་བྱེད་པའི་མིང་ངོ༌། །དོན་དངོས་ལ་གསུམ་སྟེ། སྒྲོལ་མའི་སྒྲུབ་ཐབས་དང༌། ཀུ་རུ་ཀུལླེའི་སྒྲུབ་ཐབས་དང༌། ཤེས་རབ་ཕ་རོལ་ཕྱིན་མའི་རྣལ་འབྱོར་རོ། །དང་པོ་ལ་གསུམ་སྟེ། ལས་གང་བསྒྲུབ་པ་དང༌། འཁོར་ལོའི་ཆོ་ག་དང༌། བདག་གི་རྣལ་འབྱོར་རོ། །བར་པ་ལ་གཉིས་ཏེ། ཚུལ་ཇི་ལྟར་བྲི་བ་དང༌། དེའི་རབ་ཏུ་གནས་པའོ། །བདག་གི་རྣལ་འབྱོར་ལ་བཞི་སྟེ། སྟོང་པ་ལས་ལྷར་བསྐྱེད་པ་བསྟན་པ་དང༌། ཡན་ལག་དྲུག་བྱིན་གྱིས་བརླབ་པ་དང༌། ལྷའི་རྣམ་པ་དང༌། བཟླས་པ་བྱས་ཏེ་ལས་བསྒྲུབ་པ་བསྟན་པའོ། །ཀུ་རུ་ཀུལླེ་ལ་ལྔ་སྟེ། གསང་སྔགས་བསྟན་པ་དང༌། ལས་གང་དག་བསྒྲུབ་པ་དང༌། སྲུང་བའི་འཁོར་ལོ་བྲི་བ་དང༌། བདག་གི་རྣལ་འབྱོར་དང༌། ཁྱད་པར་དུ་དབང་གི་ལས་བསྒྲུབ་པ་བསྟན་པའོ། །ཤེས་རབ་ཕ་རོལ་ཕྱིན་མ་ལ་བཞི་སྟེ། འཁོར་ལོ་དང༌། སྔགས་དང༌། ལྷའི་རྣལ་འབྱོར་དང༌། བཟླས་ན་ཤེས་རབ་འཕེལ་བའི་ཚུལ་བསྟན་པའོ། །རིག་པ་འཛིན་པ་རིགས་བཞི་ཡུམ་བཞིའི་རྣལ་འབྱོར་ནི་གོ་སླའོ། །བརྟག་པ་གཉིས་པའི་བསྡུས་པའི་དོན་ཏོ།།  །།ཕྱག་བཅུ་དྲུག་པའི་སྒྲུབ་ཐབས་ལ་གསུམ། དགོས་པ་དང་ལྡན་པའི་གཞུང་བཤད་པར་དམ་བཅའ་བ་དང༌། དོན་དངོས་དང༌། རབ་ཏུ་བྱེད་པའི་མིང་བསྟན་པའོ། །དོན་དངོས་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དེ་ལ་བདུན་ཏེ། རྡོ་རྗེ་འཆང་བསྐྱེད་པའི་ཆོ་ག་དང༌། དེ་འོད་དུ་ཞུ་བ་དང༌། ལྷ་མོའི་གླུས་བསྐུལ་བ་དང༌། འབྲས་བུ་རྡོ་རྗེ་འཆང་དུ་བཞེངས་པ་དང༌། འཁོར་གྱི་ལྷ་མོའི་ས་བོན་དབྱུང་བ་དང༌། ས་བོན་ལས་བཞེངས་པའི་སྐུ་མདོག་ལ་སོགས་པ་བསྟན་པ་དང༌། འཁོར་གྱི་ལྷ་མོའི་ཁ་དོག་ལ་སོགས་པ་བསྟན་པའོ། །གསུམ་པའི་དང་པོའོ། །ཡེ་ཤེས་མཁའ་འགྲོ་མའི་སྒྲུབ་པའི་ཐབས་ལ་གསུམ་སྟེ། མཉེན་པར་གདམས་པ་དང༌། དོན་དངོས་དང༌། རབ་ཏུ་བྱེད་པའི་མིང་ངོ༌། །བར་པ་ལ་བརྒྱད་དེ། བདག་མེད་པའི་བསམ་གཏན་བསྟན་པ་དང༌། གནས་ཁྱད་པར་ཅན་དུ་བདག་སྐད་ཅིག་གིས་བསྐྱེད་པ་དང༌། སྔོན་དུ་ཚོགས་བསགས་ནས་ཡེ་ཤེས་མཁའ་འགྲོར་བསྐྱེད་པ་དང༌། ཆོ་ག་ཡོངས་སུ་རྫོགས་པར་བྱ་བ་བསྟན་པ་དང༌། རྟེན་གྱི་དཀྱིལ་འཁོར་བསྐྱེད་པ་དང༌། དེར་བརྟེན་པ་ལྷ་ཕྱུང་སྟེ་བསྐྱེད་པ་དང༌། མཁའ་འགྲོ་མ་དངོས་སུ་བྱུང་ནས་དམ་ཚིག་བསྟན་པ་དང༌། ཡི་གེ་བཏུ་བའོ། །གསུམ་པའི་གཉིས་པའོ། །བདག་མེད་མའི་སྒྲུབ་ཐབས་ལ་གསུམ་སྟེ། བཤད་པར་དམ་བཅའ་བ་དང༌། དོན་དངོས་དང༌། རབ་ཏུ་བྱེད་པའི་མིང་ངོ༌། །བར་པ་ལ་གསུམ་སྟེ། རྟེན་དང་བརྟེན་པར་བཅས་པའི་གདན་བསམ་པ་དང༌། དེ་རྟེན་དང་བརྟེན་པར་བཅས་པ་མདོར་བསྟན་པ་དང༌། རྒྱས་པར་བཤད་པར་བྱ་བའོ། །དེ་ལ་གཉིས་ཏེ། རྟེན་བསྐྱེད་པ་དང༌། བརྟེན་པ་ལྷ་བསྐྱེད་པའོ། །དེ་ལ་བཞི་སྟེ། མངོན་པར་བྱང་ཆུབ་པ་ལྔ་ལས་ཐམས་ཅད་བསྐྱེད་པ་བསྟན་པ་དང༌། དེའང་ཐབས་ཤེས་རབ་ཀྱི་རང་བཞིན་ལས་ཐམས་ཅད་རྫོགས་པར་བསྟན་པ་དང༌། ལྷ་མོ་རྣམས་ཀྱི་ས་བོན་མི་འདྲ་བའི་ཚུལ་དང༌། ལྷ་མོ་རྣམས་ཕྱོགས་གང་དུ་དགོད་པ་ལ་སོགས་པ་བསྟན་པའོ། །དང་པོ་ལ་གཉིས་ཏེ། ལྷ་མོ་རྣམས་ཀྱི་མངོན་པར་བྱང་ཆུབ་པ་ལྔའི་ཚུལ་དང༌། དེ་ཉིད་རྒྱུ་རྡོ་རྗེ་འཆང་དང་མི་འདྲ་བའི་བྱེ་བྲག་བསྟན་པའོ། །སྔ་མ་ལ་གསུམ་སྟེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་དང༌། རབ་ཏུ་རྒྱས་པར་བཤད་པའོ། །ཕྱོགས་ལ་སོགས་པ་བསྟན་པ་ལ་དྲུག་སྟེ། ཕྱོགས་གང་དུ་དགོད་པ་དངོས་དང༌། ལྷ་མོ་རྣམས་ཀྱི་ཐུན་མོང་གི་མཚན་ཉིད་དང༌། གཙོ་མོའི་མཚན་ཉིད་བྱེ་བྲག་ཏུ་བཤད་པ་དང༌། འཁོར་གྱི་ཁ་དོག་ལ་སོགས་པའི་མཚན་ཉིད་དང༌། འོད་ཟེར་རབ་ཏུ་འཕྲོ་བའི་ཚུལ་དང༌། དབུས་སུ་སུམ་བརྩེགས་སུ་བསྒོམ་པའི་འཐད་པ་དང་བཅས་པའོ། །གསུམ་པའི་གསུམ་པའོ། །བསྡུས་པའི་དཀྱིལ་འཁོར་རྡོ་རྗེ་དབྱིངས་ལ་དོན་གཉིས་ཏེ། བཤད་པར་དམ་བཅའ་བ་དང༌། དོན་དངོས་སོ། །དེ་ལ་གསུམ་སྟེ། རྡུལ་ཚོན་གྱི་དཀྱིལ་འཁོར་ཇི་ལྟར་བྱ་བའི་ཚུལ་དང༌། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཇི་ལྟར་བསྒོམ་པ་དང༌། ལུགས་མ་ལ་སོགས་པའི་དཀྱིལ་འཁོར་ལའང་དེ་དང་མཚུངས་པར་བསྒྲུབ་པར་བསྟན་པའོ། །དང་པོ་ལ་བཞི་སྟེ། སའི་ཆོ་ག་དང༌། ཐིག་གདབ་པ་དང༌། དཀྱིལ་འཁོར་གྱི་མཚན་ཉིད་དང༌། ལྷ་ཇི་ལྟར་དགོད་པའོ། །ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལ་གཉིས་ཏེ། བཤད་པར་དམ་བཅའ་བ་དང༌། དོན་དངོས་སོ། །དེ་ལ་བཞི་སྟེ། བསྒྲུབ་པའི་གནས་དང༌། བདག་བྱིན་གྱིས་བརླབ་པ་དང༌། ཚོགས་གཉིས་བསག་པ་དང༌། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྒོམ་པ་དངོས་སོ། །ཚོགས་གཉིས་བསགས་པ་ལ་གཉིས་ཏེ། བསོད་ནམས་ཀྱི་ཚོགས་བསག་པ་དང༌། ཡེ་ཤེས་ཀྱི་ཚོགས་བསགས་པའོ། །སྔ་མ་ལ་བཞི་སྟེ། ཚོགས་ཀྱི་ཞིང་སྤྱན་དྲངས་ཏེ་མཆོད་པ་ལ་སོགས་པ་བྱ་བ་དང༌། བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང༌། རིགས་ལྔ་སོ་སོའི་སྡོམ་པ་གཟུང་བ་དང༌། བྱང་ཆུབ་ཀྱི་སེམས་ལ་གནས་པས་གཞན་དོན་བྱ་བར་དམ་བཅའ་བའོ། །ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྒོམ་པ་ལ་བཞི་སྟེ། མངོན་པར་བྱང་ཆུབ་པ་ལྔའི་རིམ་པ་ལས་བདག་ཉིད་ལྷར་བསྐྱེད་པ་དང༌། དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་འབྱུང་བར་བསྟན་པ་དང༌། རྟེན་གྱི་དཀྱིལ་འཁོར་བསྒོམ་པ་དང༌། བརྟེན་པ་ལྷ་བསྒོམ་པའོ། །དང་པོ་ལ་གཉིས་ཏེ། མངོན་པར་བྱང་ཆུབ་པ་རྒྱས་པ་དང༌། བསྡུས་ཏེ་བསྟན་པའོ། །དང་པོ་ལ་ལྔ་སྟེ། སེམས་སོ་སོར་རྟོག་པ་མེ་ལོང་ལྟ་བུ་ལ་བྱང་ཆུབ་པ་དང༌། བྱང་ཆུབ་ཀྱི་སེམས་མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་བྱང་ཆུབ་པ་དང༌། རྡོ་རྗེའི་རང་བཞིན་སོ་སོར་རྟོག་པའི་ཡེ་ཤེས་ལ་བྱང་ཆུབ་པ་དང༌། རྡོ་རྗེའི་བདག་ཉིད་སྤྲོ་བ་དང་བསྡུ་བ་བྱ་བ་ནན་ཏན་གྱི་ཡེ་ཤེས་ལ་བྱང་ཆུབ་པ་དང༌། སྐུ་རྫོགས་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་བྱང་ཆུབ་པའོ། །བརྟེན་པ་ལྷ་བསྒོམ་པ་ལ་གཉིས་ཏེ། གཙོ་བོ་བསྐྱེད་པའི་ཚུལ་དང༌། འཁོར་ལྷ་རྣམས་ཕྱོགས་གང་དང་གང་དུ་དགོད་པ་ལ་སོགས་པ་དང་བཅས་ཏེ་བསྟན་པའོ། །དྲག་པོ་གདན་ཅན་གྱི་དཀྱིལ་འཁོར་བསྒོམ་པ་ལ་བདུན་ཏེ། རྟེན་གྱི་དཀྱིལ་འཁོར་གྱི་ཚད་དང་དབྱིབས་ལ་སོགས་པ་དང༌། ལྷ་མོ་རྣམས་ཀྱི་གདན་བསྟན་པ་དང༌། ལྷ་ཇི་ལྟར་དགོད་པའི་ཚུལ་དང༌། དེའི་ཕྱི་རོལ་དུ་དུར་ཁྲོད་བརྒྱད་ཇི་ལྟར་གནས་པར་བསྟན་པ་དང༌། གཙོ་བོའི་གདན་བསྒོམ་པས་དྲག་པོ་གདན་གྱི་ངེས་ཚིག་དང་བཅས་པ་དང༌། གཙོ་བོའི་ཕྱག་མཚན་ལ་སོགས་པའི་ཚུལ་རྣམ་འཕྲུལ་དང་བཅས་པ་དང༌། དེ་ལྟར་བསྒོམ་པའི་ཕན་ཡོན་བསྟན་པའོ། །བརྟག་པ་གསུམ་པའི་བསྡུས་པའི་དོན་ཏོ།།  །།བསྐྱེད་པའི་རིམ་པའི་ཡན་ལག་བཟའ་བའི་དམ་ཚིག་ཞར་ལ་སྤྱོད་པའི་གྲོགས་ངོ་ཤེས་པར་བྱ་བའི་ཐབས་ལ་སོགས་པ་དང་བཅས་པ་ལ་གཉིས་ཏེ། གྲོགས་ངོ་ཤེས་པར་བྱ་བ་དང༌། གྲོགས་དང་འདུ་བའི་གནས་དང་དུས་ལ་སོགས་པ་བསྟན་པའོ། །དང་པོ་ལ་གཉིས། ཞུས་པ་དང༌། ལན་བསྟན་པའོ། །འདི་ལ་ལྔ། མཁའ་འགྲོ་མའི་དམ་ཚིག་གི་ཕྱག་རྒྱ་དང༌། ཡི་གེའི་བརྡ་དང༌། ངག་གི་བརྡ་དང༌། རྣལ་འབྱོར་མའི་མཚན་ཉིད་དང༌། ཡན་ལག་གི་བརྡ་བསྟན་པའོ། །དང་པོ་ལ་གསུམ། སྟོན་པ་ཏིང་ངེ་འཛིན་ལ་བཞུགས་པ་དང༌། རྡོ་རྗེའི་གླུ་དང༌། མཁའ་འགྲོ་མ་ལྔའི་དམ་ཚིག་བསྟན་པའོ། །ངག་གི་བརྡ་ལ་བཞི། བཤད་པར་དམ་བཅའ་བ་དང༌། བརྡའི་བྱེད་པ་དང༌། ངག་གི་བརྡ་དངོས་དང༌། ཕྱག་རྒྱ་དང་ཕྱག་རྒྱའི་ལན་དུ་བསྟན་པའོ། །བཞི་པའི་དང་པའོ། །རྣལ་འབྱོར་མའི་དམ་ཚིག་བསྟན་པ་ལ་གསུམ་སྟེ། མཁའ་འགྲོ་མ་བདུན་གྱི་མཚན་ཉིད་དང༌། མཁའ་འགྲོ་མའི་མཚན་ཉིད་བསྟན་ཏེ་རིགས་དྲུག་དུ་བསྡུ་བ་དང༌། མཚན་ཉིད་སོ་སོ་དང་ལྡན་པའི་མཁའ་འགྲོ་མ་སོ་སོའི་ཕྱག་རྒྱ་དང་དེའི་ལན་བསྟན་པའོ། །བརྟག་པ་བཞི་པའོ།།  །།བརྡས་མཚོན་པའི་རྣལ་འབྱོར་མ་དང༌། འདུ་བའི་གནས་དུས་ལ་སོགས་པ་བསྟན་པ་ལ་གསུམ་སྟེ། བཤད་པར་དམ་བཅའ་བ་དང༌། དོན་དངོས་དང༌། རབ་ཏུ་བྱེད་པའི་མིང་ངོ༌། །འདི་ལ་བཞི་སྟེ། འདུས་ནས་བཟའ་བ་བཟའ་བའི་དུས་དང༌། འདུ་བའི་གནས་དང༌། འདུ་བའི་དུས་དང༌། འདུས་པའི་བྱ་བའོ། །གནས་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དེ་ལ་གཉིས་ཏེ། ཞུས་པ་དང༌། ལན་ནོ། །འདི་ལ་བཞི་སྟེ། གནས་རྒྱས་པར་བཤད་པ་ཡུལ་གྱི་དབྱེ་བ་དང་བཅས་པ་དང༌། གནས་རྣམས་ལ་དུར་ཁྲོད་བརྒྱད་ཇི་ལྟར་གནས་པ་དང༌། གནས་རྣམས་སའི་བདག་ཉིད་དུ་བསྟན་པ་དང༌། དེ་དག་ཕྱི་ནང་གི་བདག་ཉིད་ཅན་དུ་བསྟན་པའོ། །ལྔ་པའི་དང་པོའོ། །རྫོགས་པའི་རིམ་པ་བསྒོམ་པའི་ཚུལ་དག་པ་གསུམ་དང་བཅས་པ་ལ་གཉིས་ཏེ། དོན་དངོས་དང༌། རབ་ཏུ་བྱེད་པའི་མིང་ངོ༌། །དང་པོ་ལ་གཉིས་ཏེ། མཉམ་གཞག་གི་དུས་ཀྱི་དག་པ་གསུམ་བསྒོམ་པ་དང༌། རྗེས་ཐོབ་ཀྱི་དུས་ཀྱི་དག་པ་གསུམ་དྲན་པར་བྱ་བའོ། །དང་པོ་ལ་གཉིས་ཏེ། ཞུས་པ་དང༌། ལན་གདབ་པའོ། །འདི་ལ་གསུམ་སྟེ། མདོར་བསྟན་པ་དང༌། ཅུང་ཟད་རྒྱས་པར་བཤད་པ་དང༌། རབ་ཏུ་རྒྱས་པར་བཤད་པའོ། །བར་པ་ལ་ལྔ་སྟེ། དེ་བཞིན་ཉིད་ཀྱི་དག་པ་ཡེ་ཤེས་ཀྱི་ཚོགས་བསག་པ་དང༌། གནས་ཁྱད་པར་ཅན་དུ་གནས་ཏེ་བསོད་ནམས་ཀྱི་ཚོགས་བསག་པ་དང༌། རྫོགས་པའི་རིམ་པ་རང་རིག་པ་བསྒོམ་པའི་ཚུལ་དང༌། རྟེན་བསྐྱེད་རིམ་གྱི་ལྷའི་དག་པ་ཇི་ལྟར་བསྒོམ་པ་དང༌། དེ་དག་ཤེས་བྱེད་ཁྱད་པར་ཅན་གང་ལ་བརྟེན་ཏེ་ཤེས་པར་བསྟན་པའོ། །རབ་ཏུ་རྒྱས་པར་བཤད་པ་ལ་ལྔ་སྟེ། ཐོག་མར་དེ་བཞིན་ཉིད་ཀྱི་དག་པས་དག་པར་བྱ་བ་བསྟན་པ་དང༌། དེ་ནས་ལྷ་སོ་སོའི་དག་པ་རང་བྱིན་གྱིས་བརླབ་པ་དང་བཅས་པ་བསྒོམ་པའི་ཚུལ་དང༌། དེ་ལ་རྩད་པའི་སྐྱོན་སྤང་བ་དང༌། ཤེས་བྱེད་ཁྱད་པར་ཅན་ལས་ཤེས་པའི་རང་རིག་པའི་དག་པའི་ཚུལ་རྒྱས་པར་བཤད་པ་དང༌། བསྒོམས་པ་ལས་འབྲས་བུ་གྲུབ་རྟགས་དང་བཅས་པ་བསྟན་པའོ། །ལྷ་སོ་སོའི་དག་པ་ལ་བཞི་སྟེ། དམ་ཚིག་པ་བསྐྱེད་པ་གོང་བུར་གནས་པ་དང༌། སྙིང་གར་ས་བོན་དགོད་པ་གོ་འཕང་དུ་གནས་པ་དང༌། དེ་ལ་ཡེ་ཤེས་པ་བསྐྱེད་པ་གཟུགས་སུ་གནས་པ་དང༌། དེ་ལ་ཏིང་ངེ་འཛིན་སེམས་དཔའ་བསྒོམས་པས་རང་བྱིན་གྱིས་བརླབ་པ་གཟུགས་ལས་འདས་པར་གནས་པའོ། །རྩོད་སྤང་ལ་གསུམ་སྟེ། རྒོལ་བ་དགོད་པ་དང༌། དེའི་ལན་གདབ་པ་དངོས་དང༌། དེའི་ཞར་ལ་བསྒོམས་པ་ལས་འབྲས་བུ་གྲུབ་པའི་རྟགས་དང་བཅས་པ་བསྟན་པའོ། །རང་རིག་པའི་ཡེ་ཤེས་དག་པ་རྒྱས་པར་བཤད་པ་ལ་ལྔ་སྟེ། གང་ལ་བརྟེན་ཏེ་བསྒོམ་པ་དང༌། བསྒོམ་པའི་ཚུལ་དངོས་དང༌། ཐབས་དེ་ལྟ་བུ་སྟོན་པའི་གཞུང་ངམ་ཤེས་བྱེད་འདི་ལ་གཞན་ཡང་ཁྱད་པར་དུ་འཕགས་པར་བསྟན་པ་དང༌། ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་པར་བསྟན་པ་དང༌། དེ་བས་ན་ཡིད་ཀྱིས་བཟླས་པས་འགྲུབ་པར་བསྟན་པའོ། །བསྒོམ་པའི་ཚུལ་དངོས་ལ་བཞི་སྟེ། བདེ་བ་ཆེན་པོའི་འཁོར་ལོ་ལས་ཐིག་ལེ་འཛག་པའི་རྣལ་འབྱོར་དང༌། སྙིང་གའི་ཧཱུྃ་ལས་སྒོ་བཅུའི་ཐིག་ལེ་འབབ་པ་དང༌། སྙིང་གའི་ཧཱུྃ་ལས་རྩ་སྒོ་མཐའ་དག་གི་ཐིག་ལེའི་རྣལ་འབྱོར་དང༌། སྙིང་གར་ཚངས་པའི་བུ་ག་ནས་ཐིག་ལེ་འབབ་པའི་རྣལ་འབྱོར་རོ། །འབྲས་བུ་གྲུབ་པའི་རྟགས་དང་བཅས་པ་ལ་གཉིས་ཏེ། འབྲས་བུ་གང་ཞིག་འགྲུབ་པར་བསྟན་པ་དང༌། དེ་རྟགས་བརྒྱད་ཀྱི་རིམ་པ་ལས་འགྲུབ་པར་བསྟན་པའོ། །རྗེས་སྤྱོད་ཀྱི་དག་པ་གསུམ་འགྲུབ་པར་བསྟན་པ་ལ་གཉིས་ཏེ། མཉན་པར་གདམས་པ་དང༌། དོན་དངོས་སོ། །འདི་ལ་བདུན་ཏེ། དེ་བཞིན་ཉིད་ཀྱི་དག་པ་དང༌། ལྷ་སོ་སོའི་དག་པ་མདོར་བསྟན་པ་དང༌། དག་པ་བསྒོམ་དགོས་པའི་འཐད་པ་མདོར་བསྟན་པ་དང༌། རང་རིག་པའི་དག་པ་ཉིད་མཆོག་ཏུ་བསྟན་པ་དང༌། དག་པ་དགོས་པའི་འཐད་པ་རྒྱས་པར་བཤད་པ་དང༌། ལྷ་སོ་སོའི་དག་པ་རྒྱས་པར་བཤད་པ་དང༌། མ་དག་པའི་སྐྱོན་དང་དག་པའི་ཕན་ཡོན་བསྟན་པའོ། །དག་པ་དགོས་པའི་འཐད་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། རང་བཞིན་གྱིས་དག་པར་བསྟན་པ་དང༌། གློ་བུར་དུ་མ་དག་པར་བསྟན་པ་དང༌། དེ་ཡང་དག་པར་བྱས་ཏེ་བསྟེན་པར་བསྟན་པའོ། །ལྔ་པའི་གཉིས་པའོ། །དྲོད་ཐོབ་པའི་རྣལ་འབྱོར་པས་བརྟུལ་ཞུགས་ཀྱི་སྤྱོད་པ་ཇི་ལྟར་སྤྱད་པ་ལ་གཉིས། སྤྱོད་པའི་བསམ་པའི་ཁྱད་པར་བསྟན་པའི་སྒོ་ནས་སྤྱོད་པའི་མཚན་ཉིད་མདོར་བསྟན་པ་དང༌། སྤྱོད་པ་བསྒྲུབ་པའི་རིམ་པ་བསྟན་པའི་སྒོ་ནས་བརྟུལ་ཞུགས་ཀྱི་ལུས་ངག་གི་ཀུན་སྤྱོད་རྒྱས་པར་བཤད་པའོ། །དང་པོ་ལ་གསུམ་སྟེ། དགོས་པ་ཁྱད་པར་ཅན་དང་ལྡན་པའི་སྤྱོད་པ་བཤད་པར་དམ་བཅའ་བ་དང༌། དོན་དངོས་དང༌། རབ་ཏུ་བྱེད་པའི་མིང་ངོ༌། །དོན་དངོས་ལ་གཉིས་ཏེ། ཕན་ཡོན་བསྟན་པའི་སྒོ་ནས་སྤྱོད་པ་བྱ་བར་གདམས་པ་དང༌། སྤྱོད་པ་ཇི་ལྟར་བྱ་བའི་ཚུལ་དངོས་སོ། །དང་པོ་ལ་ལྔ་སྟེ། འཁོར་བའི་རྒྱ་མཚོ་ལས་སེམས་ཀྱི་ནོར་བུ་བླང་བའི་ཐབས་དང༌། བདེ་བ་ཆེན་པོའི་དངོས་གྲུབ་ཀྱི་ལམ་འདི་ཁོ་ན་ཡིན་པར་བསྟན་པ་དང༌། དེས་ན་གྲོལ་བར་འདོད་པས་བསྟེན་པར་གདམས་པ་དང༌། ཐམས་ཅད་ཀྱིས་མཆོད་པར་འགྱུར་བར་བསྟན་པ་དང༌། སྡིག་པ་དང་བྲལ་ཞིང་ལམ་མྱུར་བ་ཡིན་པར་བསྟན་པའོ། །སྤྱོད་པ་དངོས་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། ཨ་བ་དྷཱུ་ཏཱིའི་སྤྱོད་པ་མདོར་བསྟན་པ་དང༌། ཀུན་བཟང་གི་སྤྱོད་པ་མདོར་བསྟན་པའོ། །རྒྱས་པར་བཤད་པ་ལ་ལྔ་སྟེ། སྤྱོད་པ་སྔོན་དུ་བྱ་བ་དང༌། སྤྱོད་པའི་བསམ་པའི་ཁྱད་པར་བསྟན་པའི་སྒོ་ནས་ཀུན་བཟང་གི་སྤྱོད་པ་རྒྱས་པར་བཤད་པ་དང༌། སྤྱོད་པ་ལ་གནས་པའི་བསྲུང་བའི་དམ་ཚིག་དང༌། བཟའ་བ་དང་བསྲུང་བའི་དམ་ཚིག་གི་སྒོ་ནས་ཀུན་འདར་གྱི་སྤྱོད་པ་རྒྱས་པར་བཤད་པ་དང༌། དམ་ཚིག་གཞུང་བསྡུས་ཏེ་བསྟན་པའོ། །གཉིས་པ་ལ་གཉིས་ཏེ། བསམ་པའི་ཁྱད་པར་མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །འདི་ལ་དྲུག་སྟེ། ཡང་དག་པའི་ལྟ་བ་ལ་གནས་པར་བྱ་བ་དང༌། བསམ་གཏན་གྱི་སྒྲིབ་པ་དང་བྲལ་བར་བྱ་བ་དང༌། འཇིག་རྟེན་པའི་སྦྱོར་བ་ལས་ཕྱིར་ཕྱོགས་པར་བྱ་བ་དང༌། སྟོང་པ་དང་སྙིང་རྗེ་ཟུང་དུ་འཇུག་པ་ལ་གནས་ཏེ་སྤྱོད་པ་སྤྱད་པ་དང༌། བསམ་པ་ཁྱད་པར་ཅན་གྱི་སྤྱད་ན་ཚེ་འདི་ཉིད་དུ་འགྲུབ་པར་བསྟན་པ་དང༌། བསམ་པའི་ཁྱད་པར་ལ་གནས་པས་ཐམས་ཅད་ལོངས་སྤྱོད་པར་གདམས་པའོ། །དེ་ལ་གསུམ་སྟེ། སྒྱུ་མ་ལྟ་བུས་བསྟེན་པ་དང༌། འཇིགས་པ་མེད་པས་བསྟེན་པ་དང༌། དེ་ལྟར་བསྟེན་པའི་འཐད་པའོ། །སྤྱོད་པ་ལ་གནས་པའི་བསྲུང་བའི་དམ་ཚིག་ལ་གསུམ་སྟེ། ཕྱག་ལ་སོགས་པ་སྤང་བར་བྱ་བའི་དམ་ཚིག་དང༌། དེ་བཞིན་དུ་བསྟེན་པར་གསུངས་པས་དང་མི་འགལ་བར་བསྟན་པ་དང༌། ཐམས་ཅད་སྤང་པའི་འཐད་པའོ། །གཙོར་ཀུན་འདར་གྱི་སྤྱོད་པ་རྒྱས་པར་བཤད་པ་ལ་བཞི་སྟེ། བསམ་པའི་ཁྱད་པར་དང༌། བཟའ་བའི་དམ་ཚིག་ཇི་ལྟར་སྤྱད་པ་དང༌། གཉིས་སྤངས་ཀྱི་སྤྱོད་པ་གཞན་ཇི་ལྟར་སྤྱད་པ་དང༌། དེ་ལྟར་བྱས་པའི་ཕན་ཡོན་ནོ། །དམ་ཚིག་གཞུང་བསྡུས་ཏེ་བསྟན་པ་ལ་དགུ་སྟེ། བཏུང་བ་བཏུང་བའི་ཚད་དང༌། ཆ་ལུགས་དང༌། ཐམས་ཅད་མཉམ་པ་ཉིད་དུ་བལྟ་བ་དང༌། ལས་དང་པོ་པའི་སྤྱོད་པ་སྤང་བ་དང༌། དགོངས་ཏེ་གསུངས་པའི་དམ་ཚིག་བཞི་བསྟན་པ་དང༌། སློབ་དཔོན་ལ་ཇི་ལྟར་བྱ་བ་དང༌། སྤུན་ལ་གུས་པར་བྱ་བ་དང༌། ལམ་གཞན་མི་བཙལ་བ་དང༌། འཇིག་རྟེན་གྱི་བློ་དོར་བའོ། །ལྔ་པའི་གསུམ་པའོ། །སྤྱོད་པ་བསྒྲུབ་པའི་རིམ་པ་བསྟན་པའི་སྒོ་ནས་བརྟུལ་ཞུགས་ཀྱི་སྤྱོད་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། བཤད་པར་དམ་བཅའ་བ་དང༌། དོན་དངོས་དང༌། རབ་ཏུ་བྱེད་པའི་མིང་ངོ༌། །དོན་དངོས་ལ་གསུམ་སྟེ། ཐོག་མར་ཀུན་འདར་གྱི་སྤྱོད་པ་ཇི་ལྟར་བྱ་བའི་ཚུལ་དང༌། དེ་ལ་བརྟེན་ཏེ་ཀུན་དུ་བཟང་པོའི་སྤྱོད་པ་གསང་སྟེ་བསྒྲུབ་པའི་ཚུལ་དང༌། སྤྱོད་པ་གཉི་ག་འཇིག་རྟེན་པའི་མངོན་དུ་སྤྱོད་པའི་ཚུལ་བསྟན་པའོ། །དང་པོ་ལ་གཉིས་ཏེ། ཐོག་མར་གསང་བའི་སྤྱོད་པ་ལ་གནས་ཏེ། དྲོད་ཐོབ་པ་བསྐྱེད་ཅིང་བརྟན་པར་བྱ་བ་དང༌། དེ་ནས་སྨྱོན་པའི་བརྟུལ་ཞུགས་འཇིག་རྟེན་པའི་མངོན་དུ་སྤྱད་པའོ། །དང་པོ་ལ་དྲུག་སྟེ། གཉིས་སྤངས་ཀྱི་སྤྱོད་པ་དངོས་དང༌། སྤྱོད་པ་སྤྱད་པའི་དུས་དང༌། གནས་དང༌། གང་ཟག་གང་གིས་ཇི་ལྟར་སྤྱད་པའི་ཚུལ་དང༌། སྤྱོད་པའི་དགོས་པ་ཐུན་མོང་བ་དང༌། དེ་ལྟ་བུ་ལ་གནས་ཏེ་དྲོད་བརྟན་པར་བྱ་བའི་འབྲས་བུ་དངོས་བསྟན་པའོ། །འདི་ལ་གཉིས་ཏེ། ཐབས་དངོས་དང༌། དེ་གནས་ཁྱད་པར་ཅན་དུ་གནས་ཏེ་བསྒྲུབས་ན་འགྲུབ་པར་བསྟན་པའོ། །སྨྱོན་པའི་བརྟུལ་ཞུགས་ལ་གསུམ་སྟེ། སྤྱོད་པ་དངོས། གནས་དང༌། བསམ་པའོ། །དེ་ལ་བརྟེན་ནས་ཀུན་དུ་བཟང་པོའི་སྤྱོད་པ་བསྒྲུབ་པ་ལ་བཞི་སྟེ། སྔ་མ་ལ་བརྟེན་ཏེ་འགྲུབ་པར་བསྟན་པ་དང༌། སྤྱོད་པའི་དགོས་པ་དང༌། མིང་གི་དོན་ནམ་ངེས་པའི་ཚིག་དང༌། སྤྱོད་པའི་གྲོགས་བཙལ་བའི་ཚུལ་བསྟན་པའོ། །དེ་ལ་གཉིས་ཏེ། བཙལ་བ་དངོས་དང༌། གྲོགས་དེ་ལ་བརྟེན་པའི་ཕན་ཡོན་བསྟན་པའོ། །སྤྱོད་པ་གཉི་ག་འཇིག་རྟེན་པའི་མངོན་དུ་སྤྱད་པ་ལ་བཞི་སྟེ། ཞེན་པ་འཇིགས་པ་མེད་པའི་སྒོ་ནས་ཀུན་འདར་གྱི་སྤྱོད་པ་སྤྱད་པའི་ཚུལ་དང༌། རྒྱལ་ཚབ་ཆེན་པོའི་སྤྱོད་པའི་རྒྱན་དང་གྲོགས་ལ་སོགས་པ་བསྟན་པ་དང༌། སྤྱོད་པའི་རྒྱན་ལ་སོགས་པའི་དགོས་པའམ་དག་པ་བསྟན་པ་དང༌། བསམ་པའི་ཁྱད་པར་རམ་དམ་ཚིག་བསྡུས་ཏེ་བསྟན་པའོ། །དང་པོ་ལ་བཞི་སྟེ། ལུས་སྦྱིན་པའི་སྤྱོད་པ་དང༌། གཉིས་སྤངས་ཀྱི་སྤྱོད་པ་དངོས་དང༌། གང་ལ་ཡང་འཇིགས་པར་མི་བྱ་བ་དང༌། སྙིང་རྗེ་བཏུང་ཞིང་བཏུང་བ་གཞན་གྱིས་མི་བཟི་བར་བྱ་བའོ། །རྒྱལ་ཚབ་ཆེན་པོའི་རྒྱན་ལ་སོགས་པ་བསྟན་པ་ལ་ལྔ་སྟེ། རྒྱལ་ཚབ་ཆེན་པོའི་སྤྱོད་པའི་དགོས་པ་དང༌། རྒྱན་ཆ་དངོས་དང༌། བཟའ་བ་དང༌། རྣལ་འབྱོར་དང༌། གྲོགས་བསྟན་པའོ། །འདི་ལ་གསུམ་སྟེ། གྲོགས་ཀྱི་མཚན་ཉིད་དང༌། དེ་སྦྱང་བའི་ཚུལ་དང༌། མཉེས་པར་བྱ་བའི་ཐབས་བསྟན་པའོ། །རྒྱན་ཆ་ལ་སོགས་པའི་དགོས་པ་ལ་བདུན་ཏེ། རྒྱན་དྲུག་གི་དགོས་པ་དང༌། བཟའ་བཏུང་གི་དགོས་པ་དང༌། མི་འབྲལ་བའི་དམ་ཚིག་གཟུང་བ་དང༌། མགོ་རྒྱན་གྱི་དགོས་པ་དང༌། སྐ་རགས་དང་མཆོད་ཕྱིར་ཐོགས་དང༌། ཅང་ཏེའུའི་དགོས་པ་དང༌། རྡོ་རྗེ་ཐོད་པའི་དགོས་པའམ། དེ་དག་དགོས་པ་དང་ལྡན་པར་འགྱུར་བའི་ཚུལ་ལོ། །དམ་ཚིག་བསྡུས་ཏེ་བསྟན་པ་ལ་ལྔ་སྟེ། ཉོན་མོངས་པ་ལ་སོགས་པ་སྤང་བ་དང༌། རྣལ་འབྱོར་ལ་གནས་པ་དང༌། རིགས་གྱི་རྟོག་པ་སྤངས་ཏེ་གཅིག་ཏུ་བསྡུ་བ་དང༌། བསམ་གཏན་གྱི་སྒྲིབ་པ་སྤང་བ་དང༌། ཐེ་ཚོམ་སྤོང་བའོ། །བརྟག་པ་ལྔ་པའོ།།  །།ཉེ་བའི་རྒྱུ་རྫོགས་པའི་རིམ་པ་དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམ་པའི་དོན་དང་བཅས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། ཞུས་པ་དང༌། མཉན་པར་གདམས་པ་དང༌། ལན་བསྟན་པའོ། །མཉན་པར་གདམས་པ་ལ་གཉིས། གདམས་པ་དངོས་དང༌། འདི་རྒྱུད་ཐམས་ཅད་ཀྱི་རྩ་བར་བསྟན་པའོ། །ལན་ལ་གསུམ། ཤེས་བྱ་དཀྱིལ་འཁོར་བཞི་གཏན་ལ་དབབ་པ་དང༌། དེ་ལས་བྱུང་བའི་ཡེ་ཤེས་དང༌། དེ་རྟོགས་པར་བྱེད་པའི་ཐབས་སོ། །དང་པོ་ལ་གསུམ། དཀྱིལ་འཁོར་བཞི་མདོར་བསྟན་པ་དང༌། དཀྱིལ་འཁོར་བཞི་རྒྱས་པར་བཤད་པ་དང༌། དཀྱིལ་འཁོར་གཉིས་ཤིན་ཏུ་རྒྱས་པར་བཤད་ཅིང་ཁམས་དང་རླུང་ཅུང་ཟད་བཤད་པའོ། །དང་པོ་ལ་གསུམ། རང་བྱིན་བརླབ་བསྐྱེད་པར་བསྟན་པ་དང༌། དེར་སྐྱེས་པའི་རང་བྱིན་བརླབ་ཀྱི་མཚན་ཉིད། དེ་མངོན་དུ་བྱེད་པའི་རྒྱུའོ། །འདི་ལ་གསུམ་སྟེ། གང་གི་དབང་གིས་མངོན་དུ་བྱེད་པ་དང༌། གང་གིས་བདག་ཉིད་ཀྱི་མངོན་དུ་བྱེད་པ་དང༌། ལམ་གང་ནས་མངོན་དུ་བྱེད་པའོ། །དཀྱིལ་འཁོར་བཞི་རྒྱས་པར་བཤད་པ་ལ་གསུམ་སྟེ། གང་གིས་བདག་ཉིད་ཀྱིས་མངོན་དུ་བྱེད་པ་ཁམས་བདུད་རྩིའི་དཀྱིལ་འཁོར་རྒྱས་པར་བཤད་པ་དང༌། ལམ་གང་ནས་མངོན་དུ་བྱེད་པ་རྩ་དང་ཡི་གེའི་དཀྱིལ་འཁོར་རྒྱས་པར་བཤད་པ་དང༌། གང་གི་དབང་གིས་མངོན་དུ་བྱེད་པ་རླུང་གི་དཀྱིལ་འཁོར་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། ཞུས་པ་དང༌། ལན་བསྟན་པའོ། །དེ་ལ་གསུམ་སྟེ། ཡི་གེ་བཅུ་དྲུག་གི་ཁམས་བཅུ་དྲུག་ཏུ་བཤད་པ་དང༌། ཡི་གེ་ལྔས་ནད་འདུལ་བ་བཞི་བསྐྱེད་པ་ལུས་ལ་གནས་པའི་ཚུལ་དང༌། དེ་དག་གང་ལ་བརྟེན་ནས་མངོན་དུ་བྱེད་པའི་ཚུལ་བསྟན་པའོ། །ལམ་གང་ནས་མངོན་དུ་བྱེད་པ་རྩ་དང་ཡི་གེའི་དཀྱིལ་འཁོར་ལ་གཉིས་ཏེ། མཉན་པར་གདམས་པ་དང༌། དོན་དངོས་སོ། །འདི་ལ་དྲུག་སྟེ། རྩ་གཉིས་ལས་ཁམས་གཉིས་ཀྱི་འདུས་པ་བསྟན་པ་དང༌། སྐུ་གསུང་ཐུགས་ཀྱིས་བསྡུ་བ་དང༌། སྡུས་པའི་རྒྱུད་དང༌། བདུད་རྩི་ལྔའི་རང་བཞིན་དུ་བསྟན་པ་དང༌། ཁམས་དྲུག་གིས་བསྡུ་བ་དང༌། དེས་ན་སེམས་ཀྱི་སྒོ་ལ་བརྟེན་ཏེ་ལུས་འགྲུབ་པར་བསྟན་པའོ། །གང་གི་དབང་གིས་མངོན་དུ་བྱེད་པ་རླུང་གི་དཀྱིལ་འཁོར་ལ་གཉིས་ཏེ། སྔ་མ་དང་མཚམས་སྦྱར་ཞིང་མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །སྔ་མ་ལ་བཞི་སྟེ། སྔར་གྱི་སྒོའམ་ལམ་གྱི་གནས་ལུགས་དང༌། སྒོའི་བྱེད་པའི་ལས་བསྟེན་པ་དང༌། དེས་ན་སྒོ་དེ་ལ་རླུང་གནས་པར་བསྟན་པ་དང༌། དེ་ལ་གནས་པའི་རླུང་གི་ངོ་བོ་དབྱེ་བ་དང་བཅས་པའོ། །རྒྱས་པར་བཤད་པ་ལ་གཉིས་ཏེ། ཞུས་པ་དང༌། ལན་བསྟན་པའོ། །འདི་ལ་གསུམ་སྟེ། སྤྱིར་རླུང་གི་རང་བཞིན་སྦྱོར་བ་གསུམ་དུ་བསྟན་པ་དང༌། དེ་སྒོ་གང་ནས་ཇི་ལྟར་འགྲོ་ཞིང་རྗེས་སུ་འོང་བའི་ཚུལ་རྒྱས་པར་བཤད་པ་དང༌། འགྲོ་འོང་གིས་ཇི་ལྟར་མངོན་དུ་འགྱུར་བའི་ཚུལ་བསྟན་པའོ། །བར་པ་ལ་གཉིས་ཏེ། མདོར་བསྟན་པ་དང༌། སྒོ་གང་ནས་ཇི་ལྟར་རྒྱུ་བ་རྒྱས་པར་བཤད་པའོ། །འདི་ལ་གསུམ་སྟེ། སྐུའི་སྒོ་དགུ་ནས་སྦྱོར་བ་གསུམ་གྱིས་རྒྱུ་བ་དང༌། གསུང་གི་སྒོ་བཞིའི་དཀྱིལ་འཁོར་བཞིའི་རྣམ་པར་རྒྱུ་བ་དང༌། ཐུགས་ཀྱི་གཉིས་ནས་སྲོག་དང་རྩོལ་བའི་ཚུལ་གྱིས་རྒྱུ་བའོ། །གཉིས་པ་ལ་ལྔ་སྟེ། གསུང་གི་སྒོའི་མིང་གི་རྣམ་གྲངས་དང༌། དེའི་ཞར་ལ་རླུང་གི་ངོ་བོ་རྒྱུ་བ་དང་རྒྱུ་བ་མེད་པའི་བདག་ཉིད་ཅན་དུ་བསྟན་པ་དང༌། མངོན་དུ་བྱས་པས་སྒོ་བཞི་འགགས་ནས་མངོན་དུ་འགྱུར་བའི་ཚུལ་དང༌། སྒོ་བཞིའི་རང་གི་ངོ་བོ་དང༌། དེ་རྒྱུ་བའི་ཚུལ་བསྟན་པའོ། །ཐུགས་ཀྱི་སྒོ་གཉིས་ནས་རྒྱུ་བའི་ཚུལ་ལ་ལྔ་སྟེ། སྒོ་རང་གི་ངོ་བོ་དང༌། སྒོའི་བྱེད་པའི་ལས་དང༌། དེས་ན་སྒོ་དེ་མཆོག་ཏུ་བསྔགས་པ་དང༌། སྒོའི་བྱེད་པའི་ལས་ཀྱི་ཁྱད་པར་དང༌། སྒོ་དེ་ནས་རླུང་གང་ཞིག་རྒྱུ་བ་དང་བྱེད་པའི་ལས་རྒྱས་པར་བཤད་པའོ། །འགྲོ་འོང་གི་ཇི་ལྟར་མངོན་དུ་འགྱུར་བའི་ཚུལ་ལ་བཞི་སྟེ། ཇི་ལྟར་རྒྱུ་བ་དང༌། གང་ཞིག་རྒྱུ་བ་དང༌། དེའི་ལས་དང༌། དེས་གྲུབ་པའི་དོན་ཏོ། །དཀྱིལ་འཁོར་གཉིས་ཤིན་ཏུ་རྒྱས་པར་བཤད་ཅིང༌། ཁམས་དང་རླུང་ཅུང་ཟད་བཤད་པ་ལ་གསུམ་སྟེ། རྩ་དང་ཡི་གེ་རྒྱས་པར་བཤད་ཅིང་རླུང་དང་ཁམས་ཅུང་ཟད་དང་བཅས་པའི་རྟེན་དཀྱིལ་འཁོར་བཞིས་རྡོ་རྗེ་ལུས་ཀྱི་གནས་ལུགས་གཏན་ལ་དབབ་པ་དང༌། ཕྱི་རོལ་གྱི་སྤྲོས་པ་ནང་དུ་གཅད་པའི་ཕྱིར་ཇི་སྙེད་ཡོད་པའི་ཆོས་ཇི་ལྟ་བར་གཏན་ལ་དབབ་པ་དང༌། དེ་ལ་ཐེ་ཚོམ་བསལ་ཞིང་ཤེས་པ་ཉིད་ལམ་དུ་བསྒྲུབ་པ་འཐད་པ་དང་བཅས་པའོ། །དང་པོ་ལ་གསུམ་སྟེ། ཞུས་པ་དང༌། མཉན་པར་གདམས་པའི་སྒོ་ནས་ལན་མདོར་བསྟན་པ་དང༌། ལན་རྒྱས་པར་བཤད་པའོ། །དང་པོ་ལ་ལྔ། གནས་དང་ཡུལ་གྱི་བར་དུ་དབྱེ་བ་དང༌། འཁོར་ལོ་གཉིས་དཔྱིད་དང་ཐིག་ལེའི་རང་བཞིན་དུ་བརྟེན་པ་དང༌། སྒོ་གསུམ་ལ་བསྟན་ནས་ཐམས་ཅད་ལ་རླུང་གནས་པར་བསྟན་པ་དང༌། འཁོར་ལོ་བཞི་ལ་བདེ་བ་ཆེན་པོ་རོལ་པར་བསྟན་པ་དང༌། ལུས་རྩ་སུམ་ཅུ་རྩ་བདུན་གྱི་གནས་ལུགས་བསྟན་པའོ། །དང་པོ་ལ་གསུམ་སྟེ། ཡུལ་གྱི་དགོད་པ་དང༌། ཕྱི་དང་ནང་གི་བདག་ཉིད་ཅན་དུ་བསྟན་པ་དང༌། ཞར་ལས་ནང་གི་མཁའ་འགྲོ་མའི་རང་བཞིན་བསྟན་པའོ། །དྲུག་པའི་དང་པོའོ། །དཔྱིད་དང་ཐིག་ལེ་ལ་ལྔ་སྟེ། བཤད་པར་དམ་བཅའ་བ་དང༌། དཔྱིད་གཏན་ལ་དབབ་པ་དང༌། ཐིག་ལེ་བསྟན་པ་དང༌། དེ་གཉིས་སྙོམས་པར་འཇུག་པར་བསྟན་པ་དང༌། དེ་ཐམས་ཅད་ལ་གནས་པར་བསྟན་པའོ། །འཁོར་ལོ་ལ་བདེ་བ་ཆེན་པོ་རོལ་པར་བསྟན་པ་ལ་གསུམ་སྟེ། འཁོར་ལོ་ལ་ཡི་གེ་དགོད་པ་དང༌། འཁོར་ལོ་བཞི་འབྱུང་བ་བཞི་ལ་སོགས་པར་གཏན་ལ་དབབ་པ་དང༌། བདེ་བ་ཆེན་པོ་རོལ་པ་དངོས་སོ། །རྩ་སུམ་ཅུ་སོ་བདུན་གྱི་གནས་ལུགས་བསྟན་པ་ལ་གསུམ་སྟེ། སྙིང་གའི་རྩ་བརྒྱད་ཀྱི་གནས་ལུགས་དང༌། ནང་དུ་སྦས་པའི་རྩ་ལྔ་གནས་པར་བསྟན་པ་དང༌། རྩ་ཉི་ཤུ་རྩ་བཞིའི་གནས་ལུགས་བསྟན་པའོ། །འདི་ལ་བཞི་སྟེ། ཉི་ཤུ་རྩ་བཞི་འཁོར་ལོ་གསུམ་དུ་བསྡུ་བ་དང༌། སྤྱི་བོ་ལྷན་སྐྱེས་ཀྱི་རྩར་གཏན་ལ་དབབ་པ་དང༌། དེ་རྣམས་ཀྱི་ནང་ནས་གཙོ་མོ་གསུམ་དུ་བསྟན་པ་དང༌། རྩ་ཉི་ཤུ་རྩ་བཞིའི་གནས་དང་མིང་དང་ལས་གཏན་ལ་དབབ་པའོ། །དྲུག་པའི་གཉིས་པའོ། །སྤྱི་དོན་གཉིས་ལ་ཕྱི་རོལ་གྱི་སྤྲོས་པ་ནང་དུ་གཅད་པའི་ཕྱིར་ཇི་སྙེད་པའི་ཆོས་ཇི་ལྟ་བར་གཏན་ལ་དབབ་པ་ལ་གསུམ། ལུས་ལ་ནང་གི་དཀྱིལ་འཁོར་ལ་སོགས་པར་གཞག་པ་དང༌། ལུས་ལ་སྐུ་གསུམ་གཏན་ལ་དབབ་པ་དང༌། ལུས་ལ་སྡོམ་པའི་རབ་ཏུ་དབྱེ་བ་གཏན་ལ་དབབ་པའོ། །ནང་གི་དཀྱིལ་འཁོར་ལ་སོགས་པ་ལ་གཉིས་ཏེ། ཞུས་པ་དང༌། ལན་ནོ། །འདི་ལ་གསུམ་སྟེ། ནང་གི་དཀྱིལ་འཁོར་དང༌། ནང་གི་སྦྱིན་སྲེག་ལ་སོགས་པ་དང༌། དཀྱིལ་འཁོར་གྱི་བདག་པོའོ། །དང་པོ་ལ་དྲུག་སྟེ། རང་བཞིན་གྱི་དཀྱིལ་འཁོར་རྒྱས་པར་བསྟན་པ་དང༌། དེ་ལམ་དུ་བྱས་པའི་དཀྱིལ་འཁོར་གྱིས་མཆོད་པའི་ཚུལ་དང༌། དཀྱིལ་འཁོར་གྱི་ངེས་ཚིག་དང༌། དཀྱིལ་འཁོར་གྱི་རབ་ཏུ་དབྱེ་བ་དང༌། དཀྱིལ་འཁོར་དང་འབྲེལ་པའི་དམ་ཚིག་དང༌། དཀྱིལ་འཁོར་བསྒོམས་པའི་ཕན་ཡོན་ནོ། །དང་པོ་ལ་གསུམ་སྟེ། བརྟེན་པ་ལྷའི་དཀྱིལ་འཁོར་དང༌། རྟེན་གྱི་དཀྱིལ་འཁོར་དང༌། ལྷའི་གདན་དང༌། ས་བོན་ཡང་རང་བཞིན་གྱིས་གནས་པར་བསྟན་པའོ། །དཀྱིལ་འཁོར་གྱི་དབྱེ་བ་ལ་གཉིས་ཏེ། གསང་བ་ཆོས་ཀྱི་དཀྱིལ་འཁོར་གསུམ་གྱི་དབྱེ་བ་དང༌། དཀྱིལ་འཁོར་ཕྱི་ནང་གཉིས་སུ་དབྱེ་བའོ། །དམ་ཚིག་ལ་གཉིས་ཏེ། བཟའ་བའི་དམ་ཚིག་དང༌། བསྲུང་བའི་དམ་ཚིག་གོ །སྦྱིན་སྲེག་ལ་སོགས་པ་ལ་གཉིས་ཏེ། སྦྱིན་སྲེག་དངོས་དང༌། བཟླས་པ་དང་བསྒོམ་པ་ལའང་གནས་པར་བསྟན་པའོ། །ནང་གི་སྐུ་གསུམ་ལ་གཉིས་ཏེ། ཞུས་པ་དང༌། ལན་བསྟན་པའོ། །འདི་ལ་གཉིས་ཏེ། ཙཎྜཱ་ལཱིའི་དབང་དུ་བྱས་ཏེ་རྩ་དང་འཁོར་ལོ་ལ་སྐུ་གསུམ་གཞག་པ་དང༌། རྒྱུ་དང་ལམ་ལ་སྐུ་གསུམ་གཞག་པའོ། །དང་པོ་ལ་གཉིས་ཏེ། འཁོར་ལོ་ལ་གཞག་པ་དང༌། རྩ་ལ་གཞག་པའོ། །དང་པོ་ལ་གསུམ་སྟེ། འཁོར་ལོའི་གནས་ལུགས་དང༌། དེ་ལ་སྐུ་གསུམ་ཏུ་གཞག་པ་དང༌། འཁོར་ལོ་ལ་ཡི་གེ་དགོད་པའོ། །རྩ་ལ་གཞག་པ་ལའང་གསུམ་སྟེ། རྩའི་གནས་ལུགས་དང༌། བྱེད་པའི་ལས་དང༌། ཡི་གེ་དགོད་པའོ། །རྒྱུ་དང་ལམ་གྱི་སྐུ་གསུམ་ལ་བཞི་སྟེ། ལོངས་སྤྱོད་རྫོགས་པའི་སྐུ་དང༌། སྤྲུལ་པའི་སྐུ་དང༌། ཆོས་ཀྱི་སྐུ་དང༌། དེ་དག་རྒྱུད་ཀྱི་རང་བཞིན་དུ་བསྟན་པའོ། །དྲུག་པའི་གསུམ་པའོ། །སྡོམ་པའི་རབ་ཏུ་དབྱེ་བ་ལ་གཉིས་ཏེ། ཞུས་པ་དང༌། ལན་བསྟན་པའོ། །དེ་ལ་གཉིས། གང་དུ་སྡོམ་པ་དང༌། ཇི་སྙེད་གཅིག་སྡོམ་པའོ། །འདི་ལ་ལྔ་སྟེ། རྩ་གཉིས་ལ་བརྟེན་ཏེ། ནང་གི་སྙོམས་འཇུག་བསྟན་པ་དང༌། འཁོར་ལོ་ལ་སྐུ་གསུམ་གཞག་པ་དང༌། འཁོར་ལོ་ལ་འབྲས་བུ་བཞི་གཞག་པ་དང༌། འཁོར་ལོ་ལ་སྡེ་པ་བཞིར་གཞག་པ་དང༌། སེམས་ཅན་ཐམས་ཅད་ཀྱི་ལུས་དང་སེམས་རང་བཞིན་གྱིས་སྡོམ་པའི་ངོ་བོ་ཉིད་དུ་གཞག་པའོ། །འདི་ལ་གསུམ་སྟེ། རང་བཞིན་གྱིས་སངས་རྒྱས་སུ་གཞག་པ་དང༌། གློ་བུར་དུ་བསྒྲིབས་པར་བསྟན་པ་དངོས་དང༌། དེ་ལྟར་ཤེས་པ་དེ་ལམ་མཆོག་ཏུ་བསྟན་པའོ། །དང་པོ་ལ་གསུམ་སྟེ། ལུས་སྡེ་པའི་རྩ་བ་སངས་རྒྱས་སུ་བསྟན་པ་དང༌། བྱང་ཆུབ་སེམས་དཔའ་སངས་རྒྱས་སུ་བཤད་པ་དང༌། ལུས་དང་སེམས་གཉི་ག་སངས་རྒྱས་སུ་བཤད་པའོ། །སྤྱི་དོན་གཉིས་པ་དེ་ལ་ཐེ་ཚོམ་བསལ་ཞིང༌། དེ་ལྟར་ཤེས་པ་ཉིད་ལམ་དུ་བསྒྲུབ་པ་ལ་གསུམ་སྟེ། གང་ཞིག་ཐེ་ཚོམ་ཇི་ལྟར་བསྐྱེད་པ་དང༌། ཐེ་ཚོམ་བསལ་བར་གསོལ་བ་གདབ་པ་དང༌། ཐེ་ཚོམ་བསལ་བ་དངོས་སོ། །འདི་ལ་གསུམ་སྟེ། རང་བཞིན་གྱིས་སངས་རྒྱས་ཡིན་ཡང་གློ་བུར་དུ་སེམས་ཅན་མི་འགལ་བ་དང༌། གློ་བུར་གྱི་དྲི་མ་སེལ་བར་བྱེད་པའི་ཐབས་དང༌། དེ་ཉིད་ཐབས་སུ་འགྱུར་བའི་འཐད་པའོ། །བར་པ་ལ་བཞི་སྟེ། རིགས་འདྲ་གཉེན་པོར་ཆེ་བ་དང༌། བཟློག་པ་གཉེན་པོ་ཆེ་བ་དང༌། སྦམས་པ་གཉེན་པོར་ཆེ་བ་དང༌། བསྣན་པ་གཉེན་པོར་ཆེ་བའོ། །དེ་ཉིད་ཐབས་སུ་འགྱུར་བའི་འཐད་པ་ལ་གཉིས། འབྱུང་བ་ལྔའི་ངོ་བོར་བསྟན་པ་དང༌། དེ་རྣམས་དེ་བཞིན་གཤེགས་པའི་ངོ་བོ་ཡིན་པའི་ཕྱིར་ལམ་དུ་འགྱུར་བར་བསྟན་པའོ། །འདི་ལ་གསུམ་སྟེ། གཙོ་བོར་དཀྱིལ་འཁོར་འཁོར་ལོའི་དབང་དུ་བྱས་ནས་འབྱུང་བ་ལྔ་དེ་བཞིན་གཤེགས་པ་ལྔར་བསྟན་པ་དང༌། རིགས་ཀྱི་རབ་ཏུ་དབྱེ་བ་བསྡུས་པ་དང༌། རྒྱས་པ་དང༌། ཐིག་ལེ་གཅིག་ལ་རིགས་སུ་དུ་མ་མི་འགལ་བར་བསྟན་པའོ། །དེར་མངོན་དུ་བྱས་པའི་རང་བྱུང་གི་ཡེ་ཤེས་ཀྱི་མཚན་ཉིད་ལ་གཉིས་ཏེ། མཉན་པར་གདམས་པ་དང༌། དོན་དངོས་སོ། །འདི་ལ་གསུམ་སྟེ། །རྒྱས་པར་བཤད་པ་དང༌། བསྡུས་ཏེ་བསྟན་པ་དང༌། ཤིན་ཏུ་བསྡུས་ཏེ་ཆོས་སྐུའི་ངོ་བོར་བསྟན་པའོ། །དང་པོ་ལ་གསུམ་སྟེ། རྟེན་ཞུ་བ་འབྱུང་བ་ལྔར་བསྟན་པ་དང༌། བརྟེན་པ་བདེ་སྟོང་ཡེ་ཤེས་ལྔར་བསྟན་པ་དང༌། དེ་ཉིད་རིགས་ལྔར་བསྟན་པའོ། །བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཐབས་བསྟན་པ་ལ་གཉིས་ཏེ། ཙཎྜཱ་ལཱི་འབར་འཛག་གི་ཐབས་བསྟན་པ་དང༌། དེ་ལ་བརྟེན་ཏེ་ཡེ་ཤེས་སྐྱེ་བའི་ཚུལ་བསྟན་པའོ། །དང་པོ་ལ་གསུམ་སྟེ། ཐོག་མར་དཔྱིད་ལ་དང་ཐིག་ལེའི་འབར་འཛག་དང༌། དེ་ནས་བདག་གི་འཁོར་ལོ་གཞན་ལ་འགྲོ་འོང་བྱ་བ་དང༌། དེ་ནས་དེ་བཞིན་གཤེགས་པའི་རྒྱུད་ལ་འགྲོ་འོང་བྱ་བའོ། །དེ་ལ་བརྟེན་ནས་ཡེ་ཤེས་སྐྱེ་བའི་ཚུལ་ལ་གཉིས་ཏེ། དང་པོ་དགའ་བ་བཞིའི་རིམ་པས་སྐྱེ་བ་དང༌། མཐར་གོང་དུ་བརྗོད་པ་རང་བྱུང་གི་ཡེ་ཤེས་སྐྱེ་བར་བསྟན་པའོ། །བརྟག་པ་དྲུག་པའི་བསྡུས་པའི་དོན་ཏོ།།  །།འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མཐའ་དག་གི་ཐབས་བསྟན་པ་ལ་གཉིས་ཏེ། གཙོ་བོར་ལས་ཀྱི་ཚོགས་བསྟན་པ་བརྟག་པ་བདུན་པ་དང༌། བྱ་བ་ཐམས་ཅད་འབྱུང་བ་བརྟག་པ་བརྒྱད་པའོ། །དང་པོ་ལ་བཞི་སྟེ། ཡེ་ཤེས་ཐམས་ཅད་འབྱུང་བའི་རབ་ཏུ་བྱེད་པ་དང༌། སྦྱིན་སྲེག་གི་རབ་ཏུ་བྱེད་པ་དང༌། སྔགས་དང་འཁྲུལ་འཁོར་གྱི་རབ་ཏུ་བྱེད་པ་དང༌། རབ་གནས་བསམ་གཏན་ལ་བརྟེན་པའི་ལས་ཚོགས་ཀྱི་རབ་ཏུ་བྱེད་པའོ། །ཡེ་ཤེས་ཐམས་ཅད་འབྱུང་བ་ལ་བདུན་ཏེ། ངག་གི་ཕྱག་རྒྱའི་ཡེ་ཤེས་དང༌། ལྟ་སྟངས་ཀྱི་ཡེ་ཤེས་དང༌། རྣམ་ཤེས་ཀྱི་ལས་ཀྱི་ཡེ་ཤེས་དང༌། དབང་གི་ལས་ཀྱི་ཡེ་ཤེས་དང༌། མི་སྣང་བའི་ལས་ཀྱི་ཡེ་ཤེས་དང༌། མིག་སྨན་གྱི་ལས་ཀྱི་ཡེ་ཤེས་དང༌། བཅུད་ཀྱི་ལས་ཤེས་པའོ། །དང་པོ་ལ་གསུམ་སྟེ། ཞུས་པ་དང༌། མཉན་པར་གདམས་པ་དང༌། དོན་དངོས་སོ། །འདི་ལ་གསུམ་སྟེ། མཁའ་འགྲོ་མའི་དམ་ཚིག་གི་ཕྱག་རྒྱ་དང༌། ཡི་གེ་རེ་རེའི་བརྡ་བཤད་པ་དང༌། ངག་གི་བརྡ་བཤད་པའོ། །ལྟ་སྟངས་ལ་གཉིས་ཏེ། ལྟ་སྟངས་དངོས་དང༌། དེ་ངེས་པར་འགྲུབ་པར་བསྟན་པའོ། །དང་པོ་ལ་ལྔ་སྟེ། ལྟ་སྟངས་ལྔ་སོ་སོའི་མཚན་ཉིད་དང༌། ལྟ་སྟངས་བཞི་རླུང་གི་སྦྱོར་བ་དང༌། གྲུབ་པའི་ཚད་དང་འགྲུབ་པའི་དུས་དང༌། སྔོན་དུ་འགྲོ་བ་ལྷའི་རྣལ་འབྱོར་དང་བཅས་པ་དང༌། ནམ་མཁའ་ལ་འགྲོ་བ་དང་དཔུང་ལས་རྒྱལ་བའི་ལྷའི་རྣལ་འབྱོར་དང་བཅས་པའོ། །རྣམ་ཤེས་དང་ཡེ་ཤེས་ཀྱི་ལས་ལ་བཅུ་བདུན་ཏེ། ལས་ཐམས་ཅད་ལ་ལྷའི་རྣལ་འབྱོར་དང་ལྡན་པས་བྱ་བ་བསྲུང་བའི་ཆོ་ག་དང་བཅས་པ་དང༌། གཟུགས་བསྒྱུར་བའི་ལས་དང༌། དབབ་པའི་ལས་གཉིས་དང༌། ཡན་ལག་གི་དུག་གི་ལས་གཉིས་དང༌། དུག་ཞི་བའི་ལས་གསུམ་དང༌། རིམས་ཞི་བའི་ལས་གཉིས་དང༌། སྡང་བའི་ལས་གཉིས་དང༌། བསྐྲད་པའི་ལས་གཉིས་དང༌། སྣ་ཚོགས་མཐོང་བའི་ལས་གཉིས་དང༌། བྱང་ཆུབ་སེམས་དཔའ་མཐོང་བའི་ལས་གཉིས་དང༌། མེ་བསིལ་བའི་ལས་གཉིས་དང༌། ཆུ་ལ་མི་འབྱིང་བའི་ལས་གསུམ་དང༌། སྐྱེས་པ་འདྲེར་བྱེད་པ་རྗེས་སུ་གཟུང་བ་དང་བཅས་པ་དང༌། སྨྱོ་བ་དང་བརྗེད་བྱེད་ཀྱི་ལས་གསུམ་དང༌། བསད་པའི་ལས་དང༌། བསྐྲད་པའི་ལས་དང༌། སྡང་བར་བྱེད་པའི་ལས་བསྟན་པའོ། །དབང་དུ་བྱ་བའི་ལས་ལ་གཉིས་ཏེ། རེག་པས་དབང་དུ་བྱེད་པའི་བརྒྱད་དང༌། ཐིག་ལེས་དབང་དུ་བྱ་བ་བརྒྱད་ཤེས་པའོ། །བཅུད་ཀྱི་ལས་ཤེས་པ་ལ་གཉིས་ཏེ། གང་ཟག་གི་མཚན་ཉིད་དང་བཅས་ཏེ་བཤད་པར་དམ་བཅའ་བ་དང༌། དོན་དངོས་སོ། །འདི་ལ་གཉིས་ཏེ། ལོངས་སྤྱོད་ཀྱི་བཅུད་ལེན་དང༌། ཚེ་དང་ལུས་ཀྱི་བཅུད་ལེན་ནོ། །འདི་ལ་གསུམ་སྟེ། དགོས་པ་དང་བཅས་ཏེ་བཤད་པར་དམ་བཅའ་བ་དང༌། དོན་དངོས་དང༌། བཅུད་ཀྱིས་ལེན་གྱི་ཕན་ཡོན་བསྟན་པའོ། །གཉིས་པ་ལ་བཞི་སྟེ། དུས་དྲུག་ཏུ་བསྟེན་པ་ནང་གི་བཅུད་ལེན་དང༌། དེ་ཉིད་ཕྱིའི་རྫས་དང་བཅས་པའི་བཅུད་ལེན་འབྲུ་མར་གྱི་བཅུད་ལེན་དང༌། བཅུད་ལེན་ཕྲ་མོ་གཞན་བསྟན་པའོ། །འབྲུ་མར་གྱི་བྱ་བ་ལ་གསུམ་སྟེ། ཐུན་མོང་གི་འབྲུ་མར་གྱི་ཆོ་ག་དང༌། བཏུང་བ་དང་མགོ་ལ་བྱུག་པའི་འབྲུ་མར་དང༌། ལུས་ལ་བྱུག་པའི་འབྲུ་མར་གྱི་ཆོ་གའོ། །བདུན་པའི་དང་པོའོ། །གཉིས་པ་སྦྱིན་སྲེག་གི་ཆོ་ག་ལ་གསུམ་སྟེ། ཞུས་པ་དང༌། མཉན་པར་གདམས་པ་དང༌། དོན་དངོས་སོ། །འདི་ལ་ལྔ་སྟེ། སྔོན་དུ་བསྙེན་པ་དང༌། ས་བྱིན་གྱིས་བརླབ་པ་དང༌། རིག་མ་གཞུག་པ་དང༌། སྦྱིན་སྲེག་གི་ཆོ་ག་དངོས་དང༌། ལས་བྱ་བའི་དུས་བསྟན་པའོ། །ཆོ་ག་དངོས་ལ་གཉིས་ཏེ། ལས་སོ་སོའི་ཐབས་ཀྱི་བྱ་བ་དང༌། ལས་སོ་སོའི་བསྲེག་རྫས་བསྟན་པའོ། །བདུན་པའི་གཉིས་པའོ། །སྔགས་དང་འཁྲུལ་འཁོར་ལ་གཉིས་ཏེ། སྔགས་དང༌། འཁྲུལ་འཁོར་རོ། །དང་པོ་ལ་གསུམ་ཏེ། ཞུས་པ་དང༌། མཉན་པར་གདམས་པ་དང༌། དོན་དངོས་སོ། །འདི་ལ་གཉིས་ཏེ། བཏུ་བའི་གཞི་དང༌། དེ་ལས་བཏུ་བ་དངོས་སོ། །འདི་ལ་གསུམ་སྟེ། རིགས་བཞི་དང་ཡུམ་བཞིའི་སྔགས་བཏུ་བ་དང༌། དྲག་པོའི་སྔགས་བདུན་བཏུ་བ་དང༌། བསྡུས་པའི་དཀྱིལ་འཁོར་རྡོ་རྗེ་དབྱིངས་ཀྱི་སྔགས་བཏུ་བའོ། །གཉིས་པ་འཁྲུལ་འཁོར་ལ་བརྟེན་པའི་ལས་ཁ་སྦྱོར་གྱི་བཞི་བཅུ་རྩ་བཞི་ནི་གོ་སླའོ། །བདུན་པའི་གསུམ་པའོ། །རབ་གནས་དང་འབྲེལ་པར་ས་ཆོག་དང༌། སྦྱིན་སྲེག་སྔོན་དུ་འགྲོ་བ་བསམ་གཏན་ལ་བརྟེན་པའི་ལས་ལ་གཉིས་ཏེ། ས་ཆོག་ལ་སོགས་པ་དང༌། བསམ་གཏན་ལ་བརྟེན་པའོ། །དང་པོ་ལ་གསུམ་སྟེ། ཞུས་པ་དང༌། མཉན་པར་གདམས་པ་དང༌། དོན་དངོས་སོ། །དེ་ལ་གསུམ་སྟེ། སའི་ཆོ་ག་དང༌། དཀྱིལ་འཁོར་སྦྱིན་སྲེག་གི་ཕྱིར་རིག་མ་གཞུག་པ་དང༌། དཀྱིལ་འཁོར་དང་འབྲེལ་པ་སྦྱིན་སྲེག་གི་ཆོ་གའོ། །དང་པོ་ལ་གསུམ་སྟེ། ས་ཡོངས་སུ་གཟུང་བ་དང༌། སའི་ལྷ་མོ་མཁྱེན་པར་གསོལ་བ་དང༌། དཀྱིལ་འཁོར་བྱུག་ཅིང་བདུག་པའོ། །དང་པོ་ལ་བཞི་སྟེ། བདག་གི་རྣལ་འབྱོར་དང༌། སངས་རྒྱས་ཐམས་ཅད་ལ་གསོལ་བ་གདབ་པ་དང༌། བདག་བྱིན་གྱིས་བརླབ་པ་དང༌། བགེགས་བསྐྲད་པའོ། །རིག་མ་གཞུག་པ་ལ་བཞི་སྟེ། རིག་མ་གཞུག་པར་བསྟན་པ་དང༌། དེ་ལ་ཐེ་ཚོམ་བསལ་བ་དང༌། རིག་མ་བྱིན་གྱིས་བརླབ་པ་དང༌། སྦྱིན་སྲེག་དང་འབྲེལ་པའི་རིག་མ་བསྟན་པའོ། །དཀྱིལ་འཁོར་གྱི་ཕྱིར་སྦྱིན་སྲེག་གི་ཆོ་ག་ལ་བཞི་སྟེ། བཤད་པར་དམ་བཅའ་བ་དང༌། དཀྱིལ་འཁོར་གྱི་རབ་ཏུ་དབྱེ་བ་དང༌། དེ་དང་འགྲེལ་པར་ཐབ་ཁུང་གི་དབྱེ་བ་དང༌། སྦྱིན་སྲེག་གི་ཆོ་ག་དངོས་སོ། །དེ་ལ་གཉིས་ཏེ། སྦྱིན་སྲེག་གི་དགོས་པ་དང༌། ཆོ་གའོ། །དེ་ལ་དོན་ལྔ་སྟེ། མེའི་ཁྱད་པར་དང་ཐབ་ཁུང་གི་ཁྱད་པར་དང༌། སྒྲུབ་པ་པོ་དང༌། རྫས་དང་ཡོ་བྱད་དགོད་པའི་ཚུལ་དང་བསངས་ཏེ་ཀུ་ཤ་དགྲམ་པ་དང༌། མེ་ལྷ་སྤྱན་དྲང་བ་དང༌། མཆོད་སྦྱིན་གྱི་གོ་རིམ་དང་མེའི་ལྟས་བརྟག་པ་དང་མཆོད་སྦྱིན་དབུལ་བའི་ཚུལ་བསྟན་པའོ། །མེ་ལྷ་སྤྱན་དྲང་བ་ལ་བཞི་སྟེ། སྤྱན་དྲང་བའི་དུས་དང༌། སྤྱན་དྲང་བའི་ཚུལ་དངོས་དང༌། མེ་ལྷའི་རྣམ་པ་དང༌། བཞུགས་གནས་སོ། །མཆོད་སྦྱིན་དབུལ་བའི་ཚུལ་ལ་ལྔ་སྟེ། ལས་འཇམ་པོ་གསུམ་གྱི་དབུལ་ལུགས་དང༌། དྲག་པོའི་དབུལ་བ་དབུལ་བ་དང༌། དབུལ་བའི་ཚུལ་ཐུན་མོང་དུ་བསྟན་པ་དང༌། དབུལ་བའི་གོ་རིམ་དང༌། ཁ་བསྐང་བའི་སྦྱིན་སྲེག་གི་རྫས་བསྟན་པའོ། །གཉིས་པ་བསམ་གཏན་ལ་བརྟེན་པའི་ལས་ལ་གསུམ་སྟེ། སྟོན་པ་ཏིང་ངེ་འཛིན་ལ་བཞུགས་ཏེ་བཀའ་སྩལ་པ་དང༌། ལྷའི་རྣལ་འབྱོར་ལ་གནས་ཏེ་ལམ་བསྒྲུབ་པ་སྤྱིར་བསྟན་པ་དང༌། ལྷའི་རྣལ་འབྱོར་སོ་སོའི་ལས་དང་བཅས་ཏེ་རྒྱས་པར་བཤད་པའོ། །དེ་ལ་བཅུ་དགུ་སྟེ། སྒྲོལ་མའི་རྣལ་འབྱོར་གྱིས་མཆོག་བསྒྲུབ་པ་དང༌། རྡོ་རྗེ་འཇིགས་བྱེད་ཀྱི་བསམ་གཏན་གྱིས་དྲག་ཤུལ་གྱི་ལས་བསྒྲུབ་པ་དང༌། འོད་ཟེར་ཅན་གྱི་འཁྲུལ་འཁོར་གྱིས་དབང་དུ་བྱ་བ་དང༌། ཆོམ་རྐུན་བཅིང་བ་དང༌། རི་ཁྲོད་ལོ་མ་ཅན་གྱིས་ནད་ཞི་བར་བྱ་བ་ད་ང༌། བདེ་མཆོག་གི་ཁུ་བ་དགུག་པ་དང༌། རྡོ་རྗེ་མཁའ་འགྲོ་མས་ཁྲག་དགུག་པ་དང༌། གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་གྱིས་གསད་པ་དང་བསྐྲད་པ་དབྱེ་བ་གསུམ་བསྒྲུབ་པ་དང༌། རྟ་མགྲིན་གྱིས་ཆང་སྐྱུགས་པ་དང་དགུག་པ་དང༌། མི་གཡོ་བས་རླུང་བཅིང་བ་དང༌། སྟོབས་པོ་ཆེས་ཆར་དབབ་གཅད་ཀྱི་ལས་དང༌། རྣམ་སྣང་དང་མི་གཡོ་བས་བགེགས་བཟློག་པ་དང༌། ནམ་མཁའ་ལྡིང་གིས་ཆར་གཅད་པ་དང༌། སྒྲོལ་མས་དབང་དུ་བྱ་བ་དང༌། དཔལ་མཆོག་དང་པོའི་རྣལ་འབྱོར་གྱིས་ཐོག་བཟློག་པ་དང༌། གཤིན་རྗེ་གཤེད་ཀྱི་འཁོར་ལོའི་ལས་དང༌། རྣལ་འབྱོར་གྱིས་མྱོས་མ་དབང་དུ་བྱ་བ་དང༌། ཀུ་རུ་ཀུལླེས་དུག་ཞི་བར་བྱ་བ་དང༌། ཧེ་རུ་ཀ་ལ་སོགས་པའི་རྣལ་འབྱོར་གྱིས་ཉི་ཟླ་གཟུང་བ་དང་སྡེ་གཞིག་པ་དང་ལྷ་དགས་པ་གསུམ་བྱ་བ་དང༌། ཀྱེའི་རྡོ་རྗེའི་རྣལ་འབྱོར་གྱིས་ཆར་དབབ་པ་དང་གཅད་པའོ། །བརྟག་པ་བདུན་པའོ།།  །།བྱ་བ་ཐམས་ཅད་འབྱུང་བ་བརྟག་པ་བརྒྱད་པ་ལ་གཉིས་ཏེ། དེ་ཁོ་ན་ཉིད་བཞི་འབྱུང་བ་དང༌། སྔགས་འབྱུང་བའོ། །དང་པོ་ལ་གཉིས་ཏེ། ཞུས་པ་དང༌། དེའི་ལན་ནོ། །དེ་ལ་གསུམ་སྟེ། མཉན་པར་གདམས་པའི་ཚུལ་གྱིས་མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །འདི་ལ་གསུམ་སྟེ། རྡོ་རྗེ་དང་དྲིལ་བུའི་མཚན་ཉིད་དང༌། ཕྲེང་བའི་དེ་ཁོ་ན་ཉིད་དང༌། ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དོ། །དང་པོ་ལ་གཉིས་ཏེ། མཉན་པར་གདམས་པ་དང༌། དོན་དངོས་སོ། །འདི་ལ་ལྔ་སྟེ། དྲིལ་བུ་དཀྲོལ་བའི་བྱེད་པ་དང༌། རྡོ་རྗེའི་དེ་ཁོ་ན་ཉིད་དང༌། དྲིལ་བུའི་དེ་ཁོ་ན་ཉིད་དང༌། རྡོ་རྗེ་དྲིལ་བུ་བཟུང་བའི་དེ་ཁོ་ན་ཉིད་དང་བཅས་པ་དང༌། དེ་ཁོ་ན་ཉིད་མ་ཤེས་པའི་ཉེས་དམིགས་བསྟན་པའོ། །ཐ་ལྟག་འདི་ལ་གསུམ་སྟེ། དཀྲོལ་བའི་ཚུལ་དུ་དགོས་པ་དང་བཅས་པ་དང༌། རྡོ་རྗེ་དྲིལ་བུ་བླང་བའི་ཚུལ་སྔགས་དང་བཅས་པ་དང༌། དེ་ཁོ་ན་ཉིད་བསྡུས་ཏེ་བསྟན་པའོ། །བརྒྱད་པའི་དང་པོའོ། །ཕྲེང་བའི་དེ་ཁོ་ན་ཉིད་ལ་གཉིས་ཏེ། མཉན་པར་གདམས་པ་དང༌། དོན་དངོས་སོ། །འདི་ལ་བརྒྱད་དེ། ཕྲེང་བའི་རྒྱུ་དང༌། གྲངས་བསྟན་པ་དང༌། ཕྲེང་བའི་དེ་ཁོ་ན་ཉིད་བྱིན་གྱིས་བརླབ་པ་དང་བཅས་པ་དང༌། ཕྲེང་བ་བགྲང་བའི་ཚུལ་དང༌། དེ་ཁོ་ན་མ་ཤེས་པའི་སྐྱོན་དང༌། ཤེས་པའི་ཡོན་ཏན་དང༌། ཕྲེང་བ་བྱིན་གྱིས་བརླབ་པའི་སྔགས་དང༌། ཕྲེང་བ་བྱིན་གྱིས་བརླབ་པའི་ལྷའི་རྣལ་འབྱོར་དང༌། བགྲང་བའི་ཚུལ་སྤྱིར་བསྟན་པ་དང༌། བརྒྱུ་བའི་ཚུལ་ཕན་ཡོན་དང་བཅས་པའོ། །བརྒྱད་པའི་གཉིས་པའོ། །ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་ལ་གཉིས་ཏེ། དོན་དངོས་དང༌། རབ་ཏུ་བྱེད་པའི་མིང་ངོ༌། །དང་པོ་ལ་གསུམ་སྟེ། ཡེ་ཤེས་ཀྱི་འཕོ་བ་བསྟན་པ་ད་ང༌། ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དངོས་དང༌། ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་གང་ལས་ཤེས་པར་བྱ་བ་བསྟན་པའོ། །དང་པོ་ལ་གསུམ་སྟེ། གང་དུ་འཕོ་བ་དང༌། འཕོ་བའི་དུས་ཀྱི་རྣལ་འབྱོར་དང༌། གཞན་གྱི་གྲོང་ཁྱེར་དུ་འཇུག་པའོ། །དང་པོ་ལ་གཉིས་ཏེ། མཉན་པར་གདམས་པ་དང༌། དོན་དངོས་སོ། །འདི་ལ་དྲུག་སྟེ། སྒོའི་བྱེ་བྲག་དང༌། འཕོ་བའི་རྣལ་འབྱོར་བྱ་བའི་དུས་དང༌། སྔོན་དུ་བྱ་བའི་ཆོ་ག་དང༌། འཕོ་བའི་རྣལ་འབྱོར་དངོས་དང༌། འཕོ་བའི་རྣལ་འབྱོར་གྱི་ཕན་ཡོན་དང༌། འཕོ་བའི་དུས་ངེས་པར་གཟུང་བའི་འཐད་པའོ། །གཞན་གྱི་གྲོང་ཁྱེར་དུ་འཇུག་པ་ལ་གསུམ་སྟེ། བདག་གི་རྣམ་པར་ཤེས་པ་གཡོ་བར་བྱ་བ་དང༌། ཕྱི་རོལ་གྱི་ཤེས་པ་ཕྲོགས་ཏེ་བདག་གིར་བྱ་བ་དང༌། ཕ་རོལ་ལ་བདག་གི་ཤེས་པ་འཕོ་བ་དངོས་སོ། །ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དངོས་ལ་བཞི་སྟེ། དེ་ཁོ་ན་ཉིད་དངོས་དང༌། ཡེ་ཤེས་ཀྱི་བྱེ་བྲག་དང༌། ཡེ་ཤེས་ཁྱད་པར་ཅན་ཤེས་པ་མཆོག་ཏུ་བསྔགས་པ་དང༌། ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་སྟོན་པའི་གཞུང་ལ་འབད་པར་གདམས་པའོ། །བརྒྱད་པའི་གསུམ་པའོ། །སྔགས་དབྱུང་བ་ལ་གསུམ་སྟེ། མཉན་པར་གདམས་པ་དང༌། དོན་དངོས་དང༌། རབ་ཏུ་བྱེད་པའི་མིང་ངོ༌། །དོན་དངོས་ལ་བཅུ་བཞི་སྟེ། བསྡུས་པའི་དཀྱིལ་འཁོར་གྱི་སྔགས་དང༌། ཧེ་རུ་ཀ་བཅུ་བདུན་གྱི་སྔགས་དང༌། བདག་མེད་མ་ལྷ་མོ་བཅོ་ལྔའི་སྔགས་དང༌། ཀྱེའི་རྡོ་རྗེ་ལ་སོགས་པའི་སྔགས་བརྒྱད་ཀྱིས་ཧེ་རུ་ཀ་འབྱུང་བའི་སྔགས་དང༌། རྡོ་རྗེ་ཕག་མོའི་སྔགས་དང༌། འོད་ཟེར་ཅན་དང་རི་ཁྲོད་ལོ་མ་ཅན་གྱི་སྔགས་དང༌། དོན་ཐམས་ཅད་གྲུབ་པའི་སྔགས་དང༌། གཏོར་མའི་སྔགས་དང༌། ས་ཆོག་དང་འབྲེལ་བའི་སྔགས་དང༌། ཡེ་ཤེས་ཀྱི་མཁའ་འགྲོ་ལྷ་མོ་བཅུ་གསུམ་གྱི་སྔགས་དང༌། མཆོད་པ་དང་འབྲེལ་བའི་སྔགས་གསུམ་དང༌། ཕྱག་རྒྱ་ཆེན་པོའི་སྔགས་དང༌། གཏོར་མའི་མགྲོན་དགུག་པའི་སྔགས་དང༌། བར་ཆད་བསྲུང་བའི་སྔགས་བསྟན་པའོ། །བརྟག་པ་བརྒྱད་པའོ།།  །།གནས་གང་དུ་མཆོག་གི་དངོས་གྲུབ་བསྒྲུབ་པའི་ཉེ་བའི་རྒྱུ་བསྟན་པ་ལ་གཉིས་ཏེ། དོན་དངོས་དང༌། རབ་ཏུ་བྱེད་པའི་མིང་ངོ༌། །དང་པོ་ལ་གསུམ་སྟེ། འཁོར་གྱིས་ཞུས་པ་དང༌། མཉན་པར་གདམས་པ་དང༌། དོན་དངོས་སོ། །དེ་ལ་གསུམ་སྟེ། ཉེ་བའི་རྒྱུ་མངོན་དུ་བྱ་བའི་གནས་གང་ཡིན་པ་བསྟན་པ་དང༌། དེར་མངོན་དུ་བྱས་པ་ལས་འབྲས་བུ་གང་ཞིག་འགྲུབ་པར་བསྟན་པ་དང༌། དེར་མངོན་དུ་བྱས་པའི་ཉེ་བའི་རྒྱུ་དེ་མངོན་དུ་བྱེད་པའི་ཐབས་གང་ཞིག་ཡིན་པར་བསྟན་པའོ། །གཉིས་པ་ལ་གསུམ་སྟེ། འབྲས་བུ་ཆོས་སྐུའི་མཚན་ཉིད་དང༌། དེ་ལ་སྤྲུལ་པས་སེམས་ཅན་གྱི་དོན་མཛད་པའི་ཚུལ་དང༌། སྤྲུལ་པ་སྣ་ཚོགས་མཛད་ཀྱང་ཆོས་སྐུ་ལས་མ་གཡོས་པར་བསྟན་པའོ། །ཉེ་བའི་རྒྱུ་དངོས་དེ་མངོན་དུ་བྱེད་པའི་ཐབས་དང་བཅས་པ་ལ་གཉིས་ཏེ། ཨཱ་ལི་ཀཱ་ལིའི་བརྡས་ཐབས་ཤེས་རབ་ཀྱི་སྦྱོར་བ་བསྟན་པས་ཉེ་བའི་རྒྱུ་མངོན་དུ་བྱེད་པའི་ཐབས་བསྟན་ཅིང༌། ཞར་ལ་ཉེ་རྒྱུ་ཉིད་མདོར་བསྟན་པ་དང༌། ཉེ་བའི་རྒྱུ་དངོས་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། ཨཱ་ལིའི་བརྡས་ཐབས་ཀྱི་སྦྱོར་བ་བསྟེན་པ་དང༌། ཀཱ་ལིའི་བརྡས་ཤེས་རབ་ཀྱི་སྦྱོར་བ་བསྟན་པའོ། །དང་པོ་ལ་བཞི་སྟེ། ཨཱ་ལིའི་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་རྟེན་བསྟན་པ་དང༌། བྱང་ཆུབ་ཀྱི་སེམས་རང་གི་ངོ་བོ་བསྟན་པ་དང༌། གནས་ཀུན་ལས་བཀུག་པའི་བྱང་ཆུབ་ཀྱི་སེམས་ཨཱ་ལིའི་གནས་སུ་དབབ་པར་བསྟན་པ་དང་དེར་ཕབ་པའི་བྱང་ཆུབ་ཀྱི་སེམས་དེ་དབྱིངས་དང་ཡེ་ཤེས་བྱིན་གྱིས་བརླབ་པར་བསྟན་པའོ། །ཀཱ་ལི་ལ་གསུམ་སྟེ། བྱང་ཆུབ་ཀྱི་སེམས་དབབ་པའི་གནས་བསྟན་པ་དང༌། བྱང་ཆུབ་ཀྱི་སེམས་རང་གི་ངོ་བོ་གནས་དང་བཅས་པ་བསྟན་པ་དང༌། དེ་ལྟར་བྱང་ཆུབ་ཀྱི་སེམས་གཉིས་ལ་བརྟེན་ཏེ་ལུས་བསྐྱེད་པར་བསྟན་པའོ། །ཉེ་བའི་རྒྱུ་དངོས་ལ་གསུམ་སྟེ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ལྔར་བྱིན་གྱིས་བརླབ་པ་དང༌། དེ་ཉིད་ཧཱུྃ་གི་གླུས་དྲང་བར་བསྟན་པ་དང༌། ཧཱུྃ་གི་གླུའི་དོན་གྱིས་བསྟན་པ་དོན་དམ་བྱང་ཆུབ་ཀྱི་སེམས་གཉིས་འཛིན་གྱི་རྨོངས་པ་བསལ་ཏེ་བསྒྲུབ་པར་བསྟན་པའོ། །དང་པོ་ལ་གཉིས་ཏེ། བྱང་ཆུབ་ཀྱི་སེམས་འབྱུང་བ་ལྔའི་བདག་ཉིད་དུ་བསྟན་པ་དང༌། དེ་ལ་ཡི་གེ་དགོད་པའི་སྒོ་ནས་ཡེ་ཤེས་ལྔར་བྱིན་གྱིས་བརླབ་པའོ། །གླུའི་དོན་ལ་བརྒྱད་དེ། དོན་དམ་བྱང་ཆུབ་ཀྱི་སེམས་མཐའ་བྲལ་གྱི་རང་བཞིན་དུ་བསྟན་པ་དང༌། དེ་དག་གིས་བརྗོད་པའི་སྒོ་ནས་མི་རྟོགས་པར་བསྟན་པ་དང༌། རྣལ་འབྱོར་གྱི་ཐབས་ཀྱིས་རྟོགས་པར་བསྟན་པ་དང༌། རྣལ་འབྱོར་གྱི་ལམ་གྱིས་གོལ་ས་སྤང་བ་དང༌། ཡང་དག་པའི་ལམ་རྟོགས་པ་ཆོས་སྐུའི་རང་བཞིན་དང༌། བྱང་ཆུབ་ཀྱི་སེམས་རྟོགས་པ་ལས་འབྲས་བུ་གཟུགས་སྐུས་གཞན་དོན་འགྲུབ་པར་བསྟན་པ་དང༌། དེ་བས་ན་ཡང་དག་པའི་ལམ་ལ་གུས་པར་བྱ་བར་གདམས་པ་དང༌། གླུའི་ཕན་ཡོན་ནམ་དགོས་པ་བསྟན་པའོ། །དགུ་པའི་དང་པོའོ། །དངོས་གྲུབ་མཐའ་དག་གི་ཐབས་ལྷག་མ་གཞན་བསྟན་པ་ལ་གསུམ་སྟེ། གཏོར་མའི་ཆོ་ག་བསྟན་པ་དང༌། གླེགས་བམ་མམ་བྲིས་སྐུ་བསྟན་པ་དང༌། བྱ་བ་བཞིའི་དེ་ཁོ་ན་ཉིད་བསྟན་པའོ། །དང་པོ་ལ་གཉིས་ཏེ། མཉན་པར་གདམས་པ་དང༌། དོན་དངོས་སོ། །དེ་ལ་བཅོ་ལྔ་སྟེ། དཀྱིལ་འཁོར་བྱ་ཞིང་རྫས་དགོད་པའི་ཚུལ་དང༌། བདག་གི་རྣལ་འབྱོར་དང༌། མདུན་དུ་ལེ་ཚེ་དབུ་མ་ལ་ཡེ་ཤེས་པ་སྤྱན་དྲངས་ཏེ་མཆོད་པ་དང༌། རྫས་བྱིན་གྱིས་བརླབ་པའི་ཆོ་ག་དང༌། བདག་ཉིད་ཀྱི་བདུད་རྩི་མྱང་བའི་ཚུལ་དང༌། དེའི་ལྷག་མས་ཕྱི་རོལ་གྱི་འབྱུང་པོ་ཚིམ་པར་བྱ་བ་དང༌། ཕྱི་རོལ་གྱི་མཆོད་པའི་དུས་ཀྱི་ཕྱག་རྒྱ་དང༌། གཏོར་མའི་དུས་བསྟན་པ་དང༌། ཕྱི་རོལ་པ་སྤྱན་དྲང་ཞིང་ཚིམ་པར་བྱ་བའི་ཚུལ་དང༌། རྫས་བྱིན་གྱིས་བརླབ་པའི་ཡི་གེ་གསུམ་བསྟན་པ་དང༌། རྟོག་པ་མེད་པར་བྱས་ཏེ་དམ་ཚིག་སྦྱིན་པ་དང༌། རྟོག་མེད་ཀྱི་ལན་བྱས་ཏེ་བླང་བ་དང༌། བཀྲ་ཤིས་ཀྱི་གླུ་བླང་བ་དང༌། སྨོན་ལམ་རྒྱས་པ་གདབ་པ་དང༌། མགྲོན་གཤེགས་སུ་གསོལ་བའི་ཆོ་གའོ། །ཕྱི་རོལ་པ་སྤྱན་དྲང་ཞིང་ཚིམ་པར་བྱ་བ་ལ་བཞི་སྟེ། མགྲོན་སྤྱན་དྲང་བའི་ཚིགས་སུ་བཅད་པ་དང༌། མཆོད་པའི་སྔགས་དང༌། མཆོད་པའི་ཏིང་ངེ་འཛིན་དང༌། མཆོད་པའི་ཕན་ཡོན་ནོ། །གཤེགས་སུ་གསོལ་བ་ལ་གསུམ་སྟེ། སྤྱན་དྲངས་པའི་ཡེ་ཤེས་པ་གཤེགས་སུ་གསོལ་བ་དང༌། དམ་ཚིག་པ་བདག་ལ་བསྡུ་བ་དང༌། ཕྱི་རོལ་གི་དཀྱིལ་འཁོར་གཤེགས་སུ་གསོལ་བའོ། །དགུ་པའི་གཉིས་པའོ། །གླེགས་བམ་དང་བྲིས་སྐུ་ལ་གཉིས་ཏེ། ཞུས་པ་དང༌། ལན་བསྟན་པའོ། །འདི་ལ་གཉིས་ཏེ། བྲིས་སྐུའི་ཆོ་ག་དང༌། གླེགས་བམ་གྱི་ཆོ་གའོ། །དང་པོ་ལ་ལྔ་སྟེ། རི་མོ་མཁན་དང༌། བྲི་བའི་གཞི་དང༌། གང་ཞིག་བྲི་བ་དང༌། ཆོ་ག་གང་གིས་བྲི་བ་དང༌། གང་ལ་བསྟན་པ་དང་མི་བསྟན་པའི་བྱེ་བྲག་གོ །ཆོ་ག་ལ་བཞི་སྟེ། གནས་དང་བསམ་པའི་ཁྱད་པར་དང༌། ཚོན་དང་པིར་གྱི་ཁྱད་པར་དང༌། རྣལ་འབྱོར་དང་སྤྱོད་པའི་ཁྱད་པར་དང༌། པིར་ཚོན་བྱིན་གྱིས་བརླབས་ཏེ་བྲི་བར་བསྟན་པའོ། །ཐ་ལྟག་འདི་ལ་བཞི་སྟེ། རྣལ་འབྱོར་གྱི་ཁྱད་པར་དང༌། རྒྱན་དང་ཆ་ལུགས་བསྟན་པ་དང༌། གཙང་སྦྲའི་ཁྱད་པར་དང༌། དེ་ལ་ཐེ་ཚོམ་སྤང་བའོ། །འདི་ལ་གཉིས་ཏེ། རྒོལ་བ་ཞུས་པ་དང༌། དེའི་ལན་གདབ་པའོ། །འདི་ལ་ལྔ་སྟེ། གཙང་སྦྲའི་རབ་ཏུ་དབྱེ་བ་དང༌། རྟོག་པ་གཞོམ་པའི་ཕྱིར་གཙང་སྦྲ་དེ་བསྟེན་པར་གདམས་པ་དང༌། རྟོག་པ་དང་བཅས་ན་གཙང་སྦྲ་དེ་ཉིད་ཤིན་ཏུ་སྨད་པ་དང༌། རྟོག་པ་མེད་ན་དེ་ཉིད་མཆོག་ཏུ་བསྟན་པ་དང༌། རྟོག་པ་སྤང་བའི་དོན་དུ་ཕྱག་རྒྱ་བསྟེན་པའོ། །གླེགས་བམ་གྱི་ཆོ་ག་ལ་བཞི་སྟེ། མཉན་པར་གདམས་པ་དང༌། བྲི་བའི་གཞི་ལ་སོགས་པ་དང༌། གང་ལ་བསྟན་པ་དང་མི་བསྟན་པའི་ཚུལ་དང༌། ལམ་ཇི་ལྟར་བཟུང་བའི་ཚུལ་ལོ། །དགུ་པའི་གསུམ་པའོ། །བྱ་བ་བཞིའི་དེ་ཁོ་ན་ཉིད་ལ་ལྔ། སིལ་སྙན་གྱི་བྱ་བ་དང༌། ཚོགས་ཀྱི་འདུ་བར་འདུས་ཏེ་བཟའ་བའི་བྱ་བ་དང༌། གླུ་གར་གྱི་བྱ་བ་དང༌། ཀུན་ཏུ་རུའི་བྱ་བ་དང༌། བཟའ་བའི་ཐོག་མར་དམ་ཚིག་པའི་ཆོ་གའོ། །དང་པོ་ལ་གཉིས་ཏེ། མཉན་པར་གདམས་པ་དང༌། དོན་དངོས་སོ། །འདི་ལ་གཉིས་ཏེ། ལྷ་སོ་སོའི་རོལ་མོའི་སྒྲ་ཐ་དད་པ་དང༌། བྱེ་བྲག་ཏུ་ཅང་ཏེའུའི་མཚན་ཉིད་བསྟན་པའོ། །འདི་ལ་བཞི་སྟེ། རྒྱུ་བསྟན་པ་དང༌། ཚད་ལ་སོགས་པའི་མཚན་ཉིད་དང༌། བསྡུ་བའི་ཚུལ་དང༌། བསྡུས་པའི་ཆེ་བ་བསྟན་པའོ། །ཚོགས་ཀྱི་འདུ་བ་ལ་བཞི་སྟེ། ཁྲོ་བོ་ལ་གསོལ་བ་གདབ་པ་དང༌། མཉན་པར་གདམས་པའི་སྒོ་ནས་ཚོགས་ཀྱི་ཕན་ཡོན་བསྟན་པ་དང༌། འདུ་བའི་གནས་དང༌། འདུས་ནས་བཟའ་བ་ལ་སོགས་པ་མཆོད་པའི་ཡོ་བྱད་བསྟན་པའོ། །གླུ་གར་གྱི་བྱ་བ་ལ་གསུམ། ཚོགས་ཀྱི་དུས་སུ་གླུ་གར་བྱ་བར་གདམས་པ་དང༌། ཀླ་ཀློ་འདར་བའི་སྐད་དང༌། གར་ཇི་ལྟར་བྱ་བའི་ཚུལ་བསྟན་པའོ། །བརྟག་པ་དགུའོ།།  །།ཐབས་ཉམས་སུ་བླང་པ་ལས་བྱུང་བ་འབྲས་བུའི་རྒྱུད་བསྟན་པ་ལ་གཉིས་ཏེ། འབྲས་བུའི་རྒྱུའི་སྒོ་ནས་བསྟན་པ་དང༌། འབྲས་བུ་དངོས་ཀྱི་སྒོ་ནས་བསྟན་པའོ། །དང་པོ་ལ་གསུམ་སྟེ། མཉན་པར་གདམས་པ་དང༌། དོན་དངོས་དང༌། རབ་ཏུ་བྱེད་པའི་མིང་ངོ༌། །དོན་དངོས་ལ་ལྔ་སྟེ། རིང་བའི་རྒྱུའི་སྒོ་ནས་འགྲུབ་པར་བསྟན་པ་དང༌། རྒྱུའི་རྒྱུད་རང་བཞིན་གྱིས་གནས་པའི་སྒོ་ནས་འགྲུབ་པར་བསྟན་པ་དང༌། ཉེ་བའི་རྒྱུའི་སྟོབས་ཀྱིས་འགྲུབ་པར་བསྟན་པ་དང༌། མཆོག་ཏུ་གྱུར་པའི་ཐབས་བསྟེན་པར་གདམས་པ་དང༌། ཐབས་ཇི་སྲིད་བསྟེན་པའི་དུས་བསྟན་པའོ། །དང་པོ་ལ་གཉིས་ཏེ། དབང་བསྐུར་བའི་སྟོབས་ཀྱིས་འགྲུབ་པར་བསྟན་པ་དང༌། ཐོས་བསམ་བསྒོམ་གསུམ་གྱི་སྒོ་ནས་འགྲུབ་པར་བསྟན་པའོ། །ཉེ་བའི་རྒྱུའི་སྒོ་ནས་འགྲུབ་པར་བསྟན་པ་ལ་གཉིས་ཏེ། ཐབས་གཉིས་ཀའི་དབང་དུ་བྱས་ཏེ་མདོར་བསྟན་པ་དང༌། ཕྱག་རྒྱ་ལས་དངོས་གྲུབ་གང་འགྲུབ་པའི་དབང་དུ་བྱས་ཏེ་རྒྱས་པར་བཤད་པའོ། །འདི་ལ་གསུམ་སྟེ། ཕྱག་རྒྱའི་མིང་གི་རྣམ་གྲངས་ཀྱི་དབང་དུ་བྱས་ཏེ་རྒྱས་པར་བསྟན་པ་དང༌། རིགས་ལྔ་དང་ཡུམ་ལྔ་གང་ལ་བརྟེན་ཏེ་འགྲུབ་པར་བསྟན་པ་དང༌། དེ་ལས་དངོས་གྲུབ་ཐམས་ཅད་འགྲུབ་པར་བསྟན་པའོ། །ཐབས་བརྟེན་པར་གདམས་པ་ལ་གསུམ་སྟེ། ཐབས་དེ་མཆོག་ཏུ་བསྟན་པ་དང༌། ཐབས་དེ་མི་བསྟེན་པའི་ཉེས་དམིགས་དང༌། ཐབས་བརྟན་པའི་ཕན་ཡོན་ཡིན་ནོ། །བཅུ་པའི་དང་པོའོ། །འབྲས་བུ་འགྲུབ་པ་དངོས་ཀྱི་སྒོ་ནས་བསྟན་པ་ལ་གཉིས་ཏེ། འབྲས་བུ་འགྲུབ་པའི་དུས་ངོ་མཚར་གྱི་ལྟས་བསྟན་པ་དང༌། འབྲས་བུའི་མཚན་ཉིད་དངོས་བསྟན་པའོ། །དང་པོ་ལ་གཉིས་ཏེ། རྒྱས་པར་བསྟན་པ་དང༌། མདོར་བསྡུས་ཏེ་རྒྱས་པར་བསྟན་པའོ། །དང་པོ་ལ་གཉིས་ཏེ། དངོས་གྲུབ་འགྲུབ་པའི་དུས་སུ་ལྟས་ངེས་པར་འབྱུང་བར་བསྟན་པ་དང༌། ངོ་མཚར་གྱི་ལྟས་དངོས་སོ། །འདི་ལ་གསུམ་སྟེ། བདུད་སྤ་བཀོད་པའི་ཆོ་འཕྲུལ་དང༌། རང་གི་ཐམས་ཅད་མཁྱེན་པའི་ལྟས་དང༌། དེ་འཇིག་རྟེན་ཐམས་ཅད་ཀྱི་མཆོད་པ་ཡིན་པའི་ལྟས་བསྟན་པའོ། །བཅུ་པའི་གཉིས་པའོ། །འབྲས་བུའི་མཚན་ཉིད་དངོས་བསྟན་པ་ལ་གཉིས་ཏེ། ཞུས་པ་དང༌། ལན་བསྟན་པའོ། །འདི་ལ་གཉིས་ཏེ། མཚན་ཉིད་ཉི་ཤུ་རྩ་བདུན་གྱི་སྒོ་ནས་ཆོས་སྐུའི་མཚན་ཉིད་བསྟན་པ་དང༌། དེའི་མཛད་པ་བསྟན་པའོ། །འདི་ལ་གསུམ་སྟེ། མཛད་པ་ཐམས་ཅད་སེམས་ཅན་གྱི་དོན་ཉིད་དུ་བསྟན་པ་དང༌། རྟོག་པ་མེད་པའི་མཛད་པ་ཉིད་རྒྱས་པར་བཤད་པ་དང༌། མཛད་པ་བསམ་གྱིས་མི་ཁྱབ་པ་ཉིད་གཞུང་བསྡུ་བའི་སྒོ་ནས་བསྟན་པའོ། །བཅུ་པའི་གསུམ་པའོ། །ཐབས་ཀྱི་རྒྱུད་ཀྱི་སྦྱིན་སྲེག་ལ་བརྩད་པའི་སྐྱོན་སྤང་ཞིང་དམ་ཚིག་དང་སྡོམ་པ་བསྟན་པ་ལ་གསུམ་སྟེ། སྦྱིན་སྲེག་ལ་བརྩད་པ་སྤང་བའི་སྒོ་ནས་ལམ་མཆོག་ཏུ་གྱུར་པ་མི་རྟོག་པ་ཡིན་པར་བསྟན་པ་དང༌། མི་རྟོག་པ་དང་རྗེས་སུ་འབྲེལ་པའི་དམ་ཚིག་དང༌། མི་རྟོག་ན་ཐབས་སྣ་ཚོགས་བསྟན་ཀྱང་མི་འཆིང་ཞིང་གྲོལ་བའི་རྒྱུར་བསྟན་པའོ། །དང་པོ་ལ་གཉིས་ཏེ། བརྒལ་བའི་དོན་ཞུས་པ་དང༌། དེའི་ལན་བསྟན་པའོ། །འདི་ལ་ལྔ་སྟེ། གཙང་མི་གཙང་དུ་འཛིན་པ་ལ་སོགས་པ་རྟོག་པས་བརྟག་པ་ཡིན་པ་དང༌། སྡིག་པ་དང་བསོད་ནམས་ཀྱང་རྣམ་པར་རྟོག་པ་ཡིན་ཞིང་ཆོས་ཀྱི་རང་བཞིན་དག་པར་བསྟན་པ་དང༌། ཆོས་ཀྱི་རང་བཞིན་དག་ཀྱང་ཀུན་རྫོབ་ཏུ་རྟོག་པའི་ཐབས་བསྟན་པའི་འཐད་པ་དང༌། ལམ་རང་གི་ངོ་བོ་རྟོག་མེད་ཡིན་པ་དང༌། རྟོག་པ་སྐྱོན་དང་མི་རྟོག་པའི་ཕན་ཡོན་བསྟན་པའོ། །གཉིས་པ་ལ་གསུམ་སྟེ། ཐབས་ཀུན་རྫོབ་ཏུ་བསྟན་པའི་དགོས་པ་དང༌། དོན་དམ་པར་བསོད་ནམས་དང་སྡིག་པ་གཉི་ག་དང་བྲལ་བར་བསྟན་པ་དང༌། ཐབས་བསྟན་པའི་དུས་དང་འཐད་པ་བསྟན་པའོ། །འདི་ལ་གཉིས་ཏེ། དཔེ་བསྟན་པ་དང༌། དེ་ཉིད་དོན་ལ་ཡི་གེ་སྦྱར་བའོ། །མི་རྟོག་པ་དང་རྗེས་སུ་འབྲེལ་པའི་དམ་ཚིག་ལ་བཞི་སྟེ། མི་རྟོག་པ་བསྐྱེད་པའི་ཐབས་བསྟན་པ་དམ་ཚིག་ཕན་ཡོན་དང་བཅས་པ་དང༌། སྐུ་གསུང་ཐུགས་ཀྱི་བསྲུང་བའི་དམ་ཚིག་དང༌། རང་གི་ལུས་ཀྱི་ཁམས་རྒྱལ་བ་ལྔར་ཤེས་པར་བྱ་བའི་དམ་ཚིག་དང༌། ཉོན་མོངས་པ་སྤང་བའི་ཕྱིར་བཟའ་བའི་དམ་ཚིག་བསྟེན་པ་ཕན་ཡོན་དང་བཅས་པའོ། །བརྟག་པ་བཅུ་པའི་བསྡུས་པའི་དོན་ཏོ། །རྩ་བའི་རྒྱུད་ཀྱི་བསྡུས་པའི་དོན་ཡོངས་སུ་རྫོགས་སོ།།  །།རྩ་བའི་རྒྱུད་གསལ་བར་བྱེད་པ་རྒྱུད་ཕྱི་མ་ལ་དོན་གཉིས་ཏེ། ཐིག་ལེ་དང་རང་བྱུང་གི་ཡེ་ཤེས་ཀྱི་དོན་རྣལ་འབྱོར་མའི་རྒྱུད་ཀྱི་གླིང་གཞིའི་སྒོ་ནས་བསྟན་པ་དང༌། ཞུས་པ་དང་ལན་གྱི་སྒོ་ནས་རྒྱུད་ཀྱི་དོན་རྒྱས་པར་བཤད་པའོ། །སྔ་མ་ལ་གསུམ་སྟེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་དང༌། བཞུགས་པའི་དོན་ལ་ཀླན་ཀ་སྤང་བའོ། །དང་པོ་ལ་གཉིས་ཏེ། ཞུས་པ་དང༌། དེའི་ལན་ནོ། །རྒྱས་པར་བཤད་པ་ལ་གཉིས་ཏེ། དྲིས་པ་དང༌། དེའི་ལན་གདབ་པའོ། །བཞུགས་པའི་དོན་ལ་ཀླན་ཀ་སྤང་བ་ལ་གཉིས་ཏེ། དྲི་བ་དགོད་པ་དང༌། དེའི་ལན་གདབ་པའོ། །རྒྱུད་ཀྱི་དོན་རྒྱས་པར་བཤད་པ་ལ་གཉིས་ཏེ། དྲི་བའི་ཚིག་དྲུག་ཅུ་རྩ་བཞིས་ཞུས་པ་དང༌། དེའི་ལན་བསྟན་པའོ། །འདི་ལ་ཉི་ཤུ་རྩ་གཅིག་སྟེ། བརྟག་པ་དང་པོའི་རབ་ཏུ་བྱེད་པ་གསུམ་པའི་དོན་བཤད་པ་དང༌། དེ་ཉིད་རྗེས་སུ་འབྲེལ་པར་ལྔ་པའི་གཉིས་པ་དང༌། དྲུག་པའི་དང་པོའི་དོན་བཤད་པ་དང༌། བདུན་པའི་དང་པོ་ལས་འབྱུང་བ་བཤད་པ་དང༌། བདུན་པའི་གཉིས་པ་ལས་འབྱུང་བ་དང༌། བདུན་པའི་གསུམ་པ་ལས་འབྱུང་བ་དང༌། བདུན་པ་དངོས་ལས་འབྱུང་བ་དང༌། བཅུ་པ་དངོས་ལས་འབྱུང་བ་དང༌། གསུམ་པའི་གསུམ་པ་ལས་འབྱུང་བ་དང༌། ཡང་བདུན་པའི་གསུམ་པ་ལས་འབྱུང་བ་དང༌། གཉིས་པའི་གསུམ་པ་ལས་འབྱུང་བ་དང༌། གཉིས་པ་དངོས་ལས་འབྱུང་བ་དང༌། གཉིས་པའི་གསུམ་པ་ལས་འབྱུང་བ་དང༌། གསུམ་པའི་དང་པོ་ལས་འབྱུང་བ་དང༌། བདུན་པ་དངོས་ལས་འབྱུང་བ་དང༌། དང་པོའི་དང་པོ་ལས་འབྱུང་བ་དང༌། དགུ་པའི་དང་པོ་ལས་འབྱུང་བ་དང༌། གཉིས་པའི་དང་པོ་ལས་འབྱུང་བ་དང༌། གསུམ་པ་དངོས་ཀྱི་དོན་དང༌། དགུ་པའི་དང་པོའི་དོན་དང༌། དང་པོའི་གཉིས་པ་དང༌། དང་པོའི་དང་པོ་ལས་འབྱུང་བའི་དགོངས་པ་བཤད་པའོ། །རྒྱུད་ཕྱི་མའི་བསྡུས་པའི་དོན་ཏོ། །རྫོགས་སོ།།  །།གསང་རྒྱུད་ཤིན་ཏུ་ཟབ་པའི་དོན། །བདག་འདྲའི་སྤྱོད་ཡུལ་མ་ཡིན་ཕྱིར། །གཞན་གྱི་དོན་དུ་མ་བྱས་ཀྱི། །རང་གི་དོན་བྱས་པ་ཡིན། །འདི་ལ་ཉེས་པ་ཅི་མཆིས་པ། །མཁས་པ་རྣམས་ཀྱིས་བཟོད་པར་མཛོད། །ངལ་བས་འདི་བྱས་བསོད་ནམས་ཀྱིས། །འགྲོ་བས་རྒྱུད་རྒྱལ་དོན་རྟོགས་ཤོག །ཡང་དག་སྦྱོར་བའི་བསྡུས་པའི་དོན། །ཐོས་འཛིན་གསལ་བ་སྙིང་པོས་མཛད། །འབར་བའི་མཐས་ཀྱང་རྣམ་ཕྱེ་ཞིང༌། །རྗེ་བཙུན་གྱིས་ནི་གསལ་པར་མཛད། །རྣལ་འབྱོར་བདག་གིས་མངོན་རྟོགས་དང༌། །བཤད་པའི་སྲོལ་དུ་མི་འགལ་བར། །ཤིན་ཏུ་གསལ་བར་ཕྱེ་བ་ལགས། །ཉེས་གྱུར་མཁའ་འགྲོས་བཟོད་པར་མཛོད། །དུས་ཕྱིས་རྣལ་འབྱོར་དབང་ཕྱུག་གྲགས་པ་རྒྱལ་མཚན་གྱིས་ཤིན་ཏུ་དག་པར་བགྱིས་སོ།།  །།དགེའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*