སམྤུ་ཊའི་ཊཱི་ཀ་གནད་ཀྱི་གསལ་བྱེད། ༡

༈ ས་སྐྱ་བཀའ་འབུམ་ལས་པོད་༼ང་༽པ།

སློབ་དཔོན་བསོད་ནམས་རྩེ་མོའི་གསུང་པོད་གཉིས་པ།

༄༅། །པཉྩསྠཱབིདྱཱཡཱམཧཱཔཎྜིཏེཏིཔརིཡཤསཡཱཙཱརྻཱརཏྣཿཔུཎྱཱགྲཥྱཔྲཝཙནིཔུསྟཀོདྭིཏཱིཡཱབྷྱཾསམྤུཊསྱཊཱིཀམརྨསྱཔྲབྷཱསྭརོབིཛཧཱར།།

༄༅། །གནས་ལྔ་རིག་པའི་པཎྜི་ཏ་ཆེན་པོ་ཞེས་ཡོངས་སུ་གྲགས་པའི་སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོའི་གསུང་རབ་གླེགས་བམ་གཉིས་པ་ལས་སམྤུ་ཊའི་ཊཱི་ཀ་གནད་ཀྱི་གསལ་བྱེད་བཞུགས་སོ།།

ཨོཾ་སྭ་སྟི་སིདྡྷཾ། ན་མོ་གུ་རུ་བྷ་དྲཱ་ཡ། ན་མཿཤྲཱི་ཧེ་བཛྲཱ་ཡ། གང་གི་ཐུགས་རྗེ་རྒྱུན་མི་ཆད་པ་མཁའ་མཚུངས་ཁྱབ་གྱུར་པས། །རྟོག་པས་གཟིར་བའི་འགྲོ་ལ་གཟིགས་ཀྱང་སྤྲོས་པ་ཀུན་བྲལ་བའི། །བཅོམ་ལྡན་ཤེས་རབ་མ་དེ་དང་ནི་ཡང་དག་སྦྱོར་གྱུར་པ། །ཁྱབ་བདག་སྟོན་པ་རྡོ་རྗེ་སེམས་དཔའ་དཔལ་དེ་རྒྱལ་གྱུར་ཅིག །བློ་ཆེན་གཉིས་སུ་མེད་དོན་ཐུགས་སུ་ཆུད་གྱུར་ཅིང༌། །ཐུགས་རྗེའི་འོད་ཟེར་འགྲོ་ལ་མ་ནོར་ལམ་གསུངས་པས། །བདག་བློའི་པདྨ་ཁ་འབྱེད་སྣང་བ་སྐྱེད་མཛད་པའི། །བླ་མ་རྗེ་བཙུན་དམ་པའི་ཞབས་ལ་སྤྱི་བོས་འདུད། །རྣམ་པར་མི་རྟོག་དུས་གསུམ་རྒྱལ་བའི་ཡུམ། །ཁྲོ་དང་ཆགས་བཅས་རྗེས་སུ་འཛིན་པའི་སྐུ། །སྒྲུབ་ལ་བརྩེར་དགོངས་མཁའ་འགྲོ་བྱེ་བའི་གཙོ། །དཔལ་ལྡན་ཡེ་ཤེས་མཁའ་འགྲོ་མས་སྲུངས་ཤིག །བླ་མེད་རྒྱུད་རྒྱལ་ཀུན་གྱི་གླེང་གཞི་རྡོ་རྗེའི་ཚིག །གསང་མཛོད་ཟབ་དོན་རྣམ་འབྱེད་རྒྱུད་གསུམ་ཡང་དག་སྦྱོར། །དེ་ཉིད་རྟོགས་བྱེད་མཚན་ཉིད་བཤད་པའི་རྒྱུད་རྒྱལ་འདི། །རྣམ་འབྱེད་བཤད་སྦྱར་གནད་ཀྱི་གསལ་བྱེད་བདག་གིས་བགྱི། །གཏེར་ཆེན་སྒོ་འབྱེད་ལྡེ་མིག་ལྡན་ཡང་གནད་བྲལ་དེས་མི་ཕྱེད། །དེ་བཞིན་གསང་མཛོད་རྡོ་རྗེའི་ཚིག་འབྱེད་བཤད་པའི་རྒྱུད་ཡིན་ཀྱང༌། །བླ་མའི་གདམས་པས་གསལ་བར་མ་བྱས་དེ་སྲིད་ཡོང་མི་ཕྱེད། །དེ་བས་རྣམ་བཤད་གསལ་བྱེད་འདི་ཡང་བླ་མའི་དྲིན་གྱིས་སོ། །ལེགས་པར་བཤད་ཚུལ་མ་རིག་པར། །རང་གི་ལུགས་ཙམ་ཐོས་པ་ཡིས། །རློམ་པ་དག་ལ་འདི་མཆོག་ཅེས། །འཛིན་པའི་སྐྱེ་བོ་འདི་རེ་བླུན། །དེ་བས་དེ་ལ་བརྩེ་བས་བསྡུས་པའི་དོན་ལྡན་ཞིང༌། །ཚིག་གི་འབྲུ་འཇེབས་མཚམས་སྦྱོར་འབྲེལ་ལྡན་ཌོཾ་བིའི་གཞུང༌། །རྗེ་བཙུན་ལས་རྙེད་བཤད་སྦྱར་བྱེད་པ་འདི་མཆོག་སྟེ། །མང་ལ་གྲགས་ན་དགེ་ཞེས་འཇིག་རྟེན་དག་ནའང་བསྔགས། །བདེ་བར་གཤེགས་གསུང་ཐེག་མཆོག་རྒྱུད་སྡེ་བཞི། །བླ་མེད་རྒྱུད་ཀུན་གླེང་གཞི་རྣམ་འབྱེད་ཅིང༌། །འབུམ་ཕྲག་སུམ་ཅུ་རྩ་དྲུག་བཅུ་དྲུག་གི །ཟབ་དོན་གཅེས་པ་བསྡུས་པའི་རྒྱུད་ཅེས་བྱ། །ཆ་མཐུན་པ་ཡིས་ངེས་སྐྱེད་ཅིང༌། །དགོས་པ་ཁ་སྐོང་མདོར་བསྡུས་དང༌། །དོན་མཚུངས་པ་ལ་ཚུལ་མི་འདྲ། །མི་གསལ་གསལ་ཕྱིར་བཤད་པའི་རྒྱུད། །གླེང་གཞི་དང་ནི་མཚན་གྱི་དོན། །བརྟག་པ་དང་པོ་རྩ་བའི་རྒྱུད། །ཕྱི་མའི་རྒྱུད་དང་དེ་རྣམ་ལྔ། །མདོར་བསྟན་རྒྱས་བཤད་རིམ་པ་བཞིན། །སྨིན་བྱེད་ལམ་ནས་འབྲས་བུའི་བར། །སྐྱེ་བའི་རིམ་པ་ཇི་བཞིན་དུ། །རྒྱུད་གཞུང་རྒྱས་པར་གནས་པ་སྟེ། །རྒྱུད་འདིའི་གནས་ལུགས་འདིས་གསལ་བྱེད། །གདམས་ངག་དྲུག་དང་རྒྱུད་གསུམ་དག་པ་གསུམ། །བདག་ཉིད་ཅན་གསུམ་གསང་བདུནགནས་པ་བཞིས། །ཚིག་དང་དོན་རྟོགས་བཤད་ཐབས་མན་ངག་གི །གསལ་བྱེད་འདིས་ནི་གསང་རྒྱུད་འདི་བཤད་བྱ། །རྟེན་གྱི་གང་ཟག་སྨིན་བྱེད་ལམ། །རིམ་གཉིས་གྲོགས་བཅས་འབྲས་བུའི་རྒྱུད། །མངོན་པར་རྟོགས་པ་གསུམ་ཉིད་དེ། །རྒྱུད་ཀུན་དོན་ནི་འདིར་བསྡུས་པའོ། །གདམས་པའི་སྙན་བརྒྱུད་མ་ཆད་ཅིང༌། །ལུང་དང་རིགས་པར་མི་འགལ་བ། །བླ་མས་གནང་བས་བདག་གི་བློ། །རྟོགས་པ་སྐྱེས་པས་སྤྲོ་བར་གྱུར། །རྒྱུད་ཐམས་ཅད་ཀྱི་གླེང་གཞི་གསང་བ་ཡང་དག་པར་སྦྱོར་བ་ལས་བྱུང་བའི་མཚན་ཉིད་ཅེས་བྱ་བའི་རྒྱུད་ཆེན་པོའི་དོན་རྣམ་པར་འཆད་པ་ན་དོན་ལྔས་རྟོགས་པར་བྱ་སྟེ། རྒྱུད་འདི་གང་དུ་གཏོགས་ཤིང་གང་གི་ཁོངས་སུ་བསྡུ་བ་སྤྱིའི་རྣམ་པར་གཞག་པ་དང༌། རྒྱུད་ཀྱི་མཚན་གྱི་དོན་བསྟན་པ་དང༌། རྒྱུད་བཤད་ཐབས་ཀྱི་མན་ངག་གིས་བཤད་པ་དང༌། རྒྱུད་ཀྱི་མངོན་པར་རྟོགས་པ་ཇི་ལྟ་བུ་ཞིག་ཡིན་པ་དང༌། རྒྱུད་ཀྱི་གནས་ལུགས་ཇི་ལྟར་གནས་པར་བསྟན་པའོ། །དང་པོ་ནི་སྤྱིར་དུ་རྣམ་པར་གཞག་ན། དམིགས་པར་བྱ་བའི་ཡུལ་མཐར་ཐུག་གི་འབྲས་བུ་སངས་རྒྱས་ཀྱི་གོ་འཕང་ཞེས་བྱ་བ་གཅིག་ཉིད་ཡིན་ལ། དེ་ཐོབ་པར་བྱེད་པའི་ལམ་རིང་བ་དང་ཉེ་བ་བསམ་གྱིས་མི་ཁྱབ་པ་ལས་འདིར་ཐེག་པ་ཆེན་པོའོ། །དེ་ལ་གཉིས། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང༌། གསང་སྔགས་ཀྱི་ཐེག་པ་ལས་འདིར་གསང་སྔགས་སོ། །གསང་སྔགས་ལ་རྒྱུད་སྡེ་བཞི་ལས། འདིར་རྣལ་འབྱོར་བླ་ན་མེད་པའི་རྒྱུད་དོ། །དེ་ལའང་ཐབས་དང་ཤེས་རབ་དང་གཉིས་སུ་མེད་པའི་རྒྱུད་ལས། འདིར་གཉིས་སུ་མེད་པའོ། །དེ་ལའང་རྩ་བ་དང་བཤད་པའི་རྒྱུད་ལས་འདི་ནི་བཤད་པའི་རྒྱུད་དོ། །དེ་ལའང་བྱེ་བྲག་སོ་སོའི་བཤད་པའི་རྒྱུད་དང༌། སྤྱི་ཐུན་མོང་གི་བཤད་པའི་རྒྱུད་ལས། འདི་ནི་ཐུན་མོང་གི་བཤད་པའི་རྒྱུད་དེ། བླ་ན་མེད་པ་མཐའ་དག་གི་གླེང་གཞི་རྣམ་པར་འབྱེད་པའི་ཕྱིར་དང༌། རྒྱུད་འབུམ་ཕྲག་སུམ་ཅུ་རྩ་དྲུག་དང༌། ཁྱད་པར་དུ་སྙིང་པོའི་རྒྱུད་བཅུ་དྲུག་གི་ཐབས་དང་ཤེས་རབ་ཟབ་མོའི་དོན་གཅེས་པ་རྣམས་འདིར་བསྡུས་པས་ཐུན་མོང་ངོ༌། །རྒྱུད་འདིས་རྒྱུད་དེ་དག་ཏུ་ཁ་ཅིག་ཏུ་མ་ཚང་བ་ཁ་སྐོང་བ་དང༌། ཁ་ཅིག་ཏུ་ཆ་མཐུན་པས་ངེས་པ་བསྐྱེད་པ་དང༌། ཁ་ཅིག་ཏུ་དོན་མཚུངས་པ་ཚུལ་མི་འདྲ་བས་བློ་གྲོས་ཡངས་པར་བྱེད་པ་དང༌། ཁ་ཅིག་ཏུ་མདོར་བསྡུས་པ་རྟོགས་སླ་བར་བྱེད་པ་དང༌། ཁ་ཅིག་ཏུ་མི་གསལ་བ་གསལ་བར་བྱེད་པའི་ཕྱིར་བཤད་པའི་རྒྱུད་དོ། །དེ་ལྟར་འདི་དག་རྒྱས་པར་གཞན་དུ་བཤད་ཟིན་པས་དེ་ཉིད་དུ་གོ་བར་བྱའོ། །གཉིས་པ་མཚན་དོན་ནི། རྒྱུད་ཐམས་ཅད་ཀྱི་གླེང་གཞི་ཞེས་བྱ་བ་ལ་སོགས་པ་འདིའི་བརྗོད་པར་བྱ་བའི་དོན་གང་ཡིན་པ་དང༌། དེ་བརྗོད་པར་བྱེད་པའི་སྒྲའི་རྒྱུད་གང་ཡིན་པ་དང༌། སྒྲ་རྒྱུད་དེའི་དགོས་པ་དང༌། དགོས་པའི་དགོས་པ་བསྟན་པའོ། །དང་པོ་ནི་རྒྱུད་ཐམས་ཅད་ཀྱི་གླེང་གཞི་གསང་བ་ཡང་དག་པར་སྦྱོར་བ་ལས་བྱུང་བའི་མཚན་ཉིད་ཅེས་བྱ་བའི་རྒྱུད་ཆེན་པོ་འདི་ནི། རང་གི་སེམས་ཉིད་གཉིས་སུ་མེད་པའི་ཡེ་ཤེས་རྟེན་དང་བརྟེན་པར་བཅས་པ་ཆོས་ཅན་དང་ཆོས་ཉིད་དུ་བཅས་པ་རྒྱུ་དང་འབྲས་བུར་བཅས་པ་འདི་ཉིད་ཡིན་ནོ། །དེའང་ཐོག་མར་རྒྱུད་ཅེས་བྱ་བ་བླང་སྟེ། རང་གི་སེམས་ཉིད་རྒྱུན་མ་ཆད་པའི་དོན་གྱིས་ན་རྒྱུད་དོ། །དེའང་རྒྱུ་དང་ཐབས་དང༌། འབྲས་བུའི་དབྱེ་བས་གསུམ་མོ། །རྒྱུད་དེ་ཇི་ལྟ་བུ་སྙམ་ན། ཡང་དག་པར་སྦྱོར་བ་ཞེས་བྱ་བ་སྟེ། ཐབས་དང་ཤེས་རབ་དབྱེར་མེད་པའི་བདག་ཉིད་ཅན་ནོ། །དེ་ཉིད་གསལ་བར་བསྟན་པ་ནི། རྒྱུད་ཐམས་ཅད་ཀྱི་གླེང་གཞི་ཞེས་བྱ་བ་ལ་སོགས་པ་སྟེ། རྒྱུད་ཐམས་ཅད་ནི་སྔ་མ་བཞིན་ནོ། །དེ་རྣམས་ཀྱི་གླེང་གཞི་ནི། གླེང་བའི་རྒྱུར་གྱུར་པ་ཉིད་ཀྱི་ཕྱིར་རམ་དེར་ངེས་པའི་ཕྱིར་ཏེ། རྒྱུའི་རྒྱུད་གཉིས་སུ་མེད་པའི་ཡེ་ཤེས་སོ། །དེ་ཉིད་སངས་རྒྱས་མ་གཏོགས་པ་གཞན་གྱིས་རྟོགས་པར་དཀའ་བས་ཆེན་པོའོ། །ལས་བྱུང་བ་ནི་དེ་རྟོགས་པ་སྟེ་འབྲས་བུའོ། །མཚན་ཉིད་ནི་དེ་མཚོན་པར་བྱེད་པའི་ཕྱིར་ན་ཐབས་ཀྱི་རྒྱུད་དོ། །དེ་ལྟ་བུའི་རྒྱུད་དེ་ཉིད་ཆེན་པོ་སྟེ་རང་གཞན་གྱི་རྟོག་པས་མི་བརྫི་བའི་ཕྱིར་དང༌། གློ་བུར་གྱི་རྟོག་པ་སྤང་བའི་ཕྱིར་རོ། །དེ་ལྟར་དེའི་བརྗོད་པར་བྱ་བའི་དོན་གྱི་རྒྱུད་དོ། །སྒྲའི་རྒྱུད་ནི་དོན་དེ་ལྟ་བུ་སྟོན་པར་བྱེད་པའི་སྒྲའི་ཚོགས་དང་གླེགས་བམ་གྱི་བར་ལའང་ཡང་དག་པར་སྦྱོར་བའི་རྒྱུད་ཅེས་གདགས་ཏེ། བརྟག་པ་བཅུ་གཅིག་གི་བདག་ཉིད་འདིའོ། །དེ་ལྟར་བརྗོད་པར་བྱ་བའི་དོན་གྱི་རྒྱུད་རང་གི་སེམས་ཉིད་གཉིས་མེད་ཀྱི་ཡེ་ཤེས་ཡིན་ཞིང་དེ་རང་ལ་གནས་ཀྱང༌། དེ་མ་རྟོགས་པའི་སེམས་ཅན་ལ་རྗོད་བྱེད་སྒྲའི་རྒྱུད་ཀྱིས་སྟོན་པ་ནི་དགོས་པ་ཡིན་ལ། དེ་རིམ་པ་བཞིན་ཉམས་སུ་བླངས་པ་ལས་སེམས་ཉིད་རྟོགས་པ་ནི་དགོས་པའི་དགོས་པའོ། །མཚན་གྱི་དོན་རྒྱས་པ་ནི་གཞན་དུའང་བསྟན་ལ་འོག་ནས་ཀྱང་འཆད་པར་འགྱུར་རོ། །རྒྱུད་བཤད་ཐབས་ཀྱི་མན་ངག་དང༌། རྒྱུད་ཀྱི་མངོན་པར་རྟོགས་པའང་གཞན་དུ་བསྟན་ཟིན་པས་དེར་རྟོགས་པར་བྱའོ། །བཤད་ཐབས་ཀྱི་མན་ངག་དང་མངོན་པ་རྟོགས་པའི་དོན་ཁོང་དུ་ཆུད་པས། ཐོག་མར་རྒྱུད་ཀྱི་གནས་ལུགས་བསྟན་པའི་སྒོ་ནས་བསྡུས་པའི་དོན་ཁོང་དུ་ཆུད་པར་བྱ་དགོས་སོ། །དེ་ནས་ཡི་གེ་སོ་སོའི་འབྲུ་གཉེར་ཞིང་མཚམས་སྦྱར་བ་དང༌། མངོན་པར་རྟོགས་པའི་བསྡུས་པའི་དོན་བསྟན་ཅིང༌། རྒྱུད་རྒྱས་པར་བཤད་པར་བྱའོ། །དེ་ལ་རྒྱུད་ཀྱི་གནས་ལུགས་དང་བསྡུས་པའི་དོན་ནི་འདི་ཡིན་ཏེ། ཐོག་མར་ཨེ་བྃ་ཞེས་བྱ་བ་ལ་སོགས་པ་རྡོ་རྗེའི་ཚིག་ཡི་གེ་བཞི་བཅུ་ནི་གདམས་ངག་དྲུག་གི་བཤད་པའི་སྒོ་ནས། རྒྱུད་ཀྱི་དོན་མ་ལུས་པ་མདོར་བསྟན་ཏོ། །དེའི་འོག་ཏུ་དེ་ནས་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ནས་བརྩམས་ཏེ། དེ་ནི་ང་ཡིས་བཤད་ཀྱིས་ཉོན། ཞེས་བྱ་བའི་བར་གྱིས་ནི། རྒྱུད་ཀྱི་མཚན་ཏེ་གླེང་གཞིའི་དོན་ཅུང་ཟད་ཙམ་གྱིས་རྒྱས་པར་བཤད་དེ། རྒྱུད་གསུམ་དུ་རྒྱུད་མཐའ་དག་བསྡུས་ནས་བསྟན་པ་ཡིན་ནོ། །དེ་ནས་བརྟག་པ་དང་པོས་ནི་ཅུང་ཟད་ཙམ་གྱིས་རྒྱས་པར་བཤད་དོ། །བརྟག་པ་གཉིས་པ་ནས་བརྩམས་ཏེ་བཅུ་པའི་བར་གྱིས་རབ་ཏུ་རྒྱས་པར་བཤད་དོ། །རྒྱུད་ཕྱི་མས་ཚིག་དང་དོན་རྣམ་པར་ཕྱེ་སྟེ་འཆད་པ་སྟེ། དེ་ལྟར་ན་མདོར་བསྟན་པ་དང༌། རྒྱས་པར་བཤད་པའི་རིམ་པ་ལྔར་གནས་སོ། །དེ་ལ་བརྟག་པ་དང་པོའི་རབ་ཏུ་བྱེད་པ་དང་པོས་བྱང་ཆུབ་ཀྱི་སེམས་བསྐྱེད་པ་སྟོན་ཏེ། དེའང་དང་པོ་སྟོང་ཉིད་ཅེས་བྱ་བ་ནས་བརྩམས་ཏེ། སྟོང་ཕྲག་དུ་མ་དག་ཏུ་འགྲོ་ཞེས་བྱ་བའི་བར་གྱིས་ནི་ཐོས་བསམ་ལས་བྱུང་བའི་སྒོ་ནས་དོན་དམ་པ་བྱང་ཆུབ་ཀྱི་སེམས་སྔོན་དུ་འགྲོ་བ་ཅན་གྱི་ཀུན་རྫོབ་བྱང་ཆུབ་སེམས་བསྐྱེད་པ་སྟེ། དེ་བཞིན་ཉིད་ཀྱི་དག་པའི་བདག་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་ཞེས་བྱའོ། །ཀུན་རྫོབ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་ནི་དོན་དམ་པ་བྱང་ཆུབ་ཀྱི་སེམས་དགོས་ཏེ། དམིགས་པར་བྱ་བའི་ཡུལ་ངོ་ཤེས་པར་བྱ་བའི་ཕྱིར་རོ། །དོན་དམ་བྱང་ཆུབ་ཀྱི་སེམས་ནི་ཐོས་བསམ་གྱི་སྒོ་ནས་སྤྱིའི་རྣམ་པ་ཙམ་ལས་ཡུལ་དུ་མི་བྱེད་ལ། རང་རིག་པའི་དག་པའི་སྒོ་ནས་དེ་ལ་ངེས་པའི་ཤེས་པ་བསྐྱེད་པར་བྱའོ། །ཞེས་བསྟན་པའི་ཕྱིར་ཡོ་གའི་སྔར་གསུངས་ཞེས་བྱ་བ་ནས་བརྩམས་ནས་རབ་ཏུ་བྱེད་པ་དང་པོ་རྫོགས་པའི་བར་གྱིས་དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམ་པའི་སྟོབས་ཀྱིས་བསྐྱེད་པ་སྟོན་ཏོ། །རབ་ཏུ་བྱེད་པ་དང་པོའོ།།  །།དེ་ལྟར་བྱང་ཆུབ་ཀྱི་སེམས་བསྐྱེད་ནས་དེའི་འོག་ཏུ་བྱང་ཆུབ་ཀྱི་སེམས་ཀྱི་ལམ་དེ་ལ་འཇུག་དགོས་པས་དེའི་འོག་ཏུ་དེ་འཇུག་པར་སྟོན་ཏོ། །དེ་ལའང་དེ་ནས་ཞེས་བྱ་བ་ནས་བརྩམས་ནས་ཡང་དག་པའི་ཏིང་ངེ་འཛིན་དུ་གསུངས་སོ། །ཞེས་བྱ་བའི་བར་གྱིས་ནི་དེ་བཞིན་ཉིད་ཀྱི་དག་པའི་བདག་ཉིད་ཅན་གྱི་བྱང་ཆུབ་ཀྱི་སེམས་ལ་འཇུག་པ་སྟེ། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་མཐུན་པར་བཤད་པ་སྟེ། ཐོས་བསམ་གྱི་སྒོ་ནས་ལམ་སྒྲོ་འདོགས་གཅད་པར་བྱ་བའི་ཕྱིར་རོ། །དེ་ལྟར་ཐོས་བསམ་སྔོན་དུ་སོང་ནས་སྒོམ་བྱུང་གི་ལམ་དང་རང་རིག་པའི་དག་པའི་ལམ་ལ་འཇུག་པ་ནི། དེ་ཉིད་ཡང་དག་བཤད་པ་ནི་ཞེས་བྱ་བ་ནས་རབ་ཏུ་བྱེད་པ་གཉིས་པ་རྫོགས་ཀྱི་བར་ཏེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་སྦས་པའི་དོན་དུ་བཤད་པའོ། །དེ་ལྟར་རབ་ཏུ་བྱེད་པ་གཉིས་ཀྱིས་ཐབས་ཀྱི་རྒྱུད་གཙོར་སྟོན་ཅིང་འབྲས་བུའི་རྒྱུད་ཞར་ལ་བསྟན་པ་དེས་རྒྱུད་ཀྱི་དོན་མ་ལུས་པ་མདོར་བསྟན་ཏོ། །རབ་ཏུ་བྱེད་པ་གཉིས་པའོ།།  །།དེ་ལྟར་བརྗོད་པར་བྱ་བའི་དོན་གྱི་གཙོར་བསྟན་ནས། རབ་ཏུ་བྱེད་པ་འོག་མ་གཉིས་པོ་འདིས་ནི་ཐབས་དང་ཤེས་རབ་ཀྱི་རྒྱུད་མ་ལུས་པའི་གླེང་གཞི་རྣམ་པ་གཉིས་ཕྱེ་བའི་སྒོ་ནས་རྒྱུད་ཀྱི་དོན་མཐའ་དག་གི་མདོར་བསྟན་པར་འགྱུར་རོ། །དེ་ལའང་རབ་ཏུ་བྱེད་པ་གསུམ་པས་རྣལ་འབྱོར་མའི་རྒྱུད་ཀྱི་གླེང་གཞི་འཆད་པ་སྟེ། དེའང་དེ་ནས་བཅོམ་ལྡན་འདས་ཞེས་པ་ནས། རྟག་ཏུ་བདག་འཚལ་ལོ། །ཞེས་བྱ་བའི་བར་གྱིས་འབྲས་བུའི་རྒྱུད་གཙོར་སྟོན་ཏེ། ཡང་མཆོད་པ་བྱས་ནས་ཞེས་བྱ་བ་ནས། རབ་བྱེད་གསུམ་པ་རྫོགས་ཀྱི་བར་གྱིས་ཐབས་ཀྱི་རྒྱུད་ཞར་ལ་བསྟན་ཏོ། །རབ་ཏུ་བྱེད་པ་གསུམ་པའོ།།  །།དེ་ནས་རྒྱུད་རྣམས་ཐམས་ཅད་དུ། །ཞེས་བྱ་བ་ལ་སོགས་པ་རབ་ཏུ་བྱེད་པ་བཞི་པས་ནི། རྣལ་འབྱོར་གྱི་རྒྱུད་ཀྱི་གླེང་གཞིའི་སྒོ་ནས། ཐབས་དང་འབྲས་བུའི་རྒྱུད་གཙོར་སྟོན་ཏེ། གནས་གང་ལ་བརྟན་ཏེ་འགྲུབ་པ་དང༌། ཐབས་གང་གིས་འགྲུབ་པ་དང༌། དུས་ནམ་གྱི་ཚེ་འགྲུབ་པ་དང༌། འབྲས་བུ་གང་ཞིག་འགྲུབ་པ་ཞེས་བྱ་བ་བཞིས་བསྡུས་ཏེ་སྟོན་པར་བྱེད་དོ། །ཡང་ན་ཆ་དང་པོ་ཨེ་བྃ་གྱི་བཤད་པས་རྒྱུའི་རྒྱུད་བསྟན་པར་ཡང་འགྱུར་རོ། །དེ་ལྟར་ན་བརྟག་པ་དང་པོ་གདམས་ངག་དྲུག་གི་བཤད་པས། རྒྱུད་གསུམ་དུ་བསྟན་པའི་སྒོ་ནས། རྒྱུད་མ་ལུས་པའི་མདོར་བསྟན་པར་འགྱུར་རོ། །བརྟག་པ་དང་པའོ།།  །།དེ་ནས་བརྟག་པ་གཉིས་པ་ནས་བརྩམས་ནས་བརྟག་པ་བཅུ་པའི་བར་གྱིས་ནི་མངོན་པར་རྟོགས་པ་སྐྱེ་བའི་རིམ་པ་བཞིན་རྒྱས་པར་འཆད་དོ། །དེ་བས་ན་གཉིས་པའི་རབ་ཏུ་བྱེད་པ་དང་པོས་བྱང་ཆུབ་ཀྱི་སེམས་ཀྱི་དབང་བསྐུར་བ་སྟེ། དང་པོ་དབང་བསྐུར་བའི་རྟེན་དཀྱིལ་འཁོར་དང༌། སློབ་དཔོན་བདག་ཉིད་འཇུག་པ་དང༌། ཆོ་གའི་གོ་རིམ་དང༌། དབང་གི་རྟེན་རིག་མ་འབུལ་བ་མཚན་ཉིད་དང་བཅས་པ་དང༌། སློབ་མས་མཆོད་ཅིང་གསོལ་བ་གདབ་པ་དང༌། དཀྱིལ་འཁོར་མཆོད་པའི་ཚུལ་དང༌། དབང་གོང་མ་གསུམ་བསྐུར་བའི་ཚུལ་དམ་ཚིག་དང་བཅས་པ་སྟེ། དོན་བདུན་དུ་གདམས་ངག་དྲུག་གིས་བཤད་པའོ། །དང་པོའོ། །དེ་ལྟར་བྱང་ཆུབ་ཀྱི་སེམས་ཀྱི་དབང་ཐོབ་པས། དབང་ཐོབ་པ་དེ་བརྟན་པར་བྱ་བའི་ཕྱིར། ཐོས་པ་དང་བསམ་པ་དང་བསྒོམ་པ་ལས་བྱུང་བས་རྟོགས་པར་བྱ་བའི་དོན་དུ་ཐབས་དང་ཤེས་རབ་ཀྱི་དོན་བསྒོམ་པ་དེའི་འོག་ཏུ་འབྲེལ་ཏོ། །དེའང་དེ་ནས་ཐབས་དང་ཤེས་རབ་དོན་ཞེས་བྱ་བ་ནས་ཉིན་མཚན་དུ་གོམས་པར་བྱའོ་ཞེས་བྱ་བའི་བར་གྱི་བསམ་གྱིས་མི་ཁྱབ་པའི་དོན་བསྒོམ་པའོ། །རིའི་རྩེ་མོ་ཞེས་བྱ་བ་ལ་སོགས་པས་ནི་དེ་ཉིད་ཀྱི་རྟོགས་པ་བརྟན་པར་བྱ་བའི་ཕྱིར་དཀྱིལ་འཁོར་འཁོར་ལོའི་ཐབས་བསྒོམ་པ་སྟོན་ཏོ། །གཉིས་པའོ། །དེ་ལྟར་དབང་དང་ལམ་དེས་དེ་ཁོ་ན་ཉིད་རྟོགས་པའི་ལྟ་བ་ཐོག་མར་བསྟན་པ་དེས་ཅི་དང་ཅི་བྱས་པ་ཐམས་ཅད་རྫོགས་པའི་བྱང་ཆུབ་ཀྱི་ལམ་དུ་འགྲུབ་པར་བྱས་ནས་དེའི་རྗེས་ལ་ལམ་གཞན་བསྟན་པར་བྱའོ། །དེའང་ཐོག་མར་རྫོགས་པའི་རིམ་པའི་རྟེན་བསྐྱེད་པའི་རིམ་པ་རབ་ཏུ་བྱེད་པ་དྲུག་གིས་སྟོན་ཏོ། །དེ་ལ་དེ་ནས་འཁོར་ལོ་ཐམས་ཅད་ཀྱི་ཞེས་བྱ་བ་ནས་རིགས་ནི་རྣམ་པ་ལྔ་རུ་གསུངས་ཞེས་བྱ་བའི་བར་གྱིས་བསྐྱེད་པའི་རིམ་པ་མཐའ་དག་གི་སྤྱིའི་རྣམ་པར་གཞག་པ་བསྟན་ཏོ། །དེ་ནས་རབ་བྱེད་གསུམ་པ་རྫོགས་པའི་བར་གྱིས་ཧེ་རུ་ཀ་གསུམ་གྱི་སྒྲུབ་ཐབས་སྟོན་པ་ལས། རྡོ་རྗེ་སྙིང་པོ་ཞེས་བྱ་བ་ནས། ཡོ་གི་ཞེ་སྡང་བདག་ཉིད་འགྱུར། །ཞེས་བྱ་བའི་བར་གྱིས་མདོར་བསྡུས་པ་དང་འབྲིང་དང་རྒྱས་པའི་རིམ་པས། ཧེ་རུ་ཀ་གསུམ་གྱི་སྤྱིའི་ཆོ་ག་སྟོན་ཏོ། །ནམ་མཁའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པས་ནི་ཕྱག་གཉིས་པ་དང༌། ཕྱག་བཞི་པ་དང༌། ཕྱག་དྲུག་པ་རྣམས་ཀྱིས་བྱེ་བྲག་མི་འདྲ་བ་སོ་སོ་རྣམས་བསྟན་ཏོ། །གསུམ་པའོ། །འཁོར་ལོས་བསྒྲུབ་པའི་ཁྱད་པར་གྱི་ཞེས་བྱ་བ་ལ་སོགས་པ་རབ་ཏུ་བྱེད་པ་བཞི་པས་ནི། སྒྲོལ་མ་དང་ཀུ་རུ་ཀུལླེ་དང༌། ཕ་རོལ་ཏུ་ཕྱིན་མ་དང་གསུམ་ནི་ལས་རྒྱས་པ་ཁོ་ནའོ། །རྣམ་པར་སྣང་མཛད་ལ་སོགས་པ་རིགས་བཞི་དང་ཡུམ་བཞི་ནི་ལྷ་རེ་རེའི་རྣལ་འབྱོར་ནི་ལས་རྒྱས་པར་འགྱུར་ལ། དཀྱིལ་འཁོར་དུ་བྱས་པས་ནི་མཆོག་གི་རྟེན་དུ་འགྱུར་ཏེ། དེ་ལྟར་ན་རྣལ་འབྱོར་བཅུ་གཅིག་གོ །བརྟག་པ་གཉིས་པའོ།།  །།བརྟག་པ་གསུམ་པའི་རབ་ཏུ་བྱེད་པ་དང་པོས་ནི་དཔལ་ཀྱེའི་རྡོ་རྗེ་ཕྱག་བཅུ་དྲུག་པ་ལྷ་བཅུ་བདུན་གྱི་དཀྱིལ་འཁོར་བསྟན་ཏོ། །དང་པོའོ། །གཉིས་པས་ནི་ཡེ་ཤེས་ཀྱི་མཁའ་འགྲོ་མ་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་དུ་བསྟན་པ་སྟེ། གཉིས་པའོ། །གསུམ་པས་ནི་བདག་མེད་མ་ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་བསྟན་ཏེ། གསུམ་པའོ། །དེ་ནས་དཀྱིལ་འཁོར་ཆེན་པོ་མཆོག་ཅེས་བྱ་བ་ལ་སོགས་པས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་སྟོན་ཏེ། དེའང་སངས་རྒྱས་གཟུགས་བརྙན་རྣམ་པར་དགོད། །ཅེས་བྱ་བའི་བར་གྱིས་ཕྱིའི་དཀྱིལ་འཁོར་བྲི་བ་སྟོན་ཏོ། །གསུངས་པའི་དཀྱིལ་འཁོར་ཞེས་བྱ་བ་ནས་ཐེ་ཚོམ་མི་ཟའོ་ཞེས་བྱ་བའི་བར་གྱིས་ནི་བདག་གི་དཀྱིལ་འཁོར་བསྒོམ་པ་དཀྱིལ་འཁོར་བསྒྲུབ་པ་དང་ཕྱོགས་གཅིག་ཏུ་བསྟན་ཏོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་ནི་གཞན་ལའང་བསྟེན་པར་བསྟན་ཏོ། །གོང་མ་ལྟ་བུའི་ཞེས་བྱ་བ་ལ་སོགས་པས་དྲག་པོའི་གདན་ཅན་ལྷ་བཅུ་བདུན་གྱི་དཀྱིལ་འཁོར་དུར་ཁྲོད་བརྒྱད་དང་བཅས་པ་བསྟན་ཏོ། །དེ་ལྟར་རབ་བྱེད་དྲུག་གིས་མཆོག་སྒྲུབ་པའི་དཀྱིལ་འཁོར་བཅུ་གཉིས་ལས་རྒྱས་པའི་ལྷའི་རྣལ་འབྱོར་བཅུ་གཅིག་དང་བཅས་པ་བསྟན་ཏེ། བསྐྱེད་པའི་རིམ་པ་སྤྱིའི་དོན་དུ་ཡན་ལག་དང་ཡི་གེ་དང་མན་ངག་གི་བཤད་པའོ། །བརྟག་པ་གསུམ་པའོ།།  །།དེ་ལྟར་རིམ་པ་གཉིས་ལ་གནས་ནས་བསྐྱེད་པའི་རིམ་པ་ལ་གནས་པ་རྣམས་ཀྱིས་ཚོགས་ཀྱི་འཁོར་ལོ་ལ་སོགས་པའི་སྤྱོད་པ་དང༌། རྫོགས་པའི་རིམ་པ་ལ་གནས་པ་རྣམས་ཀྱིས་བརྟུལ་ཞུགས་ཀྱི་སྤྱོད་པའི་གྲོགས་དང་གནས་ལ་སོགས་པ་ཤེས་པར་བྱ་བའི་ཕྱིར་རབ་ཏུ་བྱེད་པ་ལྔ་གསུངས་སོ། །དེ་ལ་དང་པོར། བཅོམ་ལྡན་རྣལ་འབྱོར་རྣལ་འབྱོར་མའི། །ཞེས་བྱ་བ་ལ་སོགས་པས་ནི་ངག་གི་བརྡ་གསུངས་སོ། །དང་པོའོ། །རྡོ་རྗེ་སྙིང་པོ་ཞེས་བྱ་བ་ལ་སོགས་པས་ནི་མཁའ་འགྲོ་མ་བདུན་གྱི་མཚན་ཉིད་བསྟན་ཏེ། གཉིས་པའོ། །དེ་ནས་ལཱ་མཱ་ཞེས་བྱ་བ་ལ་སོགས་པས་ནི། མཁའ་འགྲོ་མ་ལས་ལཱ་མཱ་རིགས་ལྔའི་དབང་དུ་བྱས་ནས་བསྟན་ཏོ། །གང་གི་སྐྲ་ནི་ལི་བ་ཞེས་བྱ་བ་ལ་སོགས་པས་ནི། མཁའ་འགྲོ་མ་དངོས་སུ་བྱུང་བ་ལ་ཕྱག་རྒྱ་བསྟེན་པ་སྟོན་ཏེ། དེ་ལྟར་དོན་གཉིས་སོ། །གསུམ་པའོ། །དེ་ནས་ཡན་ལག་ཅེས་བྱ་བ་ལ་སོགས་པས་ནི་ལུས་ཀྱི་བརྡ་སྟོན་ཏེ། བརྟག་པ་བཞི་པའོ།།  །།དེ་ནས་སྐྱེ་བོ་དམ་པ་ཀུན། །ཞེས་བྱ་བ་ལ་སོགས་པས་ནི། ཕྱི་དང་ནང་དང་མཐར་ཐུག་པའི་བདག་ཉིད་ཅན་གྱི་འདུ་བའི་གནས་དང་དུས་དང་འདུས་པའི་བྱ་བ་རྣམས་བསྟན་ཏེ། ལྔ་པའི་རབ་ཏུ་བྱེད་པ་དང་པོའོ། །དེ་ལྟར་རབ་ཏུ་བྱེད་པ་ལྔ་གདམས་ངག་དྲུག་ཏུ་བཤད་པའོ། །དེ་ལྟར་རིམ་པ་གཉིས་ལ་གནས་པས་སྤྱོད་པ་བྱེད་དོ། །ཞེས་བསྟན་པ་དེ་ལ་བསྐྱེད་པའི་རིམ་པ་ནི་གོང་དུ་བསྟན་ནས་རྫོགས་པའི་རིམ་པ་རྒྱས་པར་བསྟན་པའི་ཕྱིར། གསང་བའི་པདྨའི་མཚན་ཉིད་ནི་ཞེས་བྱ་བ་ལ་སོགས་པས་ནི་མཉམ་གཞག་གི་དུས་ཀྱི་དག་པ་རྣམ་པ་གསུམ་བསྟན་ཏོ། །རྡོ་རྗེ་སེམས་དཔའ་སྙིང་རྗེ་ཞེས་བྱ་བ་ལ་སོགས་པས་རྗེས་སྤྱོད་ཀྱི་དུས་ཀྱི་དག་པ་རྣམ་པ་གསུམ་བསྟན་ཏོ། །དེ་ལྟར་རབ་ཏུ་བྱེད་པ་འདི་ནི་གདམས་ངག་དྲུག་དང་གནས་པ་བཞི་དང་དག་པ་གསུམ་གྱིས་བཤད་པར་བྱའོ། །གཉིས་པའོ། །དེ་ལྟར་རྫོགས་པའི་རིམ་པ་བསྟན་ནས། རིམ་པ་གཉིས་པོ་དེས་དྲོད་ཐོབ་པའི་རྣལ་འབྱོར་པས་བརྟུལ་ཞུགས་ཀྱི་སྤྱོད་པ་སྤྱད་པའི་ཚུལ་ནི་རབ་ཏུ་བྱེད་པ་གཉིས་ཀྱིས་སྟོན་ཏེ། དེའང་དེ་ནས་སྤྱོད་པས་རྟོག་པ་རྣམས་ཞེས་བྱ་བ་ལ་སོགས་པས་ནི་གསང་བའི་སྤྱོད་པ་གཙོར་སྟོན་པའི་སྤྱོད་པའི་མཚན་ཉིད་བསྟན་ཏོ། །གསུམ་པའོ། །དེ་ནས་ཡང་དག་རབ་བཤད་བྱ། །ཞེས་བྱ་བ་ལ་སོགས་པས་ནི་སྤྱོད་པ་གཉིས་སུ་རབ་ཏུ་དབྱེ་བ་བསྒྲུབ་པའི་རིམ་པ་དང་བཅས་པ་བསྟན་ཏོ། །དེ་ལྟར་སྦས་པའི་དོན་དུ་ཡན་ལག་དང་ཡི་གེ་དང་མན་ངག་གི་བཤད་པའོ། །བརྟག་པ་ལྔ་པའོ།།  །།བརྟག་པ་དྲུག་པ་ནི་དེ་ལྟར་སྤྱོད་པ་ལ་གནས་པས་ཉེ་བའི་རྒྱུ་ལ་བརྟེན་པར་བྱའོ། །ཞེས་བསྟན་པའམ། ཡང་ན་སྔར་གྱི་རྫོགས་པའི་རིམ་པ་མཐའ་དག་གིས་རྒྱས་པར་བཤད་པ་སྟེ། འདི་ལྟར་རང་གི་ལུས་ཉིད་ལ་བརྟེན་ཏེ་གྲུབ་པས་ན་ལུས་ཉིད་གཏན་ལ་འབེབས་པར་བྱེད་པ་སྟོན་ཏོ། །དེའང་ལྷ་ལགས་ཞེས་བྱ་བ་ནས་སེམས་ཀྱི་རྟགས་འགྲོ་བའོ། །ཞེས་བྱ་བའི་བར་གྱིས་ནི་བརྟག་པ་དྲུག་པ་མཐའ་དག་གི་མདོར་བསྟན་པའོ། །ཁམས་ཞེས་བྱ་བའི་སྒྲ་དུ་ལགས། ཞེས་བྱ་བ་ནས་ཇི་ལྟ་བ་ནི་དེ་བཞིན་ནོ། །ཞེས་བྱ་བའི་བར་གྱིས་ནི་ལུས་འགྲུབ་པ་དང་གནས་པའི་རྒྱུ་ཁམས་བྱང་ཆུབ་ཀྱི་སེམས་བསྟན་ཏོ། །སྔགས་བཟླས་བསམ་གཏན་ལ་སོགས་ལྡན། །ཞེས་བྱ་བ་ནས་ལྷའི་དམིགས་པར་འགྱུར་བ་ཡིན། ཞེས་བྱ་བའི་བར་གྱིས་ནི་ཁམས་དེ་དག་རྩའི་སྒོ་གཉིས་ལ་བརྟེན་ཏེ་ལུས་འགྲུབ་པ་ཡིན་པར་བསྟན་ཏོ། །སྟེང་གི་སྒོ་དང་ཞེས་བྱ་བ་ནས། བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །ཞེས་བྱ་བའི་བར་གྱིས་དེ་དག་ལ་མངོན་དུ་བྱེད་པ་རླུང་བསྟན་ཏོ། །དེ་ནས་བཅོམ་ལྡན་ལྷ་མོས་ནི། །ཞེས་བྱ་བ་མན་ཆད་ཀྱིས་ནི་དཔྱིད་ཀྱི་ཐིག་ལེའི་དོན་ཏེ། རྡོ་རྗེ་ལུས་ཀྱི་གནས་ལུགས་དང་དེ་ལ་ཡེ་ཤེས་མངོན་དུ་བྱེད་པའི་ཐབས་དང་བཅས་པ་སྟོན་ཏོ། །དེ་ལ་དང་པོ་ཚིགས་སུ་བཅད་པ་གསུམ་ནི་སྤྱིའི་ཞུས་པའོ། །ལྷག་མས་ནི་ལན་ནོ། །དེའང་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པས་ནི་ཡུལ་གྱི་དགོད་པའོ། །དང་པོའོ། །དེ་ནས་གཞན་ཡང་ཞེས་བྱ་བ་ལ་སོགས་པས་ནི། རྩ་གཉིས་དང་ཐིག་ལེར་བསྟན་པ་དང༌། སྒོ་རྣམ་པ་གསུམ་ལ་བརྟེན་པའི་རླུང་བསྟན་པ་དང༌། འཁོར་ལོ་བཞིའི་གནས་ལུགས་དང༌། ལུས་དང༌། རྩ་སུམ་ཅུ་རྩ་བདུན་གྱི་གནས་དང༌། ལས་ལ་སོགས་པ་བསྟན་པའོ། །གཉིས་པའོ། །དེ་ལྟར་རྡོ་རྗེའི་ལུས་ཀྱི་གནས་ལུགས་བསྟན་པ་དེ་ལ། ཕྱི་རོལ་གྱི་ཇི་སྙེད་ཡོད་པའི་ཆོས་ཇི་ལྟ་བ་བཞིན་དུ་བསྡུས་ཏེ་བསྟན་པའི་ཕྱིར་རབ་ཏུ་བྱེད་པ་གཉིས་གསུངས་ཏེ། དེའི་དང་པོ་ལྷ་ལགས་ཞེས་བྱ་བ་ལ་སོགས་པས་ནང་གི་དཀྱིལ་འཁོར་དང་མཆོད་པ་དང༌། སྦྱིན་སྲེག་དང༌། བཟླས་པ་དང༌། ནང་གི་སྐུ་གསུམ་གྱི་བདག་ཉིད་དུ་བསྟན་ཏོ། །གསུམ་པའོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ནས། རྣལ་འབྱོར་ཀུན་གྱི་གོང་ན་མེད། །ཅེས་བྱ་བའི་བར་གྱིས་ནི་སྡོམ་པའི་རབ་ཏུ་དབྱེ་བ་བསྟན་ཏོ། །དེ་ནས་རྣལ་འབྱོར་མ་ཞེས་བྱ་བ་ལ་སོགས་པས་དེ་ལྟར་རང་བཞིན་གྱིས་གནས་ཀྱང་གློ་བུར་དུ་མི་ཤེས་པའི་འཐད་པ་དང༌། གློ་བུར་གྱི་དྲི་མ་སེལ་བའི་ཐབས་སུ་འཐད་པ་དང་བཅས་པ་བསྟན་ཏོ། །ཡང་དག་འབྱུང་བ་བཀའ་སྩལ་པ། །ཞེས་བྱ་བ་ལ་སོགས་པས་དཔྱིད་ཀྱི་ཐིག་ལེ་མངོན་དུ་བྱེད་པའི་ཐབས་བསྟན་ཏོ། །དེ་ལྟར་ན་བརྟག་པ་དྲུག་པས་སྦས་པའི་དོན་དུ་ཡན་ལག་དང་ཡི་གེ་དང་མན་ངག་གི་དོན་གྱིས་བཤད་པས་རྫོགས་པའི་རིམ་པའི་དོན་གསལ་བར་བཤད་དོ། །བརྟག་པ་དྲུག་པའོ།།  །།དེ་ལྟར་གཙོར་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་སྒྲུབ་པའི་ཐབས་གཙོར་བསྟན་ནས། ད་ནི་མཆོག་དང་ཐུན་མོང་གི་དངོས་གྲུབ་མཐའ་དག་གི་ཐབས་ལམ་གྱི་ཡན་ལག་སྟོན་པའི་ཕྱིར་བརྟག་པ་བདུན་པ་དང༌། བརྒྱད་པ་དང༌། དགུ་པའི་ཕྱི་མ་གསུམ་དང་བཅུ་པའི་ཐ་མ་སྟེ་རབ་ཏུ་བྱེད་པ་བཅུ་གཉིས་གསུངས་སོ། །དེ་ལ་ངག་གི་ཕྱག་རྒྱའི་མཚན་ཉིད་ནི། ཞེས་བྱ་བ་ལ་སོགས་པ་བརྟག་པ་བདུན་པའི་རབ་ཏུ་བྱེད་པ་དང་པོས་བརྟག་པ་བཞི་པའི་དོན་གསལ་བར་བྱ་བའི་ཕྱིར་ངག་གི་བརྡའི་ཡེ་ཤེས་དང༌། ལྟ་སྟངས་ཀྱི་སྒོ་ནས་ལས་བསྒྲུབ་པ་དང༌། ཚར་བཅད་པ་དང་ཕན་གདགས་པ་དང་རྣམ་ཤེས་དང་ཡེ་ཤེས་ཀྱི་ལས་ཉི་ཤུ་རྩ་བཞི་དང༌། རེག་པས་བདག་གིར་བྱེད་པ་དང༌། ཐིག་ལེ་འབྱུང་བར་བྱེད་པ་སྟེ། རབ་ཏུ་བྱེད་པའི་ལས་བརྒྱད་དང༌། མི་སྣང་བའི་ཡེ་ཤེས་བཅུ་གཉིས་དང་གྲུབ་པའི་མིག་སྨན་གྱི་ཡེ་ཤེས་དང༌། བཅུད་ཀྱི་ཡེ་ཤེས་ཏེ་དེ་ལྟར་དོན་བདུན་དུ་གནས་སོ། །དང་པོའོ། །བཅོམ་ལྡན་བདག་ནི་ཉན་པར་འཚལ། །ཞེས་བྱ་བ་ལ་སོགས་པས་ནི། བསྙེན་པ་དང༌། ས་ཆོག་ལ་རྐང་སྟབས་ཀྱི་བཀོད་པ་སྔོན་དུ་སོང་བས་སྦྱིན་སྲེག་གི་ཆོ་ག་རྒྱས་པ་འབའ་ཞིག་བསྟན་ཏོ། །གཉིས་པའོ། །ལྷ་ལགས་ཞེས་བྱ་བ་ལ་སོགས་པ་ནས་བརྩམས་ཏེ། ཚོགས་ཀྱི་དཀྱིལ་འཁོར་བརྟག་པར་བྱ། །ཞེས་བྱ་བའི་བར་གྱིས་ནི་སྔགས་རྣམས་བཏུ་བ་བསྟན་ཏོ། །དེ་ནས་ལས་རྣམས་ཀུན་བྱེད་པའི། །ཞེས་བྱ་བ་ལ་སོགས་པས་ནི་འཁྲུལ་འཁོར་ལ་བརྟེན་ཏེ་ལས་བསྒྲུབ་པ་བསྟན་ཏོ། །གསུམ་པའོ། །རབ་གནས་མཚན་ཉིད་བཟང་པོ་ནི། །ཞེས་བྱ་བ་ལ་སོགས་པས་ནི་རབ་ཏུ་གནས་པའི་ཆོ་ག་སྟེ། ཐོག་མར་ས་ཡོངས་སུ་གཟུང་བའི་ཆོ་ག་དང༌། དེ་ནས་ས་བསླང་བ་དང༌། དེ་ནས་དཀྱིལ་འཁོར་བསྒྲུབ་པ་དང༌། སྦྱིན་སྲེག་གི་ལས་སྔོན་དུ་སོང་བས་རབ་ཏུ་གནས་པ་བྱའོ། །ཞེས་བསྟན་པའི་ཕྱིར་སྦྱིན་སྲེག་གི་ཆོ་ག་རྒྱས་པར་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་ཞེས་བྱ་བ་ལ་སོགས་པས་ནི་ལྷའི་རྣལ་འབྱོར་ཉི་ཤུ་རྩ་གཅིག་ལ་བརྟེན་ཏེ་བསམ་གཏན་ཀྱི་ལས་ཉི་ཤུ་རྩ་དྲུག་བསྒྲུབ་པ་བསྟན་ཏོ། །བརྟག་པ་བདུན་པ་བསྐྱེད་པའི་རིམ་པ་སྤྱིའི་དོན་དུ་ཡན་ལག་དང་ཡི་གེ་དང་མན་ངག་གི་དོན་གྱིས་བཤད་པའོ། །བརྟག་པ་བདུན་པའོ།།  །།མཚན་ཉིད་མཚོན་པ་གཞན་དག་ནི། །ཞེས་བྱ་བ་ནས་ཉོན་ཞེས་བྱ་བའི་བར་གྱིས་ནི་དེ་ཁོ་ན་ཉིད་བཞི་ཞུས་པ་དང༌། མཉན་པར་གདམས་པའང་བསྟན་ཏོ། །ཤེས་རབ་དཀྲོལ་བའི་ཞེས་བྱ་བ་ལ་སོགས་པས་ནི་རྡོ་རྗེ་དང་དྲིལ་བུའི་མཚན་ཉིད་དང༌། དེ་ཁོ་ན་ཉིད་གཟུང་བའི་ཐབས་དང་བཅས་པ་བསྟན་ཏོ། །དང་པོའོ། །ཕྲེང་བ་ལ་སོགས་ཞེས་བྱ་བ་ལ་སོགས་པས་ནི་བགྲང་ཕྲེང་གི་དེ་ཁོ་ན་ཉིད་བསྟན་ཏོ། །གཉིས་པའོ། །དེ་ལྟར་རབ་ཏུ་བྱེད་པ་འདིས་ནི་སྤྱིའི་དོན་དུ་ཡན་ལག་དང་ཡི་གེས་བཤད་དོ། །འཕོ་བའི་རྣལ་འབྱོར་མཚན་ཉིད་ནི་ཞེས་བྱ་བ་ལ་སོགས་པས་ནི་འཕོ་བའི་རྣལ་འབྱོར་དང་གྲོང་གཞན་དུ་འཇུག་པའི་རྣལ་འབྱོར་དང༌། ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དངོས་ཏེ་སྤྱི་དང་སྦས་པའི་དོན་དུ་ཡན་ལག་གི་དོན་གྱི་བཤད་པ་སྟེ། གསུམ་པའོ། །སྔགས་རྣམས་ཀྱི་ནི་མཚན་ཉིད་ནི། །ཞེས་བྱ་བ་ལ་སོགས་པ་ནི་སྔགས་བསྟན་པ་སྟེ་སྤྱིའི་དོན་དུ་ཡན་ལག་དང་ཡི་གེ་དང་མན་ངག་གི་བཤད་པའོ། །བརྟག་པ་བརྒྱད་པའོ།།  །།དེ་ལྟར་དངོས་གྲུབ་མཐའ་དག་གི་ཐབས་བསྟན་ནས། སྤྱོད་པའི་མཐར་ཉེ་བའི་རྒྱུ་འབྲས་བུ་མངོན་དུ་བྱེད་པའི་ཐབས་བསྟན་པའི་ཕྱིར་དགུ་པའི་རབ་ཏུ་བྱེད་པ་དང་པོ་གསུངས་སོ། །དེ་ལའང་དང་པོར་འབྲས་བུ་འགྲུབ་པའི་གནས་གསུངས་སོ། །དེ་ནས་ནི་འབྲས་བུ་ཉིད་གང་ཞིག་འགྲུབ་པའོ། །དེ་ནས་ཐབས་གང་གི་དབང་གིས་མངོན་དུ་བྱེད་པ་སྟེ། སྦས་པའི་དོན་དང་མཐར་ཐུག་པའི་དོན་དུ་མན་ངག་གི་དོན་དང་ཡི་གེ་དང་ཡན་ལག་གི་དོན་གྱིས་བཤད་པའོ། །དང་པོའོ། །རབ་ཏུ་བྱེད་པ་ཕྱི་མ་གསུམ་པོ་འདིས་ནི་སྔར་བསྟན་པའི་དངོས་གྲུབ་མཐའ་དག་གི་འཕྲོས་པ་སྟོན་པ་སྟེ། གཏོར་མའི་ལས་ཆོག་ཞེས་བྱ་བ་ལ་སོགས་པས་གཏོར་མ་སྟོན་པ་སྟེ། ཕྱིའི་དཀྱིལ་འཁོར་བྱ་བ་དང༌། བདག་གི་རྣལ་འབྱོར་དང༌། ཡོ་བྱད་བྱིན་གྱིས་བརླབ་པ་དང༌། མཆོད་པའི་དུས་དང༌། མགྲོན་སྤྱན་དྲང་བ་དང༌། གཏོར་མ་འབུལ་བ་དང༌། བྱིན་གྱིས་བརླབ་པའི་སྔགས་དང༌། རྟོག་པ་མེད་པར་བཀའ་བསྒོ་བ་དང་ལན་བྱ་བ་དང༌། བཀྲ་ཤིས་པ་དང་སྨོན་ལམ་གདབ་པ་དང༌། གཤེགས་སུ་གསོལ་བའི་བྱ་བ་སྟེ་དོན་བཅུར་གནས་སོ། །གཉིས་པའོ། །གསང་བའི་པདྨ་བདེ་བ་ཅན། །ཞེས་བྱ་བ་ལ་སོགས་པས་ནི་བྲིས་སྐུ་དང་གླེགས་བམ་གྱི་ཆོ་ག་སྟེ། བྲི་བའི་གཞི་དང་གང་ཟག་དང༌། ཚུལ་ཇི་ལྟར་བྲི་བ་དང༌། བཅང་བའི་ཚུལ་རྣམས་ཀྱིས་བསྟན་ཏོ། །གསུམ་པའོ། །སིལ་སྙན་ཡང་དག་སྦྱོར་མཚན་ཉིད། །ཅེས་བྱ་བ་ལ་སོགས་པས་ནི་རོལ་མོའི་བྱ་བ་དང་ཚོགས་ཀྱི་འཁོར་ལོ་བསྟན་ཏོ། །རོལ་མོའི་སྒྲ་སྐད་དང༌། རྔ་བྱ་བའི་ཚུལ་དང༌། རྔའི་བྱ་བ་དང༌། སྒོ་བ་ལ་གསོལ་བ་གདབ་པ་དང༌། ཚོགས་ཀྱི་ཕན་ཡོན་དང༌། གནས་གང་དུ་བྱ་བ་དང༌། ཚོགས་ཀྱི་ཡོ་བྱད་དང༌། གླུ་དང་གར་དང༌། ཚོགས་ཀྱི་འཁོར་ལོ་བྱ་བ་དང༌། དམ་ཚིག་བཏང་བའི་ཚུལ་ཏེ་བཅུར་གནས་སོ། །དེ་ལྟར་རབ་ཏུ་བྱེད་པ་གསུམ་ནི། བསྐྱེད་པའི་རིམ་པ་སྤྱིའི་དོན་དུ་ཡན་ལག་དང་ཡི་གེ་དང་མན་ངག་གིས་བཤད་དོ། །བརྟག་པ་དགུ་པའོ། །དེ་ལྟར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མཐའ་དག་གི་ཐབས་དང༌། གཙོར་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཀྱི་ཐབས་ཏེ། མངོན་པར་རྟོགས་པ་བཅུ་གཅིག་རྒྱས་པར་བསྟན་ནས། དེ་དག་གིས་མཇུག་བསྡུས་ཤིང་དེ་དག་གིས་བསྒྲུབ་པའི་མཐར་རྟེན་གང་ལ་བརྟེན་ཏེ་འབྲས་བུ་འགྲུབ་པར་བསྟན་པ་ནི་རབ་ཏུ་བྱེད་པ་གསུམ་མོ། །དེ་ལ། རྡོ་རྗེ་སློབ་དཔོན་དམ་ཚིག་གི །ཞེས་བྱ་བ་ནས། རྒྱལ་བར་འགྱུར་བར་ཐེ་ཚོམ་མེད། །ཅེས་བྱ་བའི་བར་གྱིས་ནི་སྔར་གྱི་ཐབས་ཀྱི་རྒྱུད་རྣམས་བསྡུས་ཏེ་བསྟན་ཏོ། །གཉིས་མེད་སྤྲོས་པར་བཅས་པ་རྣམས། །ཞེས་བྱ་བ་ནས། ཇི་སྲིད་མ་ཕྱིན་བར་དུ་བྱ། །ཞེས་བྱ་བའི་བར་གྱིས་ནི་ཉེ་བའི་རྒྱུའི་རྟེན་གང་ལ་བརྟེན་ཏེ་འགྲུབ་པར་བསྟན་ཏོ། །དང་པོའོ། །དེ་ནས་གང་དུ་ཞེས་བྱ་བ་ལ་སོགས་པས་ནི་འབྲས་བུ་འགྲུབ་པའི་དུས་ཀྱི་ངོ་མཚར་བའི་སྔ་ལྟས་བསྟན་ཏོ། །གཉིས་པའོ། །རིག་མའི་སྐྱེས་བུ་གྲུབ་པ་ནི། །ཞེས་བྱ་བ་ལ་སོགས་པས་ནི་འབྲས་བུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་སྐུ་གཉིས་ཀྱི་བདག་ཉིད་ཅན་དངོས་བསྟན་ཏོ། །དེ་ལྟར་རབ་ཏུ་བྱེད་པ་གསུམ་ནི་གདམས་ངག་དྲུག་གི་བཤད་པའོ། །རབ་ཏུ་བྱེད་པ་གསུམ་པའོ། །དེ་ལྟར་ཐབས་དང་འབྲས་བུའི་རྒྱུད་རྒྱས་པར་བསྟན་པ་དེ་ལ་སྔར་གྱི་སྦྱིན་སྲེག་ལ་བརྟེན་ཏེ་ཐབས་ཀྱི་སྒོ་ནས་འབྲས་བུ་མི་འགྲུབ་བོ་ཞེས་བརྩད་པ་སྤང་བ་ནི་རབ་ཏུ་བྱེད་པ་ཐ་མའོ། །དེ་ལ། གོང་དུ་བཤང་གཅི་ཁྲག་དང་ནི། །ཞེས་བྱ་བ་ནས། མཁའ་བཞིན་དྲི་མ་མེད་པར་འགྱུར། །ཞེས་བྱ་བའི་བར་གྱིས་ནི་སྦྱིན་སྲེག་ལ་བརྟེན་ཏེ་བརྩད་པ་སྤང་བའོ། །དབང་པོ་གཉིས་ནི་མཉམ་སྦྱོར་བས། །ཞེས་བྱ་བ་ལ་སོགས་པས་ནི་དམ་ཚིག་དང་སྡོམ་པའི་སྒོ་ནས་འབྲས་བུ་འགྲུབ་པར་བསྟན་ཏོ། །དེ་ནས་རྣལ་འབྱོར་པ་དང༌། ཞེས་བྱ་བ་ལ་སོགས་པས་ནི་རྗེས་སུ་ཡི་རང་བའི་མདོའོ། །བརྟག་པ་བཅུ་པའོ།།  །།དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་སྙིང་པོ་ཞེས་བྱ་བ་ལ་སོགས་པས་ནི་སྔར་བསྟན་པའི་རྩ་བའི་རྒྱུད་དུ་མི་གསལ་བ་གསལ་བར་བྱ་བ་དང༌། མ་ཚང་བ་ཁ་བསྐང་བར་བྱ་བའི་ཕྱིར། རྒྱུད་ཕྱི་མ་རབ་ཏུ་བྱེད་པ་སུམ་ཅུ་བཞུགས་སོ། །བརྟག་པ་བཅུ་གཅིག་པའོ།།  །།དེ་ལྟར་ན་མདོར་བསྡུས་པ་དང་རྒྱས་པར་བཤད་པའི་རིམ་པས་བརྟག་པ་བཅུ་གཅིག་གི་བདག་ཉིད་ཀྱི་རྒྱུད་ཀྱི་རྒྱལ་པོ་འདི། གང་ཟག་གཅིག་མངོན་པར་རྫོགས་པར་འཚང་རྒྱ་བའི་ཆ་རྐྱེན་དུ་མངོན་པར་རྟོགས་པའི་རིམ་པའི་གོ་རིམ་ནི། རགས་རིམ་དུ་བརྗོད་ན་མངོན་པར་རྟོགས་པ་སྐྱེ་བའི་རིམ་པ་བཞིན་དུ་གནས་ཀྱང༌། ཞིབ་ཏུ་བརྗོད་ན་གཞུང་གི་ཕྲ་མོ་ནས་བསྡེབས་ཏེ་བརྗོད་པར་བྱའོ། །དེ་ལ་སེམས་ཅན་ཐམས་ཅད་དངོས་གྲུབ་མཐའ་དག་གི་རྒྱུ་ཉིད་དུ་རབ་ཏུ་བསྒྲུབ་པའི་ཕྱིར་རང་བཞིན་གྱི་གནས་པའི་རྒྱུད་དང༌། དང་པོ་དངོས་དང་དྲུག་པའི་ཆ་དང༌། བཅུ་པའི་དང་པོ་ལས་སྟོན་པས་དེ་འབྱུང་ངོ༌། །དེ་ནས་ཐབས་ཀྱི་རྒྱུད་འབྱུང་སྟེ། དེའང་སྤྱིར་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གསུང་མཐའ་དག་ཀྱང་མྱ་ངན་ལས་འདས་པ་ལ་གཞོལ་ཞིང་འབབ་པ་ཡིན་ཡང༌། རྒྱུད་ཁ་ཅིག་ལས་ནི་ཞི་བ་དང་རྒྱས་པ་ལ་སོགས་པ་དང༌། རལ་གྲི་ལ་སོགས་པ་གཙོར་སྟོན་པ་དག་བཞུགས་མོད་ཀྱི། རྒྱུད་འདིར་ནི་སྔར་མཚན་ཉིད་ཀྱི་དོན་བསྟན་པའི་སྐབས་སུ་བརྗོད་པ་ལྟར་གཙོར་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཀྱི་ཐབས་གཙོར་སྟོན་པས་དམན་པ་དང་འབྲིང་གི་དངོས་གྲུབ་ཀྱི་ཐབས་བསྟན་པ་རྣམས་ཀྱང་དེའི་ཡན་ལག་ཏུ་སྟོན་པར་བྱེད་དོ། །དེ་བས་ན་ཐོག་མར་བརྟག་པ་དང་པོའི་རབ་ཏུ་བྱེད་པ་དང་པོར་ཀུན་རྫོབ་ཀྱི་རྣམ་པ་ཅན་གྱི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དེ་བཞིན་ཉིད་ཀྱི་དག་པ་དང་བཅས་པ་བསྟན་ཏོ། །དེ་ནས་ནི་དེ་ལ་འཇུག་པར་བྱ་བའི་ཕྱིར་རབ་ཏུ་བྱེད་པ་གཉིས་པར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སྤྱིའི་དོན་དུ་བཤད་པ་སྦྱིན་པར་བྱ་སྟེ། དེ་ལྟར་སངས་རྒྱས་ཀྱི་ཐེག་པའི་ལམ་ལ་བློ་གོམས་པར་བྱས་པ་དེ་ལ་དཀྱིལ་འཁོར་དུ་འཇུག་པ་དང་དབང་བསྐུར་བར་བྱ་བའི་ཕྱིར་བརྟག་པ་གཉིས་པའི་རབ་ཏུ་བྱེད་པ་དང་པོ་བསྟན་ཏོ། །དེ་ལྟར་སྨིན་པར་བྱེད་པའི་ལམ་ཐོབ་ནས། དེའི་འོག་ཏུ་གྲོལ་བར་བྱེད་པའི་ལམ་འབྱུང་ངོ༌། །དེ་ལའང་མངོན་པར་རྟོགས་པ་བཅུ་གཅིག་ཏུ་གནས་ཏེ། རྟོགས་པའི་ལྟ་བ་དང༌། བསྐྱེད་པའི་རིམ་པ་དང༌། རྫོགས་པའི་རིམ་པ་དང༌། སྤྱོད་པ་དང༌། ཉེ་བའི་རྒྱུ་དང་ལྔ་ནི་གཙོར་མཆོག་སྒྲུབ་པའི་མངོན་པར་རྟོགས་པ་ལྔའོ། །བཟླས་པ་དང༌། སྦྱིན་སྲེག་དང༌། གཏོར་མ་དང༌། རབ་གནས་དང༌། དམ་ཚིག་དང༌། ལས་ཀྱི་ཚོགས་དང་དྲུག་ནི་མཆོག་ཐུན་མོང་གཉིས་ཀའི་མངོན་པར་རྟོགས་པའོ། །དེ་ལྟར་བཅུ་གཅིག་པོ་དེའང་རིམ་པ་གཉིས་འཁོར་དང་བཅས་པར་བསྡུའོ། །དེའང་ཐོག་མར་བུམ་པའི་དབང་ཐོབ་ནས། དེ་དང་རྗེས་སུ་འབྲེལ་བའི་བསླབ་པར་བྱ་བ་ལམ་དང་དམ་ཚིག་དང་འབྲེལ་ལོ། །དབང་ཡོངས་སུ་རྫོགས་པས་ནི། དབང་གི་དེ་ཁོ་ན་ཉིད་བསྟན་པར་བྱ་བའི་ཕྱིར། གཉིས་པའི་གཉིས་པས་རྟོགས་པའི་ལྟ་བ་སྟོན་ཏོ། །ལྟ་བ་རྫོགས་རིམ་གྱི་རྟེན་དུ་བསྐྱེད་པའི་རིམ་པ་བསྒོམ་པའི་ཕྱིར་གཉིས་པའི་གསུམ་པ་ནས་བསྟན་ཏེ་བརྟག་པ་གསུམ་པ་རྫོགས་ཀྱི་བར་བསྟན་ཏོ། །དེ་ནས་བསྐྱེད་པའི་རིམ་པའི་ལམ་གྱི་ཡན་ལག་ནི་ཐུན་མོང་གི་མངོན་པར་རྟོགས་པ་དྲུག་སྟེ། དེའང་བདུན་པའི་གསུམ་པའི་སྟོད་དང༌། བརྒྱད་པ་དངོས་ཀྱིས་ནི་བཟླས་པའོ། །བཞི་པ་མཐའ་དག་དང་ལྔ་པའི་དང་པོ་དང༌། བདུན་པའི་དང་པོའི་ཆ་དང༌། བརྒྱད་པའི་དང་པོ་གསུམ་དང༌། དགུ་པའི་ཕྱི་མ་གཉིས་དང༌། བཅུ་པ་དངོས་ཏེ། རབ་ཏུ་བྱེད་པ་བཅུ་གཅིག་གིས་ནི་དམ་ཚིག་དང་སྡོམ་པའོ། །དགུ་པའི་གཉིས་པས་ནི་གཏོར་མའོ། །བདུན་པའི་གཉིས་པ་དང༌། བདུན་པ་དངོས་ཀྱི་སྟོད་ནི་སྦྱིན་སྲེག་གོ །བདུན་པ་དངོས་ཀྱི་སྟོད་ཀྱིས་རབ་ཏུ་གནས་པའང་བསྟན་ཏོ། །གཉིས་པའི་གསུམ་པའི་སྟོད་དང༌། བདུན་པའི་དང་པོ་དང༌། བདུན་པའི་གསུམ་པའི་སྨད་དང༌། བདུན་པ་དངོས་ཀྱི་སྨད་ཀྱིས་ནི་ལས་ཀྱི་ཚོགས་བསྟན་ཏོ། །དེ་ལྟར་བསྐྱེད་པའི་རིམ་པ་ལམ་གྱི་ཡན་ལག་དང་བཅས་པ་ལ་གནས་ནས། རྫོགས་པའི་རིམ་པ་ལ་གནས་པར་བསྟན་པ་ནི། དང་པོའི་དང་པོའི་སྨད་དང༌། དང་པོའི་གཉིས་པའི་སྨད་དང༌། དང་པོའི་གསུམ་པའི་སྨད་དང༌། དང་པོ་དངོས་ཕལ་ཆེར་དང༌། གཉིས་པའི་གཉིས་པའི་སྨད་དང༌། ལྔ་པའི་གཉིས་པ་དང༌། དྲུག་པ་མཐའ་དག་གིས་བསྟན་ཏོ། །དེ་ལྟར་རིམ་པ་གཉིས་ལ་གནས་ནས་སྤྱོད་པ་སྤྱད་པ་ནི། ལྔ་པའི་རབ་ཏུ་བྱེད་པ་ཕྱི་མ་གཉིས་ཀྱིས་ནི་གཙོར་སྟོན་ལ། བཞི་པ་མཐའ་དག་དང༌། ལྔ་པའི་དང་པོ་དང༌། བདུན་པའི་དང་པོའི་ཆ་རྣམས་ཀྱིས་ཀྱང་ཡན་ལག་ཙམ་བསྟན་ཏེ། སྤྱོད་པའི་མཐར་ཉེ་བའི་རྒྱུ་ནི་དགུ་པའི་དང་པོས་བསྟན་ཏོ། །ཉེ་བའི་རྒྱུ་ལ་བརྟེན་ཏེ་འབྲས་བུ་འགྲུབ་པ་ནི་བཅུ་པའི་དང་པོས་བསྟན་ཏོ། །ཐབས་ཀྱི་རྒྱུད་དོ། །འབྲས་བུའི་རྒྱུད་དངོས་ནི། དང་པོའི་གསུམ་པའི་སྟོད་དང༌། དང་པོ་དངོས་ཀྱི་སྨད་དང༌། བཅུ་པའི་རབ་ཏུ་བྱེད་པ་གཉིས་པ་དང་གསུམ་པས་བསྟན་ཏོ། །དེ་ལྟར་ན་རྒྱུད་གསུམ་གྱིས་མངོན་པར་རྟོགས་པ་མ་ཚང་བ་མེད་པར་བསྟན་ཏོ། །བདག་གིས་བསྡུས་པའི་དོན་བྱས་པའི། །དགེ་བ་དེས་ནི་བློ་ལྡན་གྱིས། །ཚེགས་མེད་རྟོགས་ཤིང་དམན་པས་ཀྱང༌། །རྒྱུད་དོན་རྟོགས་པའི་གྲོགས་བྱེད་ཤོག །བསྡུས་པའི་དོན་ཡོངས་སུ་རྫོགས་སོ།།  །། ༄༅། །ཊཱི་ཀ་གནད་ཀྱི་གསལ་བྱེད་བཞུགས།། རྗེ་བཙུན་དམ་པའི་ཞབས་པདྨར། །སྤྱི་བོས་རབ་ཏུ་བཏུད་བྱས་ཏེ། །ཡང་དག་སྦྱོར་བའི་ཚིག་དང་དོན། །རྣམ་བཤད་ཅི་ནུས་རྒྱས་པར་བྱ། །ཡང་དག་པར་སྦྱོར་བའི་རྒྱུད་ཆེན་པོ་འདིར་ཨེ་ཝྃ་ཞེས་བྱ་བ་ལ་སོགས་པའི་ཡི་གེ་བཞི་བཅུ་ཐོག་མར་གསུངས་པ་འདི་ནི་གླེང་གཞི་ཕུན་སུམ་ཚོགས་པ་ཞེས་བྱའོ། །འདིས་ཕུན་སུམ་ཚོགས་པ་ལྔ་ཞིག་སྟོན་ཏེ། ཆོས་ཕུན་སུམ་ཚོགས་པ་དང༌། དུས་དང༌། སྟོན་པ་དང༌། གནས་དང༌། འཁོར་ཕུན་སུམ་ཚོགས་པ་རྣམས་སོ། །ལྔ་པོ་དེའང་གླེང་གཞི་གཉིས་སུ་འགྱུར་ཏེ། དོན་གྱི་གླེང་གཞི་དང༌། སྒྲའི་གླེང་གཞིའོ། །དེ་ལ་ཕུན་སུམ་ཚོགས་པ་ལྔའི་དོན་སྔར་བྱུང་བ་དེ་ནི་དོན་གྱི་གླེང་གཞི་ཞེས་བྱའོ། །དེ་ཇི་ལྟར་གླེང་གཞི་ཡིན་ན། ཆོས་རྒྱུད་ཆེན་པོ་འདི་འབྱུང་བའི་རྒྱུར་འགྱུར་བའམ། ཆོས་ཀྱི་གླེང་བའི་གཞིར་གྱུར་པའི་ཕྱིར་གླེང་གཞི་སྟེ། ཕུན་སུམ་ཚོགས་པ་ལྔ་པོ་ལས་གང་ཡང་རུང་བ་གཅིག་ཅི་མ་ཚང་ཡང་ཆོས་ཀྱི་གླེང་བ་མི་འབྱུང་བའི་ཕྱིར་རོ། །དེ་བས་ན་སྔོན་བྱུང་གི་ཕུན་སུམ་ཚོགས་པ་ལྔ་དོན་གྱི་གླེང་གཞིའོ། །གཉིས་པ་སྒྲའི་གླེང་གཞི་ནི། སྔོན་བྱུང་གི་ཕུན་སུམ་ཚོགས་པ་ལྔ་པོ་དེ་སྟོན་པར་བྱེད་པའི་ཨེ་ཝྃ་ཞེས་བྱ་བ་ལ་སོགས་པ་ཡི་གེ་བཞི་བཅུ་སྒྲ་དང་དོན་དུ་བཅས་པ་འདིའོ། །སྒྲའི་གླེང་གཞི་ཇི་ལྟར་ན་གླེང་གཞི་ཡིན་ཞེ་ན། དོན་གྱི་གླེང་གཞི་ཉིད་བསྟན་པའི་ཕྱིར་རམ། ཡང་ན་ནི་དཱ་ན་ཞེས་བྱ་བའི་སྒྲས་ནི་ངེས་པ་སྦྱིན་པ་ཞེས་བྱ་བ་སྟེ། ཕུན་སུམ་ཚོགས་པ་ལྔ་པོ་དེ་ཚང་བ་ལས་ཆོས་བྱུང་བར་གྱུར་ཏོ་ཞེས་མ་འོངས་པའི་སྐྱེ་བོ་ལ་ངེས་པ་བསྐྱེད་པའི་ཕྱིར་གླེང་གཞིའོ། །ཡང་ན་སྒྲ་འདི་དག་གིས་སྡུད་པ་པོས་གླེང་བསླངས་ནས་སྐབས་བཙལ་ཏེ། སྡུད་པར་བྱེད་པའི་ཕྱིར་གླེང་གཞི་ཞེས་བྱའོ། །ཡང་སྒྲའི་གླེང་གཞི་འདི་རྒྱུད་ཀྱི་ཐོག་མར་སྨོས་པའི་དགོས་པ་ནི་མ་འོངས་པའི་སྐྱེ་བོ་རྣམས་ལ་ཐོག་མར་ངེས་པ་བསྐྱེད་ན་རྒྱུད་ལ་འཇུག་པའི་ཡན་ལག་ཏུ་འགྱུར་བ་དང༌། དོན་གྱི་གླེང་གཞི་རྒྱུད་འབྱུང་བའི་སྔོན་རོལ་དུ་ཚང་བས་ན་དེ་དང་རྗེས་སུ་མཐུན་པར་སྒྲའི་གླེང་གཞིའང་འདིའི་སྔོན་རོལ་དུ་བསྟན་པ་དང༌། ཡང་རྒྱུད་མཐའ་དག་གི་དོན་ཕུན་སུམ་ཚོགས་པ་ལྔར་འདུས་པས་ན་རྒྱུད་ཀྱི་ལུས་རྣམ་པར་གཞག་བྱར་བསྟན་པའི་ཕྱིར་ཐོག་མར་བསྟན་པ་ཡིན་ནོ། །གལ་ཏེ་ཡི་གེ་བཞི་བཅུ་པོ་འདི་དག་སྟོན་པའི་བཀའ་ཡིན་ནམ། སྡུད་པ་པོའི་ཚིག་ཡིན། དང་པོ་ནི་མི་རིགས་ཏེ་བདག་གིས་ཐོས་པ་ཞེས་འབྱུང་ན། ཐོས་ནས་སྒྲོགས་པ་ཉིད་ཀྱི་ཕྱིར་སྟོན་པ་ཉན་ཐོས་སུ་འགྱུར་རོ། །གཉིས་པའང་མི་རིགས་ཏེ་སྟོན་པའི་བཀའི་ཐོག་མར་འདི་སྐད་ཐོས་པ་ལ་སོགས་པ་སྡུད་པ་པོའི་རང་དགའི་ཚིག་མི་རིགས་སོ་སྙམ་ན་འདིར་དྲང་བའི་དོན་གྱི་དབང་དུ་བྱས་ན་སྡུད་པ་པོའི་ཚིག་ཡིན་ནོ། །འདི་ལ་སྐྱོན་ཡང་མེད་དོ། །ཆོས་ཡང་དག་པར་སྡུད་པ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ངའི་ཆོས་རྣམས་སྡུད་པར་བྱེད་པ་དེའི་ཚེ། ཐོག་མར་འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་ལ་སོགས་པས་གླེང་སློང་ལ་ཞེས་རྗེས་སུ་གནང་བའི་བཀའ་ཡིན་པས་འདི་ལ་འགལ་བ་ཡོད་པ་མ་ཡིན་ནོ། །དེ་བས་ན་འདིར་སྡུད་པར་བྱེད་པས་ས་བཅུའི་དབང་ཕྱུག་རྡོ་རྗེའི་སྙིང་པོས་བཅོམ་ལྡན་འདས་ལས་མངོན་སུམ་དུ་ཐོས། རྒྱུད་ཀྱི་དོན་མ་ལུས་པ་བློ་ལ་གནས་པར་བྱས་ནས་གདུལ་བྱའི་སྐྱེ་བོ་རྣམས་ལ་བསྟན་པའི་ཕྱིར། རྒྱུད་འབུམ་ཕྲག་སུམ་ཅུ་སོ་དྲུག་གི་དོན་བསྡུས་པ་དཀའ་བ་གཅོད་པའི་རྒྱུད་འདི་སྡུད་པར་བྱེད་པའི་ཚེ་འདི་སྐད་བདག་གིས་ཐོས་པ་ཞེས་ཚིག་གསུམ་གྱིས་གླེང་བསླངས་ནས། དེ་ལྟར་ཐོས་པ་དེ་གང་གི་ཚེ་ཐོས་པའི་དུས་དང༌། གང་ལས་ཐོས་པའི་སྟོན་པ་དང༌། གང་དུ་ཐོས་པའི་གནས་བསྟན་པའི་ཕྱིར་དུས་གཅིག་ན་ཞེས་པ་དང༌། བཅོམ་ལྡན་འདས་ཞེས་བྱ་བ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བསྡུས་པའི་དོན་ཏོ། །ཚིག་གི་དོན་བརྗོད་པར་བྱ་སྟེ། འདི་སྐད་ཅེས་བྱ་བ་ནི་འདི་ཁོ་ན་སྐད་དེ་མང་ཉུང་མེད་པ་སྒྲོ་སྐུར་དང་བྲལ་བ་སྟེ་ཆོས་ཕུན་སུམ་ཚོགས་པའོ། །དེ་སྐད་དུ་དང་པོ་དངོས་ལས། འདི་སྐད་ཅེས་བྱ་བའི་ཚིག་གི་ཕྲད་ནི་དེ་སྐད་ཅེས་གསུངས་ནས་ཞེས་མཐར་ཐུག་པའི་རྒྱུད་ཀྱི་ཚོགས་ལ་སྙེགས་སོ་ཞེས་བརྗོད་དོ་ཞེའོ། །དང་པོའོ། །བདག་གིས་ཐོས་པ་ཞེས་བྱ་བ་ནི། བདག་ཉིད་ཀྱིས་མངོན་སུམ་དུ་སྟོན་པ་ལས་ཐོས་ཀྱིས་གཞན་དང་གཞན་ལས་བརྒྱུད་པ་འགོག་པ་སྟེ་ཉེ་བ་མངོན་སུམ་གྱི་ཚིག་གོ །ཐོས་པ་ཞེས་བྱ་བ་ནི་སྟོན་པ་ལ་བདག་གི་རྣ་བས་ཐོས་པ་ཡིན་གྱི། རང་གི་ཤེས་རབ་ཀྱིས་རྟོགས་ནས་སྟོན་པ་ནི་མ་ཡིན་ཞེས་བྱ་བ་སྟོན་ཏོ། །གལ་ཏེ་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་གསུངས་ཞེས་ཅིའི་ཕྱིར་མི་བརྗོད་སྙམ་ན། བཅོམ་ལྡན་འདས་ཀྱི་གསུང་གཅིག་ཡིན་ཡང་གདུལ་བྱ་རྣམས་ལ་བསམ་གྱིས་མི་ཁྱབ་པར་འགྱུར་ཏེ། རྟོག་པ་མེད་ཅིང་འཁྲུལ་མེད་པ། །ཡིད་འོང་རྡོ་རྗེའི་ཚིག་གཅིག་པུ། །གདུལ་བྱའི་བསམ་པའི་དབང་གིས་ན། །བྱེ་བྲག་མང་པོར་འགྱུར་བ་ཡིན། །ཞེས་དགོངས་པ་ལུང་བསྟན་པ་ལས་གསུངས་སོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་གསུངས་པ་མཐའ་དག་བརྗོད་པར་ག་ལ་ནུས། བདག་གིས་ཐོས་པ་ཙམ་ཞིག་བརྗོད་པར་རིགས་སོ། །འདིས་ནི་སྡུད་པ་པོ་ཕུན་སུམ་ཚོགས་པ་སྟེ་གཉིས་པའོ། །ཡང་དེ་ལྟར་ཐོས་པ་དེ་དུས་གང་གི་ཚེ་ཐོས་སྙམ་པ་ལ། དུས་གཅིག་ན་ཞེས་སྦྱར་ཏེ། དུས་ཞེས་བྱ་བ་ནི་དུས་ཚོད་དེ། སྟོན་པ་སྤྱོད་ལམ་གྱི་དུས་དང༌། སྙོམས་པར་འཇུག་པའི་དུས་དང༌། ནང་དུ་ཡང་དག་འཇོག་པའི་དུས་དང༌། ཆོས་འཆད་པ་ཞེས་བྱ་བ་སྤྱོད་ལམ་བཞི་ལས། གསུང་གི་ཕྲིན་ལས་ཆོས་འཆད་པའི་དུས་ཀྱི་ཚེ་ཞེས་བྱའོ། །དེའང་གཅིག་ན་ཞེས་བྱ་སྟེ། དུས་གཅིག་ཁོ་ནའི་ཚེ་འདི་ཐོས་ཀྱི་གཞན་དུ་ནི་འདི་མ་ཐོས་ཞེས་བྱ་བས་རྙེད་པར་དཀའ་བ་སྟོན་ཏོ། །ཡང་དུས་གཅིག་གི་ཚེ་འདི་ཐོས་ཀྱི་གཞན་དུ་ནི་གཞན་ཡང་ཐོས་ཞེས་བྱ་བ་ཤུགས་ལས་ཤེས་པས་སྡུད་པ་པོ་ཐོས་པ་མང་བར་ཡང་སྟོན་ཏོ། །ཡང་འོག་ནས་གཅིག་ན་ཞེས་བྱ་བ་ནི་སྐད་ཅིག་ལའོ་ཞེས་འབྱུང་བས། སྟོན་པས་སྐད་ཅིག་ལ་གསུངས་ཤིང་སྐད་ཅིག་ལ་ཐུགས་སུ་ཆུད་པས། གཉིས་ཀ་རྣམ་པར་ཐར་པའི་སྒོ་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་སྟོན་ཏོ། །འདིས་ནི་དུས་ཕུན་སུམ་ཚོགས་པ་སྟེ་གསུམ་པའོ། །ཡང་སྟོན་པ་གང་ལས་ཐོས་སྙམ་པ་ལ་བཅོམ་ལྡན་འདས་ཞེས་བྱ་བ་སྨོས་སོ། །དེ་ལ་བཅོམ་པ་དང་ལྡན་པ་འདི་གཉིས་གང་ལ་ཡོད་པ་དེ་ནི་བཅོམ་ལྡན་ནོ། །དེ་ཡང་བྷ་ག་བཱན་ཛ་ན་ཞེས་བྱ་བའི་སྒྲས་བཅོམ་པ་ལ་བྱ་སྟེ། ཐོག་མར་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་མཐའ་དག་སྤངས་པ་ནི་ཉོན་མོངས་པའི་བདུད་བཅོམ་པའོ། །དེ་ལྟར་ཉོན་མོངས་པ་མེད་པས་གང་གིས་ཀྱང་བར་དུ་གཅོད་པར་མི་ནུས་པར་ལྷའི་བུའི་བདུད་བཅོམ་པའོ། །བར་ཆད་མེད་པས་ཚེ་ལ་དབང་ཐོབ་པས་འཆི་བདག་གི་བདུད་བཅོམ་པའོ། །འཆི་བ་མེད་པས་ཉིང་མཚམས་མི་སྦྱོར་བས་ཕུང་པོའི་བདུད་བཅོམ་པའོ། །དེ་ལྟར་བདུད་བཞི་བཅོམ་པས་ན་བཅོམ་པའོ། །དེ་ལྟར་ཡང་རྡོ་རྗེ་རྩེ་མོ་ལས། ཇི་ལྟར་ལས་དང་དེ་བཞིན་སྐྱེ། །ཉོན་མོངས་ཤེས་བྱའི་སྒྲིབ་དེ་བཞིན། །མི་མཐུན་ཕྱོགས་ཀྱི་ཆོས་རྣམས་གང༌། །དེ་བཅོམ་པས་ན་བཅོམ་ལྡན་བརྗོད། །ཅེས་སོ། །ཡང་བྷ་ག་ཨྃ་ས་ཞེས་བྱ་བའི་སྒྲས་དྲངས་ན་ལྡན་པར་འགྱུར་ཏེ། དེ་ནི་དབང་ཕྱུག་ལ་སོགས་པའི་ཡོན་ཏན་དྲུག་དང་ལྡན་པའོ། །འདི་ལྟར་དབང་ཕྱུག་ཕུན་སུམ་ཚོགས་པ་ནི། སྟོན་པ་འདི་ལ་འཇིག་རྟེན་ན་ལྷ་དང་བདུད་དང་ཚངས་པ་ལ་སོགས་པ་གང་གིས་ཀྱང་ཆོས་དང་མཐུན་པར་རྒོལ་བ་མེད་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་ནོ། །གཟུགས་བཟང་བ་ནི་བ་སྤུའི་ཁུང་བུ་གཅིག་ལ་བསྐལ་པར་བལྟས་ཀྱང་ཆོག་མི་ཤེས་པ་སྟེ་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་ནོ། །གྲགས་པ་ནི་གདུལ་བྱ་གང་ན་གནས་པ་དེ་དག་གི་ཡིད་ཚིམ་པར་མཛད་པ་སྟེ། བདག་ཅག་ལྷ་རྣམས་ཀྱི་སྟོན་པ་ཞེས་བྱ་བ་ལ་སོགས་པ་ལྟ་བུ་སྟེ་ཚུལ་ཁྲིམས་མཐར་ཕྱིན་པའི་ཡོན་ཏན་ནོ། །དཔལ་ནི་ཞིང་ཁམས་དང་འཁོར་གྱི་ཚད་གཟུང་བར་མི་ནུས་པ་སྟེ། སྦྱིན་པ་མཐར་ཕྱིན་པའི་ཡོན་ཏན་ནོ། །ཡེ་ཤེས་ནི་སྐད་ཅིག་གཅིག་གིས་ཁོང་དུ་ཤེས་བྱའི་དཀྱིལ་འཁོར་མཐའ་དག་གི་ཇི་ལྟ་བ་དང༌། ཇི་སྙེད་པ་མཁྱེན་པ་སྟེ་བསམ་གཏན་མཐར་ཕྱིན་པའི་ཡོན་ཏན་ནོ། །བརྩོན་འགྲུས་ཕུན་སུམ་ཚོགས་པ་ནི་སྐད་ཅིག་མ་གཅིག་ལ་གདུལ་བྱ་ནམ་མཁའི་མཐས་ཁྱབ་པ་ཐམས་ཅད་ཀྱི་སྐལ་པ་དང་འཚམ་པར་དོན་མཛད་པ་སྟེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐར་ཐུག་པའི་ཡོན་ཏན་ནོ། །དེ་ལྟར་དབང་ཕྱུག་དྲུག་ལ་ལྡན་པར་ཡང་གསུངས་པ། དབང་ཕྱུག་དང་ནི་གཟུགས་བཟང་དང༌། །དཔལ་དང་གྲགས་དང་ཡེ་ཤེས་དང༌། །བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ། །དྲུག་པོ་རྣམས་ལ་ལྡན་ཞེས་བྱ། །ཞེའོ། །དེ་ལྟར་ན་བཅོམ་ལྡན་ནོ། །འདས་ཞེས་བྱ་བའི་སྒྲ་ནི་འཇིག་རྟེན་གྱི་ལེགས་ལྡན་ལས་ཁྱད་པར་དུ་འདས་པར་བྱ་བའི་ཕྱིར་བོད་ཀྱི་རྒྱལ་པོས་བླ་ཐབས་སུ་བསྣན་པའོ། །དེ་ལྟ་བུའི་བཅོམ་ལྡན་འདས་སྟོན་པ་འདི་ནི་རྡོ་རྗེ་འཆང་ཆེན་པོ་ལོངས་སྤྱོད་རྫོགས་པའི་སྐུའོ། །དེའང་རྣམ་པ་ཞལ་གསུམ་པ་ཕྱག་དྲུག་པའི་སྐུར་བསྟན་ནས་གསུངས་སོ། །དེ་ལྟར་ཡིན་པར་ཅིས་ཤེས་ན་སྔོན་བྱུང་གི་རྣམ་པར་འཕྲུལ་པར་གང་བསྟན་པ་དེ་ནི་རྗེས་འཇུག་གི་མངོན་པར་རྟོག་པ་ལ་ཡང་དེ་གཙོར་སྟོན་ཏོ། །དེ་བས་ན་རྒྱུད་འདིར་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གཙོ་བོ་ཡིན་ཏེ། དེ་ནས་དཀྱིལ་འཁོར་ཆེན་པོ་མཆོག །ཡང་དག་རབ་ཏུ་བཤད་པར་བྱ། །ཞེས་པ་དང༌། སྔོན་བྱུང་གི་རྣམ་འཕྲུལ་དེ་ལྟ་བུ་ཡིན་པར་ཡང་རྡོ་རྗེ་དབྱིངས་དང་འདྲ་བས་ན། རྡོ་རྗེ་དབྱིངས་ཞེས་བྱ་བར་བརྗོད་ཅེས་འཆད་པ་དང༌། རྒྱུད་ཕྱི་མ་ལས་ཀྱང་གཙོར་བསྟན་ཏོ། །དེ་བས་ན་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་གཙོ་བོ་ནི་མི་བསྐྱོད་པའི་ས་མནན་པའི་རྡོ་རྗེ་སེམས་དཔའ་ཞལ་གསུམ་ཕྱག་དྲུག་པའོ། །སྟོན་པ་ཕུན་སུམ་ཚོགས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་ཞེས་བྱ་བ་འདི་རྣམས་ནི་སྟོན་པའི་ཆོས་ཡིན་པར་བླ་མ་དག་གསུང་ལ་རྣམ་བཤད་བྱེད་པ་ཕལ་ཆེར་གྱིས་ནི་གནས་ཀྱི་ཁྱད་པར་དུ་འཆད་དོ། །དེ་ལ་སྟོན་པའི་ཁྱད་པར་དུ་སྦྱར་ན་དེ་བཞིན་གཤེགས་པ་ནི་ཆོས་ཀྱི་སྐུ་དེ་བཞིན་ཉིད་དུ་གཤེགས་པ་དང་གཟུགས་ཀྱི་སྐུ་དེ་བཞིན་ཉིད་ལས་གཤེགས་པའི་ཕྱིར་རོ། །ཐམས་ཅད་ནི་མ་ལུས་པ་སྟེ། རྣམ་པར་སྣང་མཛད་ལ་སོགས་པའི་དབྱེ་བ་བསམ་གྱིས་མི་ཁྱབ་པ་གཟུང་ངོ༌། །དེ་དག་གི་སྐུ་དང་གསུང་དང་ཐུགས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་བསྡུ་བ་གསང་བ་འདི་གསུམ་དུ་བསྡུ་བའི་ཕྱིར་རོ། །ཡང་ན་སྐུ་ནི་མཚན་དཔེ་འབར་བའོ། །གསུང་ནི་དབྱངས་ཀྱི་ཡན་ལག་དྲུག་ཅུའོ། །ཐུགས་ནི་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའོ། །དེ་རྣམས་ཀྱི་སྙིང་པོ་ནི་དེ་རྣམས་ལས་མཆོག་ཏུ་གྱུར་པའི་དེ་རྣམས་ཉིད་མི་ཕྱེད་ཅིང་དེ་རྣམས་ཀྱི་འབྱུང་ཁུངས་སུ་གྱུར་པའི་ཕྱིར་རྡོ་རྗེ་འཆང་ཆེན་པོ་ཉིད་ལ་བྱའོ། །དེ་དག་གནས་ལྟར་བཤད་ན་བཅོམ་ལྡན་འདས་དེ་གང་ན་བཞུགས་སྙམ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོར་གྱུར་པ་རྡོ་རྗེའི་ངོ་བོ་ཉིད་བཙུན་མོའི་བྷ་ག་དེ་ལ་བཞུགས་ཞེས་བྱའོ། །དེ་ལ་སྙིང་པོ་ནི་སྐུ་གསུང་ཐུགས་ཀྱི་འབྱུང་གནས་སུ་གྱུར་པའམ་བཅུད་དེ་ཆོས་ཀྱི་དབྱིངས་ཏེ། དེ་མཚོན་པར་བྱེད་པའི་བརྡར་ལོངས་སྤྱོད་རྫོགས་པའི་སྐུའི་བཞུགས་གནས་གྲུ་གསུམ་པ་སྟེ། རིག་མའི་སྐྱེས་བུ་རྡོ་རྗེ་ཅན། །ལོངས་སྤྱོད་བཞི་དང་ཡང་དག་ལྡན། །སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །གྲུ་གསུམ་རྣམས་སུ་བསྒོམ་པར་བྱ། །ཞེས་འདུས་པའི་རྒྱུད་ཕྱི་མ་ལས་སོ། །དེ་ཉིད་རྡོ་རྗེ་དང་འདྲ་བས་རྡོ་རྗེ་སྟེ། རྡོ་རྗེ་གང་གིས་ཀྱང་མི་ཕྱེད་པ་ལྟར་གྲུ་གསུམ་པ་དེ་ཉིད་ཀྱང་ནམ་མཁའི་རང་བཞིན་ཡིན་པས་སོ། །དེ་ཉིད་བཙུན་མོའི་སྟེ་སངས་རྒྱས་ཐམས་ཅད་ཀྱིས་བསྟེན་པར་བྱ་བའོ། །བྷ་ག་ནི་དེ་ཉིད་ལོངས་སྤྱོད་པར་བྱ་བའི་ཕྱིར་ཏེ། གང་ལ་གཙོ་བོ་སྤྱོད་གྱུར་པའི། །ཁྱིམ་ནི་བྷ་ག་ཞེས་སུ་གསུངས། །ཞེས་འཆད་པར་འགྱུར་རོ། །ཡང་ན་སྙིང་པོ་དེ་གང་ཡིན་ཞེ་ན། རྡོ་རྗེ་བཙུན་མོའི་བྷ་གའོ། །དེ་ལ་རྡོ་རྗེ་ནི་རིགས་ལྔའོ། །དེའི་བཙུན་མོ་ནི་སྤྱན་ལ་སོགས་པའོ། །དེའི་བྷ་ག་ནི་དེ་དག་གི་ཉེར་གནས་ཏེ། དེར་རྣམ་རྟོག་འཇོམས་པས་བྷ་གའོ། །དེ་བས་ན་སྙིང་པོ་དེ་བྷ་གའི་དབྱིབས་སུ་གནས་ཞེས་བྱ་བའི་དོན་ཏོ། །དེ་བས་ན་སྐུ་གསུང་ཐུགས་སྙིང་པོའི་ཕྱིར་གྲུ་གསུམ་ཟུར་བཞི་པའོ། །ས་དང་པོ་ལ་སོགས་པའི་ཡོན་ཏན་གོང་ནས་གོང་དུ་ཡངས་པས་གདེངས་ཁ་གྱེན་ལ་ཕྱོགས་པའོ། །ཐབས་ཤེས་རབ་ཟུང་དུ་ཆུད་པས་ཕྱི་དཀར་ལ་ནང་དམར་བའོ། །དེ་ལྟ་བུའི་ཆོས་འབྱུང་གི་ནང་ན་གཞལ་ཡས་ཁང་གི་ནང་ན་བཞུགས་ཞེས་བྱའོ། །གལ་ཏེ་གཞལ་ཡས་ཁང་གི་ནང་ན་བཞུགས་པ་ཅིས་ཤེས། བརྟག་པ་གསུམ་པ་དངོས་ལས། རྡོ་རྗེ་དབྱིངས་དང་འདྲ་བས་ན། །ཞེས་བྱ་བ་དང༌། གྲུ་བཞིར་བགྱི་ཞིང་སྒོ་བཞི་དང༌། །ཞེས་བྱ་བ་ལ་སོགས་པ་འབྱུང་བས། སྔོན་བྱུང་བཞིན་རྗེས་འཇུག་ཀྱང་བསྒོམས་པས་ན་ཚུལ་འདིས་ཤེས་པར་འགྱུར་རོ། །ཡང་འདིར་མ་སྨོས་ཀྱང་ཤེས་པའི་ཚུལ་གཞན་ཡང་ཡོད་དེ། རྒྱལ་པོ་ཡུལ་འཁོར་ན་བཞུགས་ཞེས་བརྗོད་ཀྱང་ཁང་བཟངས་ན་བཞུགས་པར་ཤུགས་ལ་ཤེས་པ་བཞིན་ནོ་ཞེས་སྔོན་གྱི་སློབ་དཔོན་དག་གསུངས་སོ། །གལ་ཏེ་རྣལ་འབྱོར་གྱི་རྒྱུད་ལ་སོགས་པ་ནས་འབྱུང་བ་ལྟར་གཞལ་ཡས་ཁང་མི་སྨོས་པར་བཙུན་མོའི་བྷ་ག་སྨོས་པ་ཅི་ཡིན་སྙམ་ན། བདེན་མོད་འདོད་ཆགས་ཅན་རྗེས་སུ་གཟུང་བའི་ཕྱིར་ཏེ། བྷ་ག་བཅོམ་ལྡན་སངས་རྒྱས་ཏེ། །དེས་ནི་འདོད་ཆགས་སུན་མི་དབྱུང༌། །གཞན་ནི་དམ་ཚིག་གསུམ་པོ་རྣམས། །འདི་ཉིད་ཀྱི་ནི་ནང་དུ་འདུས། །ཞེས་གཉིས་མེད་མཉམ་པའི་རྒྱུད་ལས་གསུངས་པ་ལྟ་བུའོ། །དེའང་དེ་ལྟ་བུའི་གནས་ནས་འཕོ་བ་མེད་པར་བཞུགས་སོ་ཞེས་བྱ་སྟེ། གནས་ཕུན་སུམ་ཚོགས་པ་བསྟན་ཏོ། །འཁོར་ཕུན་སུམ་ཚོགས་པ་གང་གིས་བསྟན་སྙམ་ན། བདག་གིས་ཞེས་བྱ་བའི་ཤུགས་ལ་ཤེས་ཏེ། དེ་བཞིན་གཤེགས་པའི་འཁོར་ནི་ཏིལ་གྱི་གང་བུ་ཙམ་རྣལ་འབྱོར་གྱི་དབང་ཕྱུག་བྱེ་བ་ཕྲག་བརྒྱད་ཅུ། རྣལ་འབྱོར་མ་རི་རབ་ཀྱི་རྡུལ་ཕྲ་རབ་དང་མཉམ་པ་རྒྱུད་ཡོངས་སུ་དག་པ་ལྷ་དང་མིའི་འཁོར་ཚད་མེད་པ་དང་བཅས་པའི་ནང་དུ་ཐོས་སོ་ཞེས་བྱའོ། །འཁོར་གྱི་གྲངས་དེ་རྣམས་གང་ལས་ཤེས་ན། མཚན་གྱི་སྐབས་ན་རྣལ་འབྱོར་གྱི་དབང་ཕྱུག་བྱེ་བ་ཕྲག་བརྒྱད་ཅུ་ཞེས་པ་དང༌། བརྟག་པ་དྲུག་པར་བདག་མེད་མ་ལ་སོགས་པ་རི་རབ་ཀྱི་རྡུལ་ཕྲ་རབ་དང་མཉམ་པ་ཞེས་བྱ་བ་དང༌། མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་ཞེས་བྱ་བ་དང༌། རྗེས་སུ་ཡི་རང་བའི་མདོས་ཤེས་པར་འགྱུར་རོ། །གལ་ཏེ་འཁོར་རྒྱས་པ་རྒྱུད་གཞན་ནས་འབྱུང་བ་ལྟར་མི་སྨོས་པ་ཅི་ཞེ་ན། དེ་ནི་རྩ་བའི་རྒྱུད་རྒྱས་པ་གཞན་དུ་སྨོས་ལ་འདི་ནི་ཕྱི་མའི་རྒྱུད་དཀའ་བ་གཅོད་པ་ཡིན་པས་མ་སྨོས་སོ། །འཁོར་ཕུན་སུམ་ཚོགས་པ་སྟེ་ལྔ་པའོ། །དེ་ལྟར་ན་ཆོས་ཕུན་སུམ་ཚོགས་པ་རྒྱུད་ཀྱི་རྒྱལ་པོ་འདི་སྟོན་པ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ལས། གནས་བཙུན་མོའི་བྷ་གར། དུས་གཅིག་གི་ཚེ་ན། འཁོར་འདི་རྣམས་ཀྱི་དབུས་སུ་བདག་གིས་ཐོས་ཞེས་བྱ་བའི་དོན་ཏོ། །དེ་ལྟར་མ་འོངས་པ་རྣམས་ལ་ངེས་པ་སྐྱེད་པར་བྱེད་པ་ནི་གླེང་གཞིའོ། །དེ་དག་གིས་ནི་གླེང་གཞིའི་ཚིག་ཡན་ལག་གི་དོན་དང་ཡི་གེའི་དོན་གྱི་སྒོ་ནས་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་སྤྱིའི་དོན་དུ་བཤད་པ་སྟེ། ཡི་གེ་ཐད་སོའི་དོན་ཏེ་དྲང་དོན་གྱི་བཤད་པའོ། །ཡང་དག་པར་ངེས་པའི་དོན་དུ་ན་གླེང་གཞི་ཡི་གེ་བཞི་ཅུ་པོ་དེའང་སྡུད་པར་བྱེད་པས། སྨྲས་པ་མ་ཡིན་གྱི་རྡོ་རྗེ་འཆང་ཆེན་པོ་ཉིད་ཀྱི་ཞལ་ནས་གསུངས་སོ། །དེ་ལྟ་མ་ཡིན་ན་དང་པོ་དངོས་སུ་གླེང་གཞིའི་བཤད་པ་བྱས་པ་ཇི་ལྟར་བཤད་པར་བྱ། གཞན་ཡང་རྒྱུད་སྡེ་མང་པོར་གླེང་གཞི་བཤད་པ་དེ་འགྲིག་པར་ག་ལ་འགྱུར། དེ་བས་ན་དཔལ་གསང་བ་གྲུབ་པ་ལས། འདི་སྐད་ཐོས་པའི་ཚིག་གང་དང༌། །བཞུགས་ཞེས་བྱ་བའི་ཚིག་གནས་པ། །ཐུགས་ཀྱི་རྡོ་རྗེའི་བདག་ཉིད་ཀྱིས། །སངས་རྒྱས་ཀུན་ལ་བསྟན་པ་ཡིན། །ཞེས་ལེགས་པར་གསུངས་སོ། །འོ་ན་ཐོས་པ་ཞེས་འབྱུང་བས་སྟོན་པ་ཐོས་སྒྲོགས་སུ་མི་འགྱུར་རམ་ཞེ་ན། ཐོས་པ་ཞེས་བྱ་བ་ནི་རྟོགས་པ་ལ་སོགས་པ་དོན་དུ་མ་ལ་འཇུག་པ་ཡིན་ན་རྣ་བས་ཐོས་པ་ཁོ་ན་ལ་ཇི་ལྟར་སྦྱར། གལ་ཏེ་དེ་ལྟར་ན་ཕུན་སུམ་ཚོགས་པ་ལྔའི་གླེང་གཞི་མ་ཡིན་པར་འགྱུར་སྙམ་ན་མི་འགྱུར་ཏེ། གླེང་གཞི་ཞེས་བྱ་བ་ནི་ཆོས་འབྱུང་བའི་རྒྱུ་ཡིན་ན། དེ་ནི་སྟོན་པའི་བཀའ་ཁོ་ན་ལ་ཡོད་དེ། དེ་ནི་རྟོགས་པའི་ཆོས་ཐམས་ཅད་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་བས་ན་འདིར་རྒྱུད་ཀྱི་ལུས་རྣམ་པར་གཞག་པའི་དབང་དུ་བྱས་ནས་ངག་ཐོག་མར་བསྟན་ཏོ། །དེ་ལ་རེ་ཞིག་བསྐྱེད་པའི་རིམ་པ་ལྟར་བཤད་ན་འདི་སྐད་ཅེས་པས་ནི་མངོན་པར་རྟོགས་པ་མ་ཚང་བ་མེད་པ་སྟེ། སྔོན་དུ་འགྲོ་བ་ཚོགས་བསགས་པ་དང༌། དངོས་གཞི་ཏིང་ངེ་འཛིན་གསུམ་རྫོགས་པར་བྱེད་པ་དང་བཅས་པ་མ་ལུས་པར་བསྟན་ཏོ། །ཐོས་པ་ནི་བསོད་ནམས་ཀྱི་ཚོགས་སོ། །དུས་གཅིག་ནི་ཡེ་ཤེས་ཀྱི་ཚོགས་སོ། །དེར་རྡོ་རྗེ་བཙུན་མོའི་བྷ་ག་ནི་ཆོས་འབྱུང་བསྒོམ་པ་སྟེ། དེའི་སྔོན་དུ་སྲུང་འཁོར་བསྒོམ་པ་དང༌། གཞལ་ཡས་ཁང་བསྐྱེད་པ་དང་བཅས་པའོ། །དེར་སྐྱེད་ཆོག་གི་རིམ་པས་གཙོ་བོ་བསྐྱེད་པ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ནི། སྐུའི་རིགས་ཀྱི་ལྷ་རྣམས་སོ། །གསུང་ནི་གསུང་གི་རིགས་རྣམས་སོ། །ཐུགས་ནི་ཐུགས་ཀྱི་རིགས་རྣམས་སོ། །སྙིང་པོ་ནི་རྡོ་རྗེ་འཆང་གི་རིགས་རྣམས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི། རིགས་ལྔས་བསྡུས་པའི་ལྷ་རྣམས་སོ། །དེར་འཁོར་བསྐྱེད་པ་ནི་བདག་གི་ཞེས་བྱ་བས་བསྟན་ཏོ། །ཡེ་ཤེས་པ་གཞུག་པ་དང༌། བྱིན་གྱིས་བརླབ་པ་དང༌། དབང་བསྐུར་བ་དང༌། ཡན་ལག་རྫོགས་བྱེད་མཐའ་དག་ནི་འདི་སྐད་ཅེས་བྱ་བའི་ཤུགས་ལ་ཤེས་སོ། །དེ་ལྟར་ན། ཚོགས་གཉིས་སྔོན་དུ་སོང་བའི་དུས་སུ་གནས་སྲུང་འཁོར་གྱི་ནང་གི་གཞལ་ཡས་ཁང་དུ། སྟོན་པ་མཆོག་བསྒྲུབ་པའི་དཀྱིལ་འཁོར་བཅུ་གཉིས་ཀྱི་གཙོ་བོ་རྣམས་ལ་འཁོར་དེ་དག་གི་འཁོར་གྱི་དབུས་སུ། ཆོས་བསྐྱེད་པའི་རིམ་པ་ཡན་ལག་དང་བཅས་པ་བསྟན་ཏོ། །ཞེས་བྱའོ། །འདིས་ནི་འོག་ནས་ཀྱི་བུམ་པའི་དབང་འཁོར་དང་བཅས་པ་དང༌། བསྐྱེད་པའི་རིམ་པ་དང༌། དེའི་ཡན་ལག་བཟླས་པ་དང༌། གཏོར་མ་དང༌། རབ་གནས་དང༌། སྦྱིན་སྲེག་དང༌། དམ་ཚིག་དང༌། ལས་ཀྱི་ཚོགས་སུ་བཅས་པ་མཐའ་དག་གི་ལུས་རྣམ་པར་གཞག་པར་འགྱུར་རོ། །གླེང་གཞིའི་ཚིག་ལ་མན་ངག་གི་དོན་གྱི་བཤད་པའི་སྒོ་ནས་བསྐྱེད་པའི་རིམ་པ་སྤྱིའི་དོན་དུ་བཤད་པའོ། །གཞན་ཡང་གླེང་གཞིའི་ཚིག་རང་བྱིན་གྱིས་བརླབ་པའི་སྦས་པ་ལྟར་བཤད་ན། ཨེ་བྃ་མ་ཡ་ཡི་གེ་བཞིས་དབྱིབས་མཐུན་པའི་སྒོ་ནས་རྟེན་འཁོར་ལོ་བཞི་བཤད་དེ། ཨེ་སྤྲུལ་པའི་འཁོར་ལོ་སྟེ་རྩ་མདུད་གྲུ་གསུམ་པའི་ཕྱིར་རོ། །བྃ་ནི་སྙིང་ག་ཆོས་ཀྱི་འཁོར་ལོ་སྙིང་དང་འདྲ་བས་སོ། །མ་ནི་མགྲིན་པ་ལོངས་སྤྱོད་དེ་མའི་མིག་དང་འདྲ་བས་སོ། །ཡ་ནི་སྤྱི་བོ་བདེ་ཆེན་ཏེ་ཐོད་པ་ཡའི་དབྱིབས་འདྲ་བས་སོ། །འདི་དག་ལ་ཆོས་བཅུ་བཅུ་སྟེ་འོག་ནས་འཆད་དོ། །ཡང་སྐུ་དང་གསུང་དང་ཐུགས་ནི་འཁོར་ལོ་བཞི་པོ་ཉིད་ལའང་སྦྱར་ན། ཡང་སྐུ་ནི་ར་ས་ནཱའོ། །གསུང་ནི་ལ་ལ་ནཱའོ། །ཐུགས་ནི་ཨ་བ་དྷཱུ་ཏཱིའོ། །སྙིང་པོ་ནི་ལྟེ་བའི་ཨའོ། །དེ་ཉིད་ཞུ་བ་དང་བདེ་བ་ཐམས་ཅད་ཀྱིས་བསྟེན་པར་བྱ་བས་ན་བཙུན་མོའོ། །བྷ་ག་ནི་སྣ་ཚོགས་མདུད་པ་གྲུ་གསུམ་མོ། །དེ་ལྟར་འཁོར་ལོ་བཞི་རྩ་གསུམ་དང་བཅས་པའོ། །དེ་ནས་གཞང་ཁའི་རླུང་དང་སུམ་མདོའི་མེ་གསལ་བར་བྱས་ལ། བླ་མའི་མན་ངག་གིས་ཡི་གེ་བཀོད་དེ། དེར་རླུང་གིས་མེ་སྦར་ཏེ་དེས་ཨྃ་འབར་ནས། དེའི་མེ་རོ་མ་ནས་སོང་ནས་རང་གི་འཁོར་ལོ་བཞི་བསྲེགས་ཏེ། སྣ་བུག་ནས་འཐོན་ནས། ཏ་ཐཱའི་འཁོར་ལོ་བཞི་བསྲེགས་པའི་བར་ནི་སྡུག་བསྔལ་གྱི་དུས་སོ། །དེ་ནས་དེ་བཞིན་གཤེགས་པའི་བདུད་རྩི་ཁྱེར་ཏེ་འོངས་པ་སྣ་བུག་གཡོན་ནས་ཞུགས་ཏེ། རྐྱང་མ་ནས་འོངས་ནས་ལྟེ་བར་སླེབ་བའི་བར་ནི་བདེ་བའི་དུས་སོ། །དེ་ནས་དབུ་མ་ནས་འབར་ཏེ་ཧྃ་ལ་ཕོག་པས་ཧྃ་ལས་བྱང་སེམས་འཛག་པ་ནི་སྲུ་སྟེ་སྲ་བ་དྷཱ་ཏུའོ། །དེར་འབར་འཛག་རྩེ་སྤྲད་པའི་ཚེ་བདེ་ཆེན་རྒྱས་པ་ནི་ཏ་བིསྟཱ་རའོ། །དེ་རྣམས་ནི་བསམ་གྱིས་མི་ཁྱབ་པའི་དུས་སོ། །གཅིག་ནི་རྣམ་རྟོག་གི་ཟླ་མེད་པས་སོ། །དུས་དེར་རང་བྱུང་གི་ཡེ་ཤེས་ཐོབ་པ་ནི་བཅོམ་ལྡན་ཏེ་རྣམ་རྟོག་བཅོམ་ཞིང་བདེ་ཆེན་དང་ལྡན་པའོ། །ལྟེ་བར་ཡང་ནས་ཡང་དུ་བྱོན་ཅིང་གཤེགས་པས་ཏ་ཐཱ་ག་ཏའོ། །ཐམས་ཅད་ནི་ལུས་ཐམས་ཅད་ཀྱི་དྭངས་མའོ། །སྐུ་ཞུ་བ་གསུང་བདེ་བ་ཐུགས་མི་རྟོག་པ་སྙིང་པོ་རང་རིག་པའོ། །རྡོ་རྗེ་ནི་རྟོག་པས་མི་ཕྱེད་པའོ། །བཙུན་མོ་ནི་བདེ་བ་བསྐྱེད་པའི་ཕྱིར་རོ། །བྷ་ག་ནི་རྣམ་པར་རྟོག་པ་བཅོམ་པའོ། །བཞུགས་སོ་ཞེས་བྱ་བ་ནི་སྟོན་པ་རང་བྱུང་གི་ཡེ་ཤེས་ཆོས་བཞི་ལྡན་སྟེ་གནས་རྩ་དང་འཁོར་ལོ་ལས་ཁྱད་པར་དུ་ལྟེ་བར། འཁོར་ཁམས་དྭངས་མས་བསྐོར་ཏེ་བསམ་གྱིས་མི་ཁྱབ་པའི་དུས་སུ་ཆོས་རང་བྱིན་གྱིས་བརླབ་པའི་ཆོས་གསུངས་པས་བཞུགས་སོ་ཞེས་བྱ་སྟེ། མདོར་ན་རང་བྱིན་བརླབ་སྔོན་འགྲོ་གསང་བའི་དབང་དང་དེའི་ཡན་ལག་རླུང་དང་རྡོ་རྗེ་ལུས་ཀྱི་གནས་ལུགས་གཏན་ལ་དབབ་པ་དང་བཅས་པའི་ལུས་རྣམ་པར་གཞག་པའོ། །གླེང་གཞིའི་ཚིག་འཆར་ལུགས་གསུམ་ཀའི་སྒོ་ནས་རང་བྱིན་རླབས་ཀྱི་སྦས་པ་ལྟར་བཤད་པའོ། །གཞན་ཡང་རྡོ་རྗེའི་ཚིག་དེ་དཀྱིལ་འཁོར་འཁོར་ལོའི་སྦས་པ་ལྟར་བཤད་ན། ཨེས་ནི་ཤེས་རབ་ལྷར་བསྐྱེད་པ་དང་དེའི་བྷ་ག་པདྨར་བསྐྱེད་པའོ། །མཛེས་པའི་སྤྱི་བོ་ནི་བྃ་མོ། །ཡང་བྃ་ནི་ཐབས་ལྷར་བསྐྱེད་པ་དང་དེའི་རྡོ་རྗེ་ཧཱུྃ་ལས་བསྐྱེད་པའོ། །འདོམས་གྲུ་གསུམ་ནི་ཨེའོ། །མ་ནི་མ་ཧཱ་རཀྟ་སྟེ། འདོད་ཆགས་ཆེན་པོ་དགའ་བ་བཞིའི་རིམ་པར་བྱས་པའོ། །ཡ་ནི་བཱ་ཡུ་སྟེ་དལ་བར་རྒྱུ་བའི་རླུང་གིས་བྱང་ཆུབ་སེམས་དབང་གི་གནས་སུ་མངོན་དུ་བྱེད་པའོ། །བསྲུབས་པ་ལས་བྱང་སེམས་འཛག་པ་ནི་སྲུ་སྲ་བ་དྷཱ་ཏུའོ། །དེ་ལས་བདེ་བ་རྒྱས་པ་ནི་ཏ་བིསྟཱ་རའོ། །དུས་ནི་དགའ་བ་དང་མཆོག་དགའ་སྟེ་བདེ་བའི་དུས། དགའ་བྲལ་སྡུག་བསྔལ་གྱི་དུས། མཚན་བྲལ་བསམ་གྱིས་མི་ཁྱབ་པའི་དུས་སོ། །གཅིག་ནི་རྣམ་རྟོག་གི་ཟླ་མེད་པའོ། །བཅོམ་ལྡན་ནི་ཞུ་བདེ་ལྷན་སྐྱེས་ཡེ་ཤེས་ཆོས་བཞི་ལྡན་སྟེ། བཅོམ་པ་ནི་རྣམ་རྟོག་བཅོམ་པའོ། །ལྡན་པ་ནི་བདེ་ཆེན་གྱི་སྐལ་ལྡན་ནོ། །དབང་གི་གནས་སུ་བྱོན་ཞིང་གཤེགས་པས་ན་ཏ་ཐཱ་ག་ཏའོ། །ཐམས་ཅད་ནི་ལུས་ཀུན་གྱི་དྭངས་མའོ། །སྐུ་གསུང་ཐུགས་སྙིང་པོ་ནི་ཞུ་བདེ་མི་རྟོག་པ་རང་རིག་པ་གསལ་བའོ། །རྡོ་རྗེ་ནི་རིགས་ལྔའི་བསྒྲུབ་པའོ། །དེས་བསྟེན་པར་བྱ་བ་ཡིན་པས་ན་བཙུན་མོ་སྟེ་བྲམ་ཟེ་མོ་ལ་སོགས་པ་སྤྱན་ལ་སོགས་པར་བསྐྱེད་པའོ། །དེའི་བྷ་ག་ནི་དེའི་ཉེར་གནས་ཏེ་ལོངས་སྤྱོད་པར་བྱ་བའི་ཕྱིར་བྷ་ག་སྟེ། འོག་ནས་གང་ལ་གཙོ་བོ་སྤྱོད་གྱུར་པའི། །ཁྱིམ་ནི་བྷ་ག་ཞེས་སུ་བཤད། །ཅེས་འབྱུང་ངོ༌། །ཡང་ན་དེ་རྟོག་པ་མེད་པ་བསྐྱེད་པས་བྷ་གའོ། །དེ་ལྟ་བུའི་གནས་ན་སྟོན་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཆོས་བཞི་ལྡན་དུ་བཞུགས་ཏེ། དུས་བསམ་གྱིས་མི་ཁྱབ་པའི་དུས་སུ་འཁོར་བདུད་རྩི་དང་འབྱུང་བ་དང་དབང་པོའི་དྭངས་མས་བསྐོར་ནས་ཆོས་དཀྱིལ་འཁོར་གྱི་འཁོར་ལོའི་ཐབས་ཀྱི་ཆོས་གསུང་ཞེས་བྱ་སྟེ། མདོར་ན་ཕྱག་རྒྱའི་རྣལ་འབྱོར་ཡེ་ཤེས་དང་བཅས་པ་མཐའ་དག་དང༌། སྔོན་དུ་འགྲོ་བ་དབང་གསུམ་པ་དང་བཅས་པ་དང༌། དེའི་ལམ་གྱི་ཡན་ལག་ཏུ་གྱུར་པ་མཐའ་དག་གི་ལུས་རྣམ་པར་གཞག་པའོ། །དེས་ནི་གླེང་གཞི་ལ་འཆད་ལུགས་ཀྱི་མན་ངག་གསུམ་གྱིས་དཀྱིལ་འཁོར་གྱི་ཐབས་ཀྱི་སྦས་པ་ལྟར་བཤད་པའོ། །དེ་ལྟར་ན་ཡན་ལག་དང་ཡི་གེ་དང་མན་ངག་གི་བཤད་པ་དང་གསུམ་གྱི་སྦས་པ་གཉིས་སུ་བཤད་པའོ། །སྦས་དོན་གྱི་བཤད་པའོ། །དེ་ལྟར་ན་ཕ་རོལ་ཏུ་ཕྱིན་པ་སྤྱི་ལྟར་བཤད་ན། གླེང་གཞི་སྡུད་པ་པོས་སྨྲས་སོ་ཞེས་བྱ་བའི་ལུགས་ལྟར་ན་སྟོན་པའི་བཀའ་ཡིན་ཞེས་བྱ་བ་འདི་མི་རིགས་པར་འགྱུར་ལ། ཡང་ངེས་དོན་དུ་བཤད་ན་སྟོན་པའི་བཀའ་ཡིན་ནོ་ཞེས་བྱ་བ་དེ་ལྟར་ན་སྡུད་པ་པོས་བཤད་དོ་ཞེས་བྱ་བ་འདི་མི་རིགས་པར་འགྱུར་རོ་ཞེ་ན། འདིར་མཐར་ཐུག་ལྟར་ན་སྡུད་པ་པོ་དང་སྟོན་པ་ཞེས་བྱ་བའི་ཐ་དད་པ་ཅིག་ཡོད་པར་གྱུར་ན། སྐྱོན་དེ་དག་ཡོད་པར་འགྱུར་བ་བདེན་མོད་ཀྱིས། འདི་ལ་སྟོན་པ་དང༌། སྡུད་པ་པོ་ཞེས་བྱ་བའི་ཐ་དད་པ་མི་འདོད་དེ། དཔལ་གསང་བ་གྲུབ་པ་ལས། འདི་ཡི་སྡུད་པར་བྱེད་པ་པོ། །གཞན་དག་ཡོད་པ་མ་ཡིན་ཞེས། །རྒྱུད་མཛད་པ་ནི་ཐུགས་རྡོ་རྗེ། །གསུང་བ་པོ་དེ་བརྗོད་པའང་དེ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །གལ་ཏེ་སྟོན་པ་དང་སྡུད་པ་ལ་སོགས་པའི་ཐ་དད་པ་མེད་ན། འོ་ན་རྡོ་རྗེ་སྙིང་པོས་ཞུ་བ་དང༌། བཅོམ་ལྡན་འདས་ཀྱིས་ལན་བཀའ་སྩལ་པ་ལ་སོགས་པའང་མི་རིགས་ལ། བདག་གིས་ཐོས་པ་ཞེས་བྱ་བའི་སྒྲ་ཇི་བཞིན་པ་ཉིད་ཀྱང་ཇི་ལྟར་བཤད་དུ་རུང་སྙམ་ན། བདེན་མོད། འདི་དག་ཐ་དད་པ་ཡིན་ནོ་ཞེའམ། ཡང་ན་ཐ་དད་ཀྱི་སྣང་བ་ཉིད་ཀྱང་མི་འབྱུང་ཞེས་བརྗོད་ན་དེ་ལྟར་འགྱུར་ཡང༌། འདིར་ནི་ཐ་དད་པ་མ་ཡིན་པ་ལ་ཐ་དད་ཀྱི་སྣང་བ་བསྟན་པ་སྟེ། རྡོ་རྗེ་འཆང་ཆེན་པོའི་ཡེ་ཤེས་གཅིག་ཉིད་སྟོན་པ་དང༌། སྡུད་པ་པོ་ལ་སོགས་པ་སྣ་ཚོགས་སུ་སྣང་བའི་ཕྱིར་རོ། །དེ་ལྟར་དེ་ཁོ་ན་ཉིད་ཀྱི་གསང་བ་ཞེས་བྱ་བའི་མདོ་ལས་ཀྱང༌། ཀུན་དགའ་བོ་ནི་ཕྱག་ན་རྡོ་རྗེའོ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །དེ་བས་ན་ཐ་དད་པའི་སྣང་བ་ཙམ་བསྟན་པ་ལ་འགལ་བ་མེད་དེ། དེ་ལ་ཐ་དད་ཉིད་དུ་འཛིན་པ་ནི་བློ་དམན་པའི་སྐྱོན་ནོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ཞེས་བྱ་བ་འདི་ཉིད་ཀྱི་ཕྱིར་ཡང་ཡེ་ཤེས་ཡོངས་སུ་དག་པ་གཅིག་ཉིད་ཀྱི་སྣང་བ་ཡིན་པར་ཤེས་ཏེ། ཨེ་བྃ་ཞེས་བྱ་བའི་དོན་འདི་བདག་གིས་ཐོས་ཞེས་བྱ་སྟེ། ཐོས་པ་ནི་རྟོགས་པའོ། །མ་རྟོགས་པར་གྲགས་པ་ཙམ་ལ་ཐོས་ཞེས་འཇིག་རྟེན་ནའང་མི་བརྗོད་དོ། །རྟོགས་ཤིང་ཐོས་པ་དེ་གཅིག་ན་སྟེ་སྐད་ཅིག་ལའོ། །དེ་བས་ན་སྐད་ཅིག་ལ་རྟོགས་ཤིང་ཁོང་དུ་ཆུད་པ་རྡོ་རྗེ་འཆང་ཆེན་པོ་ཉིད་མ་ཡིན་པ་གཞན་གྱིས་ག་ལ་ནུས། དེ་བས་ན་དང་པོ་དངོས་ལས་ཀྱང་འབྱུང་བ་གཅིག་ན་ཞེས་བྱ་བ་ནི་སྐད་ཅིག་ལའོ། །ཐོས་ཞེས་བྱ་བ་ནི་ལྷག་པར་སོན་པ་སྟེ། འདིས་ནི་རྣམ་པར་ཐར་པའི་སྒོ་བསམ་གྱིས་མི་ཁྱབ་པ་ལ་ལྷག་པར་གནས་པའི་ཏིང་ངེ་འཛིན་རྙེད་དོ་ཞེས་བྱ་བར་སྙེགས་སོ་ཞེས་བྱ་བ་དང༌། ཡང་ན་ཐོས་ཞེས་བྱ་བ་ནི་གདུལ་བྱའི་སྐྱེ་བོའི་དབང་དུ་བྱས་ནས་ཡིན་གྱི། འཆད་པ་པོ་ཉིད་སྡུད་པར་བྱེད་པ་སྟེ། འཆད་པ་པོ་ང་ཆོས་ཀྱང་ང༌། །རང་གི་ཚོགས་ལྡན་ཉན་པ་ང༌། །དེ་དག་ཐ་དད་ཀྱི་སྣང་བ། །གང་དུ་ཇི་ལྟར་འཚལ་བར་བགྱི། །གང་དུ་བདེ་བ་ཆེན་པོའི་མགོན་པོ་གཅིག་ཉིད་དུ་མའི་རོ་ཞེས་བྱ་བའི་ཚིག་གིས་རོལ་པར་མཛད་དོ། །ཞེས་འབྱུང་ངོ༌། །ལེགས་པར་བཀའ་སྩལ་ཏོ། །དེ་བས་ན་རྡོ་རྗེ་འཆང་ཆེན་པོ་ཉིད་ཀྱི་ཞལ་ནས་གསུངས་སོ། །སྡུད་པ་པོས་གསུངས་པ་ལ། དེ་ཉིད་རྡོ་རྗེ་འཆང་ཆེན་པོ་དང་ངོ་བོ་གཅིག་པས་བཀའ་ཡིན་ནོ། །ཞེས་མི་བྱ་སྟེ། འོག་ནས་གླེང་གཞི་འགྲེལ་པ་མཛད་པའི་ཕྱིར་རོ། །དེས་ན་རྡོ་རྗེ་འཆང་གི་ཞལ་ནས་གསུངས་ཀྱང༌། དེ་ཉིད་སྡུད་པ་པོ་དང་གཅིག་ཡིན་པའི་ཕྱིར་དང༌། དེ་ཉིད་ཁ་ཅིག་ལ་སྡུད་པ་པོར་ཡང་སྣང་བས། དྲང་བའི་དོན་གྱི་བཤད་པ་ལ་ཡང་འགལ་བ་ཡོད་པ་མ་ཡིན་ནོ། །གལ་ཏེ་དེ་ལྟ་བུའི་སྟོན་པ་རྡོ་རྗེ་འཆང་ཆེན་པོ་དེ་ཇི་ལྟ་བུ་ཞིག གནས་ནི་གང་ན་བཞུགས། མཛད་པ་ནི་ཇི་ལྟ་བུ་ཞིག་མཛད་སྙམ་ན། བཅོམ་ལྡན་འདས་བཞུགས་སོ་ཞེས་སྨོས་ཏེ། དེ་ལ་བཅོམ་པ་དང་ལྡན་པ་ནི་བཅོམ་ལྡན་ཏེ་སྐུ་གསུམ་གྱི་བདག་ཉིད་དོ། །དེའང་ཆོས་ཀྱི་སྐུ་དང༌། ལོངས་སྤྱོད་རྫོགས་པའི་སྐུ་དང༌། སྤྲུལ་པའི་སྐུའོ། །དེ་ལ་ཆོས་ཀྱི་སྐུ་ནི། རང་གི་གཉིས་སུ་མེད་པའི་ཡེ་ཤེས་མཚན་མ་དང་རྣམ་རྟོག་ཐམས་ཅད་དང་བྲལ་བའོ། །དེ་གནས་གང་ན་བཞུགས་སྙམ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐམས་ཅད་ནི་འཁོར་བ་དང་མྱ་ངན་ལས་འདས་པས་བསྡུས་པའི་ཆོས་ཐམས་ཅད་དོ། །དེ་ཐམས་ཅད་དེ་བཞིན་ཉིད་དུ་གཤེགས་པའམ་དེ་བཞིན་ཉིད་ལ་གཤེགས་པས་ན་སརྦ་ཏ་ཐཱ་ག་ཏའོ། །དེ་དག་གི་སྐུ་དང་གསུང་དང་ཐུགས་ནི་གསང་བ་གསུམ་མོ། །སྙིང་པོ་ནི་འབྱུང་གནས་ཏེ་ཐོག་མཐའ་མེད་པའི་བྱང་ཆུབ་ཀྱི་སེམས་སོ། །དེ་ཉིད་མཚན་མ་དང་རྣམ་རྟོག་གིས་མི་ཕྱེད་པས་རྡོ་རྗེ་སྟེ། སྲ་ཞིང་སྙིང་པོ་ཁོང་སྟོང་མེད། །གཅད་མེད་གཞིག་པར་བྱ་བ་མེད། །བསྲེག་པར་བྱར་མེད་འཇིག་མེད་པས། །སྟོང་ཉིད་རྡོ་རྗེ་ཞེས་སུ་བརྗོད། །ཅེས་རྡོ་རྗེ་རྩེ་མོ་ལས་སོ། །དེ་ཉིད་ཟག་མེད་ཀྱི་བདེ་བ་སྐྱེད་པས་བཙུན་མོ་སྟེ། འོག་ནས། དེ་བཞིན་གཤེགས་པའི་བདེན་དོན་གང༌། །བཙུན་མོ་ཉེ་བར་མཛད་པའོ། །ཞེས་འབྱུང་ངོ༌། །དེའི་བྷ་ག་ནི། བདེ་བ་དེ་ཟག་བཅས་མ་ཡིན་ཏེ་རྣམ་པར་རྟོག་པ་ཐམས་ཅད་འཇོམས་པས་བྷ་ག་སྟེ། འོག་ནས་ཤེས་རབ་ཀྱི་དབང་གིས་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་ཐམས་ཅད་འཇོམས་པའི་ཕྱིར་ཤེས་རབ་བྷ་གར་གསུངས་ཏེ། བྷ་གར་དེ་བཞིན་གཤེགས་པ་ཐམས་ཅད་དང་བཙུན་མོ་ལྷན་ཅིག་ཏུ་བཞུགས་སོ་ཞེས་འབྱུང་ངོ༌། །དེ་བས་ན་གནས་དེར་བཞུགས་ཚུལ་ནི་དབྱིངས་དང་ཡེ་ཤེས་དབྱེར་མེད་ཀྱི་ཚུལ་གྱིས་བཞུགས་སོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི། ཡེ་ཤེས་ཀྱི་རང་བཞིན་གྱི་སྐུ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཆོས་ཀྱི་ལོངས་སྤྱོད་པའི་གཞིར་གྱུར་པའོ། །དེ་ལ་ཁ་ཅིག་མཚན་དཔེ་འབར་བ་ཙམ་གྱི་སྐུའང་འདོད། ཁ་ཅིག་ཁ་སྦྱོར་བདེ་ཆེན་ལོངས་སྤྱོད་རྫོགས་པ་ཞེས་ཡན་ལག་གསུམ་ལ་བཞེད་དོ། །འདིའི་གནས་དང་བཞུགས་ཚུལ་ནི་སྔར་དྲང་དོན་གྱི་སྐབས་བཞིན་ནོ། །སྤྲུལ་པའི་སྐུ་ནི་ཇི་ལྟ་ཇི་ལྟར་གདུལ་བའི་ཁམས་ཡོད་པ་དེ་དང་དེའི་རྣམ་པས་དོན་མཛད་པ་གང་ཡིན་པའོ། །དེ་གང་ན་བཞུགས་ན་རྡོ་རྗེ་བཙུན་མོའི་བྷ་ག་ལ་སྟེ་རྡོ་རྗེ་ནི་སངས་རྒྱས་རྣམས་སོ། །བཙུན་མོ་ནི་དེས་བསྟེན་པར་བྱ་བ་སྟེ་སེམས་ཅན་གྱི་ཁམས་སོ། །བྷ་ག་ནི་འདུལ་བའི་ཁམས་སོ། །བཞུགས་སོ་ཞེས་བྱ་བ་ལ་བཞུགས་པའི་ཚུལ་ནི་གདུལ་བྱའི་སྐྱེ་བོ་གང་གིས་འདུལ་བ་དེའི་ཡིད་འཕྲོག་པ་སྟེ། བི། བི་ཅི་ཏྲ་ན་གདུལ་བྱའོ། །ཛ། ཛནྨ་ན་སྐྱེ་བོའོ། །ཧ། ཧ་ར་ན་འཕྲོག་པ་ཞེས་བྱ་སྟེ། དང་པོ་དངོས་ལས། ཀྱེ་བཅོམ་ལྡན་འདས་བཞུགས་སོ་ཞེས་ཅི་གསུངས་པ་ལགས། བཀའ་སྩལ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རོ་གཅིག་པ་གདུལ་བྱའི་སྐྱེ་བའི་ཡིད་འཕྲོག་པ་དང་ལྡན་པའོ་ཞེས་འབྱུང་ངོ༌། །དེ་དག་གིས་ནི་ཕུན་སུམ་ཚོགས་པ་ལྔ་དབྱེར་མེད་པས་དབང་བཞི་པ་ལམ་དང་འབྲས་བུ་དང་བཅས་པའི་ལུས་རྣམ་གཞག་ཏུ་འགྱུར་རོ་ཞེས་གསུང་ངོ༌། །དེ་ལྟར་གླེང་གཞིའི་རྡོ་རྗེའི་ཚིག་ལ་ཡན་ལག་དང་ཡི་གེའི་བཤད་ཐབས་ཀྱི་སྒོ་ནས་མཐར་ཐུག་པའི་དོན་དུ་བཤད་པའོ། །ངེས་པའི་དོན་གྱི་བཤད་པའོ། །དེ་ལྟར་ན་གླེང་གཞི་རྡོ་རྗེའི་ཚིག་ཡི་གེ་བཞི་བཅུ་ཐམ་པ་ལ་འཆད་ལུགས་ཀྱི་མན་ངག་ཡན་ལག་དང་ཡི་གེ་དང་མན་ངག་གི་བཤད་པས། བཤད་ཚུལ་སྔར་བཤད་དེ་རྒྱུད་ཀྱི་ལུས་རྣམ་པར་གཞག་པའོ། །གླེང་གཞི་བཤད་ཟིན་ཏོ།།  །།བླ་མ་རྗེ་བཙུན་དམ་པའི་ཞབས་ལ་སྤྱི་བོས་གུས་པར་ཕྱག་འཚལ་ལོ། །རྒྱུད་ཀྱི་ཡན་ལག་རྒྱས་པར་དབྱེ་བ་དངོས་ལ་གསུམ་སྟེ། མཚན་གྱི་དོན་གྱི་སྒོ་ནས་མདོར་བསྟན་པ་དང༌། བཤད་པར་དམ་བཅའ་བ་དང༌། རྒྱུད་ཀྱི་ལུས་རྒྱས་པ་དངོས་སོ། །དང་པོ་ལ་ལྔ་སྟེ། དཀའ་བ་གཅོད་པའི་རྒྱུད་ཞུ་བ་ལ་སྤོབས་པ་སྐྱེད་པའི་ཕྱིར། སྟོན་པས་ལུས་ཀྱི་བརྡའི་སྒོ་ནས་གླེང་བསླང་བ་དང༌། རྒྱུད་ཀྱི་དོན་ཞུ་བ་ལ་མདོར་བསྡུས་པའི་སྒོ་ནས་གསོལ་བ་གདབ་པ་དང༌། དེ་ལ་གཏང་རག་བྱིན་ཏེ་གནང་བ་སྦྱིན་པ་དང༌། མཚན་དོན་གྱི་ཞུ་བ་རྒྱས་པར་གསོལ་བ་དང༌། དེའི་ལན་གདབ་པའོ། །དང་པོ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། ཕུན་སུམ་ཚོགས་པ་ལྔ་ཚང་བའི་རྗེས་ལའམ། ངེས་དོན་གྱི་དབང་དུ་བྱས་ནས་གླེང་གཞིའི་ཚིག་གསུངས་པའི་རྗེས་ལ་སྟོན་པས་ལུས་ཀྱི་བརྡའི་སྒོ་ནས་གླེང་བསླང་བ་ནི། འཛུམ་པ་མཛད་དོ་ཞེས་བྱ་བའི་བར་རོ། །ཅིའི་ཕྱིར་གླེང་སློང་བ་མཛད་སྙམ་ན་དཀའ་བ་གཅོད་པའི་རྒྱུད་ཞུ་བ་ལ་སྤོབས་པ་བསྐྱེད་པའི་ཕྱིར་རོ། །དཀའ་བ་གཅོད་པའི་རྒྱུད་ཅེས་ཅི་ལ་བྱ་ན། སྤྱིར་བཅོམ་ལྡན་འདས་ཀྱི་རྣལ་འབྱོར་བླ་ན་མེད་པའི་རྒྱུད་རྣམས་ཀྱི་ནང་དུ་རྒྱུད་ཅེས་བྱ་བའང་གསུངས། དེ་རྣམས་ཀྱི་གླེང་གཞིའང་གསུངས། གསང་བའང་གསུངས། ཡང་དག་པར་སྦྱོར་བ་ལས་བྱུང་བ་ཞེས་བའང་གསུངས། མཚན་ཉིད་ཅེས་བྱ་བའང་གསུངས་ན། དེ་དག་ནི་དཀའ་བའི་གནས་ཡིན་ཞིང་འདིའི་དོན་མཐའ་དག་ཤེས་པར་གྱུར་ན་རྒྱུད་ཀྱི་དོན་མ་ལུས་པ་ཤེས་པར་འགྱུར་བ་དེའི་ཕྱིར། སྟོན་པས་དེ་ལྟ་བུའི་རྒྱུད་ཞུ་བ་ལ་སྤོབས་པ་སྐྱེད་པར་མཛད་དོ། །འཛུམ་པ་མཛད་མ་ཐག་ཏུ་ཞེས་བྱ་བ་ལ་སོགས་པས་ན་སངས་རྒྱས་ཀྱི་བྱིན་གྱི་བརླབས་ཀྱིས་དཀའ་བའི་གནས་མཐའ་དག་གཅོད་པའི་རྒྱུད་ཀྱི་མཚན་འདི་ལྟ་བུ་དང་ལྡན་པ་ཞུ་བ་གསོལ་པའོ། །ཨེ་མའོ་ཞེས་བྱ་བ་ལ་སོགས་པས་ནི་དོན་གསུམ་པ་རྒྱུད་ཀྱི་དོན་ཞུ་བ་ལ་ངོ་མཚར་བའི་གཏང་རག་སྦྱིན་པའོ། །དེ་ནས་རྡོ་རྗེ་སྙིང་པོ་ཞེས་བྱ་བ་ལ་སོགས་པས་ནི་མཚན་གྱི་དོན་རྒྱས་པར་ཞུ་བའོ། །བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པས་ནི་དོན་ལྔ་པ་དེའི་ལན་གདབ་པ་སྟོན་ཏོ། །དེ་ལ་གཉིས་ཏེ། མཚན་དོན་རྒྱུད་ལྟར་བཤད་པ་དང༌། སྟོན་པ་དང་དེས་གསུངས་པའི་ཆོས་ལྟར་བཤད་པའོ། །དང་པོ་ལ་གསུམ་སྟེ། རྒྱུད་ཐམས་ཅད་ཀྱི་གླེང་གཞི་ཞེས་བྱ་བས་རྗོད་བྱེད་ཀྱི་རྒྱུད་ཐམས་ཅད་ཀྱི་བཤད་རྒྱུད་དུ་བསྟན། གསང་བ་ཞེས་བྱ་བས་དེ་རྙེད་པར་དཀའ་བ་བསྟན། ཡང་དག་པར་སྦྱོར་བ་ལས་བྱུང་བའི་མཚན་ཉིད་ཅེས་བྱ་བས་བརྗོད་བྱ་རྒྱུད་གསུམ་བསྟན་ཏོ། །དང་པོ་ནི། རྒྱུད་དང་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྟེ། ཐམས་ཅད་ཅེས་བྱ་བ་མ་ལུས་པ་སྟེ། རྒྱུད་སྡེ་བཞི་ཀ་ལའང་གཟུང་དུ་རུང་མོད། ཁྱད་པར་དུ་རྣལ་འབྱོར་བླ་ན་མེད་པའི་རྒྱུད་རྣམས་ལ་བྱའོ། །གླེང་གཞི་ནི་འབྱུང་བར་ངེས་པ་ཞེས་བྱ་བ་སྟེ། རྣལ་འབྱོར་བླ་ན་མེད་པའི་རྒྱུད་རྣམས་ཀྱི་ཐོག་མར་ཐབས་དང་ཤེས་རབ་མཚོན་པར་བྱེད་པའི་ཡི་གེ་ཨེ་བྃ་གཉིས་འབྱུང་བར་ངེས། ཡང་ཡི་གེ་འདི་དག་གིས་བསྟན་པའི་དོན་ཕུན་སུམ་ཚོགས་པ་ལྔ་འབྱུང་བར་ངེས། ཡང་སྒྲ་འདིས་ཕུན་སུམ་ཚོགས་པ་ལྔ་བསྟན་པས་མ་འོངས་པའི་སྐྱེ་བོ་རྣམས་ལ་ངེས་པ་སྟེར་བ་སྟེ། ནི་དཱ་ན་ཞེས་བྱ་བའི་དོན་ཏོ། །ཁྱབ་འཇུག་དང་ཞེས་བྱ་བ་ལ་སོགས་པས་ནི། དེ་ལྟ་བུའི་རྒྱུད་འདི་འཇིག་རྟེན་པའི་ཆེན་པོ་རྣམས་དང༌། ཉན་ཐོས་རང་རྒྱལ་རྣམས་ཀྱིས་མངོན་དུ་མ་བྱས་ཞེས་པའོ། །ཡང་དག་པར་སྦྱོར་བ་ནི་ཞེས་བྱ་བ་ལ་སོགས་པས་རྒྱུད་གསུམ་སྟོན་ཏེ། ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་ནི་རྒྱུའི་རྒྱུད་ཀྱི་དབང་དུ་བྱས་ན་རགས་པ་གཟུང་བ་དང་འཛིན་པ་ལ་སོགས་པ་སྣ་ཚོགས་སུ་སྣང་བས་ན་ཐབས་ཡིན་ལ། དེ་ཉིད་ཀྱི་ཚེ་སྤྲོས་པའི་རང་བཞིན་ཐམས་ཅད་དང་བྲལ་བས་ན་ཤེས་རབ་ཅེས་བྱ་སྟེ། གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། རང་བཞིན་མེད་པའི་རང་བཞིན་ཅན། །ཤེས་རབ་ཅེས་ནི་བྱ་བར་གྲགས། །ཐབས་ནི་དངོས་པོའི་མཚན་ཉིད་དོ། །ཞེས་གསུངས་པ་ལྟ་བུའོ། །དེ་ལས་བྱུང་བ་ཞེས་བྱ་བ་ནི། རྒྱུའི་རྒྱུད་དེ་ལྟར་གནས་པའི་བྱིན་གྱིས་བརླབས་ཀྱིས་བྱུང་བ། ལམ་སྨིན་གྲོལ་གྱི་ཏིང་ངེ་འཛིན་གསུམ་འཁོར་དང་བཅས་པ་སྟེ། དང་པོ་དབང་གི་ཡེ་ཤེས་ནས་མཐར་རྫོགས་པའི་རིམ་པའི་བར་རོ། །དེ་ལྟར་གནས་པ་དང་གཡོ་བའི་དངོས་པོའི་རང་བཞིན་ཅན་དུ་གྱུར་པ་ནི། ཕྱི་རོལ་གྱི་ཡུལ་རང་བཞིན་གྱིས་མ་གྲུབ་པས། བདག་གི་རྟོགས་པའི་ཡེ་ཤེས་ཀྱིས་དེ་ཐམས་ཅད་ཁ་དོག་བསྒྱུར་ཞེས་བྱ་བའི་དོན་ཏོ། །འདིས་ཐབས་ཀྱི་རྒྱུད་མཐའ་དག་དེ་དང་མཚུངས་པར་ཤེས་པར་བྱའོ། །མཚན་ཉིད་ཅེས་བྱ་བ་ལ་འདིས་མཚོན་པར་བྱེད་པ་ཞེས་ཐབས་ཀྱི་རྒྱུད་ལ་འགྲོའང༌། འདིས་མཚོན་པར་བྱ་བ་ཞེས་འབྲས་བུའི་རྒྱུད་ལ་སྦྱར་ཏེ། རྟོགས་པར་བྱ་བའི་དོན་ཆོས་ཀྱི་སྐུ་འདིར་སྟོན་པར་འགྱུར་རོ། །ཡང་ན་ཞེས་བྱ་བ་ལ་སོགས་པས་མཚན་དོན་སྟོན་པ་དང༌། དེས་གསུངས་པའི་ཆོས་ལ་སྦྱར་བའི་དབང་དུ་བྱས་པ་སྟེ། དེའང་རྒྱུད་གླེང་བ་པོ་ཡིན་པས་གླེང་གཞི་སྟེ་དཔལ་རྡོ་རྗེ་སེམས་དཔའོ། །དེའང་ཡུམ་དང་གཉིས་སུ་མེད་པར་སྦྱོར་བས་ན་ཡང་དག་པར་སྦྱོར་བའོ། །འདིས་ནི་རྒྱུད་འདིའི་བརྗོད་པར་བྱ་བའི་དོན་ནམ། རྟོགས་པར་བྱ་བའི་དོན་བསྟན་ཏོ། །གསང་བ་ཞེས་བྱ་བ་ལ་སོགས་པས་དེས་གསུངས་པའི་ཆོས་ཏེ། དེ་ནི་རྟོགས་བྱེད་དམ་རྗོད་བྱེད་དེ། འདིར་སྔགས་བཏུ་བ་དང་དཀྱིལ་འཁོར་དང་དབང་བསྐུར་དངོས་སུ་སྨོས་ཀྱང་དོན་གྱིས་ན་ལམ་སྨིན་གྲོལ་འཁོར་དང་བཅས་པ་མཐའ་དག་འདིས་བསྟན་པར་ཤེས་པར་བྱའོ། །ཐབས་དང་ཤེས་རབ་ཅེས་བྱ་བ་ལ་སོགས་པས་ནི་དེ་ལྟ་བུའི་མཚན་དང་ལྡན་པའི་རྒྱུད་འདི་ནི་ཡང་དག་པར་སྦྱོར་བ་ཞེས་བྱ་བ་ཡིན་པས་ན། རྒྱུའི་རྒྱུད་དང༌། ཐབས་ཀྱི་རྒྱུད་དང༌། འབྲས་བུའི་རྒྱུད་གསུམ་ཀ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རྒྱུད་ཡིན་པས། དེ་ནི་ངའི་བཤད་ཀྱིས་སྣོད་ཀྱི་སྐྱོན་གསུམ་སྤོངས་ལ་ཉོན་ཅིག་ཅེས་བྱ་བའི་དོན་ཏོ། །མཚན་གྱི་དོན་བཤད་པར་དམ་བཅའ་བ་དང་བཅས་པ་བཤད་ཟིན་ཏོ། །རྒྱུད་ཀྱི་ལུས་རྒྱས་པ་དངོས་ལ་གཉིས་ཏེ། ཐབས་དང་འབྲས་བུའི་རྒྱུད་གཙོ་ཆེ་བའི་དབང་དུ་བྱས་ནས། བརྟག་པ་དང་པོས་མདོར་བསྟན་པ་དང༌། བརྟག་པ་གཉིས་པ་ནས་བརྩམས་ཏེ་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། ཐབས་ཀྱི་རྒྱུད་གཙོར་བསྟན་པ་དང༌། ཐབས་དང་འབྲས་བུ་གཉིས་ཀ་གླེང་གཞིའི་ཚིག་ལ་སྦྱར་ཏེ་བཤད་པའོ། །དང་པོ་ལ་གཉིས་ཏེ། ཐོག་མར་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང༌། དེའི་འོག་ཏུ་དེ་ལ་འཇུག་ཅིང་ཉམས་སུ་བླང་བའི་རིམ་པ་འབྱུང་བས་འཇུག་པ་བསྟན་པའོ། །དེ་ལ་དང་པོར་སྟོང་ཉིད་ཅེས་བྱ་བ་ནས་རབ་ཏུ་བྱེད་པ་དང་པོ་རྫོགས་ཀྱི་བར་གྱིས་ཐོག་མར་བྱང་ཆུབ་ཀྱི་སེམས་བསྐྱེད་པ་སྟོན་ཏེ། འདི་ལ་བརྗོད་པར་བྱ་བའི་དོན་གང་ཡིན་པ་དང༌། རྗོད་བྱེད་ཀྱི་སྒྲ་གང་ཡིན་པས་འཆད་པ་དང༌། མངོན་པར་རྟོགས་པ་གང་དང་འབྲེལ་བ་དང༌། རྒྱུད་སྡེ་གཞན་གྱི་བཤད་པའི་རྒྱུད་དུ་ཇི་ལྟར་འགྲོ་བ་ཞེས་བྱ་བ་དོན་བཞིར་ཤེས་པར་བྱའོ། །དེ་ལ་དང་པོ་ནི། རབ་ཏུ་བྱེད་པ་འདིར་ཐོག་མར་དེ་བཞིན་ཉིད་ཀྱི་དག་པ་སྟོང་པ་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཞེས་བྱ་བ་སྟོན་ཏེ། དེ་ནི་བརྗོད་པར་བྱ་བའི་དོན་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་སྤྱིའི་དོན་ཏོ། །དེའི་འོག་ཏུ་རང་རིག་པའི་དག་པའི་སྟོང་པ་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ནི། བརྗོད་པར་བྱ་བའི་དོན་ཐབས་གཉིས་ལ་བརྟེན་ནས་བྱུང་བའི་ཡེ་ཤེས་ཡིན་པའི་ཕྱིར་སྦས་པའི་དོན་ཡིན་ནོ། །རྗོད་བྱེད་ཀྱི་སྒྲ་ནི་གཙོ་ཆེར་ཡན་ལག་གི་དོན་གྱིས་འཆད་ལ། ཡི་གེའི་དོན་དང་མན་ངག་གི་དོན་ཀྱང་ཅུང་ཟད་འཇུག་གོ །མངོན་པར་རྟོགས་པ་ནི་དེ་བཞིན་ཉིད་ཀྱི་དག་པ་མཆོག་གི་དངོས་གྲུབ་ཀྱི་མངོན་པར་རྟོགས་པ་ལྔའི་དང་པོ་རྟོགས་པའི་ལྟ་བ་དང་འབྲེལ་ལ། རང་རིག་པའི་དག་པ་ནི། ལྷ་སོ་སོའི་དག་པ་བསྐྱེད་པའི་རིམ་པ་སྔོན་དུ་སོང་ནས། ལྷ་ཡེ་ཤེས་སུ་རྟོགས་པའི་དོན་དུ་རྫོགས་པའི་རིམ་པ་བསྒོམ་པ་དང་འབྲེལ་ལོ། །མདོར་ན་ཐབས་ཀྱི་རྒྱུད་ཀྱི་མངོན་པར་རྟོགས་པ་ལས་མཆོག་གི་དངོས་གྲུབ་ཀྱི་མངོན་པར་རྟོགས་པ་འདི་བརྗོད་བྱའི་གཙོ་བོར་གྱུར་པའི་ཕྱིར་རྒྱུད་འདིར་ཐོག་མར་བསྟན་ཏོ། །གལ་ཏེ་རབ་ཏུ་བྱེད་པ་འདིའི་མིང་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཞེས་བྱ་བ་ཡིན་ན། དེ་བཞིན་ཉིད་ཀྱི་དག་པ་དང༌། རང་རིག་པའི་དག་པ་ལ་ཇི་ལྟར་བྱང་ཆུབ་ཀྱི་སེམས་ཞེས་བྱ་ཞེ་ན། སྤྱིར་བྱང་ཆུབ་ཀྱི་སེམས་ལ་རྣམ་པ་གཉིས་ཏེ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང༌། དོན་དམ་བྱང་ཆུབ་ཀྱི་སེམས་སོ། །དང་པོའང་འདིར། འཁོར་བའི་རྒྱ་མཚོའི་འཇིགས་པ་ལས། །བརྒལ་བར་འགྲོ་བའི་སེམས་ཀྱིས་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟར་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྐྱེ་བ་ཉིད་ལའང་སྟོང་པ་ཉིད་ཀྱི་དོན་ཤེས་དགོས་པ་དེའི་ཕྱིར། སྟོང་པ་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་གསུངས་སོ། །སྟོང་པ་ཉིད་བསྒོམ་པ་ཉིད་དོན་དམ་བྱང་ཆུབ་ཀྱི་སེམས་ཞེས་བྱ་སྟེ། སངས་རྒྱས་རྣམས་ཀྱི་བྱང་ཆུབ་སེམས། །བདག་དང་ཕུང་སོགས་རྣམ་རིག་གི །རྟོག་པ་རྣམས་ཀྱིས་མ་བསྒྲིབས་ཤིང༌། །རྟག་ཏུ་སྟོང་ཉིད་མཚན་ཉིད་བཞེད། །ཅེས་ཀླུ་སྒྲུབ་ཀྱིས་གསུངས་པ་ལྟ་བུའོ། །དེ་ནི་འདིར་ཁམས་བཅོ་བརྒྱད་ལ་སོགས་པ་སྟོང་པ་ཉིད་དུ་ཐོས་བསམ་གྱི་སྒོ་ནས་ཤེས་པ་དེ་ལ་དེ་བཞིན་ཉིད་ཀྱི་དག་པ་ཞེས་བྱ་སྟེ། དེའི་བསྒོམ་པ་དང་བཅས་པ་ནི་སྤྱིའི་རྣམ་པ་ཙམ་ཡུལ་དུ་བྱེད་པས། ཕ་རོལ་ཏུ་ཕྱིན་པ་དང་ཐུན་མོང་ཡིན་ལ། དབང་ཡོངས་སུ་རྫོགས་པའི་རྣལ་འབྱོར་པ་ལ་དབང་གི་ཉམས་མྱོང་དང༌། བླ་མ་དམ་པས་གདམས་ངག་དང་རྗེས་སུ་བསྟན་པ་ངོ་སྤྲད་དེ་ཡུལ་དུ་བྱེད་པ་ནི་གསང་སྔགས་ཀྱི་ཁྱད་པར་ཏེ། དེ་ནི་ལམ་གྱི་ཐོག་མར་སྟོང་ཉིད་རྟོགས་པའི་ལྟ་བ་ཡིན་ནོ། །དེའི་རྗེས་ལ་རང་རིག་པའི་དག་པ་འབྱུང་བ་ཡང་དེ་ལྟར་མོས་པས་ཡུལ་དུ་བྱས་པ་དེ་ཉིད་མངོན་དུ་བྱེད་པའི་ཐབས་ཀྱི་གཙོ་བོ་ནི་ཟབ་མོ་རྫོགས་པའི་རིམ་པ་འདི་ཡིན་ནོ་ཞེས་འབྲེལ་ཏེ། སྟོང་པ་ཉིད་མངོན་དུ་བྱེད་པའི་ཐབས་ཀྱི་གཙོ་བོ་ཡིན་པས་འདི་དག་ལ་བྱང་ཆུབ་ཀྱི་སེམས་ཞེས་བྱའོ། །བཞི་པ་རྒྱུད་སྡེ་གཞན་གང་གི་བཤད་པའི་རྒྱུད་ཡིན་ན། དཔལ་རྡོ་རྗེ་གདན་བཞི་པའི་བདག་གི་གདན་གྱི་རབ་ཏུ་དབྱེ་བ་གསུམ་པ་དང་བཞི་པ་ལྷ་མོ་བཞིས་ཞུས་པའི་ལྷ་མོ་སྤྱན་མས་ཞུས་པ། བརྟག་པ་གཉིས་པའི་དེ་ཁོ་ན་ཉིད་ཀྱི་ལེའུ་སྟེ། རྒྱུད་གསུམ་པོ་དེའི་བཤད་པའི་རྒྱུད་དོ། །དེ་ལ་དང་པོ་སྟོང་པ་ཉིད་བསྒོམ་པའི་དགོས་པ་དང༌། ཆོས་ཅན་གང་དག་སྟོང་པ་ཉིད་དུ་བསྒོམ་པ་རྒྱས་པ་གདན་བཞི་དང་ཆ་མཐུན། གང་དག་སྟོང་པ་ཉིད་དུ་བསྒོམ་པ་བསྡུས་ཏེ་བསྟན་པ་བརྟག་པ་གཉིས་པ་དང་ཆ་མཐུན། སྟོང་པ་ཉིད་དང་དེ་ལ་དམིགས་པའི་ཡེ་ཤེས་ལྷ་མོ་བཞིས་ཞུས་པ་དང་ཆ་མཐུན། སྟོང་པ་ཉིད་སྒོམ་པའི་ཚུལ་དང༌། སྒོམས་པར་རྗེས་སུ་གདམས་པ་གདན་བཞི་དང་ཆ་མཐུན། རྫོགས་པའི་རིམ་པ་སྒོམ་པའི་ཚུལ་གཉིས་ལྷ་མོ་བཞིས་ཞུས་པ་དང་ཆ་མཐུན། ཡི་གེས་སྒོ་དགག་པ་གདན་བཞི་དང་ཆ་མཐུན། ཡང་སྒོམས་པར་གདམས་པ་ལྷ་མོ་བཞིས་ཞུས་པ་དང་ཆ་མཐུན། དཀྱིལ་འཁོར་འཁོར་ལོ་ཕྱག་རྒྱ་བསྟེན་པའི་ཡེ་ཤེས་དང་བཅས་པ་བརྟག་པ་གཉིས་པ་དང་ཆ་མཐུན་ནོ། །དེ་ལྟར་ན་ཚིགས་སུ་བཅད་པ་སོ་སོ་ནི་ཆ་མཐུན་པར་ངེས་པ་སྐྱེད་པས་བཤད་པའི་རྒྱུད་ཡིན་ལ། རྒྱུད་གསུམ་པོ་དེར་དེ་བཞིན་ཉིད་ཀྱི་དག་པའི་བདག་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་དང༌། རང་རིག་པའི་དག་པའི་བདག་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་གཉིས་འབྲེལ་པ་ཅན་དུ་དགོས་པ་སྟེ། དེ་དག་ཏུ་མི་གསལ་བ་གསལ་བར་བྱེད་པས་བཤད་པའི་རྒྱུད་ཡིན་ལ། གཞུང་ཕན་ཚུན་དུ་ཚིགས་སུ་བཅད་པའི་དོན་མ་ཚང་བ་ཁ་སྐོང་བར་བྱེད་པས་བཤད་པའི་རྒྱུད་ཡིན་ཞིང༌། སྒོ་དགག་པའི་ཡི་གེ་རྒྱུད་དང་ལྷའི་ས་བོན་དུ་བཤད་པ་དེ་འདིར་བྱང་ཆུབ་ཀྱི་སེམས་ཀྱི་འགྱུར་བ་དགག་པར་ཡང་འགྱུར་རོ། །ཞེས་ཚུལ་མི་འདྲ་བས་བཤད་པའི་རྒྱུད་དོ། །དེ་བས་ན་གཞུང་འདིར་དུམ་བུ་གཉིས་ཏེ། དེ་བཞིན་ཉིད་ཀྱི་དག་པ་དང༌། རང་རིག་པའི་དག་པའོ། །དང་པོ་ལ་བཞི་སྟེ། སྟོང་པ་ཉིད་བསྒོམ་པའི་དགོས་པ་དང༌། གང་དག་སྟོང་པ་ཉིད་དུ་བསྒོམ་པ་དང༌། སྟོང་པ་ཉིད་དང་དེ་ལ་དམིགས་པའི་ཡེ་ཤེས་ཀྱི་མཚན་ཉིད་དང༌། སྒོམས་པར་གདམས་པའོ། །དང་པོ་ནི། དང་པོར་སྟོང་ཉིད་ཅེས་བྱ་བ་རྐང་པ་གཉིས་སོ། །དེ་ལ་དང་པོར་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཀྱི་གོ་འཕང་ཐོབ་པར་བྱེད་པའི་ཐབས་ཀྱི་མངོན་པར་རྟོགས་པ་རྣམས་ཀྱི་སྔོན་དུ་རྟོགས་པའི་ལྟ་བ་སྟོང་པ་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་འདི་འགྲོ་སྟེ། འོག་ནས་འབྱུང་བའི་བསྐྱེད་པའི་རིམ་པ་དང་མཚན་མ་དང་བཅས་པའི་རྫོགས་པའི་རིམ་པ་དང༌། བཟླས་པ་དང༌། སྦྱིན་སྲེག་ལ་སོགས་པ་འདི་དག་ཐམས་ཅད་སྣང་བ་དེ་དང་དེའི་རྣམ་པར་སྣང་ཡང་རང་གི་ངོ་བོའམ་གོ་ཡུལ་དུ་སེམས་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གཅིག་ཉིད་དུ་རྟོགས་པར་བྱ་བའི་ཕྱིར་ཐོག་མར་འགྲོ་སྟེ། སྡུད་པ་ཚིགས་སུ་བཅད་པ་ལས་ཀྱང༌། སྦྱིན་པ་སྦྱིན་པའི་སྔོན་དུ་འགྲོ་བ་ཤེས་རབ་སྟེ། །ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་བསམ་གཏན་དེ་བཞིན་ནོ། །དགེ་ཆོས་ཆུད་མི་གསན་ཕྱིར་ཡོངས་སུ་ཟིན་པ་ཡིས། །འདིས་ནི་ཆོས་རྣམས་ཐམས་ཅད་ཚུལ་གཅིག་སྟོན་པར་བྱེད། །ཅེས་གསུངས་པ་ལྟ་བུའོ། །དེས་ན་དང་པོར་ཞེས་བྱའོ། །སྟོང་ཉིད་བསམ་པས་ནི་ཞེས་བྱ་བ་ལ། སྟོང་ཉིད་ཅེས་བྱ་བ་ནི་ཡུལ་རང་བཞིན་གྱིས་མ་གྲུབ་པ་རྟེན་ཅིང་འབྲེལ་བར་འབྱུང་བ་ཙམ་ཞེས་བྱ་སྟེ། རྟེན་ཅིང་འབྲེལ་འབྱུང་གང་ཡིན་པ། །དེ་ཉིད་སྟོང་པ་ཉིད་དུ་བཤད། །ཅེས་དབུ་མ་ལས་གསུངས་སོ། །བསམ་པས་ནི་ཞེས་བྱ་བ་ནི་དེ་ཡུལ་ཅན་གྱི་ཤེས་པས་བསམ་པ་སྟེ། གཅིག་དང་དུ་བྲལ་ལ་སོགས་པའི་རིགས་པས་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པར་ཤེས་པའམ། གསང་སྔགས་ཀྱི་ཤཱུ་ནྱ་ཏཱ་ལ་སོགས་པའམ། དང་པོ་བླ་མས་དབང་བསྐུར་བའི་ཉམས་མྱོང་ལ་སོགས་པས་ཡུལ་མཐའ་དག་དེའི་ངོ་བོར་རྟོགས་པར་བྱ་བ་གང་ཡིན་པའོ། །དྲི་མ་བཀྲུ་ཞེས་བྱ་བ་ནི། དེ་ལྟ་བུའི་རྟོགས་པ་དེས་གཟུང་པ་དང་འཛིན་པ་དང་ཡོད་པ་དང༌། མེད་པ་དང༌། རྟག་པ་དང༌། ཆད་པ་ལ་སོགས་པའི་རྟོག་པ་མཐའ་དག་གི་མིང་ནི་ཀུན་ཏུ་བརྟགས་པའི་རྟོགས་པ་ཞེས་བྱ་སྟེ། དེ་ལས་གྲོལ་བར་བྱས་ཞེས་བྱ་བའི་དོན་ཏོ། །གཉིས་པ་ཆོས་ཅན་མཐའ་དག་སྟོང་པ་ཉིད་དུ་བསྒོམ་པ་ནི། གཟུགས་ཀྱི་ཁམས་ནི་སྟོང་པའི་ཞེས་བྱ་བ་ལ་སོགས་པ་སྟེ། ཚིག་གི་དོན་གོ་སླའོ། །མིག་གི་རང་བཞིན་ཞེས་བྱ་བ་ལ་སོགས་པ་ནི། དེ་ལྟར་ཡུལ་གཟུགས་མེད་ན་མིག་གི་དབང་པོ་ཡུལ་ཁ་དོག་གཟུགས་དང་བ་ཡིན་པས་དེ་མེད་པར་འགྱུར་ལ་དེ་མེད་པའི་ཕྱིར་ནང་དུ་རྣམ་ཤེས་ཇི་ལྟར་ལགས་ཏེ། དེ་གཉིས་ལ་བརྟེན་པའི་བར་གྱི་རྣམ་པར་ཤེས་པའང་མེད་པར་འགྱུར་ཞེས་པའོ། །དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་བསྡུས་ཏེ་བསྟན་པའོ། །བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པས་ནི། སྟོང་པ་ཉིད་དང་དེ་ལ་དམིགས་པའི་ཡེ་ཤེས་ཀྱི་མཚན་ཉིད་སྟོན་ཏོ། །དོན་ནི་འདི་ཡིན་ཏེ། དེ་ལྟར་ཡུལ་དང་ཡུལ་ཅན་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པར་གྱུར་ཏོ་ཞེས་རྡོ་རྗེ་སྙིང་པོས་ཞུས་པའི་ཤུགས་ལ་དེ་ལྟར་དམིགས་པའི་ཡེ་ཤེས་ཀྱི་མཚན་ཉིད་ཇི་ལྟ་བུ་ཞེས་ཤེས་པར་འགྱུར་ལ། དེའི་ལན་གདབ་པ་བཀའ་སྩལ་པ་ཞེས་བྱའོ། །དེ་ལ་གཉིས། ཡེ་ཤེས་དེ་ཤེས་བརྗོད་ཐམས་ཅད་དང་བྲལ་བར་བསྟན་པ་དང༌། བརྗོད་པ་དང་བྲལ་ཡང་རྣལ་འབྱོར་པས་ཉམས་སུ་བླང་བའི་ཚུལ་ལོ། །དང་པོ་ལ་གཉིས་མེད་གཉིས་ནི་སྤངས་ཞེས་པ་ནི་ཇི་ལྟར་རྡོ་རྗེ་སྙིང་པོས་གསོལ་པ་དེ་ལྟར་ཆོས་ཐམས་ཅད་གཉིས་སུ་མེད་པ་ཡིན་པས། དེའི་དེ་ཁོ་ན་ཉིད་ཀྱི་ལམ་འདི་ཉོན་ཞེས་སྦྱར་རོ། །རྟོག་གེ་མེད་ཅེས་པ་ནི་ཇི་ལྟར་རྟོག་གེ་དང་རྣམ་ཤེས་ལ་སོགས་པ་ཡུལ་མཐའ་དག་མཐའ་གཅིག་ཏུ་ངེས་པར་བྱས་ནས་འཇལ་ཞིང་རྟོགས་པར་བྱེད་ན། འདི་ནི་མཐའ་དང་བྲལ་བའི་ཕྱིར་རྟོགས་པར་མི་ནུས་སོ། །ཇི་ལྟར་སྤྲོས་པ་དང་བྲལ་སྙམ་ན། སངས་རྒྱས་ཀུན་གྱི་ཞེས་སྨོས་ཏེ། ནམ་མཁའ་ལྟ་བུར་མཉམ་པ་ཉིད་ཡིན་པའི་ཕྱིར་རོ། །ནམ་མཁའ་ནི་ཡོད་པ་དང་མེད་པ་དང༌། གཉིས་ཀ་དང༌། གཉིས་ཀ་མ་ཡིན་པའི་མཐའ་གང་དུའང་བརྟག་པར་མི་ནུས་པ་བཞིན་ནོ། །དེ་ལྟ་བུའི་དོན་དེ་ཉན་ཐོས་རྣམས་ཀྱིས་ཤེས་སམ་ཞེ་ན། མི་ཤེས་ཏེ་མི་ཤེས་པའི་མུན་པ་སྟེ། ཤེས་བྱའི་སྒྲིབ་པས་བསྒྲིབས་པའི་ཕྱིར་རོ། །མདོ་ལས། ཉན་ཐོས་རྣམས་ཀྱི་དེ་བཞིན་གཤེགས་པའི་རིགས་མི་མཐོང་སྟེ། ཞི་གནས་ཤས་ཆེ་བའི་ཕྱིར་དང༌། ལྷག་མཐོང་ཤས་ཆུང་བའི་ཕྱིར་རོ། །ཞེས་སོ། །འོ་ན་རང་སངས་རྒྱས་རྣམས་ཀྱིས་ཤེས་སམ་ཞེ་ན། མི་ཤེས་ཏེ་ཕྱིན་ཅི་མ་ལོག་པའི་དོན་རྣམས་ལ་ཡུན་རིང་དུ་སྦྱང་བ་མ་བྱས་ཏེ། བག་ཆགས་སད་པའི་ཡེ་ཤེས་ཙམ་ཡིན་པས་སོ། །ཇི་ལྟར་ཡིན་ན་རང་སངས་རྒྱས་ཀྱི་རིགས་ཅན་རྣམས་ནི། དང་པོར་རང་སངས་རྒྱས་ལ་བྱང་ཆུབ་ཏུ་སེམས་བསྐྱེད་ནས། སྐྱེ་བ་སྔ་མ་ལ་ངེས་འབྱེད་མཐར་ཕྱིན་པར་བྱས་ནས་བདག་ལ་རང་བྱུང་གི་ཡེ་ཤེས་འབྱུང་བར་གྱུར་ཅིག ཅེས་སྨོན་ལམ་བཏབ་སྟེ་དུས་བྱེད་དོ། །དེ་ཕྱི་མ་ལ་བག་ཆགས་སད་དེ་ཁྱིམ་ནས་བྱུང་སྟེ་དུར་ཁྲོད་དུ་འགྲོའོ། །དེ་ཀེང་རུས་ལ་སོགས་པ་ལ་སོ་སོར་རིམ་གྱིས་བརྟགས་པ་ལས་བདག་མེད་པའི་དོན་རྟོགས་པར་འགྱུར་ཏེ། དེ་ལྟར་བསྐལ་པ་བརྒྱ་སྦྱངས་པས་རང་སངས་རྒྱས་ཀྱི་བྱང་ཆུབ་འཐོབ་སྟེ། དེས་ཀྱང་འཛིན་པའི་རྟོག་པ་མ་སྤངས་པའི་ཕྱིར་མཉམ་པ་ཉིད་མི་རྟོགས་ཏེ། མགོན་པོ་བྱམས་པས། གཟུང་བའི་རྟོག་པ་སྤངས་ཕྱིར་དང༌། །འཛིན་པ་མ་སྤངས་ཕྱིར་ན་ཡང༌། །རྟེན་གྱི་བསེ་རུ་ལྟ་བུའི་ལམ། །ཞེས་གསུངས་པ་ལྟ་བུའོ། །དེ་བཞིན་དུ་ལྷ་དང་མི་ལ་སོགས་པ་ཐམས་ཅད་ཀྱིས་ཀྱང་མི་ཤེས་པའི་ཕྱིར་དེ་རྣམས་ཀུན་གྱིས་མི་ཤེས་སོ་ཞེས་བྱའོ། །འོ་ན་སུས་ཤེས་ན། གསང་བ་སངས་རྒྱས་སྤྱོད་ཡུལ་ལོ་ཞེས་བྱ་བར་སྦྱར་ཏེ། བདེན་པ་གཉིས་གཉིས་སུ་མེད་པའི་ཆོས་ཉིད་འདི་ནི་སོ་སོ་རང་གིས་རིག་པར་བྱ་བའི་ཆོས་ཉིད་དེ། སངས་རྒྱས་ཉག་གཅིག་གི་སྤྱོད་ཡུལ་ཞེས་བྱ་བའི་དོན་ཏོ། །འོ་ན་གལ་ཏེ་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ལ་ནི་གཉིས་མེད་ཀྱི་ཡེ་ཤེས་རྟོགས་དགོས་ལ། གཉིས་མེད་ཀྱི་ཡེ་ཤེས་རྟོགས་པ་ལ་སངས་རྒྱས་དགོས་པས་ཕན་ཚུན་བརྟེན་པར་མི་འགྱུར་རམ་སྙམ་པ་ལ། དེ་ཁོ་ན་ཉིད་ཀྱི་དོན་མངོན་སུམ་དུ་རྟོགས་པ་སངས་རྒྱས་ལས་མེད་པ་ཡིན་ཡང༌། རྣལ་འབྱོར་པ་རྣམས་ལ་སྤྱིའི་རྣམ་པ་ཆ་མཐུན་པ་ཙམ་ཞིག་ཡུལ་དུ་བྱས་པ་དེ་རིམ་གྱིས་གོམས་པ་ལས་མངོན་སུམ་དུ་རྟོགས་པ་འབྱུང་སྟེ། རྣམ་པར་ངེས་པ་ལས། འདོད་འཇིགས་མྱ་ངན་གྱིས་བརླམས་དང༌། །ཆོམ་རྐུན་རྨི་སོགས་ཀྱིས་བསླད་པ། །ཡང་དག་མིན་ཡང་མདུན་ན་ནི། །གནས་པ་བཞིན་དུ་གསལ་བར་སྣང༌། །ཞེས་པ་ལྟ་བུའོ། །དེ་བས་ན་སྤྱིའི་རྣམ་པ་ཙམ་ཡུལ་དུ་བྱས་པ་འདི་ལ། དོན་དམ་པ་དང་མཐུན་པས་མཐུན་པའི་དོན་དམ་ཞེས་ཀྱང་བྱ། རྣལ་འབྱོར་པའི་རྟོགས་པའི་ས་དང་པོ་ཞེས་ཀྱང་བྱའོ། །སློབ་དཔོན་ཐོགས་མེད་ནི་ཕྱིན་ཅི་མ་ལོག་པ་ཡོངས་སུ་གྲུབ་པ་ཞེས་བཞེད་དེ། ཡོངས་སུ་གྲུབ་པ་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར་ཞེས་གསུང་ངོ༌། །སློབ་དཔོན་ཟླ་གྲགས་ནི་རྣལ་འབྱོར་པའི་ཀུན་རྫོབ་ཅེས་འཆད་དོ། །སྤྲོས་པས་ཆོག་གོ །དཀྱུས་མ་བཤད་དེ། དེ་བས་ན་རྣལ་འབྱོར་པ་རྣམས་ཀྱིས་སྤྱིའི་རྣམ་པ་ཙམ་མཚོན་ནས་ཉམས་སུ་བླང་ངོ་ཞེས་བསྟན་པའི་ཕྱིར། རྣམ་ཤེས་ཡེ་ཤེས་སེམས་ཀྱིས་ནི། །མཚན་གཞི་མཚན་ཉིད་མཚོན་པར་བྱེད། །ཅེས་དོན་གཉིས་པ་དེའི་བསྒོམ་པ་གསུངས་སོ། །དེ་ལ་དོན་དམ་པའི་བྱང་ཆུབ་ཀྱི་སེམས་བསྒོམ་པའི་སྔོན་དུ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྒོམ་པ་སྟོན་པ་ནི། འཁོར་བའི་རྒྱ་མཚོ་ཞེས་བྱ་བ་ལ་སོགས་པ་སྟེ། འཁོར་བ་ནི་འཁོར་ཞིང་སྐྱེ་བས་ན་འཁོར་བ་སྟེ། སྲིད་སྲེད་མ་རིག་དབང་གིས་སྐྱེ་བོ་རྣམས། །མི་དང་ལྷ་གནས་ངན་སོང་རྣམ་མང་པོ། །འགྲོ་བ་ལྔ་པོ་རྣམས་སུ་མི་མཁས་འཁོར། །དཔེར་ན་རྫ་མཁན་འཕང་ལོ་འཁོར་བ་བཞིན། །ཞེས་གསུངས་པ་ལྟ་བུའོ། །དེ་ནི་རྒྱ་མཚོ་དང་འདྲ་བས་རྒྱ་མཚོ་སྟེ། ཇི་ལྟར་རྒྱ་མཚོ་ལ་ཆུ་ཆེན་པོ་བཞི་འབབ་ཅིང་རྦ་རླབས་ཀྱིས་གཡེངས་པ་དང༌། ཆུ་སྲིན་ལ་སོགས་པས་གང་ཞིང་བར་ཆད་ཀྱི་ཆོས་མང་བ་དང༌། མཐའ་མངོན་པར་དཀའ་ཞིང༌། བརྒལ་བར་དཀའ་བ་ཞེས་བྱ་བ་ལ་སོགས་པ་ལྟ་བུར་འཁོར་བའི་གནས་འདིར་ཡང་སྐྱེ་བ་ལ་སོགས་པའི་ཆུ་བོ་བཞིས་གཡེངས་པ་དང༌། ཉོན་མོངས་པའི་ཆུ་སྲིན་ལ་སོགས་པས་གང་ཞིང་སྡུག་བསྔལ་སྣ་ཚོགས་ཀྱིས་གཙེས་པ་དང༌། བརྒལ་བར་དཀའ་བའི་རྒྱ་མཚོའི་གནས་ལས་བདག་ཉིད་མྱ་ངན་ལས་འདས་པའི་སྐམ་ས་ལ་ཕྱིན་པ་ནི་བརྒལ་བར་འགྲོ་བའི་སེམས་སོ། །བདག་ཐར་ཀྱང་མི་ཕན་ཏེ་སྙིང་རྗེ་ཆེན་པོའི་སེམས་ཀྱིས་ཁམས་གསུམ་གྱི་སེམས་ཅན་རྣམས་བསྒྲལ་བར་འདོད་པ་ནི། དབུས་སུ་བྱིང་བའི་ལུས་ཅན་ཏེ་སེམས་ཅན་རྣམས་སོ། །དེ་རྣམས་བརྒལ་བར་མཚོན་པར་གསུངས་པ་ནི་གཞན་བསྒྲལ་བར་འདོད་པ་སྟེ། བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་སོ། །དེ་ནི་མ་བསྒྲལ་བ་བསྒྲལ་བ་ལ་སོགས་པ་བཞིའི་སེམས་ཡིན་ནོ། །དེ་ལྟར་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་ལྡན་ནས། དོན་དམ་བྱང་ཆུབ་ཀྱི་སེམས་ནི། རྣམ་ཤེས་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་སྟེ། རྣམ་ཤེས་ནི་ཤེས་བྱ་ཆོས་ཀྱི་དབྱིངས་ཏེ་ངོ་བོ་ཉིད་ཀྱིས་མ་གྲུབ་པའོ། །ཡེ་ཤེས་ནི་ཡུལ་ཅན་ཏེ། ཡུལ་དེ་ལྟར་བདེན་པ་གཉིས་གཉིས་སུ་མེད་པའི་ཕྱིར་ཡུལ་ཅན་གྱི་ཤེས་པའང་གང་ལྟར་ཡང་མི་འཇོག་པའོ། །དེ་ཉིད་སྔར་བཤད་པའི་ནམ་མཁའ་བསྒོམ་པ་ཞེས་བྱ་སྟེ། དམིགས་པ་མེད་པའི་སེམས་སུ་ནི། །གནས་པ་ནམ་མཁའི་མཚན་ཉིད་ཡིན། །ནམ་མཁའ་བསྒོམ་པ་དེ་ཉིད་ནི། །སྟོང་ཉིད་བསྒོམ་པར་བཞེད་པ་ཡིན། །ཞེས་གསུངས་པ་ལྟ་བུའོ། །དེ་ལྟ་བུའི་ཡུལ་དང་ཡུལ་ཅན་ནི་མཚན་ཉིད་དེ་ཆོས་ཉིད་ཡིན་ལ། དེས་མཚན་གཞི་སྟེ་ཆོས་ཅན་ཁམས་བཅོ་བརྒྱད་པོ་མ་ལུས་པ་མཚོན་པར་བྱེད་དོ། །དེ་བས་ན་ཡེ་ཤེས་ཀྱིས་ནི་ཞེས་བྱ་བ་སྨོས་ཏེ། ཚིག་དོན་གོ་སླའོ། །བཞི་པ་དེ་སྒོམས་པར་གདམས་པ་ལ་གཉིས་ལས། བསྒོམས་པའི་ཕན་ཡོན་གྱི་སྒོ་ནས་སྒོམས་པར་གདམས་པ་ནི། འགྲོ་བ་བརྟག་པའི་ཞེས་བྱ་བ་རྐང་པ་གཉིས་སོ། །མ་བསྒོམས་པའི་ཉེས་དམིགས་ཀྱི་སྒོ་ནས་སྒོམས་པར་གདམས་པ་ནི། འགྲོ་བར་ཞེས་བྱ་བ་སྟེ། སྔར་འཁོར་བའི་སྐབས་སུ་བཤད་པ་བཞིན་ནོ། །དེ་ལྟར་སྤྱིའི་རྣམ་པ་ཙམ་ཞིག་ཡུལ་དུ་བྱེད་པ་ནི་ཕ་རོལ་ཏུ་ཕྱིན་པ་ལའང་ཡོད་ན། འདིར་གསང་སྔགས་ཀྱི་རྟེན་འབྲེལ་ཟབ་མོའི་གནད་ཀྱི་ཁྱད་པར་སྟོན་པའི་ཕྱིར། གཉིས་པ་རང་རིག་པའི་དག་པའི་བྱང་ཆུབ་ཀྱི་སེམས་ཀྱི་བསྒོམ་པ་སྟོན་པ་ནི་ཡོ་གིས་ཞེས་བྱ་བ་ལ་སོགས་པའོ། །འདི་ལ་དོན་གསུམ་སྟེ། དག་པ་སྔ་མ་དང་མཚམས་སྦྱར་བའི་སྒོ་ནས། དག་པ་བསྒོམ་པར་བསྟན་པ་དང༌། རང་རིག་པའི་དག་པ་ཚུལ་རྣམ་པ་གཉིས་ཇི་ལྟར་སྒོམ་པའི་ཚུལ་དང༌། དག་པ་བསྒོམ་པའི་འཐད་པའམ། ཕན་ཡོན་རྗེས་སུ་གདམས་པའོ། །དང་པོ་ནི་ཡོ་གིས་སྔར་གསུངས་ཞེས་བྱ་བ་ལ་སོགས་པ་ནི་དེ་བཞིན་ཉིད་ཀྱི་དག་པའོ། །ལུསཀྱི་ཞེས་པ་དང༌། བློ་དང་ལྡན་པས་ས་བོན་གདབ་ཅེས་པ་ནི། ལྷ་སོ་སོའི་དག་པ་བསྐྱེད་པའི་རིམ་པ་བསྒོམ་པའང་ཟིན་ནོ། །ཞེས་གསུང་ངོ༌། །གཉིས་པ་ནི་དེ་ལྟར་དག་པ་གཉིས་སྔོན་དུ་སོང་བ་དེ་རང་རིག་པའི་དག་པ་བསྒོམ་པ་ནི། རྩའི་མཛེས་སྤྱི་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་གསུམ། རང་བྱིན་བརླབ་བསྒོམ་པ་དང༌། རྫོགས་པའི་རིམ་པ་གཉིས་ཀའི་ཐུན་མོང་དུ་གྱུར་པ་དང༌། དཀྱིལ་འཁོར་འཁོར་ལོ་བསྒོམ་པའོ། །དང་པོ་ནི་རྩའི་མཛེས་སྤྱི་སྟེ། ཨ་ཝ་དྷཱུ་ཏཱིའི་ཆ་ཤས་ལྟེ་བའི་གནས་ན་གནས་པ་གང་ཡིན་པའོ། །ལས་བྱུང་ཞེས་པ་ནི་སྤྲུལ་པར་ཁམས་དངས་མ་འབབ་པའོ། །དེ་ཉིད་རྟོག་པའི་རྡུལ་མེད་པས་རྡུལ་བྲལ་ལོ། །དེའི་ཁ་དོག་དཀར་བས་ན་ཤེལ་གྱི་འོད་མཉམ་མོ། །དོན་དམ་བྱང་ཆུབ་སེམས་ཀྱི་རྟེན་ཡིན་པས་ན་བྱང་ཆུབ་སེམས་སོ། །རང་རིག་པས་ན་འོད་གསལ་བའོ། །དེའི་དབྱིབས་ཅི་འདྲ་ན་འོག་ཏུ་སྦྱར་ལ་མ་མོ་ཕྱེད་པ་ཞེས་ཏེ། ཕྱི་མོ་ནི་ཨཱ་ལི་ཡིན་ལ། དེའི་ཐུང་ངུ་ནི་ཕོ་ཡིན་ལ། རིང་པོ་ནི་མོ་ཡིན་པས། ཨ་ཐུང་ངུ་ཤད་ལྟ་བུའི་རྣམ་པ་ཞེས་བྱ་བའི་དོན་ཏོ། །བ་བླའི་ཐག་པ་ལྟར་མཆོག་ཏུ་ཕྲ་བ་དེ་ཐིག་ལེའི་གཟུགས་སོ། །ལྟེ་བའི་བསྟན་ཏོ། །སྙིང་གའི་རྩ་བསྟན་པའི་ཕྱིར་ཡེ་ཤེས་ལྔའི་དངོས་ཞེས་སྨོས་ཏེ། ཧཱུྃ་ཆ་ལྔ་པ་དེ་ཡེ་ཤེས་ལྔ་སྟེ། ཨཱུ་ནི་བྱ་བ་གྲུབ་པའི་ཡེ་ཤེས་སོ། །ཧ་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །མགོ་བོ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཟླ་ཚེས་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །ཐིག་ལེ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །དེའི་ཆེ་ཆུང་གི་ཚད་ནི་ཡུངས་ཀར་སྦོམ་པོ་ཙམ་མོ། །དེའི་ནང་ན་གནས་པའི་བྱང་ཆུབ་སེམས་ཀྱི་མཚན་ཉིད་ནི་མི་རྟོག་པའི་ཡེ་ཤེས་ཡིན་པས་མི་གསལ་བའོ། །རང་རིག་པའི་རྟེན་ཡིན་པས་གསལ་བའོ། །སེམས་ཀྱི་རྟེན་བྱེད་པས་ཡིད་ཀྱི་དངོས་པོ། གནས་ནི་སྙིང་གའི་དབུས་ནའོ། །དེའི་ཁ་དོག་ནི་འོད་ཟེར་ལྡན་ཞིང་གཟི་བརྗིད་ཆེའོ། །དེ་ལྟར་ན་ཡི་གེ་གཉིས་པོ་འདིས་ནི་རྒྱུད་འདིའི་ཙཎྜཱ་ལཱིའི་རྣལ་འབྱོར་ཉི་ཤུ་རྩ་བཞི་འབྱུང་བ་ལས། དང་པོ་འཁོར་ལོ་གཉིས་ལ་བརྟེན་པའི་ཙཎྜཱ་ལཱི་སྟོན་ཏེ། བསྒོམ་པའི་མན་ངག་ནི་བླ་མས་འཆད་པར་འགྱུར་རོ། །བཅུ་གཉིས་མཐའ་ཞེས་བྱ་བ་ལ་སོགས་པས་གཉི་གའི་ཐུན་མོང་དུ་གྱུར་པ་སྟོན་ཏེ། དེ་ལ་གསུམ། དབུ་མའི་གནས་ལུགས་སམ་སྒོམ་ཚུལ་དང༌། ཡི་གེས་སྒོ་དགག་པ་དང༌། ཕན་ཡོན་གདམས་པའོ། །དང་པོ་རང་བྱིན་བརླབ་ལ་སྦྱར་ན་འཁོར་ལོ་འདི་དག་གི་དབུས་ན་གནས་པའི་རྩ་ཨ་བ་དྷཱུ་ཏཱིའི་གནས་ལུགས་སྟོན་ཏེ། བཅུ་གཉིས་ནི་དབང་པོ་དྲུག་དང་འབྲེལ་པའི་རྩ་གཡས་ན་དྲུག་གཡོན་ན་དྲུག་ཡོད་པའོ། །དེའི་མཐའ་ནི་ཕན་ཚུན་གྱི་མཐའ་སྟེ་དབུས་སོ། །དགུ་ནི་སྒོ་དགུ་དང་འབྲེལ་བའི་རྩ་སྟེ་དེའི་མཐའ་ནི་ལུས་ཀྱི་དབུས་ཏེ་དེ་ན་གནས་ཞེས་པའོ། །དེའི་རིང་ཐུང་ཇི་ཙམ་ཞེ་ན། མགོ་བོ་མེད་པ་སྟེ། སྤྱི་བོའི་ཧྃ་མགོ་བཅད་པ་ལྟ་བུའོ། །རྐང་མཐིལ་ནི་ལྟེ་བའི་འཁོར་ལོ་ཡིན་པས་དེའི་བར་རོ་ཞེས་ཁ་ཅིག་འཆད་དོ། །དེ་ནི་མ་ཡིན་ཏེ། རྒྱུད་གཞན་ལས་རྐང་མཐིལ་ཉིད་ལ་བཤད་པའི་ཕྱིར་དང༌། འདི་ཉིད་ལས་རྡོ་རྗེ་དབུས་སུ་རྣམ་གནས་ཞེས་འབྱུང་ན། ཡང་ན་འདི་དོན་མེད་ལ། ཡང་ན་འོག་མ་དོན་མེད་པར་འགྱུར་བའི་ཕྱིར་རོ། །དེ་བས་ན་རྐང་མཐིལ་ནི་རྐང་མཐིལ་ཉིད་དེ་ལུས་ཀྱི་ཚད་དང་མཉམ་པའི་ཕྱིར་རོ། །དེའི་སྦོམ་ཕྲ་ནི་ཐག་པ་སྟེ། བ་བླའི་ཐག་པ་ལྟར་ཕྲ་བའོ། །འོ་ན་རྐང་པ་གཉི་ག་ལའམ་གང་ལ་གནས་སྙམ་པ་ལ། ལྟེ་བའི་དབུས་སུ་རྣམ་པར་གནས་སོ། །དེའི་དབྱིབས་ནི་ཆ་ལྔ་པ་སྟེ། ཨུའི་དབྱིབས་སུ་གནས་སོ། །དེ་རོ་རྐྱང་གི་མདུད་པ་དང་བཅས་ཏེ། སྣ་ཚོགས་མདུད་པ་སྦྲུལ་འཁྱིལ་བ་ལྟ་བུ་ནི་ཀླུ་དབང་དབྱིབས་སོ། །དེ་ནས་ཀྱང་རྩེ་མོ་མ་ཟད་དེ་མར་བྱུང་ནས་རྡོ་རྗེ་དབུས་སུ་གནས་ཞེས་བྱ་བའི་དོན་ཏོ། །འདི་ནི་རྡོ་རྗེ་ལུས་ཀྱི་གནས་ལུགས་བསྟན་པའོ། །གཉིས་པ་དཀྱིལ་འཁོར་འཁོར་ལོའི་ཐབས་ལ་སྦྱར་ན། བཅུ་གཉིས་མཐའ་ཞེས་བྱ་བ་ལ་སོགས་པ་རྡོ་རྗེའི་ཚིག་དེ་ཉིད་ཀྱིས་སྟོན་ཏོ། །དེ་ལ་བཅུ་གཉིས་ནི་སྐུ་གསུང་ཐུགས་ཀྱི་རྒྱུད་ཀྱི་རྒྱལ་པོ་ལས་དབང་བཅུ་གཉིས་འབྱུང་སྟེ། སྟ་གོན་དང༌། སོ་ཤིང་དང༌། མེ་ཏོག་ཕྲེང་བ་དང༌། རིག་པའི་དབང་ལྔ་དང༌། རྫོགས་སངས་རྒྱས་ཀྱི་དབང་དང༌། བུམ་པའི་དབང་དང༌། གསང་བའི་དབང་དང༌། ཤེས་རབ་ཡེ་ཤེས་ཀྱི་དབང་སྟེ། བཅུ་གཉིས་ཀྱི་མཐར་ཡེ་ཤེས་སྐྱེས་པ་གང་ཡིན་པ་ཞེས་དགོངས་སོ། །དགུའི་མཐར་སྔགས་ཀྱི་དབང་གསུམ་བོར་བས་ན་དགུ་མཐའ་སྟེ་སྔ་མ་བཞིན་ནོ། །རྐང་མཐིལ་ནི་པ་ཏ་ལ་སྟེ། །པ། པདྨ་ནི་ཆོས་འབྱུང་པདྨར་བསྐྱེད་པའོ། །ཏ། བིསྟ་ར་སྟཱེ་དེར་བདེ་བ་རྒྱས་པའོ། །ལ། ལི་ཡ་ཏི་སྟེ་དེར་རྣམ་པར་རྟོག་པ་ཐིམ་ཞིང་ནུབ་པར་གྱུར་པའོ། །མགོ་བོ་མེད་པ་ནི་ཧྃ་མགོ་བཅད་པ་ལྟ་བུ་ལས་སོ། །དེ་ལས་ཐག་པ་བྱུང་བ་ནི་དབང་གསུམ་པའི་མཉམ་པར་སྦྱོར་བའི་དུས་སུ་དགའ་བ་བཅུ་དྲུག་གི་ཐིག་ལེ་ཐག་པའི་རྣམ་པ་ལྟར་བྱུང་བའོ། །ལྟེ་བའི་དབུས་སུ་ཞེས་བྱ་བ་ལ་སོགས་པས་ཐིག་ལེ་དབབ་པའི་གནས་ཨ་ཝ་དྷཱུ་ཏཱིའི་དབྱིབས་བསྟན་པའོ། །དེ་ལྟ་བུ་དེ་ལས་བྱུང་སྟེ། སྐྱེ་གནས་དབུས་སུ་ས་བོན་གནས། །ཞེས་བྱ་སྟེ། རིགས་བདག་གི་ཁ་དང་རྩ་མཛེས་པའི་སྤྱི་བོའི་དབུས་སུ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བུའི་ཐིག་ལེ་དེ་ཆོས་ཀྱི་དབྱིངས་ཏེ་ཐབས་ཀྱིས་ཟིན་ན་མྱ་ངན་ལས་འདས་པའི་རྒྱུ་བྱེད་ལ། ཐབས་ཀྱིས་མ་ཟིན་ན་འཁོར་བའི་རྒྱུ་བྱེད་པས་དྷརྨ་དྷཱ་ཏུའོ། །དེ་ཁུ་བ་སྟེ་ཐིག་ལེའོ། །དེ་ཉིད་ལམ་དུ་བྱས་པའི་དུས་སུའང་ཐིག་ལེ་འཛིན་པའི་མན་ངག་མེད་ན་སྒོ་དགུ་ནས་འཕོ་ཞེས་བྱ་བའི་དོན་ཏོ །གཉིས་པ་དེའི་བྱང་ཆུབ་ཀྱི་སེམས་ཀྱི་འགྱུར་བ་དགག་པའི་ཡི་གེ་བསྟན་པ་ནི། མེ་ནི་ཞེས་བྱ་བ་ལ་སོགས་པ་སྟེ། མེ་ནི་ཀྵུྃ་དམར་པོ། ཚངས་པ་ནི་འགྲོ་བ་ཐམས་ཅད་ཀྱི་ཐོག་མར་གྲུབ་པར་འདོད་པ་བཞིན་དྲི་ཆེན་དྲི་ཆུ་འཕེན་པའི་རྩའང་ལུས་ཀྱི་ཐོག་མར་གྲུབ་པས་བཤང་གཅིའི་ལམ་མོ། །སའི་ས་བོན་ནི་ཧཱུྃ་སྔོན་པོ། རླུང་གི་ས་བོན་ཡུྃ་སྔོན་པོ། བདུད་རྩིའི་ས་བོན་སུྃ་དཀར་པོ། གཏི་མུག་གི་ས་བོན་སྨརཡུྃ་དཀར་པོ། ཉོན་མོངས་པའི་ས་བོན་ནི་ཧྨརཡུྃ་སྔོན་པོ། གཡོ་བ་ནི་ཡམརཡུྃ་སྔོན་པོ། ཕྱུགས་བདག་ནི་ཀྵྨརཡུྃ་དམར་པོ། དེ་ལྟར་ཡན་ལག་བརྒྱད་ཀྱི་ཡི་གེ་དགོད་པའི་ཆོ་གས་ཐིག་ལེ་འཛིན་པར་འགྱུར་རོ། །ཞེས་བྱ་བའི་དོན་ཏོ། །ཡི་གེ་དགོད་པ་འདི་ནི་བརྟག་པ་བརྒྱད་པའི་འཕོ་བའི་སྔོན་དུ་འགྲོ་བར་ཡང་འགྱུར་ལ། རྒྱུད་འདིར་ཙཎྜཱ་ལཱིའི་རྣལ་འབྱོར་གཉིས་པ་འཁོར་ལོ་གཅིག་ལ་བརྟེན་པ་ཞེས་བྱ་བར་འགྱུར་ཏེ་འདིའང་བླ་མ་ལས་དྲི་བར་བྱའོ། །གསུམ་པ་བསྒོམ་པའམ་ཕན་ཡོན་གདམས་པ་ནི་བརྟན་སོགས་ཞེས་བྱ་བ་ལ་སོགས་པ་སྟེ། གཉིས་སུ་མེད་པའི་ཡེ་ཤེས་དེས་སྣང་བའི་དངོས་པོ་ཐམས་ཅད་ལ་དེ་ལས་བྱུང་བའི་ཚུལ་དུ་ཁྱབ། བདག་ཉིད་གཅིག་པའི་ཚུལ་དུ་ཁྱབ་པ་ཡིན་པས། བདག་གིས་རྟོགས་པའི་ཡེ་ཤེས་དེས་ཀྱང་དེ་དག་ལ་ཁྱབ་ཅིང་སྣང་ངོ༌། །ཚངས་སོགས་རྣམས་དེའི་གདན་དུ་གྱུར་པ་ནི་ཉོན་མོངས་པ་མཐའ་དག་ཀྱང་དེ་ལས་བྱུང་བའི་ཕྱིར་ཡེ་ཤེས་དེ་སྐྱེས་པ་ན་ཟིལ་གྱིས་མནན་ཞེས་བྱ་བའི་དོན་ཏོ། །གསུམ་པ་དཀྱིལ་འཁོར་འཁོར་ལོའི་དེ་ཁོ་ན་ཉིད་ལ་ལྔ་སྟེ། ཆོས་ཅན་ལ་ཆོས་ཉིད་ཀྱི་དེ་ཁོ་ན་ཉིད་དང༌། གདབ་བྱ་ལ་འདེབས་བྱེད་ཀྱི་དེ་ཁོ་ན་ཉིད་དང༌། སྦྱང་གཞི་དང་སྦྱོང་བྱེད་ཕན་ཚུན་རིགས་དང་རིགས་བདག་ཏུ་འགྱུར་བའི་དེ་ཁོ་ན་ཉིད་དང༌། མཚོན་བྱེད་ལ་མཚོན་བྱའི་དེ་ཁོ་ན་ཉིད་དང༌། ཕྱག་རྒྱ་དང་ཡེ་ཤེས་བསྲེ་བའི་དེ་ཁོ་ན་ཉིད་དང༌། དང་པོ་ལ་བཞི། གཞི་ཆོས་ཅན་ཆོས་ཉིད་དུ་བསྒྲུབ་པ་དང༌། ཆོས་ཉིད་མ་བསྒོམས་པའི་ཉེས་པ་དང༌། བསྒོམས་པའི་ཕན་ཡོན་དང༌། ཆོས་ཉིད་ཀྱི་རང་བཞིན་ནོ། །དང་པོ་ནི། ཁྱིམ་ནི་བྷ་ག་ཞེས་བྱ་སྟེ། འདི་ནི་ཐབས་གཉི་ག་ལ་སྦྱར་ཏེ་བཤད་པར་བྱའོ། །གཉིས་པ་མ་བསྒོམས་པའི་ཉེས་པ་ནི། ཇི་སྲིད་ལུས་ལ་རྣམ་གནས་ཏེ། ལུས་ནི་ཕུང་པོ་རྣམས་སོ། །རྣམ་གནས་པ་སྟེ་ཇི་སྲིད་དེར་འཛིན་པའི་བར་རོ། །དེ་ལྟར་འཛིན་པ་ཡོད་པས་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་སྐྱེ་ལ། དེ་ལ་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་འབྱུང་ཞིང༌། དེ་ལ་ལས་ཀྱི་ཉོན་མོངས་པ་འབྱུང་བ་ནི་དེའི་ལས་དང་ཞེས་པའོ། །དེ་ལས་ནི་འབྲས་བུ་སྐྱེ་བའི་ཀུན་ནས་ཉོན་མོངས་པར་འགྱུར་ཏེ། རིན་ཆེན་ཕྲེང་བ་ལས། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཏོ། །ངར་འཛིན་ཡོད་ན་ཡང་ལས་ཏེ། །དེ་ལས་ཡང་ནི་སྐྱེ་བ་ཡིན། །ཞེས་གསུངས་པ་ལྟ་བུའོ། །གསུམ་པ་ཕན་ཡོན་ནི། དེའི་ཕྱིར་རྣལ་འབྱོར་པས་མཉམ་པ་ཉིད་ཀྱི་དོན་ཏེ། ཡེ་ཤེས་རྣམ་པ་གཉིས་པོ་འདི་སྲིད་པའི་འཁོར་ལོ་རྒྱུན་གཅོད་པར་འདོད་ན། སྒོམས་ཞེས་རྗེས་སུ་གདམས་པ་ཡིན་ནོ། །དེ་ལ་གང་ཚེ་ཞེས་བྱ་བ་ནི། གཉིས་མེད་ཡེ་ཤེས་ཀྱི་རྟོགས་པ་མཆོག་ཏུ་གྱུར་པ་གང་གི་ཚེའོ། །ལས་ཀྱི་ལུས་བཅོམ་པ་ནི་ཟག་བཅས་ཀྱི་ལུས་འདི་འཇིག་པ་སྟེ། རྣལ་འབྱོར་པ་འབྲིང་གིས་ནི་ལུས་འདི་བོར་ཏེ་འཆི་བའི་དུས་སུ་བླ་མའི་གདམས་ངག་གིས་བཟུང་སྟེ། བར་མ་དོའི་ཚེ་འབྲས་བུ་འགྲུབ་ཅེས་བྱ་བ་ཡིན་ལ། རྣལ་འབྱོར་པ་མཆོག་གིས་ནི་ཟག་བཅས་ཀྱི་ལུས་ཉིད་བསྒྱུར་བ་ལ་བཅོམ་ཞེས་བྱ་སྟེ། རྒྱལ་པོ་ཨིནྡྲ་བྷཱུ་ཏི་ལྟར་ལུས་དེ་ཉིད་ཀྱིས་དབང་ཕྱུག་བརྒྱད་དང་ལྡན་པའི་ལུས་སུ་གྱུར་ཏོ། །ཞེས་སྤྱོད་པ་བསྡུས་པ་ལས་གསུངས་པ་ལྟ་བུའོ། །དེ་ཉིད་ལྷ་སྟེ་ལོངས་སྤྱོད་རྫོགས་པའི་སྐུའོ། །དེའི་ཐུགས་ཆོས་ཀྱི་སྐུ་བསྟན་པ་ནི་གང་གིས་ཞེས་བྱ་བ་ལ་སོགས་པ་སྟེ། ཁྱབ་པ་དང༌། མི་འགྱུར་བ་དང༌། རྣམ་པར་གྲོལ་བ་དང༌། སྤྲོས་པ་དང་བྲལ་བ་རྣམས་ཏེ། གང་གི་ཞེས་བྱ་བ་ལ་སོགས་པའོ། །བཞི་པ་ནི་ནམ་མཁའ་ལྟར་ཞེས་བྱ་བ་དང༌། མྱ་ངན་ལས་འདས་པ་ཞེས་བྱ་བ་དང༌། དཔའ་བོའི་གོས་པ་མེད་ཅེས་པས་བསྟན་ཏོ། །དཔའ་བོ་གོས་པ་མེད་པ་ནི་ཤེས་རབ་ཀྱིས་དེ་ཁོ་ན་ཉིད་རྟོགས་པས་འཁོར་བས་མ་གོས་པ་དང༌། དེ་ལྟར་གྱུར་ཀྱང་སྙིང་རྗེ་ཆེན་པོས་སེམས་ཅན་གྱི་དོན་བྱེད་པས་མྱ་ངན་ལས་འདས་པས་མ་གོས་པའི་ཕྱིར་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པ་ཞེས་བྱ་བའི་དོན་ཏོ། །ཚིག་གི་དོན་ནི་གོ་སླའོ། །གཉིས་པ་གདབ་བྱ་ལ་འདེབས་བྱེད་ཀྱི་དེ་ཁོ་ན་ཉིད་ལ་བཞི། གདབ་བྱའི་རང་བཞིན་དང༌། ཇི་ལྟར་བསྟེན་པའི་ཚུལ་དང༌། གདབ་བྱ་དང་འདེབས་བྱེད་ཕན་ཚུན་མཚོན་པའི་ཚུལ་དང༌། གདབ་བྱ་དང་འདེབས་བྱེད་རོ་གཅིག་པར་བྱ་བའོ། །དང་པོ་ནི་མ་དང་ཞེས་བྱ་བ་ལ་སོགས་པ་སྟེ། རྐང་པ་གཉིས་ནི། ཡོན་ཏན་གྱི་བཞག་པའི་མིང་ཡིན་ལ། ཚིགས་སུ་བཅད་པ་གཅིག་ནི་རིགས་ཀྱི་དབང་དུ་བྱས་པའི་མིང་ངོ༌། །ཚིག་གི་དོན་རྣམས་ནི་ཕལ་ཆེར་ཁོ་བོས་བྱས་པའི་དཔལ་ཀྱེའི་རྡོ་རྗེའི་རྣམ་པར་བཤད་པ་ལས་བཙལ་བར་བྱའོ། །ཐབས་དང་ཤེས་རབ་ཅེས་བྱ་བ་ལ་སོགས་པ་རྐང་པ་དྲུག་གིས་ནི། གཉིས་པ་ཇི་ལྟར་བསྟན་པའི་ཚུལ་སྟོན་པར་བྱེད་དོ། །གསུམ་པ་སྦྱང་གཞི་དང་སྦྱོང་བྱེད་ཕན་ཚུན་རིགས་དང་རིགས་བདག་ཏུ་འགྱུར་བ་ནི། རིགས་ཀྱི་དབྱེ་བས་ཞེས་བྱ་བ་ལ་སོགས་པ་སྟེ། འདི་ལ་གསུམ། འབྲས་བུ་རིགས་བདག་གི་གྲངས་བསྟན་པ་དང༌། སྦྱང་གཞི་རིགས་ཀྱི་དབྱེ་བ་བསྟན་པ་དང༌། དེ་དག་ཕན་ཚུན་རིགས་དང་རིགས་བདག་ཏུ་འགྱུར་བའི་ཚུལ་ལོ། །དང་པོ་ནི། རིགས་ནི་རྣམ་པ་ལྔ་ཞེས་པ་ཚིགས་བཅད་གཅིག་གོ །གཉིས་པ་ནི་རིགས་དང་ཞེས་པ་སྟེ། སྤྱིར་ན་རིགས་ཀྱི་རྣམ་པར་གཞག་པ་ལ་ངེས་པ་མེད་དོ། །འབྱུང་བ་ལ་སོགས་པ་རྣམས་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་འབྲས་བུ་འབྱུང་བས་མེ་ལོང་ལྟ་བུ་ལ་སོགས་པའི་རིགས་སུ་བཞག་ལ། ཡང་དེ་བཞིན་གཤེགས་པ་རྣམས་ལའང་ཞེ་སྡང་ལ་སོགས་པ་སྦྱང་བ་ལས་བྱུང་བས་ན་ཞེ་སྡང་ལ་སོགས་པའི་རིགས་སུ་བཞག་གོ །འདིར་ནི་འབྲས་བུ་དེ་བཞིན་གཤེགས་པ་འདི་རྣམས་ཀྱི་དངོས་གྲུབ་འབྱུང་ཞེས་བྱ་བ་ཡིན་པས། འབྲས་བུ་ནི་རིགས་ཀྱི་བདག་པོ་ཡིན་ལ། རྒྱུད་རྣམས་ནི་དེའི་རིགས་སུ་རྣམ་པར་གཞག་པར་བྱའོ། །གསུམ་པ་རིགས་ཀྱི་བདག་པོ་གང་ཡིན་ཞེ་ན། རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ནི་རིགས་ཀྱི་བདག་པོ་ཡིན་ལ། དེ་དང་འབྲེལ་པ་རྣམས་ནི་རིགས་སོ། །དེ་ལ་ཆོས་ཀྱི་སྐུ་ནི་རྣམ་པར་རྟོག་པས་མི་ཕྱེད་པས་རྡོ་རྗེ། དགོས་འདོད་བསྒྲུབ་པས་རིན་པོ་ཆེ། ཉོན་མོངས་པ་ལས་བྱུང་ཡང་དེའི་སྐྱོན་གྱིས་མ་གོས་པས་པདྨ། ཕྲིན་ལས་སྣ་ཚོགས་ཀྱི་དོན་མཛད་པས་ན་ནོར་བུ་སྟེ། སྣ་ཚོགས་སུ་འགྱུར་བའི་ཤེལ། དེ་དག་ཐམས་ཅད་དེ་བཞིན་ཉིད་དུ་གཤེགས་པར་འཛིན་ཅིང་འཆང་བས་ན་འཛིན་པའི་རིགས་ཞེས་བྱའོ། །དེས་ན་དེ་དག་གི་གཟུགས་ཀྱི་སྐུ་དང༌། དེ་སྒོམ་པའི་རྣལ་འབྱོར་པ་དང༌། ཕྱག་རྒྱ་དེས་བསྟེན་པ་དང༌། འབྱུང་བ་དང་ཉོན་མོངས་པའི་བར་ལའང་དེའི་རིགས་ཞེས་རྣམ་པར་གཞག་གོ །གལ་ཏེ་དེ་ལྟར་རིགས་ལ་སོགས་པའི་རྣམ་པར་གཞག་པ་ནི་སྤྲོས་པ་མང་བར་གྱུར་ན་དེ་དག་ལ་བརྟེན་ནས་སྐྱེས་པའི་ཡེ་ཤེས་དེ་ཡང་སྤྲོས་པ་དང་བཅས་པ་ཞིག་ཡིན་ནམ། འོན་ཏེ་སྤྲོས་པ་མ་ཡིན་སྙམ་པ་ལ། སྤྱི་དོན་བཞི་པ་མཚོན་བྱེད་ལ་མཚོན་བྱའི་དེ་ཁོ་ན་ཉིད་ལ་བཞིའི་དང་པོ་ཉམས་སྣང་བ་དང་སྟོང་པ་བསྲེ་བ་ནི་སྒོམ་པ་པོ་མེད་ཅེས་བྱ་བ་ལ་སོགས་པ་སྟེ། ཡེ་ཤེས་ཀྱི་རང་གི་ངོ་བོ་ནི་སྤྲོས་པ་ཐམས་ཅད་དང་བྲལ་བས་སྒོམ་པ་པོ་མེད་ཅེས་བྱ་བ་ལ་སོགས་པའོ། །འོ་ན་འདིའི་འབྲས་བུ་ནི་མྱ་ངན་ལས་འདས་པ་ཉན་ཐོས་བཞིན་འགྱུར་ལ། ཐེག་པ་ཆེན་པོ་ལས་ནི། ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ཡོད་པས་ཡེ་ཤེས་འདིས་འབྲས་བུ་མི་ཐོབ་པར་འགྱུར་སྙམ་པ་ལ། ཡེ་ཤེས་འདི་ཉིད་ལ་ཐམས་ཅད་དང་ལྡན་པའི་ཕྱིར་ཐོབ་བོ་ཞེས་སྟོན་པ་ནི། སྤྲོས་པ་མེད་པའི་རང་བཞིན་ལས། །སྔགས་དང་ལྷ་ནི་ཡང་དག་གནས། །ཞེས་བྱ་བ་ལ་སོགས་པ་སྟོན་ཏོ། །གཉིས་པ་རིགས་ལྔའི་མཚན་དོན་དང་ཡེ་ཤེས་བསྲེ་བ་ནི། རྣམ་སྣང་ལ་སོགས་པ་ནི་རིགས་ལྔར་རྣམ་པར་གཞག་པ་མཚན་གྱི་རྣམ་གྲངས་དང་བཅས་པ་སྟོན་ཏོ། །གསུམ་པ་ཡེ་ཤེས་དང་ལྷའི་མིང་དོན་བསྲེ་བ་ནི། གང་ཕྱིར་ཞེས་བྱ་བ་རྐང་པ་གཉིས་ནི་དེ་ཉིད་ལ་ལྷར་བཞག་པ་སྟོན་ཏོ། །འདི་ལ་ཞེས་བྱ་བ་ལ་སོགས་པ་ནི་བཞི་པ་ཡེ་ཤེས་དང་བཅོམ་ལྡན་འདས་སུ་བསྲེ་བའོ། །གང་ཕྱིར་སྐྱེ་འགྲོ་ཞེས་བྱ་བ་ལ་སོགས་པས་ནི་སྤྱི་དོན་ལྔ་པ་ཕྱག་རྒྱ་དང་ཡེ་ཤེས་བསྲེ་བ་ནི་དེ་ཁོ་ནའི་རྣམ་པར་གཞག་པ་སྟོན་པར་འགྱུར་རོ། །ཨཱ་ལི་ཀཱ་ལི་ཞེས་བྱ་བ་ལ་སོགས་པས་ནི་དེ་ལྟར་ཡེ་ཤེས་རྟོགས་པའི་ཕན་ཡོན་ཀྱང་སྟོན་ལ། རྣམ་པ་གཅིག་ཏུ་ན་སྔགས་ཀྱང་ཡང་དག་གནས་ཞེས་བྱ་བའི་སྔགས་ཀྱི་དེ་ཁོ་ན་ཉིད་ལ་སོགས་པའང་སྟོན་པར་འགྱུར་ཏེ། ཀྱེའི་རྡོ་རྗེའི་རྣམ་པར་བཤད་པ་ལ་གསལ་བར་བྲིས་པས་ན་དེ་དག་གི་ཚིག་གི་དོན་ནི་རྟོགས་པར་སླའོ། །བརྗོད་པར་བྱ་བ་ཞེས་བྱ་བ་ནི་རྟོགས་པར་བྱ་བའི་དོན་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་ཀྱི་དག་པའོ། །རྗོད་པར་བྱེད་པ་ནི་དེ་རྟོགས་པར་བྱེད་པའི་ཐབས་སུ་གྱུར་པ་དེ་བཞིན་ཉིད་ཀྱི་དག་པ་སྤྱིའི་ཡུལ་དུ་བྱེད་པ་དང༌། རང་རིག་པའི་དག་པའི་སྒོམ་པ་རྣམས་སོ། །བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཐོག་མར་ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས་བསྐྱེད་ལ། དེ་ནས་དོན་དམ་པའི་བྱང་ཆུབ་ཀྱི་སེམས་སྟོང་པ་ཉིད་བསྒོམ་པའི་སྟོབས་ཀྱིས་བསྐྱེད་པའོ། །སོགས་པ་ནི་དེ་དག་གི་ཞར་ལ་འབྱུང་བ་འབྲས་བུ་ལ་སོགས་པའོ། །དེ་ཁོ་ན་ཉིད་ནི་རྒྱུ་དང་ཐབས་དང་འབྲས་བུ་རྣམས་མ་བཅོས་པ་དང་མི་བསླུ་བ་དང༌། གྲུབ་པ་ལས་མི་ཉམས་པས་དེ་ཁོ་ན་ཉིད་དོ། །རབ་ཏུ་བྱེད་པ་ནི་བརྗོད་བྱ་སྐོར་གཅིག་བྱེ་བྲག་ཏུ་གཏན་ལ་འབེབས་པར་བྱེད་པ་ལ་བྱའོ། །བརྟག་པ་དང་པོ་ལས་རབ་ཏུ་བྱེད་པ་དང་པོའི་རྣམ་པར་བཤད་པའོ།།  །།དེ་ལྟར་རབ་ཏུ་བྱེད་པ་དང་པོས་བྱང་ཆུབ་ཀྱི་སེམས་བསྐྱེད་པ་བསྟན་ནས། དེའི་འོག་ཏུ་འཇུག་པ་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རབ་ཏུ་བྱེད་པ་འདིའི་བརྗོད་པར་བྱ་བའི་དོན་ནི་གང༌། རྗོད་བྱེད་ཀྱི་སྒྲ་ནི་གང༌། མངོན་པར་རྟོགས་པ་ནི་གང༌། རྒྱུད་སྡེ་གཞན་གྱི་བཤད་པའི་རྒྱུད་དུ་ཇི་ལྟར་འགྲོ་སྙམ་ན། བརྗོད་བྱའི་དོན་རབ་ཏུ་བྱེད་པའི་སྟོད་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་དོན་དུ་སྦྱར་བ་ནི་ཕ་རོལ་ཏུ་ཕྱིན་པའི་དོན་དང་སྤྱིའི་དོན་ཡིན་ལ། འདིའི་སྨད་རང་གི་ལུས་ལ་བྱང་ཆུབ་ཀྱི་ཕྱོགས་བརྩིས་པ་ནི་སྦས་པའི་དོན་དུ་བཤད་པ་ཡིན་ནོ། །རྗོད་བྱེད་ཀྱི་སྒྲ་ནི་སྟོད་ཡན་ལག་གི་དོན་འབའ་ཞིག་གིས་འཆད་ལ། སྨད་ནི་བསྡུས་པའི་དོན་གྱི་མན་ངག་ཅུང་ཟད་འཇུག་པ་དང་བཅས་པ་ཡན་ལག་གི་དོན་གྱིས་འཆད་དོ། །མངོན་པར་རྟོགས་པ་གང་དང་རྗེས་སུ་འབྲེལ་ན་སྟོད་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་འབྲེལ་ལ། སྤྱིར་དུ་ན་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་ལམ་ལ་མོས་པའི་གང་ཟག་གི་བྱང་ཆུབ་ཀྱི་སེམས་སྐྱེད་དེ། བདེན་པ་བཞི་ལས་སྡུག་བསྔལ་ལ་སྡུག་བསྔལ་དུ་ངོ་ཤེས། དེའི་རྒྱུ་ཀུན་འབྱུང་སྤང་བྱར་ཤེས། འགོག་པ་མངོན་དུ་བྱ་བར་ཤེས་ནས་ལམ་གྱི་བདེན་པ་ཉམས་སུ་བླང་བྱ་དང་འབྲེལ་ལོ། །དེ་ལ་འདིར་གསང་སྔགས་ཀྱི་ལམ་གྱི་དབང་དུ་བྱས་ན་ཐབས་རྒྱུད་ཀྱི་མངོན་པར་རྟོགས་པ་དེ་ལས་ཀྱང་མཆོག་གི་དངོས་གྲུབ་ཀྱི་མངོན་པར་རྟོགས་པ་ལྔ་ཀ་དང་རྗེས་སུ་འབྲེལ་ཏེ། རང་གི་ལུགས་ཀྱི་མངོན་པར་རྟོགས་པ་ལྔ་པོ་སོ་སོར་གང་ལའང་སོམ་ཉི་སྐྱེས་པའི་དུས་སུ་ཕ་རོལ་ཏུ་ཕྱིན་པའི་ལུགས་ཀྱི་ལམ་འདིའང་འདི་ལྟར་ཡིན་པས། གསང་སྔགས་ཀྱི་ལམ་འདི་དང་དོན་ལ་ཁྱད་པར་མེད་ཅིང་རྟེན་འབྲེལ་ཟབ་མོ་ཡིན་ནོ། །ཞེས་སྒྲོ་འདོགས་གཅོད་པས་མངོན་རྟོགས་ལྔ་ཀའི་ལམ་གྱི་ཡན་ལག་ཏུ་འགྱུར་རོ། །སྨད་སྦས་དོན་དུ་བཤད་པ་ནི་མཆོག་གི་དངོས་གྲུབ་ཀྱི་མངོན་རྟོགས་ལྔ་ལས་རྟོགས་པའི་ལྟ་བ་དང༌། རྫོགས་པའི་རིམ་པ་སྟེ། དེ་གཉིས་དང་རྗེས་སུ་འབྲེལ་བ་ཡིན་ནོ། །རྒྱུད་སྡེ་གཞན་གང་གི་བཤད་པའི་རྒྱུད་ཡིན་ན། རྣལ་འབྱོར་མའི་ཀུན་ཏུ་སྤྱོད་པའི་ལེའུ་གཉིས་པར་བྱང་ཆུབ་ཀྱི་ཕྱོགས་ཀྱི་མིང་ཙམ་བསྟན་པ་དེ་ཚིག་དང་དོན་རྣམ་པར་ཕྱེ་བས་བཤད་པའི་རྒྱུད་དོ། །འདིའི་སྨད་སྦས་པའི་དོན་དུ་བཤད་པས་ནི་ཀུན་སྤྱོད་ཀྱི་ལེའུ་གསུམ་པ་དང༌། མངོན་བརྗོད་བླ་མ་ལ་སོགས་པར་བསྐྱེད་པའི་རིམ་པ་སྤྱི་དོན་དུ་བཤད་པ་དེ་འདིར་སྦས་དོན་དང་མཐར་ཐུག་ཏུ་བཤད་པས་མ་ཚང་བ་ཁ་སྐོང་བས་བཤད་པའི་རྒྱུད་ཡིན་ལ། ཡང་དཔལ་བརྟག་པ་གཉིས་པའི་ལེའུ་དང་པོར་ས་ལ་རྣམ་པར་གཞག་པ་དང༌། ལུས་རང་བཞིན་གྱིས་སངས་རྒྱས་སུ་བཤད་པ་ནི་མ་ཚང་བ་ཁ་བསྐང་ལ། ལྷག་མ་རྣམས་ནི་མི་གསལ་བ་གསལ་བར་བྱེད་པས་བཤད་པའི་རྒྱུད་ཡིན་ནོ། །གཞུང་གི་ཆ་ལ་དེ་ནས་ཞེས་བྱ་བ་ལ་རབ་བྱེད་དང་པོ་སེམས་བསྐྱེད་བསྟན་པའི་རྗེས་ལ་འཇུག་པ་འབྱུང་ཞེས་འབྲེལ་ལོ། །དེ་ནི་དང་པོ་དེ་བཞིན་ཉིད་ཀྱི་དག་པའི་དབང་དུ་བྱས་པའི་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་བསྐྱེད་པའི་གང་ཟག་གིས་འབྲས་བུ་དེ་ལྟ་བུའི་གནས་ཐོབ་པར་བྱེད་པའི་ལམ་འདི་ལ་རིམ་གྱིས་སློབ་པས་འཇུག་པ་ཞེས་བྱའོ། །སྦས་དོན་རང་རིག་པའི་དག་པའི་དབང་དུ་བྱས་ནས་ཐབས་གཉིས་ལ་བརྟེན་ནས་བསྐྱེད་པའི་ཡེ་ཤེས་དེ་ནི་སེམས་བསྐྱེད་པ་ཡིན་ལ། ཡེ་ཤེས་དེ་ས་བཅུ་གསུམ་པའི་བར་དུ་ལུས་ལ་རྩ་དང་རླུང་དང་བྱང་ཆུབ་ཀྱི་སེམས་མངོན་དུ་བྱས་པའི་དབང་གིས་བགྲོད་པ་འདི་ནི་འཇུག་པ་ཞེས་བྱའོ། །བྱང་ཆུབ་ནི་སྤངས་པ་དང་ཡེ་ཤེས་སོ། །ཕྱོགས་ནི་དེའི་རྒྱུའོ། །སུམ་ཅུ་བདུན་ནི་གྲངས་ངེས་པའོ། །དེ་བཤད་པར་བྱ་ཞེས་འབྲེལ་ཏེ། ནང་གི་ལུས་དང་ཞེས་བྱ་བ་ལ་སོགས་པ་ནས་བྱང་ཆུབ་ཀྱི་ཕྱོགས་རྒྱས་པར་སྟོན་ཏོ། །བྱང་ཆུབ་ཀྱི་ཕྱོགས་ཉི་ཤུ་རྩ་གཉིས་ནི་འཇིག་རྟེན་པའི་ལམ་ལའོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ནི་མཐོང་བའི་ལམ་ལའོ། །ཡན་ལག་བརྒྱད་ནི་བསྒོམ་པའི་ལམ་ལའོ། །དང་པོའང༌། བཅུ་གཉིས་ནི་ཚོགས་ཀྱི་ལམ་མོ། །བཅུ་ནི་སྦྱོར་བའི་ལམ་ལ་མཐར་ཕྱིན་ཏེ། དེ་ནས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་འདི་རྣམས་ལ། དམིགས་པ་དང་ངོ་བོ་ཉིད་དང༌། གྲོགས་དང༌། བསྒོམ་པ་དང༌། བསྒོམས་པའི་འབྲས་བུ་སྟེ་ལྔ་ལྔས་ཤེས་པར་བྱའོ། །དེ་ལ་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་དམིགས་པ་ནི་ལུས་དང་ཚོར་བ་དང་སེམས་དང་ཆོས་སོ། །ངོ་བོ་ནི་དྲན་པ་དང་ཤེས་རབ་བོ། །གྲོགས་ནི་དེ་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའོ། །བསྒོམ་པ་ནི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བ་ལ་སོགས་པ་སྟེ། ཀུན་རྫོབ་ཀྱི་དབང་དུ་བྱས་ནས་མི་གཙང་བ་ལ་སོགས་པ་བཞིར་ཤེས་པར་བྱ་བའམ། དོན་དམ་པར་རང་བཞིན་མེད་པར་བསྒོམ་པའོ། །ཡང་བསྒོམ་པ་དེ་རྣམ་པ་དགུ་དང་ལྡན་པར་བསྒོམ་སྟེ། ཡིད་ལ་མི་བྱེད་པའི་གཉེན་པོ་འདུན་པ་དང༌། ལེ་ལོའི་གཉེན་པོར་བརྩོན་འགྲུས་དང༌། བྱིང་རྒོད་ཀྱི་གཉེན་པོར་རྩོལ་བ་དང༌། སེམས་ཞུམ་པའི་གཉེན་པོར་སྤྲོ་བ་དང༌། གནོད་པ་སྐྱེལ་བའི་གཉེན་པོར་མ་ཐེང་པ་སྟེ། ཕྱིར་མི་ལྡོག་པ་དང༌། ཆོག་པར་འཛིན་པའི་གཉེན་པོར་ཕྱིར་ནུར་བ་མེད་པའི་བརྩོན་འགྲུས་དང་གདམས་ངག་བརྗེད་པའི་གཉེན་པོར་དྲན་པ་དང༌། ལྟུང་བ་ཡིད་ལ་གཅགས་པའི་གཉེན་པོར་ཤེས་བཞིན་དང༌། བརྩོན་འགྲུས་འདོར་བའི་གཉེན་པོར་བག་ཡོད་པ་བསྒོམ་པ་ཞེས་བྱ་བ་འདི་རྣམས་དང་ལྡན་པར་བྱའོ། །བསྒོམས་པའི་འབྲས་བུ་ནི། ཕྱིན་ཅི་ལོག་བཞི་སྤོང་བ་དང༌། བདེན་པ་བཞི་ལ་འཇུག་པ་དང༌། ལུས་ལ་སོགས་པ་བཞི་དང་བྲལ་བའོ། །དང་པོ་ནི། ལུས་གཙང་བར་འཛིན་པ་དང༌། ཚོར་བ་བདེ་བར་འཛིན་པ་དང༌། ཆོས་ལ་བདག་ཏུ་འཛིན་པ་དང༌། སེམས་ལ་རྟག་པར་འཛིན་པ་ནི་ཕྱིན་ཅི་ལོག་སྟེ། དེ་དག་དང་བྲལ་བའི་རྟོགས་པ་སྐྱེའོ། །གཉིས་པ་བདེན་པ་ལ་འཇུག་པ་ནི། ལུས་དྲན་པ་ཉེ་བར་གཞག་པས་གནས་ངན་ལེན་རབ་ཏུ་ཤེས་ལ། གནས་ངན་ལེན་ནི་འདུ་བྱེད་ཀྱི་སྡུག་བསྔལ་ཡིན་པས། དེ་བརྟགས་ན་སྡུག་བསྔལ་གྱི་བདེན་པ་ལ་འཇུག་གོ །སྲེད་པའི་རྒྱུ་ནི་ཚོར་བ་སྟེ། དེ་བརྟགས་པས་ཀུན་འབྱུང་གི་བདེན་པ་ལ་འཇུག་གོ །བདག་ཏུ་མངོན་པར་ཞེན་པའི་གཞི་ནི་སེམས་ཏེ། དེ་ལ་བརྟགས་པས་འགོག་པའི་བདེན་པ་ལ་འཇུག་སྟེ། བདག་ཆད་པར་དོགས་པའི་འཇིགས་པ་མེད་པའི་ཕྱིར་རོ། །ཆོས་ལ་བརྟགས་པས་ཀུན་ནས་ཉོན་མོངས་པ་དང་རྣམ་བྱང་གི་ཆོས་ལ་མ་རྨོངས་པའི་ཕྱིར་ལམ་གྱི་བདེན་པ་ལ་འཇུག་གོ །ལུས་ལ་སོགས་པ་དང་བྲལ་བ་ནི་མཐར་ཐུག་པའི་འབྲས་བུའོ། །དེ་བས་ན་བདེན་པ་བཞི་ལ་འཇུག་པའི་ཕྱིར། ཐོག་མར་དྲན་པ་ཉེ་བར་གཞག་པ་བསྒོམ་མོ། །དེ་ལྟར་མི་མཐུན་ཕྱོགས་དང་གཉེན་པོ་ཤེས་ནས་མི་མཐུན་ཕྱོགས་བསལ་ཞིང་གཉེན་པོ་བསྐྱེད་པའི་ཕྱིར། བརྩོན་འགྲུས་བཞི་པོ་འཇུག་པས་དེའི་འོག་ཏུ་ཡང་དག་པར་སྤོང་བ་བཞི་ལ་འཇུག་གོ །དེ་ལ་ཡང་དག་པར་སྤོང་བའི་དམིགས་པ་ནི་མི་མཐུན་པའི་ཕྱོགས་དང་གཉེན་པོ་སྟེ། དེ་གཉིས་སྐྱེས་པ་དང་མ་སྐྱེས་པ་བཞིའོ། །ངོ་བོ་ནི་བརྩོན་འགྲུས་སོ། །གྲོགས་ནི་དེ་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །བསྒོམ་པ་ནི་འདུན་པ་སྐྱེད་དོ་ཞེས་བྱ་བ་ལ་སོགས་པ་ལྔ་སྟེ། བརྩོན་འགྲུས་རྩོམ་པ་གནས་དང་བཅས་པའོ། །གནས་ནི་འདུན་པའོ། །འབད་པ་ནི་བརྩོན་འགྲུས་སོ། །ཞི་གནས་རབ་ཏུ་འཛིན་པ་དང༌། བཏང་སྙོམས་ཀྱི་མཚན་མ་ཡིད་ལ་བྱེད་པས་བརྩོན་འགྲུས་རྩོམ་མོ། །བྱིང་རྒོད་སེལ་བའང་བརྩོན་འགྲུས་ཉིད་དེ། དེའི་འོག་ཏུ་སེམས་རབ་ཏུ་འཛིན་པ་དང༌། རབ་ཏུ་འཇོག་པ་སྨོས་སོ། །འབྲས་བུ་ནི་དང་པོ་གཉིས་མི་མཐུན་པའི་ཕྱོགས་ཉམས་པ་ཡིན་ལ། གསུམ་པ་ནི་གཉེན་པོ་ཐོབ་པ། བཞི་པ་ནི་ཐོབ་པ་འཕེལ་བའོ། །དེ་ལྟར་བརྩོན་འགྲུས་རྩོམ་པ་དེ་ལ་དེའི་འོག་ཏུ་སེམས་གནས་པའི་ལས་སུ་རུང་བ་ཉིད་ནི་རྫུ་འཕྲུལ་གྱི་རྐང་པ་བཞི་པོ་དག་བསྒོམ་མོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་དམིགས་པ་ནི་ཏིང་ངེ་འཛིན་གྱིས་གྲུབ་པའི་བྱ་བའོ། །ངོ་བོ་ཉིད་ནི་ཏིང་ངེ་འཛིན་ཏོ། །གྲོགས་ནི་འདུན་པ་དང༌། བརྩོན་འགྲུས་དང༌། སེམས་དང༌། སྤྱོད་པ་སྟེ་བཞི་པོ་སོ་སོར་འགྱུར་རོ། །ལྷག་མ་ནི་དེ་དག་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའོ། །དེ་ལ་འདུན་པའི་ཏིང་ངེ་འཛིན་ནི་གུས་པའི་སྦྱོར་བ་ལ་བརྟེན་པའི་སེམས་རྩེ་གཅིག་པའོ། །བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་ནི་རྒྱུན་ཏུ་སྦྱོར་བ་ལ་བརྟེན་པའི་སེམས་རྩེ་གཅིག་པའོ། །སེམས་ཀྱི་ཏིང་ངེ་འཛིན་ནི་གང་སྔོན་གྱི་ཏིང་ངེ་འཛིན་བསྒོམ་པ་ལ་བརྟེན་པའི་སེམས་རྩེ་གཅིག་པའོ། །དཔྱོད་པའི་ཏིང་ངེ་འཛིན་ནི་གཞན་གྱིས་བསྟན་ནས་ཆོས་རབ་ཏུ་འབྱེད་པ་ལ་བརྟེན་པའི་སེམས་རྩེ་གཅིག་པའོ། །ཡང་ན་འདུན་པ་ལ་སོགས་པ་བྱེད་པའི་དུས་ན་རྩེ་གཅིག་པར་འགྱུར་བས་དེ་དག་གི་ཏིང་ངེ་འཛིན་ཞེས་བྱའོ། །བསྒོམ་པ་ནི་ཉེས་པ་ལྔ་སྤོང་བའི་འདུ་བྱེད་བརྒྱད་བསྒོམ་པ་སྟེ། འདུན་པ་དང༌། རྩོལ་བ་དང༌། དད་པ་དང༌། ཤིན་ཏུ་སྦྱངས་པ་དང༌། དྲན་པ་དང༌། ཤེས་བཞིན་དང༌། སེམས་པ་དང༌། བཏང་སྙོམས་སོ། །བརྒྱད་པོ་དེ་དག་ཀྱང་བཞིར་འགྱུར་ཏེ། འབད་པ་དང༌། ཕན་འདོགས་པ་དང༌། ཉེ་བར་ཕན་འདོགས་པ་དང༌། གཉེན་པོའོ། །དེ་ལ་འབད་པ་ནི་འདུན་པ་དང༌། རྩོལ་བ་དང༌། དད་པ་གསུམ་མོ། །དེ་ལ་འདུན་པ་ནི་རྩོལ་བའི་གནས་སོ། །འདུན་པ་ནི་རྒྱུའི་དད་པའོ། །ཕན་འདོགས་པ་ནི་ཤིན་ཏུ་སྦྱངས་པ་སྟེ། ལུས་དང་སེམས་ལ་ཕན་འདོགས་པའི་ཕྱིར་རོ། །ཉེ་བར་ཕན་འདོགས་པ་ནི་དྲན་པ་དང་ཤེས་བཞིན་ཏེ། དམིགས་པ་མ་བརྗེད་པས་སེམས་རྩེ་གཅིག་པ་དེ་ཉིད་ལ་འཇུག་པ་དང༌། དེ་ལ་བག་མེད་པར་གྱུར་ན་ཡོངས་སུ་གཅོད་པའི་ཕྱིར་ཏེ། གོ་རིམ་བཞིན་ནོ། །གཉེན་པོ་ནི་སེམས་པ་དང་བཏང་སྙོམས་ཏེ། སེམས་རབ་ཏུ་འཛིན་པ་དང་རབ་ཏུ་འཇོག་པ་མངོན་པར་འདུ་བྱེད་པས་བྱིང་རྒོད་ཡོངས་སུ་སྤངས་པའོ། །འབྲས་བུ་ནི་ཏིང་ངེ་འཛིན་ལ་ཡོངས་སུ་སྦྱང་བ་བྱས་ན། ཆོས་མངོན་པར་ཤེས་པར་བྱ་བ་གང་དང་གང་མངོན་དུ་བྱ་བར་འདོད་པ་དེ་དང་དེ་ལ་སེམས་མངོན་པར་གཏོད་པ་སྟེ། རང་རང་གི་གནས་ཀྱི་ཆོས་རྣམས་ལ་མངོན་དུ་གྱུར་པའི་སྐལ་བ་ཅན་དུ་འགྱུར་བའོ། །དེ་ལྟར་རྫུ་འཕྲུལ་གྱི་རྐང་པས་སེམས་ལས་སུ་རུང་བ་ཐར་པའི་ཆ་མཐུན་གྱི་དགེ་བའི་རྩ་བ་བསྐྱེད་ནས་འདུན་པ་ནི་དབང་བྱེད་པར་འགྱུར་ཞེས་བྱ་བ་ལ་སོགས་པ་ལྔ་པོ་འབྱུང་བས་དབང་པོ་ལྔ་འབྱུང་ངོ༌། །དེ་ལྟར་ན་བྱང་ཆུབ་ཀྱི་ཕྱོགས་བཅུ་གཉིས་ནི་ཚོགས་ཀྱི་ལམ་གྱི་གནས་སྐབས་ཡོངས་སུ་རྫོགས་སོ། །དེ་ལ་དབང་པོ་ལྔའི་དམིགས་པ་ནི། འཕགས་པའི་བདེན་པ་བཞི་སྟེ། བདེན་པ་མངོན་པར་རྟོགས་པ་ལ་སྦྱོར་བས། དེའི་རྣམ་པར་འགྱུར་བའི་ཕྱིར་རོ། །ངོ་བོ་ནི་དད་པ་ལ་སོགས་པ་ལྔའོ། །གྲོགས་ནི་དེ་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །སྒོམ་པ་ནི་དད་པའི་དབང་པོས་བདེན་པ་རྣམས་ལ་ཡིད་ཆེས་པའི་ཚུལ་གྱིས་བསྒོམ་པ་སྟེ། དེ་བས་ན་རང་གི་ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་ཆེས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལས་ནི་ཀུན་འབྱུང་གི་བདེན་པ་ཡིན་ལ། རྣམ་པར་སྨིན་པ་ནི་སྡུག་བསྔལ་གྱི་བདེན་པ་ཡིན། ལས་མངོན་པར་འདུ་མི་བྱེད་པ་ནི་ལམ་གྱི་བདེན་པ། དེས་འགོག་པའི་བདེན་པ་མངོན་པར་གྲུབ་པ་ཡིན་པས་ན་དེ་དག་ལ་ཡིད་ཆེས་པས་དད་པའི་བསྒོམ་པའོ། །ཡིད་ཆེས་པས་དེ་མངོན་པར་རྟོགས་པར་བྱ་བའི་ཚུལ་ནི་བརྩོན་འགྲུས་སོ། །བརྩོན་པ་བརྩམས་པས་བདེན་པ་བཞི་ལ་དྲན་པ་མི་བརྗེད་པའི་ཚུལ་གྱིས་བསྒོམ་མོ། །དེ་ལྟ་བུ་ལ་ཏིང་ངེ་འཛིན་གྱིས་སེམས་རྩེ་གཅིག་པའི་ཚུལ་གྱིས་བསྒོམ། ཤེས་རབ་ཀྱིས་རབ་ཏུ་འབྱེད་པའི་ཚུལ་གྱིས་བསྒོམ་པའོ། །འབྲས་བུ་ནི་ངེས་པར་འབྱེད་པའི་ཆ་མཐུན་སྐྱེའོ། །དད་པ་ལ་སོགས་པ་དེ་དག་ཉིད་སྟོབས་དང་ལྡན་པར་གྱུར་པ་ལ་སྟོབས་ཞེས་བྱ་བ་ཡིན་པས་དེའི་འོག་ཏུ་སྟོབས་རྣམས་འཇུག་གོ །སྟོབས་ཀྱི་དམིགས་པ་ནས་འབྲས་བུའི་བར་ནི་དབང་པོ་དང་ཁྱད་པར་མེད་དོ། །གལ་ཏེ་རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱིས་ཐར་པའི་ཆ་མཐུན་སྐྱེད་པ་ཡིན་པས། དེའི་འོག་ཏུ་ངེས་འབྱེད་བསྐྱེད་པ་དེ་དབང་པོ་དང་སྟོབས་ཀྱི་འབྲས་བུ་ཇི་ལྟར་རིགས་པར་བྱ་སྙམ་ན། དབུས་དང་མཐའ་རྣམ་པར་འབྱེད་པ་ལས། དྲོད་རྩེ་མོ་ནི་དབང་པོ་རྣམས་ལས། བཟོད་པ་དང་ཆོས་མཆོག་ནི་སྟོབས་རྣམས་ཀྱི་འབྲས་བུའོ། །ཞེས་གསུངས་སོ། །དེ་ལྟར་ངེས་འབྱེད་ཆ་བཞི་སྐྱེས་པའི་རྗེས་ལ། མཐོང་བའི་ལམ་སྐྱེ་བས་བྱང་ཆུབ་ཀྱི་ཡན་ལག་བདུན་འབྱུང་ངོ༌། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་དམིགས་པ་ནི་འཕགས་པའི་བདེན་པ་བཞི་པོ་དག་ཡང་དག་པ་ཇི་ལྟ་བའོ། །ངོ་བོ་ཉིད་ནི་དྲན་པ་ལ་སོགས་པ་བདུན་ནོ། །དེ་ལ་དྲན་པ་ནི་གནས་ཀྱི་ཡན་ལག་སྟེ། དགེ་བའི་ཆོས་ཐམས་ཅད་མངོན་པར་བརྗོད་པའི་ཕྱིར་རོ། །ཆོས་རྣམ་པར་འབྱེད་པ་ནི་ངོ་བོ་ཉིད་ཀྱི་ཡན་ལག་སྟེ་བྱང་ཆུབ་ཀྱི་མཚན་ཉིད་ཡིན་པའི་ཕྱིར་རོ། །བརྩོན་འགྲུས་ནི་ངེས་པར་འབྱུང་བའི་ཡན་ལག་སྟེ་དེས་བགྲོད་པས་ཇི་སྲིད་བར་འགྲོ་བའི་ཕྱིར་རོ། །དགའ་བ་ནི་ཕན་ཡོན་གྱི་ཡན་ལག་སྟེ་སེམས་ཀྱི་རྒྱུད་ཚིམ་པར་བྱེད་པའི་ཕྱིར་རོ། །ཤིན་ཏུ་སྦྱངས་པ་དང༌། ཏིང་ངེ་འཛིན་དང་བཏང་སྙོམས་ནི་ཉོན་མོངས་པ་མེད་པའི་ཡན་ལག་སྟེ། དེ་ལ་ཤིན་ཏུ་སྦྱངས་པ་ནི། གང་གིས་ཀྱང་ཀུན་ནས་ཉོན་མོངས་པ་མེད་པ་སྟེ། གནས་ངན་ལེན་འཇིག་པའི་ཕྱིར་རོ། །ཏིང་ངེ་འཛིན་ནི་གང་དུའང་ཀུན་ནས་ཉོན་མོངས་པར་མི་འགྱུར་ཏེ། དེ་ལ་གནས་པ་གནས་གྱུར་པའི་ཕྱིར་རོ། །བཏང་སྙོམས་ནི་ཀུན་ནས་ཉོན་མོངས་པ་གང་ཡང་མེད་པ་སྟེ། བརྣབ་སེམས་དང་ཡིད་མི་བདེ་བ་དང་བྲལ་བ་ཉོན་མོངས་པ་ཅན་མ་ཡིན་པའི་གནས་སྐབས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དགོས་གྲོགས་དེ་དག་དང་མཚུངས་པར་ལྡན་པའི་སེམས་དང་སེམས་བྱུང་ངོ༌། །བསྒོམ་པ་ནི་བྱེ་བྲག་ཕྱེད་པས་ངེས་པར་འབྱུང་བ་དང་ཞེས་བྱ་བ་ལ་སོགས་པ་སྟེ། ཡན་ལག་བདུན་པ་རེ་རེ་ལའང་བདེན་པ་བཞི་བཞི་དང་ལྡན་པར་བྱ་བ་སྟེ། བྱེ་བྲག་ཕྱེད་པ་ནི་དབེན་པ་ལ་གནས་པ་སྟེ། སྡུག་བསྔལ་ལ་སྡུག་བསྔལ་ཉིད་དུ་ཤེས་ནས་དབེན་པ་ཚོལ་བའོ། །འདོད་ཆགས་དང་བྲལ་བ་ནི་སྲེད་པ་ཞེས་བྱ་བ་སྡུག་བསྔལ་ཀུན་འབྱུང་བ་སྟེ། སྡུག་བསྔལ་གྱི་རྒྱུ་ལ་འདོད་པ་དང་བྲལ་བའོ། །འགོག་པས་ངེས་པར་འབྱུང་བ་ནི་འགོག་པ་དེ་མངོན་སུམ་དུ་བྱ་བར་འདོད་པ་ལ་དམིགས་པའོ། །ཀུན་ནས་ཉོན་མོངས་པ་དང་བྲལ་བ་དང༌། ཆོས་རབ་ཏུ་འབྱེད་པ་ཞེས་བྱ་བ་ནི་རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་བསྒོམ་པ་ཞེས་བྱ་སྟེ། ལམ་དེས་སྡུག་བསྔལ་སྤངས་ཏེ་འགོག་པར་འགྲོ་བས་སོ། །དེ་ལྟར་ན་བདེན་པ་ལ་དམིགས་ཏེ། བྱང་ཆུབ་ཀྱི་ཡན་ལག་བསྒོམ་པའོ། །འབྲས་བུ་ནི་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤངས་པའོ། །དེ་ལྟར་མཐོང་བའི་ལམ་སྐྱེས་པའི་འོག་ཏུ་བསྒོམ་པའི་ལམ་འབྱུང་བས་ལམ་གྱི་ཡན་ལག་བརྒྱད་འབྱུང་ངོ༌། །དེ་ལ་ལམ་གྱི་ཡན་ལག་གི་དམིགས་པ་ནི་འཕགས་པའི་བདེན་པ་བཞི་པོ་རྣམས་ཀྱིས་ཡང་དག་པ་ཇི་ལྟ་བའོ། །ངོ་བོ་ཉིད་ནི་ཡང་དག་པའི་ལྟ་བ་ལ་སོགས་པ་བརྒྱད་དོ། །དེ་ལ་ཡང་དག་པའི་ལྟ་བ་ནི་ཡོངས་སུ་གཅོད་པའི་ཡན་ལག་སྟེ། མཐོང་བའི་ལམ་གྱི་ཇི་ལྟར་མྱོང་བའི་དེ་ཁོ་ན་ངེས་པར་འཛིན་པའོ། །ཡང་དག་པའི་རྟོགས་པ་ནི་གཞན་ལ་གོ་བར་བྱེད་པའི་ཡན་ལག་སྟེ། ནང་གི་རྟོགས་པ་དེས་ཀུན་ནས་བསླངས་ནས་གཞན་གོ་བར་བྱེད་པའི་ངག་འབྱུང་བས་སོ། །ཡང་དག་པའི་ངག་དང་ལས་ཀྱི་མཐའ་དང་འཚོ་བ་གསུམ་ནི་གཞན་ཡིད་ཆེས་པར་བྱེད་པའི་ཡན་ལག་སྟེ། ངག་གི་ནི་རྟོགས་པ་དང་མཐུན་པར་འདྲི་བ་དང༌། ལུང་སྟོན་པ་དང༌། འབེལ་བའི་གཏམ་གཏན་ལ་ཕབ་པས་ལྟ་བ་རྣམ་པར་དག་པར་ཤེས་སོ། །ཡང་དག་པའི་ལས་ཀྱི་མཐའ་ནི་འགྲོ་བ་དང་ལྡོག་པ་ལ་སོགས་པ་སྤྱོད་པ་ཕུན་སུམ་ཚོགས་པས་ཚུལ་ཁྲིམས་རྣམ་པར་དག་པར་ཤེས་སོ། །འཚོ་བ་ནི་ཇི་ལྟར་གནང་བ་བཞིན་དུ་འཚོ་བས་འཚོ་བ་རྣམ་པར་དག་པ་ལ་ཡིད་ཆེས་པར་བྱེད་དོ། །ཡང་དག་པའི་རྩོལ་བ་ནི་ཉོན་མོངས་པའི་སྒྲིབ་པ་རྣམ་པར་སྦྱོང་བའི་ཡན་ལག་གོ །ཡང་དག་པའི་དྲན་པ་ནི་ཉེ་བའི་ཉོན་མོངས་པའི་སྒྲིབ་པ་རྣམ་པར་སྦྱོང་བའི་ཡན་ལག་སྟེ། དེས་ཞི་གནས་ལ་སོགས་པ་མཚན་མ་མ་བརྗེད་པས་བྱིང་རྒོད་སོགས་མི་འབྱུང་བས་སོ། །ཡང་དག་པའི་ཏིང་ངེ་འཛིན་ནི་ཡོན་ཏན་ཁྱད་པར་ཅན་ལ་སྒྲིབ་པ་རྣམ་པར་སྦྱོང་བའི་ཡན་ལག་སྟེ། དེས་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་གྲུབ་པའི་ཕྱིར་རོ། །གྲོགས་ནི་དེ་དག་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །སྒོམ་པ་ནི་བྱང་ཆུབ་ཀྱི་ཡན་ལག་བཞིན་ནོ། །འདི་ལྟ་སྟེ་ཡང་དག་པའི་ལྟ་བ་དབེན་པ་ལ་གནས་པ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་འབྱུང་ངོ༌། །འབྲས་བུ་ནི་ཡོངས་སུ་གཅོད་པ་དང༌། གཞན་གོ་བར་བྱེད་པ་དང༌། ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པ་དང་ཉེ་བའི་ཉོན་མོངས་པའི་སྒྲིབ་པ་དག་པ་དང༌། ཡོན་ཏན་ཁྱད་པར་ཅན་ལ་སྒྲིབ་པ་རྣམ་པར་དག་པའོ། །ཡང་འདི་དག་གིས་མི་མཐུན་པའི་ཕྱོགས་སྤོང་བའི་དབང་དུ་བྱས་ན་བསྒོམས་པས་སྤང་པར་བྱ་བའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་སྤོང་བའོ། །དེ་ལ་བྱང་ཆུབ་ཀྱི་ཕྱོགས་འདི་རྣམས་ནི་ལམ་ཉན་ཐོས་པ་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུན་མོང་བའོ། །ཡང་ཁྱད་པར་གསུམ་གྱི་ཁྱད་པར་དུ་འཕགས་ཏེ། དམིགས་པ་དང༌། ཡིད་ལ་བྱེད་པ་དང༌། འཐོབ་པས་ཁྱད་པར་དུ་འཕགས་པའོ། །དེ་ལ་ཉན་ཐོས་དང་རང་རྒྱལ་ནི་རང་གི་ལུས་ལ་སོགས་པ་ལ་དམིགས། བྱང་ཆུབ་སེམས་དཔའ་ནི་རང་གཞན་གཉིས་ཀ་ལ་དམིགས་སོ། །ཡང་ཉན་ཐོས་རང་རྒྱལ་ནི་ལུས་ལ་སོགས་པ་མི་རྟག་པ་ལ་སོགས་པར་ཡིད་ལ་བྱེད། བྱང་ཆུབ་སེམས་དཔའ་ནི་མི་དམིགས་པར་ཡིད་ལ་བྱེད་དོ། །ཡང་ཉན་ཐོས་རང་རྒྱལ་ནི་ལུས་ལ་སོགས་པ་དང་བྲལ་བའི་ཕྱིར་བསྒོམ། བྱང་ཆུབ་སེམས་དཔའ་ནི་བྲལ་བ་དང་མི་འབྲལ་བ་གཉིས་ཀ་མ་ཡིན་ཏེ། མི་གནས་པའི་ཕྱིར་བསྒོམ་པའོ། །དེ་ལྟར་ཁྱད་པར་གསུམ་ནི་དབུས་མཐའ་ལས་གསུངས་སོ། །བྱང་ཆུབ་ཀྱི་ཕྱོགས་ཕ་རོལ་ཏུ་ཕྱིན་པ་དང་སྤྱིའི་དོན་དུ་བཤད་པའོ། །དེ་ལྟར་ཉན་ཐོས་རང་རྒྱལ་དང་བྱང་ཆུབ་སེམས་དཔའ་ལ་ཁྱད་ཡོད་པ་བཞིན་གསང་སྔགས་ཀྱི་ལམ་ལ་ཡང་ཁྱད་པར་ཡོད་དེ། བསྐྱེད་པའི་རིམ་པ་བས་དམིགས་པ་ལྷའི་རྣམ་པར་བྱས་ནས་བསྒོམ་མོ། །འདི་ནི་རྣལ་འབྱོར་མ་ཀུན་ཏུ་སྤྱོད་པ་ལས་ལྷ་སོ་བདུན་དུ་བཤད་ལ། ཐམས་ཅད་གསང་རྒྱུད་ལ་སོགས་པ་ལས་རྟེན་གྱི་དཀྱིལ་འཁོར་ལ་བཤད་དོ། །བསྐྱེད་པའི་རིམ་པ་ལྟར་བཤད་པའོ། །དེ་བཞིན་དུ་རྫོགས་པའི་རིམ་པ་ལའང་ཁྱད་པར་ཡོད་དོ་ཞེས་བཤད་པའི་ཕྱིར། དེ་ཉིད་ཡང་དག་བཤད་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ལྟར་བྱང་ཆུབ་ཀྱི་ཕྱོགས་ནང་དོན་དུ་བཤད་པའི་དགོས་པ་ནི། ཕྱི་རོལ་གྱི་ལམ་གྱིས་སྤྲོས་པའི་སྒྲོ་འདོགས་བཅད་ནས་ལམ་རང་གི་ལུས་ལ་ཚང་བར་ཤེས་པས་རང་གི་ནང་གི་རྟེན་འབྲེལ་ལ་འབད་པའི་དགོས་པ་ཡོད་དོ། །དེ་ལ་ནང་དུ་བྱེད་པའི་འཐད་པ་ནི་འདི་ཡིན་ཏེ། ཕ་རོལ་ཏུ་ཕྱིན་པའམ་བསྐྱེད་རིམ་པས་ཀྱང་བྱང་ཆུབ་ཀྱི་ཕྱོགས་ཉམས་སུ་བླང་བས་དེས་ཀྱང་ས་དང་ལམ་གྱི་རིམ་པ་རྟོགས་ནས་འབྲས་བུ་སངས་རྒྱས་ཀྱི་ཡེ་ཤེས་ཐོབ་ཅེས་བྱ་བ་འདི་ལས། བསྒྲུབ་བྱའམ་དགོས་པ་གཞན་མེད་དོ། །དེ་ལྟར་རྫོགས་པའི་རིམ་པ་བས་ཀྱང་ཐོབ་སྟེ། དེའང་འདི་ལྟར་དང་པོ་རྒྱུའི་རྒྱུད་ཀྱི་གནས་སྐབས་སུ་ས་ལམ་དང་འབྲས་བུ་དང་འདྲ་བ་རང་གི་ཕུང་པོ་ལ་སོགས་པ་འདི་ཡིན་ལ། དེ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཀྱིས་ཐོབ་པར་བྱེད་པ་དང་འདྲ་བར་རང་གི་ལུས་ཀྱི་རྩ་རྣམས་ཀྱི་ཕུང་པོ་ལ་སོགས་པ་སྐྱེད་པར་བྱེད་པ་འདི་ཡིན་ནོ། །དེ་ལྟར་རྒྱུ་ལ་གནས་པ་བཞིན་ལམ་དུས་སུ་བསྒོམ་པ་ཡིན་ལ། ལམ་དུ་བསྒོམ་པ་བཞིན་འབྲས་བུར་འགྲུབ་པ་ཡིན་པས། འབྲས་བུའི་གནས་སྐབས་འགྲུབ་པའི་ཚེ་རྩ་དང་བྱང་ཆུབ་ཀྱི་ཕྱོགས་ལ་ཁྱད་པར་མེད་པས་ན་ལམ་མྱུར་བར་འདོད་པ་རྣམས་ཀྱིས་རྩ་རྣམས་ལམ་དུ་བྱ་ཞེས་བྱ་བ་འདི་སྟོན་པ་ཡིན་ནོ། །དེའང༌། དེ་ཉིད་ཡང་དག་བཤད་པ་ནི། །ཞེས་བྱ་བ་ལ་སོགས་པ་ཚིགས་བཅད་གཉིས་ཀྱིས་ཐོབ་པར་བྱ་བའི་ལམ་དང་འབྲས་བུའི་རིམ་པ་ཐམས་ཅད་རང་གི་ལུས་ཉིད་དུ་བསྡུ་བ་བསྟན་ཏོ། །བྱང་སེམས་ཞེས་བྱ་བ་ཤློ་ཀ་གཅིག་གིས་དེ་འགྲུབ་པར་བྱེད་པའི་རྒྱུ་ནི་རྩ་ཡིན་པར་སྟོན་ཏོ། །དེས་ན་རྩ་དང་བྱང་ཆུབ་ཀྱི་ཕྱོགས་ལ་ཁྱད་པར་མེད་པར་སྟོན་ཏོ། །རང་ལུས་ཞེས་བྱ་བ་ཤློ་ཀ་གཉིས་ཀྱིས་དེས་ན་ལུས་དང་སེམས་རྫོགས་པའི་སངས་རྒྱས་སུ་བསྟན་ཏོ། །རྡོ་རྗེ་སྙིང་པོས་ཞེས་བྱ་བ་ལ་སོགས་པ་དེས་འབྲས་བུ་ཐོབ་བྱ་འགྲུབ་བྱེད་ཀྱི་རྒྱུ་རྩའི་རྣམ་པར་གཞག་པ་སྟོན་ཏོ། །བསྡུས་པའི་དོན་ཏོ། །ཡན་ལག་གི་དོན་ལ། དེ་ཉིད་ཡང་དག་བཤད་པ་ནི། །ཞེས་བྱ་བ་རྐང་པ་གཉིས་ཀྱིས་མདོར་བསྟན་ཏེ། དེ་ཉིད་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སོ། །ཡང་དག་པར་བཤད་པ་ནི་ནང་གི་རྟེན་འབྲེལ་ཟབ་མོའི་དོན་ཏོ། །འོག་ནས་བྱུང་བ་ལུས་ལ་ཞེས་བྱ་བ་དང་འབྲེལ་ཏོ། །བྱང་ཆུབ་ཀྱི་ཕྱོགས་དེ་ལུས་ལ་ཇི་ལྟར་ཚང་ཞེ་ན། དགའ་བ་ལ་སོགས་པ་རྣམས་ཞེས་སྨོས་ཏེ། བྱང་ཆུབ་ཀྱི་ཕྱོགས་ཀྱིས་བསྒྲུབས་པས་ཀྱང་ནི་བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བ་ལ་སོགས་པ་དང༌། སངས་རྒྱས་ཀྱི་ས་ཉིད་འགྲུབ་ལ། ལུས་ལའང་ནི་ཐོབ་བྱ་ཐོབ་བྱེད་དེ་བཞིན་གནས་སོ། །ཇི་ལྟར་གནས་སྙམ་ན་དེ་ཉིད་རྒྱས་པར་བཤད་པའི་ཕྱིར། དབང་པོ་ལ་སོགས་རང་བཞིན་གྱིས། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་གནས། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་སྤྱི་དང་མཐར་ཐུག་པའི་དབང་དུ་བྱས་ནས། དེ་བཞིན་གཤེགས་པ་དང་རིག་མ་ཞེས་བྱ་བ་ནི་གཙོ་བོའམ་འབྲས་བུའི་རྣམ་པའི་དབང་དུ་བྱས་པ་ཡིན་ལ། བྱང་ཆུབ་སེམས་དཔའ་དང་ལྷ་མོ་ཁྲོ་བོ་དང་ཁྲོ་མོ་ཞེས་བྱ་བ་ནི་འཁོར་རམ་ལམ་གྱི་རྣམ་པའི་དབང་དུ་བྱས་པའོ། །དེ་ལ་དང་པོ་ཚིག་རྐང་གཉིས་ཀྱིས་ནི་འཁོར་རམ་ལམ་བསྟན་ཏོ། །དེ་ནས་ཕུང་པོ་ལ་སོགས་པ་རྐང་པ་གཉིས་ཀྱིས་གཙོ་བོའི་འབྲས་བུ་བསྟན་ཏོ། །དེ་ནས་རྐང་པ་གཉིས་ཀྱིས་བསྡུས་ཏེ་བསྟན་ཏོ། །དེ་ལ། དང་པོ་བྱང་ཆུབ་སེམས་དཔའ་རྣམས། །ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་ཤུགས་ལ་ལྷ་མོ་དང་ཁྲོ་བོ་དང་ཁྲོ་མོ་ཤེས་པ་ཉིད་དོ། །དེའང་མདོར་བསྡུ་ན་ཕ་རོལ་ཏུ་ཕྱིན་པ་དྲུག་ཅེས་བྱ་བའམ། བྱང་ཆུབ་སེམས་དཔའ་ལྷ་མོ་དྲུག་ཏུ་འདུ་ལ། དེ་ལས་ཕྱེ་ན་བརྒྱད་དང་བཅུ་དང་བཅུ་གཉིས་དང༌། བཅུ་དྲུག་དང༌། ཉི་ཤུ་རྩ་བཞི་དང༌། སུམ་ཅུ་རྩ་གཉིས་ལ་སོགས་པའི་དབྱེ་བས་མཐའ་ཡས་པར་འགྱུར་རོ། །དེ་ཉིད་ནང་དོན་དུ་གང་ཡིན་ཞེ་ན། དབང་པོ་ལ་སོགས་ཏེ་མདོར་བསྡུ་ན་ཡུལ་དང་ཡུལ་ཅན་གྱི་དྲུག་གོ །དེ་ལ་ཕྱེ་བས་བརྒྱད་དང་བཅུ་དང་བཅུ་གཉིས་དང་བཅུ་དྲུག་དང༌། ཉི་ཤུ་རྩ་བཞི་དང༌། བྱང་ཆུབ་ཀྱི་སེམས་སུམ་ཅུ་རྩ་གཉིས་ལ་སོགས་པའི་དབྱེ་བ་མཐའ་ཡས་པའི་བར་རོ། །དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་ལ་སོགས་པའི་མཐར་ཕྱིན་པའམ་གཙོ་བོར་གྱུར་པ་ནི་སངས་རྒྱས་དང་རིག་མའོ། །དེ་སྟོན་པ་ནི་སངས་རྒྱས་ཐམས་ཅད་རྣམས་ཞེས་བྱ་སྟེ། སངས་རྒྱས་ཐམས་ཅད་ནི་ཡེ་ཤེས་ལྔ་དང་རིགས་ལྔའོ། །རྣམས་ནི་སོགས་ཞེས་བྱ་བའི་དོན་ཏེ། དེའི་བསྡུ་བ་ནི་ཚད་མེད་པའི་ངོ་བོ་ལྷ་མོ་བཞིའོ། །དེ་ཉིད་ནང་དུ་གང་ཞེ་ན། ཕུང་པོ་ལ་སོགས་པ་སྟེ་དེ་བཞིན་གཤེགས་པ་ནི་ཕུང་པོ་ལྔའོ། །ལྷ་མོ་ནི་སོགས་ཏེ་སའི་ཁམས་ལ་སོགས་པའོ། །དེ་ལྟ་བུའི་ཆོས་དེ་རྣམས་ཀྱི་གཞུང་བཏུ་བ་ནི་སངས་རྒྱས་བྱང་ཆུབ་སེམས་དཔའི་ཞེས་བྱ་བ་སྟེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ས་ཐོབ་པར་བྱ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པའི་ཆོས་ཏེ། དེའང་བསྡུ་ན་སྐུ་གཅིག་དང་གསུམ་དང་ཡེ་ཤེས་ལྔ་ལ་སོགས་པ་ནས་བརྩམས་ཏེ། དབྱེ་ན་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པའི་བར་དུ་ཤེས་པར་བྱའོ། །དེ་བཞིན་དུ་ནང་དུའང་དེ་དང་མཚུངས་ཏེ། སངས་རྒྱས་ཉིད་ནི་མཆོག་ཏུ་འབབ། །ཅེས་བྱ་བ་ལ། བྱང་ཆུབ་ཀྱི་སེམས་གཅིག་དང་གསུམ་དང་བདུད་རྩི་ལྔ་དང་ཕུང་པོ་ལྔ་ལ་སོགས་པའི་ཆོས་བསམ་གྱིས་མི་ཁྱབ་པའི་བར་ཏེ། སེམས་ནི་ཆེན་པོ་གཅིག་ཉིད་ལ། །ལྔ་པའི་གཟུགས་ཀྱིས་མཚན་པ་ཉིད། །རིགས་ནི་ལྔ་པོ་དེ་ཉིད་ལ། །སྟོང་ཕྲག་དུ་མ་སྐྱེས་པ་ཉིད། །ཅེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །དེ་ལྟར་སྟོན་པ་ནི། སངས་རྒྱས་ཉིད་ནི་མཆོག་ཏུ་འབབ། །ཅེས་པ་སྟེ་སངས་རྒྱས་ཀྱི་རང་བཞིན་ཉིད་དུ་འབབ་པ་སྟེ་གནས་པའམ། ཡང་ན་སངས་རྒྱས་ཏེ་འབྱུང་བ་ཉིད་དུ་འབབ་ཅེས་བྱའོ། །དེ་ལྟར་སྤྱིའི་དོན་གྱི་མཐར་ཐུག་པ་དང༌། ནང་དུ་གནས་པ་ཉིད་ཀྱིས་བསྐྱེད་པའི་རིམ་པ་བས་ཀྱང་ལྷ་སུམ་ཅུ་རྩ་བདུན་དང་སུམ་ཅུ་རྩ་གཉིས་དང་དཔའ་བོ་གཅིག་པའི་བར་གྱི་དབྱེ་བ་དང་བསྡུ་བའང་ཤེས་པར་བྱའོ། །དེ་ལྟར་ཡང་གསུངས་པ། དེ་བཞིན་གཤེགས་དང་ལྷ་མོ་དང༌། །གཟུགས་ལ་སོགས་དང་རྒྱལ་སྲས་དང༌། །ཁྲོ་བོ་ཞེས་ནི་བྱ་བ་ཡིས། །དེ་ཉིད་མཆོག་ནི་ཡང་དག་བཞུགས། །སླར་ཡང་ཁྲོ་བོ་རྒྱལ་སྲས་ལ། །ནང་དུ་མི་སྣང་བར་ནི་འགྲོ། །རྒྱལ་སྲས་རྣམས་ནི་གཟུགས་ལ་སོགས། །ལྷ་མོ་རྣམས་ལ་བསྡུས་ནས་ནི། །དེ་རྣམས་ཀྱང་ནི་ས་སོགས་འགྲོ། །དེ་དག་དེ་བཞིན་གཤེགས་ལྔ་ལ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལ། །དེ་དག་ལ་ལའང་བསྡུས་ནས་འགྲོ། །ཞེས་གསུངས་པ་ལྟ་བུའོ། །ཞར་ལས་འོངས་པའོ། །མདོར་ན་སྤྱི་དང་མཐར་ཐུག་པ་ལ་ཇི་ལྟར་གནས་པ་བཞིན་ནང་དུའང་གནས་ཞེས་བྱ་བའི་དོན་ཏེ། དེ་ལྟ་བུའི་ཐོབ་པར་བྱ་བ་དེ་ཐོབ་བྱེད་ཀྱི་ཐབས་གང་གིས་ཐོབ་པར་བྱེད་སྙམ་པ་ལ་དེ་ཐོབ་བྱེད་ཀྱི་ལམ་བསྟན་པའི་ཕྱིར། བྱང་སེམས་སུམ་ཅུ་རྩ་གཉིས་ཀྱི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྤྱི་དོན་གྱི་བྱང་ཆུབ་ཀྱི་ཕྱོགས་ཀྱི་འབྲས་བུ་མཐར་ཕྱིན་ཐོབ་པར་བྱེད་པ་དེ་བཞིན་དུ་སོ་དང་སེན་མོ་སྐྱེད་པ་ལ་སོགས་པའི་བྱང་ཆུབ་ཀྱི་སེམས་སུམ་ཅུ་རྩ་གཉིས་ཀྱིས། རྩ་སུམ་ཅུ་རྩ་བདུན་གང་བར་གྱུར་པ་དེའི་ཚེ་དབང་པོ་དྲུག་ལ་སོགས་པ་དང༌། ཕུང་པོ་ལྔ་དང་འབྱུང་བའི་ཁམས་བཞི་ལ་སོགས་པའི་ལུས་ཀྱི་རང་བཞིན་བསྐྱེད་དོ། །དེས་ན་སངས་རྒྱས་དེའི་དེ་མ་ཐག་སྟེ་དང་པོ་ཕ་མའི་རྩ་སུམ་ཅུ་རྩ་བདུན་ལས་ནི་བུ་ཚའི་ལུས་རང་བཞིན་ལྷུན་གྲུབ་ཀྱི་སངས་རྒྱས་བསྐྱེད་ལ། ད་ལྟ་རང་གི་ལུས་ཀྱི་རྩ་རྣམས་ལས་ནི། རང་གི་ལུས་ཀྱི་ཕུང་པོ་དང་ཁམས་ལ་སོགས་པ་སྐྱེད་པར་བྱེད་དོ། །ཞེས་བྱའོ། །དེས་ན་སྤྱི་དོན་གྱི་བྱང་ཆུབ་ཀྱི་ཕྱོགས་དེ་ཉིད་སྦས་དོན་དུ་ཡང་དག་པར་བཤད་ན་ལུས་རྩ་ཡིན་ཞེས་བྱ་བ་འདི་གྲུབ་བོ། །གལ་ཏེ་བྱང་ཆུབ་ཀྱི་ཕྱོགས་དང་རྩ་གཉིས་སངས་རྒྱས་བྱང་ཆུབ་སེམས་དཔའ་སྐྱེས་པའམ་ལུས་སྐྱེད་པ་ཙམ་དུ་འདྲ་ཞིང༌། གྲངས་ཙམ་འདྲའང་བྱང་ཆུབ་ཕྱོགས་ཀྱིས་ནི་སངས་རྒྱས་དངོས་སྐྱེད་ལ། རྩས་ནི་ལུས་སྐྱེས་པའི་ཕྱིར་འདི་གཉིས་འདྲ་བར་ག་ལ་འགྱུར་སྙམ་པ་ལ། དེ་འདྲ་བ་ཉིད་དུ་བསྒྲུབ་སྟེ། འདི་ལྟར་ད་ལྟ་དངོས་སུ་རྩ་ནི་ལུས་ཟག་བཅས་ཡིན་ལ། བྱང་ཆུབ་ཀྱི་ཕྱོགས་ནི་སེམས་རྟོགས་བཅས་ཡིན་པས་དངོས་སུ་མི་འདྲའང༌། མཐར་ཐུག་པའི་འབྲས་བུ་ནི་ངེས་པ་ཁོ་ནར་འདྲ་སྟེ། ལུས་དང་སེམས་རྫོགས་པའི་སངས་རྒྱས་ཡིན་གྱི་དེ་ལས་གཞན་དུ་བཙལ་ཏུ་མེད་པའི་ཕྱིར་རོ་ཞེས་སྟོན་པ་ནི། རང་ལུས་ཉིད་ལ་སངས་རྒྱས་ཉིད། །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་འདི་ལྟར་བྱང་ཆུབ་ཀྱི་ཕྱོགས་ཀྱང་ད་ལྟར་དང་ས་ལ་གནས་པ་དང༌། འབྲས་བུའི་གནས་སྐབས་སུ་འཕོ་བ་ལྟར་ལུས་ཀྱང་འཕོ་སྟེ། ད་ལྟར་རྩ་ལུས་ཟག་པ་དང་བཅས་པ་ཉིད་དུ་སྐྱེད་པར་བྱེད་ལ། ཡང་རྩ་དེ་དག་ལམ་དུ་འབར་འཛག་དང་སྙོམས་འཇུག་ལ་སོགས་པ་བྱས་པས། རྣལ་འབྱོར་པ་ལམ་གྱི་ལུས་སུ་འགྱུར་ལ། ཡང་རླུང་སེམས་ཐམས་ཅད་དབུ་མར་ཐིམ་པའི་ཚེ་ཕུང་པོ་ལ་སོགས་པ་ཐམས་ཅད་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྐུ་དངོས་སུ་གནས་གྱུར་པ་ན། སོ་དང་སེན་མོ་ལ་སོགས་པ་པྲ་སེན་ལྟ་བུ་དྭངས་ཤིང་ཐོགས་པ་མེད་པར་འགྱུར་ལ། སེམས་ཀྱང་རྟོག་པ་མེད་པ་རྣལ་མར་གནས་འགྱུར་བར་བྱེད་དེ། དེས་ན་རང་གི་ལུས་འདི་ཉིད་གནས་གྱུར་པ་ལས་སངས་རྒྱས་ཉིད་འབྱུང་གི་སངས་རྒྱས་ཀྱི་སྐུ་གཞན་གང་དུའང་མི་གནས་ཏེ་མི་རྙེད་དོ། །དེའི་ཕྱིར་སངས་རྒྱས་ལུས་ལས་གཞན་ནས་ཚོལ་བ་དེ་ནི་མི་ཤེས་པའི་སྒྲིབ་པས་བསྒྲིབ་པ་ཞེས་བརྗོད་དེ། ལུས་སངས་རྒྱས་ཡིན་པ་བཞིན་སེམས་ཀྱང་སངས་རྒྱས་སུ་ད་ལྟ་ནས་ལུས་ལ་གནས་པར་བསྟན་པའི་ཕྱིར་ཡེ་ཤེས་ཆེན་པོ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་ལ་གཉིས་རང་བཞིན་ལྷན་སྐྱེས་ལུས་ལ་གནས་པར་བསྟན་པ་དང༌། དེ་རྟོགས་བྱེད་ཀྱི་ཐབས་ཞུ་བདེ་ལྷན་སྐྱེས་ཀྱི་ཡེ་ཤེས་ལུས་ལ་གནས་པར་བསྟན་པའོ། །དང་པོ་ནི་ཡེ་ཤེས་ཀྱང་ཡིན་ལ། ཆེན་པོའང་ཡིན་པས། ཡེ་ཤེས་ཆེན་པོ་སྟེ་སངས་རྒྱས་ཀྱི་ཡེ་ཤེས་སོ། །དེའི་མཚན་ཉིད་ཅི་འདྲ་བ་སྙམ་པ་ལ། རྟོག་པ་ཐམས་ཅད་ཡང་དག་སྤངས་ཏེ། ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བ། ཡོད་པ་དང་མེད་པ་ལ་སོགས་པ་སྒྲོ་བཏགས་པར་འཛིན་པའི་རྣམ་པ་མཐའ་དག་དང་བྲལ་བ་ཞེས་བྱ་བའི་དོན་ཏོ། །དེ་གང་ལ་གནས་ཤེ་ན། ལུས་གནས་ཏེ་ལུས་ལས་གུད་ན་མེད་དོ། །དེ་ལྟར་རྒྱལ་བའི་ཡུམ་ལས། གཟུགས་སྟོང་པའོ། །སྟོང་པ་ཉིད་ཀྱང་གཟུགས་སོ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །དེ་ཉིད་ཉི་ཚེ་བ་སྤང་བའི་ཕྱིར། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ཞེས་སྨོས་ཏེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱིས་བསྡུས་པ་ཐམས་ཅད་དམ། སྲིད་པ་གསུམ་མམ་འཁོར་བ་དང་མྱ་ངན་ལས་འདས་པས་བསྡུས་པའི་ཆོས་ཐམས་ཅད་ལའོ། །དེ་ལྟར་ཡང༌། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་བདེ་བའི་ལམ། །དེ་ཉིད་དངོས་པོ་ཐམས་ཅད་ཀྱིས། །ཐམས་ཅད་དུ་ནི་ཡང་དག་བཞུགས། །ཞེས་གསུངས་པ་ལྟ་བུའོ། །དེ་ལྟ་བུའི་རྟེན་དང་བརྟེན་པའི་གནས་ལུགས་བསྟན་པའི་ཕྱིར། ལུས་ལ་གནས་ཀྱང་ལུས་ལས་མ་སྐྱེས་ཞེས་བྱ་སྟེ། ལུས་ལ་གནས་པ་ནི་ཆོས་ཅན་དང་ཆོས་ཉིད་ཀྱི་ཚུལ་གྱིས་གནས་པ་སྟེ། འཁོར་བའི་ཆོས་ཉིད་མྱ་ངན་ལས་འདས་པ་ཞེས་བྱའོ། །དེ་ལྟར་ཡང་བརྟག་པ་གཉིས་པ་ལས། འཁོར་བ་གཟུགས་དང་སྒྲ་ལ་སོགས། །འཁོར་བཚོར་བ་ལ་སོགས་པ། །འཁོར་བ་དབང་པོ་རྣམས་ཉིད་དོ། །འདི་རྣམས་ཆོས་ནི་མྱ་ངན་འདས། །ཞེས་བཤད་པ་ལྟ་བུའོ། །གལ་ཏེ་ལུས་ཆོས་ཅན་འཁོར་བ་ཡིན་ལ། དེའི་ཆོས་ཉིད་ཡེ་ཤེས་མྱ་ངན་ལས་འདས་པ་ཡིན་པས་མི་འཐད་དེ། ཡང་ན་ཆོས་ཉིད་ཀྱང་འཁོར་བར་འགྱུར་ལ། །ཡང་ན་ཆོས་ཅན་ཡང་མྱ་ངན་ལས་འདས་པར་འགྱུར་སྙམ་པ་ལ། ཀྱང་མ་སྐྱེས་ཞེས་བྱ་སྟེ། ཧེ་བཛྲ་ལས་ཀྱང༌། ཡང་ན་དེ་ཉིད་ཐམས་ཅད་བདག །ཡང་ན་ཀུན་གྱི་རྣམ་པར་སྤངས། །ཞེས་གསུངས་པ་ལྟ་བུའོ། །ཆོས་ཉིད་ཀྱི་རང་གི་ངོ་བོ་ལྡོག་པ་ནས་སྤྲོས་པ་ཐམས་ཅད་དང་བྲལ་བས་འཁོར་བར་ཀྱང་མི་འགྱུར་ལ། མ་རྟོགས་པ་རྣམས་ལ་རྣམ་པར་རྟོག་པ་སྣ་ཚོགས་སུ་སྣང་བས་ཆོས་ཅན་མྱ་ངན་ལས་འདས་པར་ཡང་མི་འགྱུར་རོ། །དེ་ལྟར་ཡང་ཆོས་ཀྱི་དབྱིངས་སུ་བསྟོད་པ་ལས། ཤེས་དང་མ་ཤེས་པ་དག་ལ། །ལུས་འདི་ཉིད་ལ་ཐམས་ཅད་དེ། །རང་གི་རྣམ་པར་རྟོག་པས་བཅིངས། །བདག་ཉིད་ཤེས་ན་གྲོལ་བར་འགྱུར། །ཞེས་གསུངས་པ་ལྟ་བུའོ། །དེ་ལྟར་རང་བཞིན་གྱིས་རྣམ་པར་དག་པའི་སངས་རྒྱས་ལུས་ལ་གནས་ཀྱང་རྟོག་པ་མེད་པའི་ཡེ་ཤེས་དེ་ལྟ་བུ་དེ་ལུས་ལ་མི་གནས་སྙམ་པ་ལ། གཉིས་པ་དེ་ཐོབ་བྱེད་ཀྱང་ལུས་ལ་གནས་པར་བསྟན་པའང་ཚིག་འདི་ཉིད་ཀྱིས་བསྟན་ཏོ། །དེའང་ཡེ་ཤེས་ཆེན་པོ་ཞེས་སྨོས་ཏེ། དེ་དང་འདྲ་བས་ཡེ་ཤེས་ཆེན་པོ་སྟེ་ཞུ་བའི་ཡེ་ཤེས་སོ། །དེ་གང་ནས་བཙལ་སྙམ་ན་རང་ལུས་གནས་ཏེ་ཡེ་ཤེས་དེ་ཕྱི་རོལ་གྱི་དཔེ་དང་གཏན་ཚིགས་ལ་སོགས་པས་མི་རྟོགས་ཀྱིས་ལུས་ཉིད་ལ་བརྟེན་ཏེ་རྟོགས་ཞེས་བྱའོ། །ཡེ་ཤེས་དེའི་མཚན་ཉིད་ཅི་འདྲ་ན་རྟོག་པ་ཐམས་ཅད་ཡང་དག་སྤངས་ཏེ། རང་ལ་གློ་བུར་དུའང་རྟོག་པ་མེད་པའི་ཏིང་ངེ་འཛིན་སྐྱེས་པ་སྟེ། ཐད་ཀའི་ཆོས་ཉིད་ཅེས་བྱ་བའི་དོན་ཏོ། །དེ་ལྟ་བུ་དེ་ལུས་ཀྱི་གནས་གང་ན་གནས་ན། དངོས་པོ་ཀུན་ལ་ཁྱབ་པ་སྟེ། ལུས་མཐའ་དག་ལ་རྩས་ཁྱབ་ལ། རྩ་ལ་ཐིག་ལས་ཁྱབ་ལ། དེ་ལ་ཚོར་བ་བདེ་བས་ཁྱབ་ལ། དེ་ལ་མི་རྟོག་པ་བདེ་བས་ཁྱབ་ལ། དེ་ལ་དཔེའི་ཡེ་ཤེས་ཀྱིས་ཁྱབ་ཅེས་བྱ་བའི་དོན་ཏོ། །དེ་ལྟར་ན་བརྒྱུད་དེ་གནས་པའི་ཕྱིར་ལུས་ལ་གནས་ཞེས་བྱའོ། །འོ་ན་ཡེ་ཤེས་དེ་ལུས་ལ་གནས་པའི་ཕྱིར་རྟོག་བཅས་སུའང་འགྱུར་ལ། ཡང་འགྲོ་བ་ཐམས་ཅད་ཀྱིས་འབད་པ་མེད་པར་ཡང་རྟོགས་པར་འགྱུར་རོ། །ཞེས་དོགས་པ་བསལ་བའི་ཕྱིར་ལུས་ལས་མ་སྐྱེས་ཞེས་སྨོས་ཏེ། སྔར་བསྟན་པའི་ཚུལ་གྱིས་བརྒྱུད་དེ་སྐྱེ་ཞིང་རྟོགས་པར་བྱེད་པ་མ་ཡིན་གྱི། དངོས་སྐྱེས་པ་དེ་ནི་ཚོར་བ་བདེ་བ་ཞེས་བྱ་བ་ཡིན་གྱི། དཔེའི་ཡེ་ཤེས་ཀྱང་མ་ཡིན་ནོ། །དེའི་ཕྱིར་ཐམས་ཅད་ཀྱིས་ཀྱང་རྟོགས་པ་མ་ཡིན་ཏེ་བརྒྱུད་དེ་སྐྱེ་བའི་གནད་དང་བྲལ་བའི་ཕྱིར་རོ། །འོ་ན་དེ་ལྟར་དངོས་སུ་ལུས་ལ་མི་གནས་ན་ལུས་ལ་གནས་ཞེས་ཇི་ལྟར་བྱ་སྙམ་ན། དངོས་སུ་མི་གནས་ཀྱང༌། ལུས་ལ་བརྟེན་ནས་རྟོགས་པའི་རྒྱུ་བྱེད་པས་གནས་ཞེས་བྱའོ། །དེ་ལྟར་ན་རྟོག་མེད་ཀྱི་ཡེ་ཤེས་དེ་ནི་ལུས་ལ་བརྟེན་ཏེ་རྟོག་མེད་ཀྱི་ཐབས་ཉིད་ཀྱིས་རྟོགས་ཀྱི། གཞན་རྟོག་བཅས་ཀྱི་ཐབས་ཀྱིས་རྟོགས་པར་ག་ལ་འགྱུར་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་བྱང་ཆུབ་ཀྱི་ཕྱོགས་དང་རྩ་འདི་གཉིས་ཐོབ་བྱ་ཐོབ་བྱེད་ཀྱི་ཐབས་སུ་ངེས་པར་འདྲ་ཞིང་རྩ་ཉིད་ཁྱད་པར་དུ་འཕགས་པ་ཞེས་བྱ་བ་འདི་གྲུབ་བོ། །དེ་ལྟ་བུའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་རང་བཞིན་གྱི་རྩའི་གྲངས་དང་ལས་བསྟན་པའི་ཕྱིར་རྡོ་རྗེ་སྙིང་པོས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་གྲངས་ནི་སྤྱིར་དུ་ན། ལུས་ལ་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཡིན་ལ། དེ་ལས་བསྡུས་པས་སྟོང་ཕྲག་དྲུག་ཅུ་རྩ་བཞི་དང་སོ་དྲུག་དང་སོ་གཉིས་དང་ཉི་ཤུ་རྩ་བཞིའི་བར་དུ་བསྡུ་ལ། དེ་ལས་བསྡུས་པས་འཁོར་ལོ་བཞིའི་རྩ་འདབ་ཀྱི་གྲངས་ཀྱི་དབྱེ་བས། བརྒྱ་ཕྲག་གཅིག་དང་ཉི་ཤུ་ལྷག །ཅེས་བྱའོ། །དེ་ལས་བསྡུ་ན་བྱང་ཆུབ་སེམས་ཀྱི་རང་བཞིན་གྱིས། །རྩ་རྣམས་སུམ་ཅུ་རྩ་གཉིས་མཆོག །ཅེས་བྱའོ། །དེ་བཞིན་དུ་རྩ་གཅིག་གི་བར་དུ་བསྡུ་བར་བྱའོ། །དེ་ལྟར་ཡང་གསུངས་པ། རྩ་ཡི་འཁོར་ལོ་རིམ་པ་ཡིས། །སྟོང་ཕྲག་བདུན་ཅུ་རྩ་གཉིས་སོ། །སྟོང་ཕྲག་སོ་དྲུག་ཉི་ཤུ་བཞི། །དེ་རྗེས་བརྒྱ་ཡིས་མཆོག་ཏུ་གང༌། །བདུན་ཅུ་གཉིས་དང་དྲུག་ཅུ་བཞི། །སུམ་ཅུ་དྲུག་དང་སུམ་ཅུ་གཉིས། །ཉི་ཤུ་རྩ་བཞི་བཅུ་གསུམ་དང༌། །དགུ་དང་ལྔ་དང་གསུམ་གཅིག་གོ །ཞེས་བཤད་པ་ལྟ་བུའོ། །དེ་ལ་བྱང་ཆུབ་སེམས་ཀྱི་དབང་དུ་བྱས་ནས་རྩའི་གྲངས་གསུངས་པ་ནི། མི་ཕྱེད་མ་ཞེས་བརྗོད་པ་དང༌། །ཞེས་བྱ་བ་ནས་བདུད་འདྲལ་མའོ། །ཞེས་བྱ་བའི་བར་གྱིས་མིང་དང་གྲངས་བསྟན་ཏོ། །འདིར་འདི་སྙམ་དུ་རྣམ་པར་རྟོག་སྟེ། བྱང་ཆུབ་ཀྱི་ཕྱོགས་ནི་སུམ་ཅུ་རྩ་བདུན་ཡིན་ལ། རྩ་ནི་སོ་གཉིས་ཡིན་ན་གང་ཞིག་སྣོན། ཡང་འདི་རྣམས་ལྷའི་རྣམ་པ་ནི་གང་གང་གི་ཡིན། བྱང་ཆུབ་ཀྱི་སེམས་ནི་གང་ལ་གང་ཞིག་གནས། དེ་བྱང་ཆུབ་ཀྱི་ཕྱོགས་ནི་གང་དང་གང་འབྲེལ་སྙམ་ན། རྩ་སོ་གཉིས་ཀྱི་སྟེང་དུ་སྦས་པའི་རྩ་ལྔ་བསྣན་པས་སོ་བདུན་ཡིན་ལ། རྩ་དང་ཁམས་དང་ལྷ་དང་བྱང་ཆུབ་ཀྱི་ཕྱོགས་ཉི་ཤུ་རྩ་བཞི་ནི་བརྟག་པ་དྲུག་པ་ལས་རྒྱས་པར་ཤེས་པར་འགྱུར་རོ། །ལྷག་མ་རྣམས་ཀྱི་དབྱེ་བ་དང་བསྡུ་བ་དང་གང་དང་གང་དུ་འབྲེལ་པ་ནི་དྲུག་པར་ཡང་ཤེས་པར་འགྱུར་ལ། འདིར་ཡི་གེ་མངས་པས་འཇིགས་པས་མི་སྤྲོ་ཡིས། བློ་གྲོས་ཡངས་པར་འདོད་པ་དེ་དོན་དུ་གཉེར་ན་བླ་མའི་ཞལ་ལས་དྲིས་ཤིང་ཁོང་དུ་ཆུད་པར་བྱའོ། །བཅོམ་ལྡན་འདས་ཞེས་བྱ་བ་ ལ་སོགས་པ་རྩ་རྣམས་ཀྱི་སྤྱིའི་མཚན་ཉིད་ལ་དྲིས་པ་དང་ལན་གདབ་པ་སྟེ། འདི་དག་ཇི་ལྟ་བུ་ཞེས་བྱ་བ་ནི་མཚན་ཉིད་དམ་ཡིད་ལ་བྱེད་པའི་ལས་དྲིས་པའོ། །སྲིད་པ་གསུམ་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པའི་སྤྱི་དོན་གྱི་སྲིད་གསུམ་མོ། །ཁུ་བ་དང་བདེ་བ་དང་མི་རྟོག་པ་གསུམ་ནི་སྦས་དོན་གྱིའོ། །སྐུ་གསུང་ཐུགས་རྡོ་རྗེ་ནི་མཐར་ཐུག་པའི་སྲིད་པ་གསུམ་སྟེ། དེ་ལྟ་བུའི་སྲིད་པ་གསུམ་ནི་རྩ་འདིས་བསྐྱེད་པར་འགྱུར་བས་ན་དངོས་སུ་གྱུར་པའོ། །ལམ་དུ་མ་གྱུར་ན་ཕྱི་དོན་གྱི་སྲིད་པར་འགྱུར་ལ། ལམ་དུ་བྱས་ན་གཟུང་འཛིན་གྱི་རྣམ་པའི་ཏིང་ངེ་འཛིན་སྐྱེས་པའི་དབང་གིས་མཐར་ཐུག་གི་སྲིད་པ་གསུམ་ཐོབ་པར་བྱེད་ཅེས་བྱ་བའི་དོན་ཏོ། །དབང་པོ་ལྔ་དང་ཞེས་བྱ་བ་ལ་སོགས་པས་ནི་བརྗོད་བྱའི་མིང་བསྡུས་པ་སྟེ། སོགས་པ་ནི་དྲན་པ་ཉེ་བར་གཞག་པ་བཞི་དང༌། ཡང་དག་པར་སྤོང་བ་བཞི་དང༌། རྫུ་འཕྲུལ་གྱི་རྐང་པ་བཞི་བསྡུ་བའོ། །རྣམ་པར་འགྲེལ་པ་ཞེས་བྱ་བ་ནི་སྤྱི་དོན་གྱི་བྱང་ཆུབ་ཀྱི་ཕྱོགས་དང༌། སྦས་དོན་གྱི་བྱང་ཆུབ་ཀྱི་ཕྱོགས་གཉིས་སུ་འབྲེལ་བའོ། །བྱང་ཆུབ་ཀྱི་སེམས་ལ་འཇུག་པ་ནི། རབ་ཏུ་བྱེད་པ་དང་པོར་སྤྱི་དང་སྦས་པའི་བདག་ཉིད་ཅན་གྱི་བྱང་ཆུབ་ཀྱི་སེམས་བསྐྱེད་ནས་དེ་ལ་འཇུག་པ་སྟེ། དེ་གཉིས་ཀྱི་བསྒོམ་པ་ཉམས་སུ་བླང་བའི་རིམ་པ་ཞེས་བྱ་བའི་དོན་ཏོ། །བརྟག་པ་དང་པོ་ལས་རབ་ཏུ་བྱེད་པ་གཉིས་པའི་བཤད་པའོ།།  །།དེ་ལྟར་རབ་ཏུ་བྱེད་པ་གཉིས་ཀྱིས་མངོན་པར་རྟོགས་པ་སྐྱེ་བའི་གོ་རིམ་བཞིན་གཙོར་ཐབས་ཀྱི་རྒྱུད་བསྟན་ནས། རབ་ཏུ་བྱེད་པ་ཕྱི་མ་གཉིས་ཀྱིས་ཐབས་དང་འབྲས་བུའི་རྒྱུད་གཉི་ག་གླེང་གཞིའི་ཚིག་ལ་སྦྱར་ཏེ་སྟོན་ཏོ། །དེའང་རབ་ཏུ་བྱེད་པ་གསུམ་པས་རྣལ་འབྱོར་མའི་རྒྱུད་ཀྱི་གླེང་གཞིའི་ཚིག་ལ་སྦྱར་ཏེ། འབྲས་བུའི་རྒྱུད་གཙོར་བསྟན་ཅིང༌། ཐབས་ཀྱི་རྒྱུད་ཞར་ལ་བསྟན་ཏོ། །དང་པོ་དངོས་ཀྱི་ནི་རྣལ་འབྱོར་གྱི་རྒྱུད་ཀྱི་གླེང་གཞིའི་ཚིག་ལ་སྦྱར་ཏེ་ཐབས་ཀྱི་རྒྱུད་གཙོར་བསྟན་ཅིང༌། འབྲས་བུའི་རྒྱུད་ཞར་ལ་སྟོན་ཏོ། །དང་པོ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་འཇུག་པ་ལམ་གྱི་རིམ་པ་བསྟན་ནས། ལམ་དེའི་རྗེས་ལ་འབྲས་བུ་འབྱུང་བས་ན་དེ་ནས་ཞེས་བྱ་བའོ། །རབ་ཏུ་བྱེད་པ་འདིའི་བརྗོད་པར་བྱ་བའི་དོན་ནི་གང༌། རྗོད་བྱེད་ཀྱི་སྒྲ་ནི་གང༌། མངོན་པར་རྟོགས་པ་ནི་གང༌། རྒྱུད་སྡེ་གཞན་གང་གི་བཤད་པའི་རྒྱུད་ཡིན་སྙམ་ན། དེ་ལ་བརྗོད་པར་བྱ་བའི་དོན་ནི་གཞུང་གི་ཆ་དང་པོས་སྦས་པའི་དོན་གྱི་མཐར་ཐུག་སྟེ། ས་བཅུ་གསུམ་པ་སྐུ་གསུམ་གྱི་རྣམ་པར་གཞག་པ་སྟོན་ལ། གཞུང་གི་ཆ་ཕྱི་མས་ནི་སྦས་དོན་རང་བྱིན་གྱིས་བརླབ་པ་དམིགས་མེད་བསམ་མི་ཁྱབ་གཙོར་སྟོན་ཅིང༌། དམིགས་བཅས་ཀྱང་ཞར་ལ་ཅུང་ཟད་སྟོན་ཏོ། །རྗོད་བྱེད་ཀྱི་སྒྲ་ནི་གསུམ་ཀ་འཇུག་སྟེ། དེའང་གཙོ་ཆེར་ཡན་ལག་གི་དོན་གྱིས་བཤད་པ་མང་ལ། མཁའ་འགྲོ་མ་ཡི་དྲྭ་བ་སྡོམ་ཞེས་བྱ་བ་ལ་སོགས་པ་སྐབས་ཁ་ཅིག་ཏུ་ཡི་གེའི་དོན་ཀྱང་འཇུག ཌཻ་བཻ་ཧ་ཡ་ལ་སོགས་པ་སྐབས་འགར་བསྡུས་པའི་དོན་གྱི་མན་ངག་གིས་བཤད་པའང་འཇུག་གོ །མངོན་པར་རྟོགས་པ་ནི་གཞུང་གི་ཆ་སྔ་མས་རྟེན་གྱི་གང་ཟག་ཆོས་བཞི་ལྡན་གཅིག་གིས་རིམ་པ་གཉིས་ལས་མངོན་པར་རྟོགས་པ་བཅུ་གཅིག་གིས་ཉམས་སུ་བླངས་པ་ལས་བྱུང་བ་འབྲས་བུའི་རྒྱུད་དང་འབྲེལ་ཏེ། སྦས་དོན་གྱི་མཐར་ཐུག་ས་བཅུ་གསུམ་པའི་སྐུ་གསུམ་ཁོ་ན་སྟོན་ཏོ། །གཞུང་གི་ཆ་ཕྱི་མས་ནི་ཐབས་ཀྱི་རྒྱུད་དེ་ལས་ཀྱང་མཆོག་གི་དངོས་གྲུབ་ཀྱི་མངོན་པར་རྟོགས་པ། དེ་ལས་ཀྱང་རྫོགས་རིམ་རང་བྱིན་བརླབ་དམིགས་པ་མེད་པར་སྟོན་ཏོ། །རྒྱུད་སྡེ་གཞན་གང་གི་བཤད་པའི་རྒྱུད་ཡིན་ན། སྤྱིར་རྣལ་འབྱོར་མ་མཁའ་འགྲོ་མའི་རྒྱུད་མཐའ་དག་གི་གླེང་གཞི་རྣམ་པར་འབྱེད་པ་སྟེ། དེའང་འདིར་མཐར་ཐུག་ས་བཅུ་གསུམ་པར་རྣམ་པར་ཕྱེ་སྟེ་གསལ་བར་བཤད་པའི་རྒྱུ་ཡིན་ལ། གཞུང་གི་ཆ་ཕྱི་མ་ནི་དེ་ཐོབ་བྱེད་ཀྱི་ཐབས་ཀྱི་གཙོ་བོ་ནི་འདི་ཡིན་ནོ། །ཞེས་རྣལ་འབྱོར་མའི་རྒྱུད་མཐའ་དག་ཏུ་གསལ་བར་བྱེད་པས་བཤད་པའི་རྒྱུད་ཡིན་ནོ། །བྱེ་བྲག་ཏུ་ཕྱེ་སྟེ་བཤད་ན། དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་རྩ་བའི་རྒྱུད་རྟོག་པ་བཅུར་གནས་པ་ལས། རྟོག་པ་དང་པོ། གསང་བ་མཆོག་གི་དགྱེས་པ་ན། །ཞེས་བྱ་བ་ལ་སོགས་པ་གསུངས་ཀྱང་དེར་ཞུ་བའི་ཚིག་མ་གསུངས་པས་མ་ཚང་བ་ཁ་སྐོང༌། བཞུགས་པའི་གནས་ལ་སོགས་པ་ཚིག་ཆ་མཐུན་པས་བཤད་པའི་རྒྱུད། ཡང་དེ་དག་འབྲས་བུ་སྟོན་པ་ཆོས་སྐུ་དང་ལོངས་སྐུ་གཉིས་དེའི་མཛད་པ་ཕྲིན་ལས་དང་བཅས་པའི་ཚུལ་གྱིས་མི་གསལ་བ་གསལ་བར་བྱེད་པས་བཤད་པའི་རྒྱུད་དོ། །རྟོག་པ་བཞི་པ་ལས་སྐུ་གཉིས་མཛད་པ་དང་བཅས་པ་ཅུང་ཟད་གསུངས་པ་དེ་གསལ་བར་བཤད། ཡང་མཛད་པ་ཕྲིན་ལས་ཀྱིས་ནི་རྟོག་པ་ལྔ་པར། རྡོ་རྗེ་སེམས་དཔའ་དབུགས་དབྱུང་བའང་ཆ་མཐུན་པར་བསྟན། ཡང་གདུལ་བྱ་དེ་བཞིན་གཤེགས་པ་ལྔའི་དངོས་གྲུབ་ལ་བཀོད་པ་དང༌། འབྲས་བུ་ཆོས་ཀྱི་སྐུའི་མཚན་ཉིད་ནི། རྟོག་པ་ལྔ་པར་དབུགས་དབྱུང་གི་དཀྱིལ་འཁོར་དྲུག་གསུངས་པ་ལས། བསྡུས་པ་དང་རྣམ་སྣང་གི་དབུགས་དབྱུང་གི་སྐབས་སུ་སྔོན་བྱུང་གི་རྣམ་འཕྲུལ་ཙམ་དུ་བཤད་པ་དེ་འདིར་འབྲས་བུའི་རྒྱུད་དུ་གསལ་བར་བཤད་དོ། །ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྟོད་པ་ནི། རྟོག་པ་ལྔ་པ་དེ་ཉིད་དུ་མཉམ་མེད་མི་གཡོ་བ་ལ་སོགས་པས་བསྟོད་དེ། འདིར་གདན་བཞི་པའི་གཞན་གདན་གསུམ་པ་དང་དགོངས་པ་གཅིག་པར་བྱ་སྟེ། རྣལ་འབྱོར་གྱི་བདག་པོ་ཞེས་བྱ་བ་ལ་སོགས་པས། དོན་མཚུངས་པ་ལ་ཚིག་ཚུལ་མི་འདྲ་བའི་སྒོ་ནས་བཤད་པའི་རྒྱུད་དོ། །གཞུང་གི་ཆ་ཕྱི་མ་ཐབས་ཀྱི་རྒྱུད་ནི་མཉམ་སྦྱོར་དེ་ཉིད་དུ་མ་ཚང་བ་ཁ་སྐོང་བ་དང་ཆ་མཐུན་པར་ངེས་པ་སྐྱེད་པས་བཤད་པའི་རྒྱུད་དོ། །གཞུང་གི་དོན་འཆད་པ་ན། དང་པོ་འབྲས་བུའི་རྒྱུད་འཆད་པའི་སྐབས་སུ་དོན་བཞི་སྟེ། དང་པོ་འབྲས་བུའི་རྒྱུད་ཞུས་པ་དང༌། སྟོན་པ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་དང༌། འབྲས་བུའི་རྒྱུད་དངོས་དང༌། མཇུག་སྟོན་པ་ལ་ཡང་དག་པར་བསྟོད་པའོ། །དང་པོ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། བཅོམ་ལྡན་འདས་ནི་སྟོན་པ་རྡོ་རྗེ་འཆང་ཆེན་པོའོ། །དེ་བཞིན་གཤེགས་པ་ནི་མི་བསྐྱོད་པ་ལ་སོགས་པ་སྟེ།   རྗེས་མ། >>

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*