སམྤུ་ཊའི་ཊཱི་ཀ་གནད་ཀྱི་གསལ་བྱེད། ༢

ས་བཅུ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིའང་སྤྱོད་ཡུལ་མ་ཡིན་པའི་ཕྱིར་དེ་བཞིན་གཤེགས་པས་ཞུས་པའོ། །གསང་བའི་ཡེ་ཤེས་བླ་ན་མེད་པ་ནི། །གསང་སྔགས་རྣལ་འབྱོར་བླ་ན་མེད་པས་ཐོབ་པར་བྱ་བ་ས་བཅུ་གསུམ་ཡོད་པ་དེ་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པས་ཀྱང་རྟོགས་པར་དཀའ་བས་ན་གསང་བའོ། །ཡེ་ཤེས་བླ་ན་མེད་པ་ནི་དེའི་གོང་ན་གཞན་མེད་པའི་ཕྱིར། ས་བཅུ་གསུམ་པ་རྡོ་རྗེ་འཛིན་པའི་སའོ། །སྙིང་པོ་ནི་བཅུད་དུ་གྱུར་པའི་ཕྱིར་རམ། ཡང་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པ་ལ་སྙིང་པོ་ཞེས་བྱའོ། །དེ་བཅོམ་ལྡན་འདས་ཀྱིས་བཤད་པར་ཞུ་བའོ། །གཉིས་པ་སྟོན་པ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པའོ། །ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་གསུང་པ་ནི་སེམས་རྣམ་པར་མི་རྟོག་པ་ཉིད་དུ་བསྟན་པའི་ཕྱིར་རོ། །རྒྱུད་ཐམས་ཅད་ཀྱི་གསང་བ་ནི་རྒྱུའི་རྒྱུད་ལ་སོགས་པ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པའམ། ཡང་ན་རྗོད་བྱེད་ཀྱི་རྒྱུད་སྡེ་གཞན་དུ་འདི་མ་གསུངས་པས་སོ། །གསུམ་པ་འབྲས་བུའི་རྒྱུད་དངོས་ལ་བཞི་སྟེ། འབྲས་བུ་བཞུགས་པའི་གནས་ཕུན་སུམ་ཚོགས་པ་དང་དུས་བསྟན་པ་དང༌། བཞུགས་པ་པོ་སྟོན་པའི་རང་བཞིན་རྒྱས་པར་བཤད་དེ། དེའི་མཛད་པ་ཕྲིན་ལས་མདོར་བསྟན་པ་དང༌། སྟོན་པའི་རང་བཞིན་བསྡུས་ཏེ་བསྟན་ཅིང༌། དེའི་མཛད་པ་ཕྲིན་ལས་རྒྱས་པར་བཤད་པ་དང༌། བྱེ་བྲག་ཏུ་འབྲས་བུ་ཆོས་ཀྱི་སྐུའི་མཚན་ཉིད་རྒྱས་པར་བཤད་པའོ། །དང་པོ་ནི་གསང་བ་ཞེས་བྱ་བ་ལ་སོགས་པ་རྐང་པ་གཉིས་སོ། །འདི་ལའང་ཆོས་ཀྱི་སྐུའི་དབང་དུ་བྱས་པའི་གནས་དང་དུས་དང༌། ལོངས་སྤྱོད་རྫོགས་པའི་སྐུའི་དབང་དུ་བྱས་པའི་གནས་དང་དུས་སོ། །དེ་ལ་དང་པོ་ཆོས་སྐུའི་དབང་དུ་བྱས་ན་གནས་དེ་བཞིན་ཉིད། དུས་དུས་གསུམ་མཉམ་པ་ཉིད། སྟོན་པ་ཟག་མེད་ཀྱི་ཡེ་ཤེས་ཐོག་མཐའ་མེད་པའི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་འཆང་ཆེན་པོ་བཞུགས་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །དེ་ལ་གནས་ནི་གསང་བ་ཞེས་བྱ་བ་ལ་སོགས་པ་སྟེ། གསང་བ་ནི་གཉིས་སུ་མེད་པའི་སེམས་དང་སེམས་ལས་བྱུང་བ་སྟེ། དེ་བཞིན་གཤེགས་པ་ཉིད་དུ་གསུངས་སོ། །དེ་ལྟ་བུ་དེ་གསང་བར་བྱུང་བས་གསང་བ་སྟེ། སྣོད་བཅུད་ཐམས་ཅད་ལ་གནས་ཀྱང་ཐམས་ཅད་ཀྱི་རྟོགས་པར་དཀའ་བའི་ཕྱིར་རམ། གཉིས་མེད་ཡེ་ཤེས་དེ་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིའང་ཡུལ་མ་ཡིན་པའི་ཕྱིར་གསང་བའོ། །མཆོག་ནི་གཉིས་མེད་ཡེ་ཤེས་དེ་ཉིད་ཡེ་ཤེས་དམ་པ་མཆོག་གི་ཡུལ་ཡིན་པའི་ཕྱིར་རོ། །དགྱེས་པ་ནི་དེ་ཉིད་དགྱེས་པ་འབྱུང་བའི་གཞི་ཡིན་པས། དགྱེས་པ་སྟེ་དགྱེས་པ་ནི་ཟག་པ་མེད་པའི་བདེ་བས་ཚིམ་པ་ཡིན་ལ། དེའི་གཞི་གཉིས་མེད་ཀྱི་ཡེ་ཤེས་དེ་ཡིན་པས་སོ། །ཐམས་ཅད་ཀྱི་བདག་ཉིད་ནི་ལྷ་ཐམས་ཅད་དེ་རིགས་ལྔ་དང༌། ཡེ་ཤེས་ཐམས་ཅད་དེ་ཡེ་ཤེས་ལྔ་ལ་སོགས་པ་ཐམས་ཅད་གཉིས་སུ་མེད་པའི་སེམས་དང་སེམས་ལས་བྱུང་བ་དེའི་ངང་དུ་རོ་གཅིག་ཅིང་དེ་ལས་བྱུང་བའི་ཕྱིར་ཐམས་ཅད་ཀྱི་བདག་ཉིད་དོ། །འདི་དག་གི་གནས་ཕུན་སུམ་ཚོགས་པ་བསྟན་ཏོ། །རྟག་ཏུ་བཞུགས་ཞེས་བྱ་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་དེར། སྟོན་པ་རྡོ་རྗེ་འཆང་ཆེན་པོ་དེ། དུས་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་ཞེས་བྱ་བ་དུས་གསུམ་འགྱུར་བ་མེད་པར་བཞུགས་ཞེས་བྱ་སྟེ། འདིས་ནི་དུས་ཕུན་སུམ་ཚོགས་པ་བསྟན་ཏོ། །དེ་ལྟ་བུའི་གནས་དང་དུས་དེ་ལོངས་སྤྱོད་རྫོགས་པའི་སྐུ་ལ་སྦྱར་ན། གནས་ནི་ཆོས་འབྱུང་གི་ནང་དུ་རྟེན་གྱི་དཀྱིལ་འཁོར་གཞལ་ཡས་ཁང་འདོད་པའི་ཡོན་ཏན་ལྔས་བརྒྱན་ཅིང་མཛེས་པར་བྱས་པ་དུས་རྒྱུན་གྱིས་རྟག་ཅིང་གནས་འཕོ་བ་མེད་པར་སྟོན་པ་རྡོ་རྗེ་འཆང་ཆེན་པོ་ལོངས་སྤྱོད་རྫོགས་པའི་སྐུ་བསོད་ནམས་བརྒྱའི་མཚན་གྱིས་མཚན་པའི་སྐུར་བཞུགས་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །དེ་ལ་གསང་བ་ནི་རྟེན་གྱི་དཀྱིལ་འཁོར་གཞལ་ཡས་ཁང་སྟེ། ཕྱི་ཆོས་ཀྱི་འབྱུང་གནས་ཀྱི་ནང་དུ་ཆུད་པའི་ཕྱིར་མི་གསལ་བས་གསང་བའོ། །མཆོག་ཅེས་བྱ་བ་ནི་དེ་ལྟ་བུའི་གཞལ་ཡས་ཁང་དེ་ཡེ་ཤེས་དམ་པ་མཆོག་གི་ཡུལ་ཡིན་པས་སོ། །དགྱེས་པ་ནི་དེ་ལས་དགྱེས་པ་འབྱུང་བའི་ཕྱིར་དགྱེས་པ་སྟེ། དཔལ་རྡོ་རྗེ་སེམས་དཔའ་དང་སྤྱན་ལ་སོགས་པའི་རྡོ་རྗེ་ལྷ་མོ་ཡང་དག་པར་སྦྱོར་ཞིང་ཚིམ་པར་བྱེད་པ་ནི་དགྱེས་པ་སྟེ། དེ་དེ་ལས་བྱུང་བས་སོ། །ཐམས་ཅད་ཀྱི་བདག་ཉིད་ནི་གཞལ་ཡས་ཁང་དེ་རྣམ་པར་སྣང་མཛད་ཀྱི་རང་བཞིན་གྱིས་ཁ་དོག་དཀར་པོ་ཞེས་བྱ་བ་ལ་སོགས་པ་ཁ་དོག་དུ་མ་དང༌། དེ་བཞིན་དུ་འདོད་པའི་ཡོན་ཏན་དུ་མ་དང༌། སངས་རྒྱས་ཀྱི་ཆོས་ཚད་མེད་པ་དུ་མའི་རྒྱན་གྱིས་བརྒྱན་པས་ན་ཐམས་ཅད་ཀྱི་བདག་ཉིད་དོ། །འདིས་གནས་བསྟན་ཏོ། །རྟག་ཏུ་བཞུགས་ཞེས་བྱ་བ་ནི་རྒྱུད་ཕྱི་མ་ལས། བཅོམ་ལྡན་འདས་ནི་འོག་མིན་ལས་བསྐྱོད་པར་མི་མཛད་ཅེས་གསུངས་པས་འཕོ་བ་མེད་པར་རྒྱུན་གྱིས་རྟག་ཅེས་བྱ་བའི་དོན་ཏོ། །འདིས་ནི་དུས་ཕུན་སུམ་ཚོགས་པ་བསྟན་ཏོ། །དེ་ལ་བཞུགས་པ་པོ་སྟོན་པ་ཕུན་སུམ་ཚོགས་པ་ནི། སངས་རྒྱས་ཀུན་དངོས་ཞེས་བྱ་བ་ལ་སོགས་པའོ། །དེའང་ལོངས་སྤྱོད་རྫོགས་པའི་སྐུ་ཡེ་ཤེས་ཀྱི་རང་བཞིན་ཅན་གྱི་སྐུ་བསོད་ནམས་བརྒྱའི་མཚན་ཅན་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཆོས་ཀྱི་ལོངས་སྤྱོད་པའི་གཞིར་གྱུར་པའི་རྟེན་ཡིན་ལ། དེའི་ཐུགས་གཉིས་སུ་མེད་པའི་སེམས་དང་སེམས་ལས་བྱུང་བ་ཐོག་མ་དང་ཐ་མ་མེད་པའི་བྱང་ཆུབ་ཀྱི་སེམས་ནི་ཆོས་ཀྱི་སྐུ་ཞེས་བྱ་སྟེ། དེ་ལྟར་ན་སྟོན་པ་དངོས་ནི་ཆོས་ཀྱི་སྐུའི་ཡོན་ཏན་མཐའ་དག་དང༌། གཟུགས་ཀྱི་སྐུ་ལས་ངོ་བོ་ཉིད་ལོངས་སྤྱོད་རྫོགས་པ་དང་བཅས་པ་ནི་སྟོན་པའི་རང་བཞིན་ཡིན་ལ། གཟུགས་ཀྱི་སྐུ་ལས་སྤྲུལ་པའི་སྐུ་ནི་དེའི་མཛད་པ་ཕྲིན་ལས་ཞེས་བྱའོ། །དེ་ལྟར་ན་སྐུ་གསུམ་གྱི་བདག་ཉིད་དོ། །གཞུང་གི་དོན་འཆད་པ་ན། སངས་རྒྱས་ཀུན་དངོས་ལ་སོགས་པ་རྐང་པ་དྲུག་ནི་ཆོས་དང་ལོངས་སྤྱོད་རྫོགས་པའི་བདག་ཉིད་དེ། སྟོན་པ་དངོས་བསྟན་ཏོ། །སྣ་ཚོགས་ལས་ཀྱི་ལ་སོགས་པ་ཤློ་ཀ་གཅིག་གིས་སྔར་གྱི་སྟོན་པ་དངོས་ཀྱི་འཕྲོ་བསྟན་ཏོ། །འདིས་ནི་སྒྱུ་མའི་རྣལ་འབྱོར་ལ་སོགས་པས་ནི་དེའི་མཛད་པ་ཕྲིན་ལས་རྒྱས་པར་བཤད་པའོ། །བསྡུས་པའི་དོན་ཏོ། །ཡན་ལག་གི་དོན་གྱིས་ཚིག་གི་དོན་བཤད་ན། དང་པོ་ཆོས་ཀྱི་སྐུ་ལ་སྦྱར་ན། སངས་རྒྱས་ཀུན་ནི་རིགས་ལྔའམ། ཡེ་ཤེས་ལྔས་བསྡུས་པ་སྟེ་ནམ་མཁའི་ཁམས་གང་བའོ། །དངོས་གཞི་བར་གྱུར་པའི་སེམས་དཔའ་ནི་རིགས་དྲུག་པ་རྡོ་རྗེ་འཆང་སྟེ། དེས་སེམས་ཅན་གྱི་དོན་ལ་ནུས་པའི་ཕྱིར་སེམས་དཔའོ། །རྡོ་རྗེ་ནི་དམིགས་པ་མེད་པའི་སྙིང་རྗེ་དང་ཤེས་རབ་དབྱེར་མི་ཕྱེད་པས་སོ། །སེམས་དཔའ་ནི་རྣམ་རྟོག་གིས་མི་བསྒུལ་བའམ། མི་མཐུན་པའི་ཕྱོགས་འཇོམས་པ་ལ་དཔའ་བར་གྱུར་པའི་ཕྱིར་རོ། །བདེ་བ་ནི་ཚིམ་པ་ཡིན་ལ། མཆོག་ནི་ཟག་པ་མེད་པ་སྟེ། མདོར་ན་རྣམ་པར་ཐར་པ་ཅན་གྱི་བདེ་བ་ཞེས་བྱ་བའི་དོན་ཏོ། །འདི་ནི་ཞེས་བྱ་བ་ནི་དེ་ལྟ་བུའི་སྟོན་པ་རྡོ་རྗེ་འཆང་ངོ༌། །བཅོམ་པ་ནི་སྤངས་པའོ། །ལྡན་པ་ནི་ཡེ་ཤེས་ཕུན་སུམ་ཚོགས་པའོ། །རྣལ་འབྱོར་ནི་ཐབས་དང་ཤེས་རབ་སྦྱོར་བ་སྟེ། དམིགས་པ་མེད་པའི་སྙིང་རྗེ་དང་ཤེས་རབ་མི་ཕྱེད་པའོ། །དེ་ལྟ་བུ་ལ་མི་འགྱུར་བས་བརྟན་པ་རྟག་པའམ། ཡང་ན་བརྟན་པ་ནི་རྣམ་པར་རྟོག་པའི་རླུང་གིས་མི་གཡོ་བའོ། །ནམ་མཁའི་མཐའ་ཇི་སྲིད་པར་མི་འགྱུར་བས་རྟག་པའོ། །དེ་ཉིད་འོག་ཏུ་སྦྱར་ལ། སངས་རྒྱས་ཀུན་སོགས་ནི་གཟུགས་ལ་སོགས་པའི་ཡུལ་གྱི་དངོས་པོ་རྣམས་སོ། །དེ་ཉིད་བརྟན་པ་སྟེ་སྣོད་ཀྱི་འཇིག་རྟེན་ཏེ་ཐམས་ཅད་ཀྱི་དངོས་པོ་མ་ལུས་པའོ། །གཡོ་བ་ནི་སེམས་སྤྲེའུ་ལྟར་གཡོ་བས་སེམས་ཅན་གྱི་ཁམས་དེ་སྲིད་པ་ཞེས་འཁོར་བར་འབྱུང་ཞིང་སྲིད་པས་ན་སེམས་ཅན་གྱི་ཁམས་སོ། །སངས་རྒྱས་ཀུན་ནི་དེ་ལྟ་བུའི་འཁོར་བ་དང་མྱ་ངན་ལས་འདས་པས་བསྡུས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལའོ། །མཉམ་པར་སྦྱོར་བ་ནི་དེ་ཐམས་ཅད་ལུས་དང་སེམས་ལ་གནས་ཤིང་བཞུགས་པ་སྟེ་དབྱེར་མི་ཕྱེད་ཅེས་བྱ་བའི་དོན་ཏོ། །མཁའ་འགྲོ་མ་ནི་ཆོས་ཀྱི་སྐུ་དེས་ནམ་མཁའ་ཁྱབ་པ་ལྟར་ཁྱབ་ཅིང་འགྲོ་བས་སོ། །དྲྭ་བ་ནི་སྒྱུ་མ་ལྟར་སྣང་ལ་རང་བཞིན་མེད་པ་སྟེ། །ཐུགས་རྗེའི་རང་བཞིན་ཆོས་སྐུ་དག་པ་ལ། །ཡེ་ཤེས་སྒྱུ་མས་རོལ་ཅིང་གཤེགས་སུ་གསོལ། །ཞེས་བཤད་པ་ལྟ་བུའོ། །སྡོམ་པ་ནི་བདེ་མཆོག་སྟེ་ཟག་པ་མེད་པའི་བདེ་བའི་ངོ་བོ་ཉིད་ཡིན་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་བརྟན་གཡོ་ཐམས་ཅད་ཀྱི་བདག་ཉིད་སྟོང་པ་དང་སྙིང་རྗེ་གཉིས་སུ་མེད་པ་ཆོས་ཀྱི་སྐུ་བསྟན་ཏོ། །དེ་དག་ལོངས་སྤྱོད་རྫོགས་པའི་སྐུ་ལ་སྦྱར་ན་སངས་རྒྱས་ཀུན་ནི་རིགས་ལྔས་བསྡུས་པའི་དེ་བཞིན་གཤེགས་པའི་སྐུ་སྟེ། མཚན་དང་དཔེ་བྱད་རབ་ཏུ་འབར་བའོ། །དངོས་གཞི་བར་གྱུར་པའི་སེམས་དཔའ་ནི་དེ་བཞིན་གཤེགས་པ་དེ་དག་གི་རྒྱུར་གྱུར་པས་དངོས་གཞི་སྟེ་རྒྱུའི་རྡོ་རྗེ་འཆང་ངོ༌། །སེམས་དཔའ་སྟེ་རིགས་དྲུག་པའོ། །དེ་ནི་མཚན་དང་དཔེ་བྱད་རབ་ཏུ་འབར་བ་ཡབ་ཡུམ་ཞལ་སྦྱོར་གྱི་རྣམ་པ་ཅན་ཏེ། ཆོས་ཀྱི་སྐུའི་གཟུགས་བརྙན་ཞེས་བྱ་བའི་དོན་ཏོ། །དེས་ན་རྡོ་རྗེ་ནི་ཡབ་བོ། །སེམས་དཔའ་ནི་ཡུམ་མོ། །བདེ་བའི་མཆོག་ནི་རྡོ་རྗེ་ལྷ་མོ་དང་བཅས་པར་རོལ་པས་ཟག་པ་མེད་པའི་ཚིམ་པ་དང་ལྡན་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བུའི་སྟོན་པ་དེ་ཉིད་ལྷ་གཞན་ཡིན་དུ་དོགས་པ་བསལ་བའི་ཕྱིར་འདི་ནིའོ། །གང་ཞེ་ན་བཅོམ་ལྡན་ཏེ། བདུད་བཞི་བཅོམ་ཞིང་དབང་ཕྱུག་ལ་སོགས་པའི་ཡོན་ཏན་དྲུག་དང་ལྡན་པའོ། །རྣལ་འབྱོར་ནི་ཡབ་ཡུམ་ཞལ་སྦྱོར་བའོ། །བརྟན་པ་ནི་དེའང་བཞུགས་གནས་ཀྱི་ཁྱད་པར་དུ་བྱས་པ་སྟེ། རྟེན་གྱི་དཀྱིལ་འཁོར་གཞལ་ཡས་ཁང་ལ་བཞུགས་པའོ། །རྟག་པ་ནི་དེ་དུས་ཀྱིས་ཁྱད་པར་དུ་བྱས་པ་སྟེ། བཅོམ་ལྡན་འདས་ཏེ་ནམ་མཁའ་ཇི་སྲིད་བར་དུ་འོག་མིན་ལས་མི་བསྐྱོད་པར་སྟོན་ཏོ། །མཆོག་ཏུ་ཡིད་སྲུབ་པ་ནི། རྡོ་རྗེ་ལྷ་མོ་རྣམས་ཀྱི་བདེ་བའི་རྗེས་སུ་མྱོང་བ་དང་ལོངས་སྤྱོད་པ་སྟེ། རང་ལས་ཐ་དད་པའི་དངོས་པོ་ལ་ཉེ་བར་ལོངས་སྤྱོད་པ་མ་ཡིན་ནོ། །འོ་ན་ཇི་ལྟར་སྤྱོད་ཅེ་ན་སོ་སོར་སྐྱེས་པ་སྟེ། ཡེ་ཤེས་ཀྱི་རང་བཞིན་སོ་སོར་སྐྱེས་པ་ནི་རྒྱལ་བ་རྣམས་ཀྱང་མི་སྤོང་ངོ༌། །ཞེས་རྒྱུད་ཕྱི་མ་ལས་ཀྱང་འབྱུང་ལ། རྟག་ཏུ་རང་བཞིན་མནན་དཀའ་བ་ནི་འདོད་ཆགས་སྤང་དཀའ་བ་ལམ་གྱི་གནས་སྐབས་སུ་འདོད་ཆགས་ཉིད་ལམ་དུ་བྱས་པས་འབྲས་བུ་ཟག་མེད་ཀྱི་བདེ་བར་འགྱུར་ཞེས་བྱ་སྟེ། རྡོ་རྗེ་གུར་ལས། འདོད་ཆགས་ཀྱིས་བསྐྱེད་འཇིག་རྟེན་པ། །འདོད་ཆགས་ཉིད་ཀྱིས་རྣམ་གྲོལ་འགྱུར། །རྡོ་རྗེ་ཆགས་པ་ཡོངས་ཤེས་པས། །ཡིད་ནི་རྡོ་རྗེ་སེམས་དཔར་འགྱུར། །ཞེས་བྱ་སྟེ་ཡེ་ཤེས་ཀྱི་སྣང་བའི་ལྷ་མོ་རྗེས་སུ་འབྲང་བ་དང༌། ལྷན་ཅིག་སྤྱོད་པའི་བཙུན་མོ་འཁོར་གྱི་སྣང་བ་མེད་པས་མི་འགག་པའོ། །ཞེས་བྱ་བའི་དོན་ཏོ། །དེ་ལྟར་མཆོག་ཏུ་ཡིད་སྲུབ་པ་ལ་སོགས་པ་ནི་ལོངས་སྐུ་འབའ་ཞིག་ལ་སྦྱར་རོ། །དེ་ལྟ་བུའི་འཁོར་དང་ལྷ་མོའི་སྣང་བ་ཉིད་བསྟན་པའི་ཕྱིར་འོག་ཏུ་སྦྱར་ལ་སངས་རྒྱས་ཀུན་སོགས་ཏེ་གཟུགས་ལ་སོགས་པའི་ཡུལ་གྱི་རང་བཞིན་གྱི་རྡོ་རྗེ་ལྷ་མོ་རྣམས་སོ། །སོགས་ནི་བཅུ་དྲུག་དང་སུམ་ཅུ་རྩ་དྲུག་ལ་སོགས་པ་རྣམས་སོ། །བརྟན་པ་ནི་འདོད་པའི་ཡོན་ཏན་མང་པོ་ཐམས་ཅད་ཀྱིས་དངོས་པོ་བརྒྱན་པའི་གཞལ་ཡས་ཁང་བསྐྱེད་པར་མི་ནུས་པའོ། །གཡོ་བ་ནི་སྲིད་པ་སྟེ་སེམས་ཅན་དང་རྗེས་སུ་མཐུན་པ་རྡོ་རྗེ་ལྷ་མོ་དང་བྱང་ཆུབ་སེམས་དཔའ་དང་ཁྲོ་བོ་དང་ཁྲོ་མོ་ལ་སོགས་པའི་འཁོར་རྣམས་སོ། །དེ་ལྟ་བུའི་སྟོན་པ་དེ་ནི་སངས་རྒྱས་ཀུན་དང་མཉམ་པར་སྦྱོར་ཏེ། དེ་ལ་སངས་རྒྱས་ནི་ཡེ་ཤེས་ལྔའི་རང་བཞིན་གྱི་རིགས་ལྔའོ། །ཀུན་ནི་མ་ལུས་པའོ། །དང་མཉམ་པར་སྦྱོར་བ་ནི་གང་དུ་སྦྱོར་ན་ཆོས་འབྱུང་གི་ནང་གི་གཞལ་ཡས་ཁང་དུའོ། །གང་དང་སྦྱོར་ན་རྡོ་རྗེ་འཆང་ཆེན་པོ་དང་དེ་བཞིན་གཤེགས་པ་ཐམས་ཅད་ཡང་དག་པར་སྦྱོར་བ་སྟེ། རྡོ་རྗེ་འཆང་ནི་ཆོས་ཀྱི་སྐུ་ཡིན་ལ། སངས་རྒྱས་སམ་དེ་བཞིན་གཤེགས་པ་ནི་གཟུགས་ཀྱི་སྐུ་སྟེ། དེ་ལྟར་ན་རྡོ་རྗེ་འཆང་ཆེན་པོ་ཆོས་ཀྱི་སྐུ་དེ་གཟུགས་ཀྱི་སྐུ་གཉིས་སུ་མེད་པའི་ཡེ་ཤེས་དང་ལྡན་པ་བསོད་ནམས་བརྒྱའི་མཚན་གྱིས་བརྒྱན་པར་བཞུགས་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཁྱད་པར་ཅན་གྱི་སྐུ་བསྟན་པའི་ཕྱིར་མཁའ་འགྲོ་མ་ཡི་དྲྭ་བ་སྡོམ་ཞེས་སྨོས་ཏེ། རྫུ་འཕྲུལ་གྱི་ཤུགས་ཀྱིས་ནམ་མཁའི་ཁམས་ཇི་སྲིད་ཀྱི་བར་དུ་ཁྱབ་པར་འགྲོ་བའི་མཐུ་དང་ལྡན་པ་ནི་མཁའ་འགྲོ་མའོ། །དྲྭ་བ་ནི་ཚོགས་ཞེས་བྱ་བའམ། ཡང་ན་སྒྱུ་མའི་རྣམ་གྲངས་སུ་གསུངས་ཏེ། ཡེ་ཤེས་སྒྱུ་མའི་རང་བཞིན་དང་ལྡན་པས་དྲྭ་བའམ། ཡང་ན་ལོངས་སྐུ་དེ་སྒྱུ་མ་ལྟ་བུའི་སྐུར་བཞུགས་པས་སྒྱུ་མ་སྟེ། སངས་རྒྱས་རྣམས་ཀྱི་སྐུ་མཚན་ཉིད། །དེ་འདིར་སྒྱུ་མར་བསྟན་པ་སྟེ། །ཞེས་བཤད་པ་ལྟ་བུའོ། །སྡོམ་པ་ནི། སཾ་བ་ར་ཞེས་ཟག་པ་དང་བཅས་པའི་བདེ་བ་ལས་མཆོག་ཏུ་གྱུར་པའི་ཕྱིར་བདེ་མཆོག་སྟེ། མཉམ་སྦྱོར་ལས་སཾ་ཞེས་བྱ་བ་བདེ་བར་བཤད། །སངས་རྒྱས་ཀུན་གྱི་བདེ་ཆེན་ཡིན། །སྒྱུ་མ་ཐམས་ཅད་མཉམ་སྦྱོར་བས། །མཆོག་ཏུ་བདེ་བས་བདེ་བའི་མཆོག །ཅེས་སོ། །དེ་ལྟར་ན་སྟོན་པའི་རང་གི་ངོ་བོ་ཉིད་བསྟན་ཏོ། །ད་ནི་དེའི་མཛད་པ་ཕྲིན་ལས་སྟོན་ཏོ། །དེའང་མཁའ་འགྲོ་མ་ཡི་དྲྭ་བ་སྡོམ་སྟེ་མཁའ་འགྲོ་མ་ནི་རྫུ་འཕྲུལ་གྱི་ཤུགས་ཀྱིས་ནམ་མཁར་ཁྱབ་པར་འགྲོ་བ་དང༌། དེ་བཞིན་གཤེགས་པ་ཉིད་མཁའ་འགྲོ་མའི་སྐུས་སེམས་ཅན་རྣམས་འདུལ་བས་མཁའ་འགྲོ་མའོ། །དྲྭ་བ་ནི་ཛཱ་ལཱ་ཞེས་སྒྱུ་མའམ། མིག་འཕྲུལ་ཏེ་རང་བཞིན་གྱིས་མ་གྲུབ་ཀྱང་རྣམ་པ་སྣ་ཚོགས་པར་སྟོན་ཏོ། །དེ་བས་ན་འདིས་ནི་སྒྱུ་མའི་རྣལ་འབྱོར་གྱིས་ཞེས་སྨོས་ཏེ། ཇི་ལྟར་སྒྱུ་མ་མཁན་གྱིས་མེད་བཞིན་དུ་སྒྱུ་མའི་རྟ་དང་གླང་པོ་ལ་སོགས་པ་སྣང་བ་ལྟར། དེ་བཞིན་གཤེགས་པ་རྣམས་ལའང་སྐུ་ཐ་དད་ཀྱི་སྣང་བ་མེད་བཞིན་དུ་སྐུ་ཐ་དད་ཀྱི་སྣང་བ་སྟོན་ཏོ། །དེའང་ཐམས་ཅད་ལས་ནི་སྣ་ཚོགས་མཆོག་སྟེ། མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་སྐུ་ནས་སྟག་དང་རི་བོང་གི་བར་དུ་སྟོན་ཏོ། །དེ་ལས་ཁྱད་པར་དུ་མཁའ་འགྲོ་མའི་རྒྱུད་ཀྱིས་འདུལ་བ་འདོད་ཆགས་ཅན་རྣམས་ལ་དཀར་མོ་ལ་སོགས་པ་རྡོ་རྗེ་ལྷ་མོས་འདུལ་ཞེས་བྱའོ། །འདིས་ནི་དྲྭ་བའི་བཤད་པའོ། །དེ་ལྟར་སྣ་ཚོགས་ཀྱིས་སེམས་ཅན་གྱི་དོན་མཛད་པ་ཉིད་བསྟན་པའི་ཕྱིར། སྣ་ཚོགས་ལས་ཀྱི་ཞེས་ཤླཽ་ཀ་གཅིག་སྨོས་སོ། །འདི་ལའང་བཞི་སྟེ། གང་གིས་དོན་མཛད་པ་པོ་དང༌། །གང་གི་དང༌། ཇི་ལྟར་དང༌། དོན་མཛད་པ་དངོས་སོ། །དོན་མཛད་པ་པོ་ནི་སངས་རྒྱས་རྡོ་རྗེ་འཛིན་སོགས་རྣམས་ཏེ་ཆོས་སྐུ་དང་ལོངས་སྐུས་བསྡུས་པའོ། །གང་གི་དོན་མཛད་ན་སེམས་ཅན་རྣམས་ཏེ། ཁམས་སྣ་ཚོགས་བསམ་པ་སྣ་ཚོགས་ཉོན་མོངས་པ་སྣ་ཚོགས་ཅན་ནོ། །ཇི་ལྟར་དོན་མཛད་ན་སྣ་ཚོགས་ལས་ཀྱི་ཞེས་རྐང་པ་གཉིས་ཏེ། གདུལ་བྱ་གང་ལ་ཅིས་འདུལ་དེ་ལ་དེའི་རྣམ་པས་དོན་མཛད་པ་སྟེ། དེའང་རྐང་པ་དང་པོས་སྐུའི་དོན་མཛད་པ་སྟེ། ཞེ་སྡང་ཅན་ལ་ཞེ་སྡང་གི་སྐུ་དང༌། གཏི་མུག་ཅན་ལ་ཞི་བའི་སྐུ་དང༌། ང་རྒྱལ་ཅན་ལ་རྡོ་རྗེ་ཉི་མའི་དཀྱིལ་འཁོར་ལ་སོགས་པས་འདུལ་བ་སྟེ། རྡོ་རྗེ་གུར་ལས། འདོད་ཆགས་ཞེ་སྡང་གཏི་མུག་དང༌། །ང་རྒྱལ་སེར་སྣའི་སྐྱེ་བོ་རྣམས། །བསྡུ་ཕྱིར་རང་གི་འཁོར་ལོ་ལ། །རྡོ་རྗེ་གཟུགས་ནི་དུ་མ་འཛིན། །ཞེས་གསུངས་པ་ལྟ་བུའོ། །སྣ་ཚོགས་ཆོ་ག་ནི། སྐུ་དང་རྗེས་སུ་འཚམ་པའི་གསུང་གིས་ཀྱང་དོན་མཛད་ཅེས་བྱའོ། །དོན་མཛད་པ་དངོས་ནི་འདུལ་བར་བརྗོད་ཅེས་བྱ་སྟེ། ཞེ་སྡང་དག་པས་ཞེ་སྡང་སྟེ། །འདོད་ཆགས་དག་པས་འདོད་ཆགས་ཉིད། །ཅེས་བྱ་བ་ལ་སོགས་པའི་ཚུལ་ཏེ། རིགས་འདྲ་གཉེན་པོར་ཆེ་བ་ལ་སོགས་པའི་ཚུལ་འོག་ནས་འཆད་དོ། །དེ་དག་རྒྱས་པར་བཤད་པ་ནི་སངས་རྒྱས་ལ་སོགས་པས་ཞེས་བྱ་བ་ལ་སོགས་པའོ། །འདི་ལ་བཞི་སྟེ། འདུལ་བྱེད་དང༌། ཇི་ལྟར་དོན་མཛད་པའི་ཚུལ་དང༌། འདུལ་བྱེད་ཀྱི་རང་བཞིན་རྒྱས་པར་བཤད་པ་དང༌། དོན་མཛད་པ་དངོས་གདུལ་བྱ་དངོས་གྲུབ་གང་ལ་བཀོད་པའི་ཚུལ་ལོ། །དོན་མཛད་པ་ནི་ཤུགས་ལ་ཤེས་པར་ནུས་སོ། །དེ་ལ་དང་པོ་སངས་རྒྱས་ལ་སོགས་པས་ཤེས་པ་སྟེ། སངས་རྒྱས་ཀུན་དང་མཉམ་པར་སྦྱོར་བའི་རྡོ་རྗེ་འཆང་ཆེན་པོ་དེ་བཞིན་གཤེགས་པ་རིགས་ལྔ་སེམས་དཔའ་དང་སེམས་མ་དང་ཁྲོ་བོ་དང་ཁྲོ་མོར་བཅས་པ་རྣམས་ཏེ། ཐུགས་རྗེ་ཆེན་པོའི་ཤུགས་ཀྱིས་སེམས་ཅན་འདུལ་བའི་ཕྱིར་ཏེ། སྨོན་ལམ་གྲུབ་པ་འགག་པ་མེད་པའི་ཆོས་ཉིད་ཅན། །འགྲོ་བའི་དོན་སྒྲུབ་རབ་ཏུ་བརྩོན་པ་མཐའ་ཡས་པ། །ཞེས་མཉམ་སྦྱོར་ལས་གསུངས་པ་ལྟ་བུའོ། །གཉིས་པ་དོན་ཇི་ལྟར་མཛད་ན་དངོས་གྲུབ་སེམས་ཅན་ཀུན་དོན་མཆོག །ཅེས་ཤླཽ་ཀ་གཅིག་གསུངས་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་མཆོག་གི་དངོས་གྲུབ་རྡོ་རྗེ་འཆང་གིས་མངོན་དུ་ཐོབ་པར་མཛད་པའི་ཚུལ་གྱིས་དོན་མཛད་དོ། །དངོས་གྲུབ་དེ་ཇི་ལྟར་ཐོབ་པར་མཛད་ན། རང་གི་ངོ་བོ་ཡོངས་སུ་བསྒྱུར་བ་སྟེ། རང་གི་ངོ་བོ་ནི་ཕུང་པོ་ལྔ་དང་རྣམ་པར་ཤེས་པ་ཚོགས་བརྒྱད་དོ། །ཡོངས་སུ་བསྒྱུར་བ་ནི་ཡེ་ཤེས་ལྔར་བསྒྱུར་བའོ། །དེ་གང་གི་སྒོ་ནས་བསྒྱུར་ན། བདག་མེད་པ་སྤྲོས་པ་དང་བྲལ་བའི་ཏིང་ངེ་འཛིན་གྱི་སྒོ་ནས་སོ། །ཏིང་ངེ་འཛིན་དེ་ནི་བུད་མེད་ཀུན་གྱི་སྒྱུ་མས་འགྲུབ་སྟེ། བུད་མེད་ལ་བརྟེན་པའི་ཡེ་ཤེས་དེ་ནི་སྒྱུ་མ་ལྟར་སྣང་ལ་རང་བཞིན་མེད་པའོ། །དེ་བས་ན་མཉམ་སྦྱོར་ལས། སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །ཞེས་གསུངས་པ་ལྟ་བུའོ། །བུད་མེད་སྒྱུ་མ་དེ་རང་ཇི་ལྟ་བུ་ཡིན་ཞེ་ན། སྣ་ཚོགས་སྒྱུ་མའི་ཕྱག་རྒྱ་འདི་སྟེ། གོང་དུ། འདིས་ནི་སྒྱུ་མའི་རྣལ་འབྱོར་གྱིས། །ཐམས་ཅད་ལས་ནི་སྣ་ཚོགས་མཆོག །ཅེས་བྱ་བ་དང་འབྲེལ་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྗེ་ཆེན་པོའི་རང་བཞིན་གྱིས་རྣམ་པར་འཕྲུལ་པ་འདི་ནི། དཔེར་ན་སྒྱུ་མ་མཁན་རྣམ་པར་འཕྲུལ་པ་ལྟར་མེད་བཞིན་དུ་ལྷའི་རྣམ་པར་སྣང་ངོ༌། །ཁྱད་པར་དུ་བུད་མེད་ཀྱིས་འདུལ་བ་རྣམས་ལ་དཀར་མོ་ལ་སོགས་པ་རྡོ་རྗེ་ལྷ་མོའི་རྣམ་པར་སྟོན་ཏོ། །དེ་དག་གིས་ཀྱང་དེ་དག་གི་བཀའ་ཉན་གྱི་རྣམ་པ་མཁའ་འགྲོའི་ཚོགས་དུ་མར་སྤྲུལ་ཞིང༌། དེ་དག་གིས་ཀྱང་མ་དང་བྲམ་ཟེ་མོ་ལ་སོགས་པ་ཐ་མལ་པའི་བུ་མོའི་གཟུགས་དུ་མར་བསྟན་ནས་ཀྱང༌། སྒྲུབ་པ་པོ་རྣམས་ལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རྟོགས་པའམ། ཏིང་ངེ་འཛིན་སྐྱེད་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ་ཞེས་རྗེ་བླ་མ་དམ་པ་གསུང་ངོ༌། །དེ་ལྟར་རྡོ་རྗེ་རྩེ་མོ་ལས་ཀྱང༌། སངས་རྒྱས་སྐུའམ་བུད་མེད་གཟུགས་ཅན་ཏེ། །བུད་མེད་གཟུགས་ཀྱང་ཆོས་དབྱིངས་དག་པ་ཉིད། །ཅེས་གསུངས་པ་ལྟ་བུའོ། །དེ་ལྟར་ན་སྣ་ཚོགས་སྒྱུ་མས་ནི་བུད་མེད་སྒྱུ་མ་འགྲུབ་ལ། དེས་ན་རང་གི་ངོ་བོ་བསྒྱུར་ནས་དངོས་གྲུབ་མཆོག་འགྲུབ་པོ་ཞེས་རྐང་པ་བཞི་མས་རིམ་དུ་སྦྱར་རོ། །གསུམ་པ་འདུལ་བྱེད་ཀྱི་རང་བཞིན་ནི་མཁའ་འགྲོ་མ་ཞེས་བྱ་བ་ལ་སོགས་པ་སྟེ། དེའང་དེ་ལྟར་སྣ་ཚོགས་སྒྱུ་མའི་ཕྱག་རྒྱས་དོན་མཛད་ན། སྣ་ཚོགས་སྒྱུ་མའི་ཕྱག་རྒྱ་དེ་གང་ཡིན་སྙམ་ན། དེ་ཉིད་ནི་མཁའ་འགྲོ་མ་ཞེས་བྱའོ། །གལ་ཏེ་འདུལ་བར་མཛད་པ་པོ་ནི་སངས་རྒྱས་རྡོ་རྗེ་འཆང་ཡིན་ན། དེ་ལ་མཁའ་འགྲོ་མ་ཞེས་ཇི་ལྟར་གདགས་སྙམ་པ་ལ་ཀླ་ཀློའི་སྐད་ཞེས་སྨོས་ཏེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བསྟན་བཅོས་ཀྱི་ནང་དུ་གསལ་བར་གྲགས་པ་མ་ཡིན་ཏེ། མི་གསལ་བའི་སྐད་ཀྱིས་བརྡར་བྱས་པ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་བརྡ་བྱས་ན་ཌཻ་བཻ་ཧ་ཡ་ཞེས་སྨོས་ཏེ། འོད་ཟེར་ཅན་གྱི་འཇིག་རྟེན་གྱི་ཁམས་ན་རྡོ་རྗེ་ངེས་པར་བརྗོད་པའི་རྒྱུད་བླ་མ་ཞེས་བྱ་བ་ཡོད་དེ། དེའི་ལུང་ལས་སངས་རྒྱས་ལ་ཌཻ་བཻ་ཧ་ཡ་ཞེས་འབྱུང་ལ། དེའི་སྐད་ཀྱིས་བྱིངས་འདིར་རྣམ་པར་བརྟགས་པ་ནམ་མཁའ་དང་ཀུན་ཏུ་དང་སྤྱོད་པ་དང་གྲུབ་པ་ཞེས་བྱ་བའི་མིང་རྣམས་སུ་འགྱུར་ལ། དེས་ན་སངས་རྒྱས་ཉིད་ཡིན་པའི་ཕྱིར། ཡང་མཁའ་འགྲོ་མ་ཞེས་གྲགས་ལ། ཡང་རྡོ་རྗེ་སེམས་དཔའ་ལྷ་མོ་དང་བཅས་པ་རྣམས་ཕྱོགས་བཅུའི་ནམ་མཁར་འགྲོ་བ་ཉིད་ཀྱི་ཕྱིར་ཡང་མཁའ་འགྲོ་ཞེས་རབ་ཏུ་གྲགས་སོ། །དེ་ལྟར་ཚིགས་སུ་བཅད་པ་གསུམ་གྱིས་མཁའ་འགྲོ་སྒྱུ་མ་བཤད་པའོ། །དེ་ཉིད་ཀུན་ལ་སྣ་ཚོགས་ཕྱག་རྒྱ་སྟེ་ཕྱོགས་དང་དུས་ཀུན་ལའོ། །སྣ་ཚོགས་ནི་ཁ་དོག་དང་དབྱིབས་མི་འདྲ་བ་དུ་མའོ། །ཕྱག་རྒྱ་ནི་རྡོ་རྗེ་ལྷ་མོའི་ཚོགས་ཏེ་སྔར་བསྟན་པའི་སྒྱུ་མ་བུད་མེད་སྒྱུ་མ་ཉིད་དོ། །དེ་ཉིད་དང་མཉམ་པར་སྦྱོར་བ་ལས་ནི་ཕྱོགས་བཅུ་ཀུན་ནས་སྣ་ཚོགས་ཀྱི་སྡོམ་པ་སྟེ། འདོད་ཆགས་ལ་སོགས་པའི་རྣམ་པར་རྟོག་པ་སྡོམ་པའམ། ཡང་ན་བདེ་བ་ཆེན་པོའི་ཡེ་ཤེས་བསྐྱེད་པ་ཉིད་ཀྱི་ཕྱིར་སཾ་བ་རའོ། །དེས་ནི་བདེ་མཆོག་གི་བཤད་པར་ཡང་འགྱུར་རོ། །དེ་ལྟར་དེ་དག་གིས་ནི་དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་རྟོག་པ་དང་པོ་དང༌། རྟོག་པ་ལྔ་པའི་དབུགས་དབྱུང་གི་དཀྱིལ་འཁོར་དྲུག་ལས། དང་པོ་རྡོ་རྗེ་སེམས་དཔའ་དབུགས་དབྱུང་བའི་བཤད་པའི་རྒྱུད་དུའང་འགྱུར་རོ། །བཞི་པ་དོན་མཛད་པ་དངོས་གདུལ་བྱ་དེ་བཞིན་གཤེགས་པ་སོ་སོའི་དངོས་གྲུབ་ལ་བཀོད་པའི་ཚུལ་ནི་རྡོ་རྗེ་རྡོ་རྗེ་འཛིན་པ་ཞེས་བྱ་བ་ལ་སོགས་པ་སྟེ། འདིས་ནི་དབུགས་དབྱུང་ལྷག་མ་རྣམས་ཀྱིས་བསྡུས་པའི་དོན་དུའང་འགྱུར་རོ། །དེ་ལ་རྡོ་རྗེ་ནི་གདུལ་བྱ་ཤིན་ཏུ་ཞེ་སྡང་ཤས་ཆེ་བར་གྱུར་པ་རྣམས་སོ། །རྡོ་རྗེ་རྡོ་རྗེ་འཛིན་པ་ནི་དེ་དག་གདུལ་བར་བྱ་བའི་ཕྱིར་ཞེ་སྡང་ཅན་གྱི་སྐུར་བསྟན་ནས། ཞེ་སྡང་གི་ཆོས་གསུངས་པས་གདུལ་བྱ་རྣམས་རྡོ་རྗེ་འཛིན་པའི་དངོས་གྲུབ་ལ་བཀོད་པར་བྱས་སོ། །དེ་བཞིན་འདོད་ཆགས་ཅན་ལ་པདྨ་དང༌། སེར་སྣ་ཅན་ལ་ནོར་བུ་དང༌། ལེ་ལོ་ཅན་ལ་རྟ་མཆོག་གི་དངོས་གྲུབ་ལ་བཀོད་པའི་བར་དུ་ཤེས་པར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་སྤྱི་དོན་བཞི་པ་འབྲས་བུ་ཆོས་ཀྱི་སྐུའི་མཚན་ཉིད་སྟོན་ཏོ། །འདིས་ནི་རྟོག་པ་ལྔ་པ་རྣམ་སྣང་གི་དབུགས་དབྱུང་བ་དང་ཆ་མཐུན་པས་བཤད་པའི་རྒྱུད་དོ། །འདི་ལ་དོན་བཞི་སྟེ། སྟོན་པ་ཏིང་ངེ་འཛིན་ལ་བཞུགས་པ་དང༌། ཐབས་དང་ཤེས་རབ་ཟུང་འཇུག་གཉིས་མེད་ཀྱི་རང་བཞིན་དུ་བསྟན་པ་དང༌། ཞར་ལ་དེ་ལྟ་བུའི་དོན་རྣལ་འབྱོར་པས་ཉམས་སུ་བླང་བར་བསྟན་པ་དང༌། ཆོས་སྐུ་སྤྲོས་པ་དང་བྲལ་ཡང་སེམས་ཅན་གྱི་དོན་འབྱུང་བ་མི་འགལ་བའི་ཚུལ་ལོ། །དང་པོ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྟེ། ས་བཅུ་གཉིས་པ་མན་ཆད་ནི། ས་བཅུ་གསུམ་པའི་སྟོང་པ་དང་སྙིང་རྗེ་གཉིས་མེད་ཀྱི་ཡེ་ཤེས་འདིས་ཟིལ་གྱིས་གནོན་ཞེས་བྱ་བའོ། །གཉིས་པ་ཟུང་དུ་ཆུད་པའི་རང་བཞིན་ནི། སྟོང་མིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྟོང་མིན་ནི་རྟོག་མཁན་གྱི་བསམ་པས་བརྟགས་ན་མི་སྟོང་པ་ཞེས་བྱ་བའི་ཆོས་ཅུང་ཟད་ཡོད་ན་དེ་ལ་ལྟོས་ནས་སྟོང་པར་རྟོག་པ་ཡིན་ན། མི་སྟོང་བ་མེད་པ་ཉིད་ཀྱིས་སྟོང་པ་ཞེས་བྱ་བ་ཅུང་ཟད་ཀྱང་མ་གྲུབ་བོ། །འོ་ན་མི་སྟོང་པར་གྲུབ་བམ་ཞེ་ན། མི་སྟོང་བའང་མ་ཡིན་ཞེས་སྨོས་ཏེ། རིགས་པས་ལེགས་པར་བརྟགས་ན་མི་སྟོང་བ་ཞེས་བྱ་བ་འགའ་ཡང་མ་གྲུབ་བོ། །དེ་ལྟར་ཀླུ་སྒྲུབ་ཀྱིས་གསུང་པ། གལ་ཏེ་མི་སྟོང་ཅུང་ཟད་ཡོད། །སྟོང་པའང་ཅུང་ཟད་ཡོད་པར་འགྱུར། །མི་སྟོང་ཅུང་ཟད་མེད་པས་ན། །སྟོང་པའང་ཡོད་པར་ག་ལ་འགྱུར། །ཞེས་སོ། །འོ་ན་དེ་གཉིས་ཀྱི་དབུས་ན་གཉི་གའམ་གཉི་ག་མ་ཡིན་པ་ཞིག་གནས་སམ་སྙམ་ན། དབུ་མར་དམིགས་པར་མི་འགྱུར་ཏེ། དེ་གཉིས་རེ་རེས་མ་གྲུབ་ན་ཚོགས་པའང་མི་གྲུབ་ལ། དེ་གཉིས་ལས་མ་གཏོགས་པའི་ཆོས་མེད་པའི་ཕྱིར་གཉི་ག་མ་ཡིན་པའང་མ་ཡིན་ནོ། །དེ་བས་ན་རྣམ་པར་རྟོག་པ་མཐའ་དག་དང་བྲལ་བ་ནི་སྙིང་པོ་དོན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ཡིན་ནོ། །དེ་ལྟར་ཡང་དཔག་མེད་ཤེས་རབ་ཕ་རོལ་ཕྱིན། །རྣམ་པར་མི་རྟོག་ཁྱེད་ཕྱག་འཚལ། །ཞེས་གསུངས་པ་ལྟ་བུའོ། །དེ་སྐད་དུ་བླ་མ་རྣམས་གསུང་ངོ༌། །རྒྱུད་ཕྱི་མ་ལས་ནི་སྟོང་པ་མིན་ནི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་གནས་པའི་ཕྱིར་རོ། །མི་སྟོང་མིན་ནི་གཟུང་བ་དང་འཛིན་པ་གཉིས་ཀྱིས་སྟོང་པའི་ཕྱིར་རོ། །དེ་ལྟ་བུའི་ཡང་དག་པའི་ཡེ་ཤེས་ཀྱང་དམིགས་པའི་ཡུལ་དུ་མ་གྱུར་པས་དབུ་མར་དམིགས་པར་མི་འགྱུར་རོ། །ཞེས་རྣལ་འབྱོར་སྤྱོད་པ་བ་དང་མཐུན་པར་འཆད་པར་འགྱུར་རོ། །དེ་ལྟར་ཤེས་རབ་བསྟན་ཏོ། །གལ་ཏེ་ཆོས་ཀྱི་སྐུ་དེ་རྣམ་རྟོག་མེད་པ་ཙམ་འབའ་ཞིག་ཡིན་ནམ་སྙམ་པ་ལ། སྦྱོར་བ་ཞེས་གསུངས་ཏེ་ཐབས་ཤེས་རབ་སྦྱོར་བའོ། །ཐབས་དེ་གང་ཞེ་ན། ཐབས་ནི་སྙིང་རྗེའི་བདག་ཉིད་དེ་དེ་དང་སྦྱོར་བའོ། །གལ་ཏེ་རྟོག་པ་མེད་པ་ལ་སྙིང་རྗེ་ཇི་ལྟར་འཐད་སྙམ་པ་ལ། དེ་ནས་མཛེས་པའི་སྙིང་རྗེ་ཐབས་ཏེ་སྤྲོས་པ་དང་བྲལ་ཞིང་དམིགས་པ་མེད་བཞིན་དུ་སྙིང་རྗེ་ཆེན་པོས་གཞན་གྱི་དོན་མཛད་པ་འདི་ནི་ངོ་མཚར་བས་ན་མཛེས་པ་ཞེས་བྱའོ། །དེ་ལྟར་ཡང༌། གཞན་གྱི་སྡུག་བསྔལ་གྱིས་བྲེད་རྣམས། །བསམ་གཏན་བདེ་བ་དོར་ནས་ཀྱང༌། །མནར་མེད་པར་ཡང་འཇུག་པར་བྱེད། །འདི་ནི་ངོ་མཚར་འདི་བསྔགས་འོས། །ཞེས་གསུངས་པ་ལྟ་བུའོ། །དེ་ལྟར་ན་ཆོས་ཐམས་ཅད་སྒྱུ་མ་ལྟར་སྣང་ལ་རང་བཞིན་མེད་པར་རྟོགས་པ་ནི་ཤེས་རབ་ཕ་རོལ་ཕྱིན་པ་གསལ་ཏེ། མི་གནས་པའི་མྱ་ངན་ལས་འདས་པའི་རང་བཞིན་ལ་གནས་ཞེས་བྱ་བའི་དོན་ཏོ། །དེ་ལྟར་འོག་ནས་འབྱུང་བ། དམིགས་མེད་གནས་སུ་ཤེས་རབ་དང༌། །དམིགས་མེད་སྙིང་རྗེ་ཆེན་པོ་ཉིད། །བློ་དང་ལྷན་ཅིག་གཅིག་གྱུར་པ། །ནམ་མཁར་ནམ་མཁའ་ཇི་ལྟ་བའོ། །ཞེས་སོ། །དེ་ལྟ་བུ་དེ་ད་ལྟ་རྣལ་འབྱོར་པ་རྣམས་ཀྱིས་ཇི་ལྟར་རྟོགས་ཤིང་བསྒོམ་པར་བྱ་སྙམ་པ་ལ་རྣམ་རྟོག་མེད་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་གི་ངོ་བོའི་སྒོ་ནས་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་སྟེ་བསྒོམ་པ་དང་བསམ་དུ་མེད་དེ་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །དེ་ལྟར་ཡིན་ན་སུས་ཀྱང་རྟོགས་པར་མི་འགྱུར་སྙམ་པ་ལ། ངོ་བོས་མ་གྲུབ་ཀྱང་མོས་པའི་དབང་གིས་སྤྲོས་བྲལ་གྱི་ཚུལ་དུ་བསྒོམ་ཞེས་སྟོན་པ་ནི། རྣམ་རྟོག་མེད་པར་ལྷག་མོས་ལས། །བརྟགས་པ་ཀུན་གྱིས་བརྟག་པར་བྱ། །ཞེས་སོ། །དེ་ལྟར་རྣམ་པར་རྟོག་པ་ཉིད་ཀྱིས་དཔྱད་པས་རིམ་གྱིས་རྟོག་པ་མེད་པ་སྐྱེ་བའི་རྒྱུར་འགྱུར་ཏེ། མདོ་སྡེ་རྒྱན་ལས། དམིགས་པ་ལ་ནི་བརྟེན་ནས་སུ། །མི་དམིགས་པ་ནི་རབ་ཏུ་སྐྱེ། །མི་དམིགས་པ་ལ་ནི་བརྟེན་ནས་སུ། །མི་དམིགས་པ་ནི་རབ་ཏུ་སྐྱེ། །ཞེས་གསུངས་པ་དང༌། དཔལ་ཀོ་ཏ་ལི་བས་ཀྱང༌། གཉིས་པོ་དག་ནི་རྣམ་དཔྱད་ན། །གཉིས་སུ་མེད་པའི་ཡེ་ཤེས་སྐྱེ། །ཞེས་གསུངས་པ་ལྟ་བུའོ། །དེ་ལྟར་ཚིགས་སུ་བཅད་པ་གཅིག་པོ་དེས་ཞར་ལ་འོངས་པ་སྟེ་མཉམ་སྦྱོར་དུ་ཁ་བསྐང་ངོ༌། །བཞི་པ་ནི། དེ་ལྟར་ཆོས་སྐུ་སྟོང་པ་དང་སྙིང་རྗེ་གཉིས་སུ་མེད་པ་དེ་ལས་སེམས་ཅན་གྱི་དོན་ཇི་ལྟར་འབྱུང་བ་ཡིན་སྙམ་པ་ལ་རྣམ་རྟོག་མེད་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་མཚན་མ་དང་རྣམ་པར་རྟོག་པ་ཐམས་ཅད་ལས་གྲོལ་ཡང་ཐུགས་རྗེ་ཆེན་པོའི་དབང་གིས་སེམས་ཅན་གྱི་དོན་གྲུབ་པའི་རྒྱུར་བརྟག་ཅེས་བྱའོ། །དེ་ཉིད་རྒྱས་པར་སྟོན་པ་ནི་དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་སྟེ། རྐང་པ་གསུམ་གྱིས་སྤྲོས་པ་དང་བྲལ་བའི་རང་བཞིན་བསྟན་ཏོ། །དེ་ནས་འདི་ནི་ཆོས་ངག་འབྱུང་ཞེས་བྱ་བ་འདིས་ནི་སྤྲོས་བྲལ་ལས་སེམས་ཅན་གྱི་དོན་འབྱུང་བའི་ཚུལ་ཏེ། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་མངོན་དུ་བྱས་པས་ན། དོན་དམ་པར་གཟུགས་མེད་ཀྱང་གཟུགས་ཀྱི་སྐུའི་སྣང་བ་འབྱུང་ལ། དེ་ལ་རླུང་འབྱུང་བ་དང༌། བུ་ག་མེད་ཀྱང་རང་བཞིན་མེད་པ་སྟོན་པའི་ཆོས་ཀྱི་ངག་འབྱུང་བའི་སྒོ་ནས་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལོངས་སྤྱད་པའི་ལོངས་སྤྱོད་རྫོགས་པའི་སྐུ་འབྱུང་བ་དང༌། དེ་བཞིན་དུ་སྤྲུལ་པའི་སྐུའང་འབྱུང་ཞེས་བྱ་བའི་དོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་སྟོན་པ་རྡོ་རྗེ་འཆང་གི་འབྲས་བུའི་རྒྱུད་གསུངས་པ་ལ་རྗེས་སུ་ཡི་རང་བའི་ཚུལ་གྱིས་བསྟོད་པ་གསུངས་པ་སྟོན་ཏོ། །དེ་ལ་བསྟོད་པ་མཛད་པ་པོ་ནི་ཐེག་པ་ཆེན་པོ་ལས་བྱུང་བའི་བསྒོམས་པས་ཡོན་ཏན་རྒྱས་པ་རྣམས་ཞེས་བྱ་སྟེ། ཐེག་པ་ཆེན་པོ་ནི་ཆེན་པོ་བདུན་དང་ལྡན་པ་སྟེ། དམིགས་པ་ཆེན་པོ་ནི་བྱང་ཆུབ་སེམས་དཔའི་ལམ་རྒྱ་ཆེན་པོ་ལ་དམིགས་པའོ། །སྒྲུབ་པ་ཆེན་པོ་སྟེ་རང་དང་གཞན་གྱི་དོན་ཐམས་ཅད་བསྒྲུབ་པ། ཡེ་ཤེས་ཆེན་པོ་སྟེ་བདག་མེད་གཉིས་ཀྱི་དོན་རྟོགས་པ། བརྩོན་འགྲུས་ཆེན་པོ་སྟེ་བསྐལ་པ་གྲངས་མེད་གསུམ་དུ་རྩོམ་པ། ཐབས་མཁས་པ་ཆེན་པོ་སྟེ་སྙིང་རྗེ་དང་ཤེས་རབ་ཀྱི་མཐའ་གཉིས་སུ་མ་ལྷུང་བ། ཐོབ་པ་ཆེན་པོ་སྟེ་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཐོབ་པ། ལས་ཆེན་པོ་སྟེ་རང་དང་གཞན་གྱི་དོན་བྱེད་པའོ། །དེ་ལྟ་བུའི་དོན་ལས་བྱུང་བ་ནི་ཁྱད་པར་དུ་འཕགས་པ་སྟེ་རྡོ་རྗེ་ཐེག་པའོ། །དེ་ཐོབ་པ་ནི་བསྒོམས་པས་ཡོན་ཏན་རྒྱས་པ་སྟེ་འཁོར་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སོ། །བསྟོད་པ་ཉིད་ཇི་ལྟ་བུ་ཞེ་ན། རྣལ་འབྱོར་གྱི་བདག་པོ་ཞེས་བྱ་བ་ལ་སོགས་པ་སྟེ། དཔལ་མཉམ་སྦྱོར་ལས། མཉམ་ཉིད་མི་གཡོ་ཞེས་བྱ་བ་ལ་སོགས་པ་སྟེ་ཚིག་རྐང་ཉི་ཤུ་རྩ་གཅིག་གསུངས་པ་དེ་དག་གིས་ཀྱང༌། དོན་རང་གི་རྣམ་པར་རྟོག་པ་མེད་པའི་དོན་ཐོབ་ཅིང་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པ་ཞེས་བྱ་བ་སྟོན་ལ། འདིར་ཡང་དོན་དེ་སྟོན་པ་ལ་ཚིག་དཔལ་གདན་བཞི་པ་དང་མཐུན་པས་མཉམ་སྦྱོར་དུ་ཚུལ་མི་འདྲ་ཞིང༌། གདན་བཞི་པར་ཆ་མཐུན་ལ། རྒྱུད་གཉིས་བསྡེབས་པས་མི་གསལ་བ་གསལ་བར་བྱེད་པས་བཤད་པའི་རྒྱུད་དོ། །དེ་ལ་རྣལ་འབྱོར་གྱི་བདག་པོ་ཞེས་བྱ་བ་རྐང་པ་དང་པོས་ནི་གཞན་དོན་རྒྱས་པའི་སྒོ་ནས་བསྟོད་པ་ལས། ཐབས་ཐུན་མོང་མ་ཡིན་པའི་སྒོ་ནས་བསྟོད་པའོ། །སེམས་ཅན་བདག་ཉིད་སྐྱེས་པ་ཞེས་རྐང་པ་གཉིས་པས་ནི། ཀུན་འགྲོའི་དབང་ཕྱུག་ཏུ་གྱུར་པའི་སྒོ་ནས་བསྟོད་པའོ། །འཁོར་བའི་རྒྱ་མཚོའི་གཏི་མུག་གཅོད། །ཅེས་པ་རྐང་པ་གསུམ་པ་ནི་བྱེ་བྲག་ཏུ་གཞན་གྱི་རྒྱུད་ལ་སྤངས་པ་ཕུན་སུམ་ཚོགས་པ་སྐྱེད་པའི་སྒོ་ནས་བསྟོད་པའོ། །དེ་ཁོ་ན་ཞེས་པ་རྐང་པ་བཞི་པས་ནི་གཞན་གྱི་རྒྱུད་ལ་ཡེ་ཤེས་ཕུན་སུམ་ཚོགས་པ་སྐྱེད་པའི་སྒོ་ནས་བསྟོད་པའོ། །དེ་ལྟར་འབྲས་བུའི་རྒྱུད་བསྟན་ནས་ཞར་ལ་ཐབས་ཀྱི་རྒྱུད་བསྟན་པ་ནི། ཡང་ཞེས་བྱ་བ་ལ་སོགས་པའོ། །འདི་ལ་གཉིས་ཏེ། མཆོད་བསྟོད་སྔོན་དུ་སོང་བས་ཞུས་པ་དང༌། དེའི་ལན་བསྟན་པའོ། །དང་པོ་ནི་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། ཡང་ནི་དེ་ལྟར་འབྲས་བུ་གསུངས་བ་ལ་བསྟོད་པ་བྱས་པ་ལས་ལྡབ་པས་ཡང་ངོ༌། །ཆོས་རྣམས་ཐམས་ཅད་གཅིག་པའི་སྐུ་ནི་གང་དུ་གསུངས་པས་འབྲས་བུའི་རྒྱུད་དོ། །དེའི་སྙིང་པོ་ནི་དེའི་འབྱུང་གནས་སུ་གྱུར་པ་སྟེ། དེ་ཐོབ་པར་བྱེད་པའི་ཐབས་ཞེས་བྱ་བའི་དོན་ཏེ། ལན་གདབ་པ་ལ་གསུམ་སྟེ། རང་བྱིན་བརླབ་མཉམ་རྗེས་མེད་པར་བསྒོམ་པར་བསྟན་པ་དང༌། དེ་ལ་བརྩད་པ་སྤང་བ་དང༌། དེ་ཁོ་ན་ཉིད་ཤེས་པར་བྱེད་པའི་ཐབས་བླ་མའི་ཞལ་ལས་ཤེས་པར་གདམས་པའོ། །དང་པོ་ནི། དབང་པོ་གང་དང་གང་ལམ་ཉིད། །དེ་དང་དེ་ཞེས་པ་ལ་དབང་པོ་དྲུག་གི་ཡུལ་དུ་གྱུར་པའི་ཡུལ་གཟུགས་ལ་སོགས་པ་དང༌། རྣམ་པར་ཤེས་པ་དང་བཅས་པ་རྣམས་སོ། །རང་བཞིན་ལས་ཞེས་བྱ་བ་ནི། རང་བཞིན་གཉུག་མའི་ཡེ་ཤེས་ལྷན་ཅིག་སྐྱེས་པའི་ངོ་བོ་སྟེ། སྔར་འབྲས་བུ་ཆོས་སྐུའི་སྐབས་སུ་བསྟན་པ་བཞིན་ཆོས་ཐམས་ཅད་དེའི་ངོ་བོར་ཤེས་པར་བྱའོ། །ཅི་དེ་ལ་ཤེས་པ་བཅིངས་ཏེ། མཉམ་པར་གཞག་དགོས་སམ་ཞེ་ན། མཉམ་པར་མ་གཞག་སྟེ། ཤེས་པའི་རྒྱུ་བ་མ་བཀག་སྟེ། ཡུལ་ལ་ལྷུག་པར་བཞག་པ་ཉིད་ཀྱིས་སོ། །འོ་ན་ཐ་མལ་པ་ཉིད་དུ་མི་འགྱུར་རམ་ཞེ་ན། རྣལ་འབྱོར་གྱིས་ཏེ་བླ་མའི་མན་ངག་གིས་ཐབས་ཤེས་རབ་གཉིས་སུ་མེད་པའི་ཡེ་ཤེས་རྟོགས་པར་བྱས་པའི་རྣལ་འབྱོར་ལ་གནས་ན། རྟག་པར་ཤིན་ཏུ་མཉམ་གཞག་ཉིད་དེ། དུས་སམ་གནས་སྐབས་ཐམས་ཅད་དུ་སྐྱེ་ཞེས་བྱ་སྟེ། འདི་དག་ནི་བརྟག་པ་གཉིས་པའི་རབ་བྱེད་གཉིས་པར་རྒྱས་པར་འཆད་པར་འགྱུར་རོ། །གཉིས་པ་དེ་ལ་བརྩད་པསྤང་བ་ནི། ཅི་དེ་ལྟར་དབང་པོའི་ཡུལ་དུ་གྱུར་པ་ཐམས་ཅད་ལྷན་སྐྱེས་སུ་བསྒོམ་པ་སྟེ། མ་ཡིན་པར་བསྒོམ་ན་ནི་སྤྲང་པོས་རྒྱལ་པོར་རློམ་པ་དང་འདྲ་བར་འགྱུར་ལ། ཡིན་ནས་བསྒོམ་ན་སེམས་ཅན་ཐམས་ཅད་ཅི་སྟེ་མ་གྲོལ་སྙམ་པ་ལ། སྐྱེས་པ་ཐ་མས་རྟོགས་མི་ནུས་ཞེས་སྦྱར་ཏེ། སྐྱེས་པ་ཐ་མས་ནི་རིགས་པ་ཅན་ལ་སོགས་པ་བླ་མའི་གདམས་ངག་དང་བྲལ་བ་རྣམས་སོ། །དེ་རྣམས་ཀྱི་སོ་སོར་རྟོག་པར་མི་ནུས་ཏེ། ལྷན་སྐྱེས་གཉིས་སུ་མེད་པའི་ཡེ་ཤེས་སོ། །ཅིའི་ཕྱིར་མི་རྟོགས་པ་སྙམ་པ་ལ། ཐམས་ཅད་ཀྱི་བདག་ཉིད་དུ་གྱུར་པ་རྣམ་ཤེས་ཕུང་པོ་སྟེ། རང་གི་སེམས་ཉིད་གཉིས་སུ་མེད་པའི་ཡེ་ཤེས་ལ་སེམས་རྨོངས་པ་སྟེ། གཏི་མུག་དང་བཅས་པའི་ཕྱིར་མི་རྟོགས་ཞེས་བྱའོ། །ཇི་ལྟར་སེམས་རྨོངས་སྙམ་པ་ལ་སེམས་དང་སེམས་བྱུང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལྟ་བ་སྣ་ཚོགས་སུ་བརྟགས་ཤིང་དེ་ལ་བསྒོམ་ལ། རང་གི་ཡེ་ཤེས་ལ་མི་རྟོགས་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་ལྟ་བ་སྣ་ཚོགས་སུ་རྟོགས་པ་དེའང་རང་དགར་བརྟགས་པ་མ་ཡིན་ཏེ། རིགས་པས་བརྟགས་པ་ཡིན་ལ། དེས་ན་དངོས་པོའི་གནས་ལུགས་ཀྱང་དུ་མ་ཡོད་ལ། གནས་ལུགས་དུ་མ་ཡོད་པས་ཐར་པ་དུ་མ་ཉིད་དུ་མི་འགྱུར་རམ་སྙམ་པ་ལ། ཐར་པ་ཉིད་ནི་གཅིག་པུ་ཉིད་ཅེས་འོག་ཏུ་སྦྱར་ཏེ། ཐར་པ་ནི་དངོས་པོ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རྟོགས་པའི་སྒོ་ནས་འཁོར་བའི་རྒྱ་མཚོ་ལས་ཐར་བའོ། །དེ་གཅིག་པུ་ཉིད་ཡིན་ཏེ་དེ་ལ་དབྱེ་བ་མི་འདོད་དོ། །ཅིའི་ཕྱིར་ཞེ་ན། ཆོས་དུ་མ་སྟེ་གྲུབ་མཐའ་དུ་མར་བརྟགས་ཀྱང་མང་པོར་དམིགས་པར་མི་འགྱུར་ཏེ། ཆོས་ཀྱི་དབྱིངས་དེ་བཞིན་ཉིད་ལ་དབྱེ་བ་མེད་པའི་ཕྱིར་རོ། །དེའི་དཔེ་ནི། ཆུ་བོའི་རྒྱུན་ནི་རྒྱ་མཚོ་ཆེ་ལྟར་ཏེ། ཇི་ལྟར་རྒྱ་མཚོར་མ་ཐིམ་པའི་དུས་སུ་ཆུ་བོ་བཞི་ལ་སོགས་པ་སྣ་ཚོགས་ཀྱི་དབྱེ་བ་ཡོད་ཀྱང༌། རྒྱ་མཚོར་ཐིམ་པ་ན་ལན་ཚྭའི་རོར་རོ་གཅིག་པའམ། ནམ་མཁའ་ལ་ཉི་མ་གཅིག་ལས་མེད་ཀྱང་འཆར་ལུགས་དུ་མར་སྣང་བ་བཞིན་དུ། ཆོས་ཀྱི་དབྱིངས་མ་རྟོགས་པའི་ཚེ་ལྟ་བ་སྣ་ཚོགས་སུ་སྣང་ཡང་དེ་བཞིན་ཉིད་རྟོགས་པའམ། ཕྱིན་ཅི་མ་ལོགས་པའི་རིགས་པ་དང་མན་ངག་གི་དེ་ཁོ་ན་རྟོགས་པ་ནའང་སྣ་ཚོགས་ཀྱི་ལྟ་བ་འགག་པར་འགྱུར་རོ། །གསུམ་པ་དེ་རྟོགས་པའི་ཐབས་བླ་མ་ལ་རག་ལས་པར་བསྟན་པ་ནི་ཇི་ལྟར་ཞེས་བྱ་བ་ལ་སོགས་པའོ། །ཇི་ལྟར་ཞེས་བྱ་བ་ནི་གོང་དུ་བསྟན་པའི་རང་བཞིན་དེ་ལྟ་བུའི་དེ་ཉིད་དམ། དངོས་པོ་ཐམས་ཅད་ཀྱི་རང་བཞིན་རྟོགས་པས་ན་མཉམ་པར་མ་གཞག་པའམ་མཉམ་པར་གཞག་པར་འགྱུར་བའི་རང་བཞིན་དེའང་རང་དགར་ཤེས་པ་མ་ཡིན་ཏེ། ནང་དུ་རྣམ་གནས་པ་སྟེ་རྫོགས་པའི་རིམ་པའི་མན་ངག་གི་གནད་ཀྱིས་རྟོགས་པར་འགྱུར་ལ། གནད་ཀྱི་མན་ངག་དེའང་བླ་མའི་ཞལ་ལས་རྟོགས་པར་འགྱུར་གྱི། གཞན་ཐོས་པ་སྤྱིའི་རྣམ་པ་ཙམ་གྱིས་རྟོགས་པར་ག་ལ་འགྱུར། དེ་ལྟར་ཡང༌། སློབ་དཔོན་འཕགས་པ་ལྷས་གསུངས་པ། བསྐལ་པ་བྱེ་བ་མཐའ་ཡས་པར། །ཐོས་པའི་ཕ་རོལ་སོན་གྱུར་ཀྱང༌། །བླ་མའི་ལུང་དང་བྲལ་བ་ཡིས། །བདག་བྱིན་བརླབ་པ་རྙེད་མི་འགྱུར། །ཞེས་བཤད་པ་ལྟ་བུའོ། །དེ་བས་ན་བླ་མ་ནི་བརྒྱུད་པ་བར་མ་ཆད་པའི་རྒྱུད་དང་སྔགས་དང་མན་ངག་ཅན་ནོ། །ཞལ་ལས་རྙེད་པ་ནི་སྙན་བརྒྱུད་ཀྱི་གདམས་ངག་སྟེ། རྣ་བ་ནས་རྣ་བར་འཕོ་བ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་བླ་མ་མཉེས་པར་བྱས་པས་ཡང་དག་པའི་གནད་ཀྱི་གདམས་ངག་ཤེས། ཞེས་བྱ་བའི་དོན་ཏོ། །བདག་བྱིན་བརླབ་ལས། དེ་བས་ང་རྒྱལ་ཡོངས་སྤངས་ལ། །སངས་རྒྱས་འབྲས་བུ་འདོད་པ་ཡིས། །རྡོ་རྗེ་ཐེག་པ་ཞོན་པ་ཡི། །བླ་མ་བསྒྲིམས་ཏེ་མཉེས་པར་བྱ། །ཞེས་གསུངས་པ་ལྟ་བུའོ། །དེ་ཁོ་ན་ཉིད་ནི་སྟོང་པ་དང་སྙིང་རྗེ་གཉིས་སུ་མེད་པ་སྟེ། ཐབས་ཀྱི་རྒྱུད་དང་འབྲས་བུ་གཉིས་ཀ་ལ་སྦྱར་རོ། །དེ་མདོར་བསྟན་ཙམ་དུ་འདིར་བསྟན་ཏོ། །བརྟག་པ་དང་པོ་ལས་རབ་ཏུ་བྱེད་པ་གསུམ་པའི་བཤད་པའོ།།  །།དེ་ལྟར་རབ་ཏུ་བྱེད་པ་གསུམ་པས་འབྲས་བུའི་རྒྱུད་གཙོར་བསྟན་ནས། འབྲས་བུ་དེ་ཐོབ་པར་བྱེད་པའི་རྒྱུའམ་ཐབས་ནི་གང་ཡིན་ཞེས་འབྲེལ་པ་ལས། དེ་ལྟར་རྣལ་འབྱོར་མའི་གླེང་གཞི་ནི་བསྟན་ན་རྣལ་འབྱོར་གྱི་རྒྱུད་ཀྱི་གླེང་གཞི་ནི་ཅི་ཞིག་སྟོན་ཞེས་འབྲེལ་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་གསུངས་ཏེ། རབ་ཏུ་བྱེད་པ་བཞི་པ་འདིས་རྣལ་འབྱོར་གྱི་རྒྱུད་ཀྱི་གླེང་གཞིའི་སྒོ་ནས་ཐབས་གཙོར་བསྟན་ཅིང་འབྲས་བུ་ཞར་ལ་གསུངས་སོ། །རབ་ཏུ་བྱེད་པ་འདིའི་བརྗོད་བྱའི་དོན་ནི་གང༌། རྗོད་བྱེད་ཀྱི་སྒྲ་ནི་གང༌། མངོན་པར་རྟོགས་པ་ནི་གང༌། རྒྱུད་སྡེ་གཞན་གྱི་བཤད་པའི་རྒྱུད་དུ་ཇི་ལྟར་འགྲོ་སྙམ་ན། དེ་ལ་བརྗོད་བྱའི་དོན་ནི་སྤྱི་དང་སྦས་པ་དང་མཐར་ཐུག་གསུམ་ཀ་སྟོན་ཏེ། གླེང་གཞི་དྲང་དོན་གྱིས་བཤད་པ་ནི། ཕ་རོལ་ཏུ་ཕྱིན་པ་དང་སྤྱི་ཡིན་ལ། ལྷན་སྐྱེས་རྟོགས་པའི་ཕན་ཡོན་གྱི་སྐབས་སུ་བསྐྱེད་རིམ་སྤྱིའང་ཅུང་ཟད་བསྟན་ཏོ། །གཞུང་གི་ཆ་ཕལ་ཆེར་གྱིས་ནི་སྦས་པའི་དོན་གཉིས་ཀ་བསྟན་ཏོ། །གླེང་གཞི་འབྲས་བུར་བཤད་པ་ནི་མཐར་ཐུག་པར་ཡང་འགྱུར་རོ། །རྗོད་བྱེད་ཀྱི་སྒྲ་ནི་གསུམ་ཀ་འཇུག་ཀྱང་ཡན་ལག་གི་དོན་དང་ཡི་གེའི་དོན་གྱིས་བཤད་པ་གཙོ་ཆེའོ། །རྒྱུད་སྡེ་གཞན་གང་གི་བཤད་པའི་རྒྱུད་ཡིན་ན། རྣལ་འབྱོར་ཆེན་པོ་ཐབས་ཀྱི་རྒྱུད་མཐའ་དག་གི་གླེང་གཞིའི་རྣམ་པར་འགྲེལ་བ་ཡིན་པས་མཐའ་དག་གི་བཤད་པའི་རྒྱུད་ཡིན་ནོ། །མངོན་པར་རྟོགས་པ་ནི་རྒྱུད་གསུམ་ཀ་སྟོན་ཏེ། དང་པོ་རྒྱུའི་རྒྱུད་རྟེན་གྱི་གང་ཟག་གིས་སེམས་རང་བཞིན་གྱི་དག་པ་ཨེས་བཤད་ལ། ལུས་རང་བཞིན་གྱིས་དག་པ་དངོས་གྲུབ་ཐམས་ཅད་འབྱུང་བའི་རྒྱུར་ཨེ་བྃ་གྱིས་བསྟན་ཏོ། །དེ་ལྟར་རྒྱུའི་རྒྱུད་རང་བཞིན་གྱིས་དག་ཀྱང་གློ་བུར་གྱི་དྲི་མས་བསྒྲིབས་པ་དེ་སེལ་བར་བྱེད་པ་ཐབས་གང་ལས་འགྲུབ་ན། ཐབས་ཀྱི་རྒྱུད་ནི་སངས་རྒྱས་ཀྱི་ཐུགས་རྗེ་དང་བླ་མས་རྗེས་སུ་བསྟན་པ་སྨིན་ལམ་དབང་དང༌། གྲོལ་བྱེད་བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་འཁོར་དང་བཅས་པ་སྟོན་ཞེས་བྱ་སྟེ། དེའང་ལམ་གཉིས་ཀྱིས་བསྟན་པ་ནི་ཨེའི་བཤད་པའི་སྐབས་སུ་ཞར་ལ་བྱུང་བས་བསྟན་ཏོ། །དེ་ལྟར་ཐབས་ཀྱི་རྒྱུད་ཉམས་སུ་བླངས་པ་ལས། འབྲས་བུའི་རྒྱུད་སྤྱི་དོན་གྱི་མཐར་ཐུག་དང་སྦས་དོན་གྱི་མཐར་ཐུག་གཉིས་ནི་གཞུང་གི་ཆ་ལྷག་མས་སྟོན་ཏོ། །དེ་ལྟར་ན་རྒྱུད་གསུམ་འབྱུང་ངོ་ཞེས་ཤེས་པར་བྱའོ། །དེ་ལྟ་བུའི་གཞུང་གི་ཆ་འདིར་འདི་ལྟར་རྟོགས་པར་བྱ་སྟེ། བཤད་པར་དམ་བཅའ་བ་དང༌། དོན་དངོས་དང་མིང་ངོ༌། །དོན་ལ་གསུམ་བརྗོད་བྱ་རྒྱུད་གསུམ་དང༌། རྗོད་བྱེད་གླེང་གཞི་དང༌། འབྲས་བུ་གཞུང་བསྡུ་བའོ། །དང་པོ་ལ་གསུམ། རྒྱུ་དང༌། ཐབས་དང༌། འབྲས་བུའོ། །དང་པོ་ལ་བཞི། གནས་དང་རང་གི་ངོ་བོ་དང༌། རྟོགས་ན་འབྲས་བུ་འགྲུབ་ཚུལ་དང༌། མ་རྟོགས་ན་འཁོར་བར་འཁྱམ་ཚུལ་ལོ། །བསྡུས་པའི་དོན་ཏོ། །ཚིག་གི་དོན་ལ་དེ་ནས་ཞེས་བྱ་བ་རྐང་པ་གཉིས་ཀྱིས་བཤད་པར་དམ་བཅའ་བ་སྟེ། དེ་ནས་ཞེས་པའི་འབྲེལ་ནི་གོང་དུ་བཤད་ཟིན་ཏོ། །རྒྱུད་རྣམས་ཐམས་ཅད་དུ་ནི་འདུས་པ་ལ་སོགས་པ་རྣལ་འབྱོར་ཆེན་པོ་ཐབས་ཀྱི་རྒྱུད་མཐའ་དག་ཏུའོ། །གཏན་ལ་ཕབ་པ་ནི་བརྗོད་བྱ་རྒྱུད་གསུམ་དང༌། རྗོད་བྱེད་ཀྱི་སྒྲ་གླེང་གཞི་ཡི་གེ་སུམ་ཅུ་རྩ་བདུན་གསུངས་པའོ། །དེ་རབ་བཤད་བྱ་ནི་གླེང་གཞིའི་ཡི་གེ་དེ་རྣམས་ཀྱིས་བརྗོད་བྱ་རྒྱུད་གསུམ་སྟོན་པས་རབ་བཤད་བྱ་བའོ། །གཉིས་པ་གཞུང་གི་དོན་ལ་འདིར་རྒྱུའི་དང་པོ་གནས་ནི་སེམས་ཅན་ཞེས་བྱ་བ་ལ་སོགས་པ་སྟེ། ཐབས་ཀྱི་རྒྱུད་མཐའ་དག་གི་ཀླད་ནི་རྗོད་བྱེད་ཀྱི་སྒྲ་ཨེ་ཞེས་བྱ་བ་སྟོན་ཏོ། །དེ་ནི་གྲུ་གསུམ་རྒྱ་ཆེན་གཟུགས་ཅན་ཏེ། དེའི་བརྗོད་པར་བྱ་བའི་དོན་ལ་གྲུ་གསུམ་ནི་རྣམ་པར་ཐར་པའི་སྒོ་གསུམ་མམ། སེམས་གསུམ་གྱི་གནས་སུ་ཞེས་བྱ་བ་སྟེ། འདིར་མཐར་ཐུག་པའི་གནས་ཏེ་རྒྱུའི་རྒྱུད་བསྟན་ཏོ། །དེ་ལྟར་སློབ་དཔོན་ཨིནྡྲ་བྷཱུ་ཏིས་ཀྱང་བཤད་དོ། །ཡང་འདིས་དེ་ལྟ་བུའི་ཡེ་ཤེས་རྟོགས་པར་བྱེད་པའི་ཉེ་རྒྱུའི་རྟེན་ཤེས་རབ་ཀྱི་ཆོས་ཀྱི་འབྱུང་གནས་གྲུ་གསུམ་ཀྱང་བསྟན་ཏོ། །ཀུན་རྫོབ་རྣམ་པའི་གཟུགས་ཅན་མ་ཞེས་བྱ་བ་དང༌། གང་གི་དམ་པའི་བདེ་བ་ཁྱོད་ཅེས་བྱ་བ་ལ་སོགས་པ་འདི་རྟེན་ཆོས་འབྱུང་ཡིན་པར་ཤེས་པར་ནུས་སོ། །དེ་ལྟར་གཞུང་གི་ཆ་དུ་མར་བཤད་དུ་རུང་ཡང༌། འདི་དག་ཀྱང་འགལ་བ་མ་ཡིན་ཏེ། དངོས་པོ་ལ་ཇི་ལྟར་གནས་པ་ནི། རྒྱུའི་རྒྱུད་ཡིན་ལ། དེ་ལྟར་མོས་པར་བྱེད་པ་ནི་རྟོགས་པའི་ལྟ་བ་ཡིན་ལ། ལྟ་བ་དེ་ཉིད་གསང་སྔགས་ཀྱི་ཐབས་ལམ་ཟབ་མོས་རྟོགས་པར་བྱེད་པ་ནི་རྫོགས་རིམ་ཡིན་ཞིང༌། ཡང་དེ་ཉིད་མངོན་དུ་བྱེད་ཀ་བ་ནི་ཉེ་བའི་རྒྱུ་ཡིན་ལ། མངོན་དུ་བྱས་པ་ནི་འབྲས་བུ་ཡིན་པས། གནས་སྐབས་ཀྱི་སྒོ་ནས་གང་མཁོ་བར་སྦྱར་ཏེ་འཆད་པ་ཡིན་ནོ། །རྒྱ་ཆེན་གཟུགས་ཅན་ནི་ཐབས་ཀྱིས་ཟིན་པ་དང་མ་ཟིན་པའི་བྱེ་བྲག་གི་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ཀའི་གཞི་བྱེད་པའི་ཕྱིར་རོ། །དེ་ལྟ་བུ་དེ་སུ་གང་ལ་ཡོད་སྙམ་པ་ལ། སེམས་ཅན་ཀུན་ལ་མཉམ་པའི་ཕྱིར། །ཞེས་སྨོས་ཏེ། མཐར་ཐུག་གི་གནས་ཀྱི་དབང་དུ་བྱས་ན་ཆོས་ཉིད་དེས་མ་ཁྱབ་པའི་སེམས་ཅན་འགའ་ཡང་མ་གྲུབ་པའི་ཕྱིར། རྒྱུད་བླ་མ་ལས་ཀྱང༌། རིགས་ཡོད་ཕྱིར་ན་ལུས་ཅན་རྣམས། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་གསུངས་པ་ལྟ་བུའོ། །རྒྱུའི་རྒྱུད་ཀྱི་གནས་ཀྱི་དབང་དུ་བྱས་ན་འདོད་པའི་ཁམས་ཀྱི་བུད་མེད་མཐའ་དག་ལ་རྟེན་འདི་གནས་པས་ན། ཀུན་ལ་མཉམ་པ་ཞེས་བྱའོ། །དེ་ལྟ་བུ་དེ་གང་གི་གནས་སམ་གཞི་ཡིན་སྙམ་ན། ཚངས་སོགས་ཞེས་སྨོས་ཏེ། དེ་ཉིད་ཐབས་ཀྱིས་མ་ཟིན་ན་ཚངས་སོགས་ཏེ་ཚངས་པ་ནི་གཏི་མུག དབང་ཕྱུག་ཆེན་པོ་ནི་འདོད་ཆགས། ཁྱབ་འཇུག་ནི་ཞེ་སྡང༌། ལྷ་ནི་ང་རྒྱལ། ལྷ་མིན་ནི་ཕྲག་དོག་སྟེ། ཉོན་མོངས་པ་ལྔའི་གཞི་བྱེད་ལ། དེ་ལས་སྐྱེད་ཅིང༌། དེས་སྐྱེ་བའི་ཀུན་ནས་ཉོན་མོངས་པར་འགྱུར་བས་འཁོར་བའི་གནས་སུ་འགྱུར་ཞེས་བྱའོ། །དེ་ཉིད་གནས་ཆོས་འབྱུང་ལ་སྦྱར་ན་ཚངས་པ་ནི་དྲི་ཆེན། དབང་ཕྱུག་ནི་བྱང་སེམས། ཁྱབ་འཇུག་ནི་དྲི་ཆུ། ལྷ་ནི་རཀྟ། ལྷ་མ་ཡིན་ནི་ཤ་ཆེན་ཏེ། བདུད་རྩི་ལྔའི་གནས་སུ་འགྱུར་ཞེས་སྦྱར་རོ། །གཉིས་པ་རང་གི་ངོ་བོ་ནི། ཅི་དེ་འཁོར་བ་ཁོ་ནའི་གཞིར་གྱུར་ཏོ་སྙམ་པ་ལ། དེ་ཉིད་ཤེས་རབ་ཕ་རོལ་ཕྱིན། །ཞེས་སྨོས་ཏེ། རང་བཞིན་གྱི་སྤྲོས་པ་ཐམས་ཅད་དང་བྲལ་བ་ནི་སྙིང་པོ་དོན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་པའི་དོན་ཏོ། །འོ་ན་སྤྲོས་པ་དང་བྲལ་བའི་ཕྱིར། སྣང་བ་སྣ་ཚོགས་འདི་འགག་པར་འགྱུར་ལ། ཡང་ན་སྣང་བ་ཉིད་ཀྱང་བདེན་པའི་དངོས་པོར་འགྱུར་སྙམ་པ་ལ། ཀུན་རྫོབ་རྣམ་པའི་གཟུགས་ཅན་མ། །ཞེས་སྨོས་ཏེ། གཟུགས་ལ་སོགས་པའི་སྣང་བ་འདི་ཉིད་རང་བཞིན་གྱིས་བདེན་པར་མ་གྲུབ་པས་ན་ཀུན་རྫོབ་སྟེ། དེ་ཉིད་སྟོང་པ་ཉིད་དོ། །དེ་བས་ན་དབྱེར་མེད་པའི་དོན་ཞེས་བྱའོ། །དེ་བས་ན་ཆོས་ཉིད་ཀྱི་ངོ་བོ་ནི་རྣམ་པར་རྟོག་པས་ཡུལ་དུ་བྱར་མི་རུང་བའི་ཕྱིར་དེ་ཉིད་ཡུལ་ལས་རྣམ་པར་འདས་སོ། །རྣམ་རྟོག་གི་ཡུལ་ལས་འདས་ཀྱང་སེམས་ལས་ལོགས་པར་གྲུབ་པ་མེད་དོ། །ཞེས་བསྟན་པའི་ཕྱིར། སྲོག་ཆགས་ཀུན་གྱི་སྙིང་ལགནས། །ཞེས་སྨོས་སོ། །ཚིག་དེ་དག་ཆོས་འབྱུང་ལ་སྦྱར་ན། ཅི་ཆོས་འབྱུང་དེ་བདུད་རྩི་ཁོ་ནའི་གནས་ཡིན་ནམ་སྙམ་ན། དེ་ཉིད་ཤེས་རབ་ཕ་རོལ་ཕྱིན་ཏེ་མི་རྟོག་པ་བསྐྱེད་པའི་རྟེན་ཡིན་པའི་ཕྱིར་རོ། །ཇི་ལྟར་རྟེན་ཡིན་སྙམ་ན། ཀུན་རྫོབ་རྣམ་པའི་གཟུགས་ཅན་མ་སྟེ། ཀུན་རྫོབ་ཀྱི་ཨེའི་གཟུགས་འདི་ལ་བརྟེན་ཏེ་བདེ་སྟོང་སྐྱེ་ཞེས་དགོངས་སོ། །དེ་ལ་བརྟེན་ནས་སྐྱེས་པའི་ཡེ་ཤེས་ཀྱི་མཚན་ཉིད་ནི། དེ་ཉིད་ཡུལ་ལས་རྣམ་པར་འདས། །ཞེས་རྐང་པ་གཉིས་སྨོས་སོ། །དེ་ལྟར་ན་དེ་ཁོ་ན་ཉིད་ཀྱི་གནས་དང༌། ཀུན་རྫོབ་ཏུ་རྟོགས་བྱེད་ཀྱི་ཐབས་ནི་ནང་གི་གནས་གཉིས་བསྟན་ཏོ། །གསུམ་པ་དེ་རྟོགས་ན་འབྲས་བུའམ་ཕན་ཡོན་ཅི་འབྱུང་བ་དེ་བསྟན་པའི་ཕྱིར་དེ་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་དེ་ཕྱིར་ནི་དེ་ལྟ་བུའི་གནས་ཏེ་སེམས་ཅན་ཐམས་ཅད་ལ་གནས་པའི་ཕྱིར་གནས་འདིའི་རྟོགས་པའི་སྒོ་ནས་སེམས་ཅན་ཐམས་ཅད་ཀྱི་ཕན་ཡོན་ཐོབ་ཅེས་སྦྱར་རོ། །ཕན་ཡོན་ཅི་ཞིག་ཐོབ་ཅེ་ན། དེ་རྒྱས་ཅི་ཞིག་བྱ་སྟེ་མང་པོ་སྨོས་མི་དགོས་ཞེས་བྱའོ། །ཅིའི་ཕྱིར་ཞེ་ན། མདོར་བསྡུས་ན་སངས་རྒྱས་ཉིད་ཐོབ་ཏེ་དངོས་གྲུབ་ཐམས་ཅད་འདིར་བསྡུས་པའི་ཕྱིར་རོ། །གལ་ཏེ་གནས་འདིར་མ་རྟོགས་ཀྱང་སངས་རྒྱས་ཐོབ་པ་མ་ཡིན་ནམ་སྙམ་ན། བསྐལ་པ་གྲངས་མེད་པར་མ་ཐོབ། །ཅེས་བྱ་སྟེ། དེ་ཁོ་ན་ཉིད་འདི་མ་རྟོགས་པས་འཁོར་བ་ཐོག་མཐའ་མེད་པར་འཁྱམས་ཞེས་བྱ་བའི་དོན་ཏོ། །གནས་འདི་རྟོགས་ན་ཚེགས་མེད་པར་འགྲུབ་སྟེ། དམ་པའི་བདེ་བ་ནི་རྣམ་པར་ཐར་པ་ཅན་གྱི་བདེ་བ་སྟེ། སྤྲོས་པ་དང་བྲལ་བ་ཏིང་ངེ་འཛིན་ཏོ། །དེ་ཐོབ་ན་སྐྱེ་བ་འདིར་སངས་རྒྱས་ཏེ། མདོ་ལས་ཀྱང༌། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་ནི་འདོད་ན་ཞག་བདུན་གྱིས་ཀྱང་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །དེ་དག་ཕྱག་རྒྱའི་ཆོས་འབྱུང་ལ་སྦྱར་ན། སངས་རྒྱས་དེ་གཞན་གྱིས་ཀྱང་ཐོབ་པ་མ་ཡིན་ནམ་སྙམ་ན། ཕ་རོལ་ཏུ་ཕྱིན་པ་ཐབས་འདི་དང་བྲལ་བས་བསྐལ་པ་གྲངས་མེད་པ་བྱེ་བར་སངས་རྒྱས་མ་ཐོབ་པ་དེ་ཐབས་འདི་དང་ལྡན་ན་སྐྱེ་བ་འདིར་ཐོབ་བོ། །དེས་ན་ཉེ་བའི་རྒྱུ་ཡིན་ཞེས་བྱ་བའི་དོན་ཏོ། །དེ་ལྟར་མདོར་བསྡུས་ནས་མཐར་ཐུག་པའི་ཕན་ཡོན་བསྟན་ནས། དེ་མ་ཐོབ་པ་རྣམས་སམ་ཐོབ་པའི་བར་ལ་གནས་སྐབས་ཀྱི་ཕན་ཡོན་རྒྱས་པར་བཤད་པའི་ཕྱིར་ཡང་ན་ཞེས་བྱ་བ་ནས་བརྩམས་ནས། ཡིད་ལ་འདོད་པའང་ཐོབ་ཅེས་བྱ་བའི་བར་གྱིས་བསྟན་ཏོ། །དེ་ལྟར་རང་གི་དོན་གྲུབ་པའི་ཕན་ཡོན་བསྟན་ནས། བཞི་པ་དེ་མ་རྟོགས་ན་འཁོར་བར་འཁྱམ་པའི་རྒྱུ་གང་ཡིན་སྙམ་པ་ལ། གཏི་མུག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱུ་གཏི་མུག་གིས་བསླངས་པའི་ཉོན་མོངས་པ་ལྷག་མ་དང་བཅས་པ་ནི་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པའོ། །དེས་བསླངས་པའི་ལས་ནི་སྡིག་པ་དུ་མ་བྱེད་པར་འགྱུར་བ་སྟེ། མི་དགེ་བ་དང་སྡིག་པའི་ལས་ནི་ལས་ཀྱི་ཀུན་ནས་ཉོན་མོངས་པའོ། །འཁོར་བར་འཁོར་བ་ནི་སྐྱེ་བའི་ཀུན་ནས་ཉོན་མོངས་པ་སྟེ། དེ་ལྟར་ན་ཀུན་ནས་ཉོན་མོངས་པ་གསུམ་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་ཀྱི་ཚུལ་གྱིས་འཁོར་ཞེས་བྱ་བའི་དོན་ཏོ། །སྤྱི་དོན་གཉིས་པ་ཐབས་རྒྱུད་ལ་གསུམ་གྱི་དང་པོ་ལམ་སྟོན་པ་པོ་ནི། དེ་ལྟར་བཅིངས་པ་དེ་ལས་གྲོལ་བྱེད་ཀྱི་ཐབས་གང་ལས་གྲོལ་སྙམ་པ་ལ། དེ་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལྟར་སེམས་ཅན་རྣམས་འཁོར་བར་འཁོར་ཞིང་སྐྱེ་བ་འདི་ལ་དེ་བཞིན་གཤེགས་པ་ཐུགས་རྗེ་ཆེན་པོ་སྐྱེ་བའི་ཕྱིར་རོ། །གང་གི་དོན་མཛད་ན་བཅོམ་ཞིང་ཅང་མཁྱེན་པ་ཉིད་དང་ལྡན་པའི་སངས་རྒྱས་ཀྱིས་ཏེ། སྤངས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པ་དང་ལྡན་པ་པོ་དང་པོའི་སངས་རྒྱས་དཔལ་རྡོ་རྗེ་འཆང་ཆེན་པོ་བསྐལ་པ་ཐོག་མ་མེད་པའི་དུས་སུ་བྱུང་བ་དེས་སོ། །དེས་རིགས་པ་དང་ལྡན་པ་སྟེ། ཇི་ལྟར་འཆམ་པ་དེ་ལྟར་སྤྲུལ་པ་ནི་སྤྲུལ་པའི་རིགས་པའོ། །གལ་ཏེ་སངས་རྒྱས་རྣམས་ནི་སྤྲོས་པ་དང་བྲལ་བ་ཡིན་ན། དེ་ལས་སྤྲུལ་བ་ཇི་ལྟར་འབྱུང་སྙམ་པ་ལ། འཁོར་བའི་རྒྱ་མཚོར་ཞེས་རྐང་པ་གཉིས་སྨོས་ཏེ། རྡོ་རྗེ་འཆང་ཆེན་པོ་རྣམ་པར་མི་རྟོག་པའི་རང་ཉིད་ལ་བཞུགས་པ་ལ་ཐུགས་རྗེ་ཆེན་པོ་དང་སྨོན་ལམ་གྱི་ཤུགས་ཀྱིས་བཞེངས་ཏེ་འབད་པ་མེད་པར་སེམས་ཅན་གྱི་དོན་མཛད་ཅེས་བྱ་བའི་དོན་ཏེ། རྟག་ཏུ་དྲི་མ་མེད་པ་ཐུགས་རྗེའི་ཤུགས་ལས་བྱུང༌། །སྨོན་ལམ་གྲུབ་པ་འགག་པ་མེད་པའི་ཆོས་ཉིད་ཅན། །ཞེས་མཉམ་སྦྱོར་ལས་གསུངས་པ་ལྟ་བུའོ། །གཉིས་པ་རིགས་དང་རིགས་བདག་ངོ་སྤྲད་པ་ནི་དེས་ཇི་ལྟར་དོན་མཛད་ཅེ་ན། ཐབས་དང་ཤེས་རབ་ཅེས་བྱ་བ་ལ་སོགས་པ་སྟེ། སེམས་ཅན་རྣམས་རྒྱུ་མཚན་མར་འཛིན་པའི་སྒོ་ནས་འབྲས་བུ་སྡུག་བསྔལ་གྱིས་གཟིར་བ་རྣམས་ལ། དེ་བཞིན་གཤེགས་པ་རྣམས་ཐུགས་རྗེ་ཆེན་པོ་སྐྱེས་པའི་དབང་གིས། བསྐྱེད་པ་དང༌། རྫོགས་པ་དང༌། དེའིའང་རང་བྱིན་བརླབ་དང་དཀྱིལ་འཁོར་འཁོར་ལོ་ཐམས་ཅད་ལའང་ཐབས་དང་ཤེས་རབ་ཏུ་ཕྱེ་ནས་དོན་མཛད་དེ། དེའང་སྤྱན་ལ་སོགས་པ་རྡོ་རྗེའི་ལྷ་མོ་རྣམས་སྤྲུལ་ཏེ། དེ་དག་དང་ཐབས་ཤེས་རབ་སྦྱོར་བ་འདོད་ཆགས་དང་བཅས་པའི་སྐུར་མཛད་དོ། །དེ་ལྟར་ཡང་མཉམ་སྦྱོར་གྱི་རྟོག་པ་བཞི་པ་ལས། ལྷ་མོ་ཀུན་དང་མཉམ་སྦྱོར་བ། །སྐལ་པ་བཟང་མཆོག་འདོད་པ་སྟེ། །ཡང་དག་སྦྱོར་བ་བདེ་མྱོང་བ། །འདོད་ཆགས་ཐེར་ཟུག་བརྟན་པ་ཅན། །ཞེས་བྱ་བའི་སྐུར་བསྟན་ཏོ། །དེ་ལྟ་བུའི་སྐུར་བསྟན་པས་ཉོན་མོངས་རྣམས་ནི་ཡིད་ཆེས་འགྱུར་ཏེ། སངས་རྒྱས་རྣམས་ཀྱང་སྦྱོར་བ་འདི་མཛད་ན་འདིའི་སྦྱོར་བ་འདི་ཇི་ལྟ་བུ་ཞེས་ཉམས་སུ་ལེན་ཏོ། །ཡང་གསུངས་པ། སངས་རྒྱས་ཕ་རོལ་ཕྱིན་གྲུབ་པ། །གཟུངས་དང་ས་རྣམས་དེ་བཞིན་དུ། །དགའ་བར་སྤྱོད་ན་ལྷ་དང་མི། སྐལ་བཟང་བུད་མེད་སྨོས་ཅི་དགོས། །ཞེས་སོ། །དེ་དེ་ལྟར་སྤྱོད་པ་ན་སངས་རྒྱས་ཀྱིས་ཀྱང་བྲམ་ཟེའི་བུ་མོ་ལ་སོགས་པ་བྱིན་གྱིས་བརླབ་པའི་སྒོ་ནས་གཉིས་མེད་ཀྱི་ཡེ་ཤེས་སྐྱེད་པར་མཛད་དོ། །དེས་ཅི་བྱེད་སྙམ་ན། ཁམས་གསུམ་དུ་ནི་མཚོན་པ་འདི་སྟེ། སེམས་རྟོག་མེད་ཀྱི་ཏིང་ངེ་འཛིན་སྐྱེས་པས་སེམས་ཅན་རྣམས་ཀྱི་རྒྱུ་དངོས་འཛིན་གྱི་བག་ཆགས་ཞི་བ་མཚོན་ཞེས་བྱ་བའི་དོན་ཏོ། །དེ་ཙམ་གྱིས་གྲུབ་པ་མཐར་ཕྱིན་པ་ཡིན་ནམ། དེས་ཅི་བྱ་སྙམ་པ་ལ། དྲི་མེད་སྣང་བ་འབྲས་བུར་འགྱུར་ཏེ། རྟོག་མེད་ཀྱི་ཡེ་ཤེས་དེ་གོམས་ཏེ་སྤྲོས་པའི་དྲི་མ་དང་བྲལ་བ་ནི་འབྲས་བུ་མཆོག་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རྡོ་རྗེ་གུར་ལས་ཀྱང༌། འདོད་ཆགས་ཀྱིས་བསྐྱེད་འཇིག་རྟེན་པ། །འདོད་ཆགས་ཉིད་ཀྱིས་རྣམ་གྲོལ་གྱུར། །རྡོ་རྗེ་ཆགས་པ་ཡོངས་ཤེས་ན། །ཡིད་ནི་རྡོ་རྗེ་སེམས་དཔར་འགྱུར། །ཞེས་བཤད་པ་ལྟ་བུའོ། །གང་དང་གང་གིས་གནས་གྱུར་པ་ནི། གདུལ་བྱ་ཉོན་མོངས་པ་སྣ་ཚོགས་ཀྱིས་གཟིར་བ་ཤིན་ཏུ་གདུལ་བར་དཀའ་བ་དབང་ཕྱུག་ཆེན་པོ་ལ་སོགས་པ་ལྟ་བུའོ། །དེ་དང་དེའི་ངོ་བོ་ཅན་ནི་གདུལ་བྱ་ཉོན་མོངས་པ་གང་ལ་གནས་པ་དེ་ལ་འདུལ་བྱེད་ཀྱང་དེའི་རྣམ་པར་སྟོན་ཏོ། །དེ་དང་འགལ་བའི་ལམ་ལ་དེ་དག་གིས་འཇུག་མི་ནུས་པའི་ཕྱིར་རོ། །དེ་བས་ན་ཤིན་ཏུ་ཞེ་སྡང་ཤས་ཆེ་བ་ལ། དེ་བས་ཀྱང་ཤིན་ཏུ་གཏུམ་ཞིང་འཇིགས་སུ་རུང་བ་ཁྲོ་བོའི་སྐུར་བསྟན་པས་དེ་དག་འདུལ་བར་བྱེད་དེ། ཚད་པས་ཚིག་པ་ལ་མེས་གདུང་བ་བཞིན་ནོ། །བུད་ཤིང་ཞེས་བྱ་བ་ནི་ཅི་བཅོམ་ལྡན་འདས་རྣམས་ཉོན་མོངས་པ་རྣམ་པར་དག་པ་ཡིན་པ་ལ། ཉོན་མོངས་པ་ཅན་གྱི་སྐུར་སྟོན་ཅིང༌། ཐུབ་པ་རྣམ་པར་སྣང་མཛད་རྨོངས། །ཞེས་བྱ་བ་ལ་སོགས་པ་གསུང་བ་ཅི་ཡིན་སྙམ་པ་ལ། བུད་ཤིང་བསྲེགས་པའི་རིགས་པ་སྟེ། མེས་བུད་ཤིང་བསྲེགས་པ་ཡིན་ཡང༌། མེ་བུད་ཤིང་ལས་བྱུང་བས། བུད་ཤིང་གི་རིགས་ཡིན་ཞེས་བརྗོད་པ་ལྟར་ཉོན་མོངས་པ་ཞེ་སྡང་སྤངས་པའི་བཅོམ་ལྡན་འདས་ལའང་ཞེ་སྡང་ཞེས་བརྗོད་དོ། །ཞེས་རྒྱུ་ལ་འབྲས་བུའི་རིགས་དང༌། འབྲས་བུ་ལ་རྒྱུའི་རིགས་ཞེས་ཞིབ་ཏུ་བླ་མ་རྣམས་གསུང་ངོ༌། །རྒྱལ་པོ་ཨིནྡྲ་བྷཱུ་ཏིས་ནི་ཉོན་མོངས་པ་རྣམས་འཇོམས་པ་ལ། ཉོན་མོངས་པའི་སྐུར་བསྟན་པས་ཅི་བྱ་དེ་ལས་བཟློག་པ་ཅིག་དགོས་སོ་སྙམ་པ་ལ། བུད་ཤིང་བསྲེགས་པའི་རིགས་པ་སྟེ། བུད་ཤིང་བསྲེག་པ་ལ་བུད་ཤིང་ཉིད་ལ་མེ་སྦར་བས་བསྲེག་གི་ཆུས་བསྲེག་པ་མ་ཡིན་ནོ། །དེ་བས་ན། རྩྭ་དང་ཤིང་ལས་མེ་བྱུང་བས་ནི་དེ་ཉིད་བསྲེག ཅེས་གསུངས་པ་ལྟ་བུའོ་ཞེའོ། །ཕུང་པོ་ཞེས་དེ་ལྟ་བུའི་འདུལ་བྱེད་ཀྱི་སྦྱང་གཞི་གཅིག་སྦྱོང་བ་མ་ཡིན་ཏེ། སྦྱང་གཞི་མཐའ་དག་སྦྱོང་བར་བྱེད་དེ། སྦྱང་གཞི་དང་རིགས་གཅིག་ཏུ་བསྲེའོ། །ཞེས་བྱ་བའི་དོན་ཏོ། །གསུམ་པ་ཐབས་ཁྱད་པར་ཅན་གྱིས་ཟིན་པ་ནི་ཇི་ལྟར་ཞེས་བྱ་ལ་སོགས་པ་སྟེ། དཔེར་ན་དགྲ་བོ་འདུལ་བར་བྱེད་པ་དེ་ལ་སྟོབས་ཆེ་བར་མ་བསྟན་པར་དེ་མི་ཐུལ་བ་བཞིན་ནོ་ཞེས་དགོངས་སོ། །དེས་ན་གཏི་མུག་དག་པས་ཞེས་བྱ་བ་ལ་སོགས་པ་སྟེ། འདུལ་བྱེད་ཀྱི་བཅོམ་ལྡན་འདས་གཏི་མུག་དག་པས་གཏི་མུག་གི་སྐུར་བསྟན་ནས་གདུལ་བྱའི་གཏི་མུག་སྦྱོར་བར་བྱེད། ཅེས་བྱ་བ་ལ་སོགས་པ་དྲུག་སྦྱར་བར་བྱའོ། །འདི་གུར་གྱི་ལེའུ་དང་པོ་དང་མཉམ་སྦྱོར་གྱི་རྟོག་པ་ལྔ་པར་དབུགས་དབྱུང་གི་དཀྱིལ་འཁོར་དྲུག་འབྱུང་བའི་བསྡུས་པའི་དོན་ཏོ། །མདོར་ན། ཇི་ལྟར་རྣ་བར་ཆུ་ཞུགས་པ། །ཞེས་བྱ་བ་ལ་སོགས་པ་དང་མཐུན་ནོ། །གསུམ་པ་འབྲས་བུ་ནི་འབྲས་བུ་དངོས་དང༌། དེ་བླ་མ་ལས་འབྱུང་བའོ། །དང་པོ་ནི། དེ་ལྟར་རིགས་ནི་ལྔ་རྣམས་དང༌། །ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པས། སེམས་ཅན་རྣམས་ཡོངས་སུ་སྨིན་པར་མཛད་ཅེའོ། །ཡང་ཁམས་གསུམ་གྱི་སེམས་ཅན་ཡང་འདི་ལས་སྐྱེ་ཞེས་བྱ་བ་འདིས་ཨེའི་ཆེ་བ་ཉིད་ཡིན་ཏེ། ཨེ་འདི་རྟོགས་པས་ནི་དེ་ལྟར་གཞན་གྱི་དོན་བྱེད་པའང་འབྱུང་ལ། མ་རྟོགས་པ་རྣམས་ནི་ཁམས་གསུམ་གྱི་སེམས་ཅན་ཡང་སྐྱེ་ཞེས་བྱ་སྟེ། མདོ་ལས། ཐོག་མ་མེད་པའི་དུས་ཀྱི་ཁམས། །ཆོས་རྣམས་ཀུན་གྱི་གནས་ཡིན་པས། །དེ་ཡོད་པས་ན་འགྲོ་ཀུན་དང༌། །མྱ་ངན་འདས་པའང་ཐོབ་པ་ཡིན། །ཞེས་གསུངས་པ་ལྟ་བུའོ། །གཞུང་བསྡུ་བའི་ཚིག་འདིས་ཙཎྜཱ་ལཱིའི་རྣལ་འབྱོར་གསུམ་པ་སྟོན་པ་ནི། བླ་མའི་མན་ངག་སྟེ། བླ་མ་ཉིད་ལས་ཁོང་དུ་ཆུད་པར་བྱའོ། །གཉིས་པ་བླ་མ་མཆོག་ལས་རྙེད་པ་ནི། གལ་ཏེ་ཡང་དེ་ལྟར་འབྲས་བུ་འགྲུབ་པའི་གནས་སམ། རྒྱུའམ་རང་བཞིན་གྱི་གནས། གྲོལ་བྱེད་ཀྱི་རྐྱེན་སངས་རྒྱས་རྣམས་ཀྱི་ཕྲིན་ལས་ཀྱང་འགག་པ་མེད་པར་བྱུང་ན། སེམས་ཅན་རྣམས་ཅིའི་ཕྱིར་མ་གྲོལ་སྙམ་པ་ལ། སྔོན་བསྐལ་པ་ཐོག་མ་ལ་སོགས་པའི་དུས་སུ་དག་པ་རྣམས་ལ་དེ་བཞིན་གཤེགས་པའི་ཕྲིན་ལས་ཙམ་གྱིས་གྲོལ་ཏེ་དབང་ཕྱུག་ཆེན་པོ་ལ་སོགས་པ་ལྟ་བུའོ། །དེང་སང་ནི་སེམས་ཅན་རྣམས་སྙིགས་མའི་དུས་སུ་ལས་དང་པོ་པ་རྣམས་ལ་དེ་བཞིན་གཤེགས་པའི་ཕྲིན་ལས་དངོས་སུ་སྣང་བར་ག་ལ་ནུས། ཡང་དེ་དག་གིས་གསུངས་པའི་གསུང་རབ་རྣམས་ཀྱང་བློ་དམན་པའི་སྐྱེ་བོ་རྣམས་ཀྱིས་གོ་བར་ག་ལ་ནུས། ཡང་ཕ་རོལ་ཏུ་ཕྱིན་པའི་བསྟན་བཅོས་རྣམས་གོ་བར་ནུས་ཤིང་རྙེད་སླའང༌། དེ་དག་སྤྱིའི་རྣམ་པ་ཙམ་སྟོན་ཅིང་ནང་གི་དེ་ཁོ་ན་ཉིད་སྟོན་པ་མ་ཡིན་ནོ། །ནང་གི་དེ་ཁོ་ན་ཉིད་མ་རྟོགས་པར་ནི་གྲུབ་པ་མ་ཡིན་ནོ། །དེ་བས་ན་ཐབས་སམ་རྐྱེན་གང་ལས་འགྲུབ་ན། བླ་མ་ལས་འགྲུབ་སྟེ། བླ་མས་ནང་གི་གནད་ཀྱི་དེ་ཁོ་ན་ཉིད་སྟོན་པར་བྱེད་དོ། །ཞེས་སྟོན་པ་ནི། ནང་གི་དབྱེ་བ་འདི་ཉིད་ནི། །ཞེས་ཤླཽ་ཀ་ཕྱེད་དང་གཉིས་སོ། །ཚིག་གི་དོན་རྟོགས་པར་སླའོ། །གཉིས་པ་ཨེ་བྃ་ལ་སོགས་པ་རྗོད་བྱེད་གླེང་གཞིའི་བཤད་པ་ནི་གྲུ་གསུམ་ཞེས་བྱ་བ་ལ་སོགས་པའོ། །དོན་ནི་འདི་ཡིན་ཏེ། གླེང་གཞི་སྤྱིའི་དོན་ཕ་རོལ་ཏུ་ཕྱིན་པ་དང་ཐུན་མོང་དུ་བཤད་པ་དང༌། སྦས་པ་དང་མཐར་ཐུག་ཏུ་བཤད་པ་རྣམས་འཁྲུགས་བསྡེབས་ནས་གསུང་བ་ཡིན་པ་ལ། འདིར་གཞུང་ཟོར་ཡང་བར་བྱ་བའི་ཕྱིར་མ་འཁྲུགས་པར་བཀྲལ་ཡང༌། ཐོག་མར་གླེང་གཞིར་བཤད་པ་བཞིན་བློ་ལ་གནས་པར་བྱས་ལ་འདིར་འཁྲུགས་བསྡེབས་ཏེ་བཤད་པར་བྱའོ། །འདིར་བརྗོད་བདེ་བའི་ཕྱིར་རིམ་པ་བཞིན་དུ་བཤད་ན། སྤྱི་དོན་བརྒྱད་དུ་གནས་པའི་དང་པོར། རང་བྱིན་བརླབ་ཀྱི་ཡི་གེ་བཞིའི་དོན་བརྗོད་པ་ལ་གཉིས་སུ་གནས་པའི་དང་པོ་སྤྲུལ་པའི་འཁོར་ལོ་རྒྱས་པར་བཤད་ན། གྲུ་གསུམ་ནི་ལྟེ་བའི་ནང་གི་ནམ་མཁའ་སྣ་ཚོགས་མདུད་པ་གྲུ་གསུམ་མོ། །དེ་རང་བྱུང་གི་ཡེ་ཤེས་སྐྱེ་བའི་གནས་ཡིན་པས་དག་པའོ། །དེ་གང་གིས་བསྟན་ན་ཨེའི་དབྱིབས་ལྟར་གནས་པས་ཨེས་བསྟན་ཏོ། །དེའི་དབུས་སུ་ནི་ནམ་མཁར་རོ། །དགྱེས་པ་ནི་རང་བྱུང་གི་ཡེ་ཤེས་ཀྱི་གཞིར་གྱུར་པས་སོ། །དེ་བས་ན་ཨེ་བྃ་ཟུང་དུ་ཆུད་པའི་དོན་གྱིས་ཨ་བ་དྷཱུ་ཏཱི་ཨ་ཤད་ལྟ་བུར་གནས་པ་ལ་རོ་རྐྱང་དཀྲིས་པས་བྃ། དེ་ལྟ་བུ་གནས་བསྡུ་བ་ནི་གྲུ་གསུམ་ཞེས་བྱའོ། །དེས་ཅི་བྱེད་སྙམ་ན་རྡོ་རྗེ་དེ་རྣམ་པར་རྟོག་པས་མི་ཕྱེད་པ་རང་གི་ཡེ་ཤེས་སོ། །ཨ་ར་ལི་ནི་རོལ་པའམ། ངོ་མཚར་བ་སྟེ་རང་བྱུང་གི་ཡེ་ཤེས་དེའང་བྱུང་ཞེས་བྱ་བའི་དོན་ཏོ། །དེ་ཉིད་བདེ་བ་སྐྱེད་པས་ན་ནང་ལྟར་གྱི་བཙུན་མོའོ། །དེ་ཉིད་ཐབས་ཀྱིས་ཟིན་ན་མྱ་ངན་ལས་འདས་པའི་ཆོས་འབྱུང་ལ། ཐབས་ཀྱིས་མ་ཟིན་ན་འཁོར་བའི་ཆོས་འབྱུང་བས་ཆོས་ཀྱི་འབྱུང་གནས་ཞེས་བྱ་བར་བཤད་དོ། །ཚིག་གི་དོན་གཞན་རྣམས་ནི་ཕྱེད་པར་སླ་ལ་ཙཎྜཱ་ལཱིའི་རྣལ་འབྱོར་བཞི་པ་ནི་བླ་མས་འཆད་པར་འགྱུར་རོ། །ཨ་ནི་ཡིག་འབྲུ་ཞེས་བྱ་བ་ཨ་བཞི་ལས་ཕྱི་དབྱིབས་ཀྱི་ཨ་ནི་ཤད་ལྟ་བུ་སྟེ། ལུས་གྲུབ་པ་ཐམས་ཅད་ཀྱི་མཆོག་སྟེ། དེ་མེད་ན་ལུས་མི་ཐུབ་པའི་ཕྱིར་རོ། །བརྗོད་པའི་ཨ་ནི་ངག་ཐམས་ཅད་ཀྱི་མཆོག་སྟེ་ངག་གི་སྲོག་ཡིན་པའི་ཕྱིར་རོ། །ནང་ལྟར་བཤད་པའི་ཨ་ནི་ལྟེ་བའི་ཨ་ཤད་ལྟ་བུ་སྟེ་ལུས་ཀྱི་མཆོག་སྟེ་ཐོག་མར་གྲུབ་པའི་ཕྱིར་རོ། །དོན་གྱི་ཨ་ནི་སྐྱེ་བ་མེད་པ་སྟེ། ཆོས་ཐམས་ཅད་ཀྱི་མཆོག་སྟེ། ཐམས་ཅད་ཀྱང་རང་བཞིན་ཡིན་པའི་ཕྱིར་རོ། །དེ་བས་ན་ཨ་ནི་སྡེ་ཚན་གྱི་གཙོ་བོ་ཡིན་ལ། དེ་རང་གི་ལུས་ལ་གནས་པས་ན་ལུས་ཀྱི་ཡི་གེ་འདི་ལས་སྔགས་ཀྱི་རང་བཞིན་འབྱུང་ཞེས་བྱ་བའི་དོན་ཏོ། །དེ་ལས་དངོས་གྲུབ་ཐམས་ཅད་འབྱུང་བ་ཡིན་ཏེ། གང་ཞིག་ཅེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་ལུས་ལ་སྔགས་གནས་པ་དེ་ལ་དམིགས་པ་དང་མ་བྲལ་བར་བསྒྲུབས་ན། རལ་གྲི་ལ་སོགས་པ་གྲུབ་པ་ཆེན་པོ་བརྒྱད་འབྱུང་ཞེས་བྱའོ། །དེ་ལ་ལྔ་བཅུ་འདོད་པ་དང་ལྡན་པ་ནི་ཨ་ལས་བྱུང་བའི་ཨཱ་ལི་ཀཱ་ལི་ལྔ་བཅུའོ། །འདོད་པ་དང་ལྡན་པ་ནི་དམིགས་པ་དང་མ་བྲལ་བས་འགྲུབ་ཅེས་བྱ་བའི་དོན་ཏོ། །ཡང་སྔགས་དང་བརྗོད་པ་ཐམས་ཅད་ཀྱི་གཞི་ཡིན་པར་བསྟན་པ་སྟེ། དེ་ནི་སྡེ་ཚན་བརྒྱད་ཅེས་བྱ་བ་ལ་སོགས་པ་སྟེ། དེ་ནི་ཨྃ་སྟེ་དབྱངས་མཆོག་གོ །དེ་ལས་སྔར་བརྗོད་པའི་སྡེ་ཚན་བརྒྱད་པོ་སྐྱེ་བ་ནི་འབྱིན་པའོ། །དེ་ལས་ནི་ཨཱ་ལི་ཀཱ་ལི་ལྔ་བཅུ་འབྱུང་བའོ། །དེ་ལས་བརྗོད་པ་ཐམས་ཅད་འབྱུང་བས་ཚིག་རྒྱས་པ་འབྱུང་ཞེས་བྱ་བ་སྟེ། མཐའ་དག་གི་རྒྱུའམ་གཞི་ཞེས་བྱའོ། །དེ་ཉིད་གང་ལ་གནས་ཤེ་ན། སྣ་ཚོགས་མདུད་པའི་གནས་ཆེན་ལ་སྟེ། ལུས་འདི་གྲུབ་པ་ན་ཐོག་མར་ལྟེ་བར་ཨྃ་གྲུབ་ལ། དེ་ལ་སྲོག་རླུང་བརྗོད་པ་ཀུན་ནས་སློང་བ་གནས་ལ། ལྟེ་བའི་ཨྃ་དེ་ལས་ཡི་གེ་སྣ་ཚོགས་སུ་འཕེལ་བ་ལྟར་རླུང་སྣ་ཚོགས་སུ་འཕེལ་བས་ཆོས་ཀྱི་ར་ལི་སྟེ། རོལ་པའམ་ངོ་མཚར་སྣ་ཚོགས་པའི་ལུས་དང༌། ངག་འབྱུང་ཞེས་བྱའོ། །ཡང་ན་ཆོས་ནི་དྷརྨ་ཡིན་ལ། དྷརྨ་ཞེས་བྱ་བ་འདུལ་བ་སྟེ། ཡིད་འདུལ་བའོ། །དེས་ན་རྟོག་བཅས་ཀྱི་ཡིད་འདུལ་བ་ཡིད་ལས་འབྱུང་ལ། ཡང་དེ་ལྟར་ཆོས་འབྱུང་བཞིན་དངོས་གྲུབ་དང༌། རྫུ་འཕྲུལ་སྣ་ཚོགས་འབྱུང་ཞེས་བྱ་བའི་དོན་ཏོ། །ཚིག་འདི་དག་གིས་ཙཎྜཱ་ལཱིའི་རྣལ་འབྱོར་ལྔ་པ་སྟོན་པ་ནི་བླ་མའི་ཞལ་གྱི་མན་ངག་གོ །དེ་ལས་ཐམས་ཅད་འབྱུང་བའི་འཐད་པ་ནི་སྔགས་ཀྱི་ངེས་པ་མེད་པ་ལ་སོགས་པ་སྟེ། དེ་ལྟར་ལུས་དང་ངག་ཉིད་སྔགས་ཀྱི་རང་བཞིན་ཡིན་པའམ། དེ་ལས་དངོས་གྲུབ་སྣ་ཚོགས་འབྱུང་བ་ཉིད་ཀྱི་འཐད་པ་ཅི་ཡིན་སྙམ་ན། རང་བཞིན་གྱིས་ནི་མ་སྐྱེས་ཕྱིར་ཏེ། ངོ་བོ་ཉིད་ཀྱིས་སྐྱེ་ཞིང་གྲུབ་པ་ཞིག་ཡོད་ན། དེ་ལས་སྣ་ཚོགས་འབྱུང་བ་མི་འཐད་ཀྱང༌། དོན་གྱི་ཨ་ནི་ཨཱདྱ་ནུཏྤནྣ་ཏྭ་ཏ། ཅེས་མ་སྐྱེས་པ་ཡིན་པ་ཉིད་ཀྱིས་ལུས་དང༌། ངག་དང་དེ་ལྟར་གྲུབ་ལ། དེ་ལས་དངོས་གྲུབ་སྣ་ཚོགས་ཀྱང་འབྱུང་བ་དེའི་ཕྱིར། ཨའི་སྔགས་ནི་ཡིག་འབྲུའི་དབང་ཕྱུག་མཆོག་ཅེས་བྱའོ། །རང་བྱིན་བརླབས་ཀྱི་གཉིས་པ་འཁོར་ལོ་བཞི་ཞིབ་ཏུ་བཤད་པ་ནི་ཡང་དག་སྦྱོར་འབྱུང་ཞེས་བྱ་བ་ལ་སོགས་པའོ། །དེ་ལས་དང་པོ་རྐང་པ་གཉིས་ནི་བཤད་པར་དམ་བཅའ་བའོ། །ལྷག་མས་ནི་དོན་དངོས་སོ། །དོན་དངོས་ལ། ཨེ་ནི་ས་རུ་ཤེས་པར་བྱ། །ལ་སོགས་པས་ཡི་གེ་བཞི་ལ་ཤླཽ་ཀ་ཕྱེད་དང་བདུན་གྱིས་བཤད་པས། རང་བྱིན་གྱིས་བརླབ་པ་བསྒོམ་པའི་རྟེན་འཁོར་ལོ་བཞི་སྟོན་ཏེ། ཡི་གེ་གང་གིས། འཁོར་ལོ་གང་སྟོན། འབྱུང་བ་གང་ཡིན། ལྷ་མོ་གང་ཡིན། ཕྱག་རྒྱ་བཞི་ལས་གང༌། ཚད་མེད་པ་བཞི་ལས་གང༌། ཕ་རོལ་ཏུ་ཕྱིན་པ་བཞི་ལས་གང༌། དེ་གང་ན་གནས། རྩ་འདབ་ཀྱི་གྲངས་དུ་ཡོད། ཁ་དོག་གང་ཡིན། རིགས་བཞི་ལས་གང་ཡིན། ཞེས་བཅུ་གཅིག་ཏུ་ཐམས་ཅད་ཤེས་པར་བྱའོ། །ཚིག་གི་དོན་གོ་སླའོ། །དེ་ལྟར་འཁོར་ལོ་བཞི་རྩ་གསུམ་བཀོད་ནས། བསྒོམ་པའི་རིམ་པ་ཐོས་པ་ཞེས་ཚིག་གཉིས་དང༌། འོག་ཏུ་ས་མ་ཡེ་ནི། དུས་གསུམ་སྟེ་ཞེས་ཚིག་རྐང་པ་བཅུ་སྦྱར་རོ། །དེ་ལྟར་མངོན་དུ་བྱས་པ་ལས་བཅོམ་ལྡན་འདས་ལ་སོགས་པ་འབྱུང་བ་དེ་སྦྱར་ཏེ། འདི་ནི་བླ་མའི་མན་ངག་གིས་ཁ་བསྐང་བ་ཡིན་པས་གླེང་གཞིའི་སྐབས་སུ་བཤད་པ་བཞིན་འདིར་ཡང་སྦྱར་རོ། །དེ་ལྟར་རང་བྱིན་གྱིས་བརླབ་པ་བསྟན་ནས། གཉིས་པ་དཀྱིལ་འཁོར་འཁོར་ལོ་ཀཱ་ལིའི་བདག་ཉིད་ནི། ཨེ་ནི་ཤེས་རབ་བརྗོད་པར་བྱ། །ལ་སོགས་པ་ཤླཽ་ཀ་གཉིས་ཀྱིས་རྟེན་བསྟན་ཏོ། །དེ་བསྟེན་པར་བྱེད་པའི་ཐབས་ནི་བདག་གིས་ཐོས་སོ་ཞེས་བྱ་བ་ལ་སོགས་པ་ཚིག་རྐང་གསུམ་གྱིས་བསྟན་ཏོ། །དེ་མངོན་དུ་བྱས་པ་ལས་དགའ་བ་བཞིའི་ཡེ་ཤེས་སྐྱེ་བ་ནི་འདོད་ཆགས་མེད་ཅིང་ཞེས་བྱ་བ་ལ་སོགས་པ་ཤླཽ་ཀ་གསུམ་གྱིས་བསྟན་ཏོ། །ཡེ་ཤེས་དེའི་མཚན་ཉིད་ནི་བཅོམ་ལྡན་ལ་སོགས་པ་སྟེ། འདིའང་གླེང་གཞིའི་སྐབས་སུ་བཤད་པ་བཞིན་བླ་མས་འདིར་ཡང་བཤད་པར་བྱའོ། །དེ་ལྟར་རྫོགས་པའི་རིམ་པའི་ཐབས་གཉིས་བསྒོམ་པ་ལ། རྟེན་བསྐྱེད་པའི་རིམ་པ་བསྒོམ་པའམ། གླེང་གཞིའི་སྐབས་སུ་བཤད་པ་བཞིན་བླ་མས་འདིར་ཡང་བཤད་པར་བྱའོ། །འདི་སྐད་ཅེས་བྱ་བའི་ཚིག་གི་ཕྲད་ནི་ཞེས་བྱ་བ་ལ་སོགས་པས་སྤྱི་དང་མཐར་ཐུག་བསྟན། འདི་ལ་གཉིས་ཏེ། སྤྱིའི་དོན་གྱི་མཐར་ཐུག་འཁོར་དང་སྟོན་པ་ཐ་དད་ཀྱི་སྣང་བ་ཕུན་སུམ་ཚོགས་པ་ལྔའི་བདག་ཉིད་ཅན་ཡང་འབྱུང་ལ། ཡང་ཡེ་ཤེས་ཡོངས་སུ་དག་པའི་སྣང་བའི་དབང་དུ་བྱས་ནས། འཁོར་དང་སྟོན་པ་ཐ་མི་དད་ཀྱི་སྣང་བའང་འབྱུང་ངོ༌། །དེ་ལ་དང་པོ་འདི་སྐད་ཅེས་བྱ་བ་ལ་སོགས་པས་ནི་ཆོས་ཕུན་སུམ་ཚོགས་པ་བསྟན་ཏོ། །བདག་གིས་ཐོས་ཞེས་བྱ་བ་ནས་དབྱེར་མེད་པར་གྱུར་ཏོ། །ཞེས་བྱ་བའི་བར་གྱིས་ནི་སྡུད་པ་པོ་ཕུན་སུམ་ཚོགས་པ་བསྟན་ཏོ། །རིགས་ཀྱི་བུ་བཅོམ་ལྡན་འདས་ཀྱིས་གང་ཅུང་ཟད་གསུངས་པ་དེ་བདག་གིས་གཅིག་ན་ཞེས་བྱ་བ་ནི་དུས་གཅིག་ཉིད་ལའོ། །ཞེས་བྱ་བ་འདིས་དུས་ཕུན་སུམ་ཚོགས་པའོ། །སྟོན་པ་དང་གནས་ཀྱི་ཕུན་སུམ་ཚོགས་པ་ནི་འོག་ནས་འདི་ལྟ་སྟེ། ཞེས་བྱ་བ་ལ་སོགས་པས་ཐུན་མོང་དུ་བསྟན་ཏོ། །དེ་དག་ཀྱང་གླེང་གཞི་སྔར་བསྟན་པ་བཞིན་ཤེས་པར་བྱའོ། །ཡང་ན་རྟོགས་པ་ཉིད་ནི་ཞེས་བྱ་བ་ལ་སོགས་པ་དང༌། གཅིག་ན་ཞེས་བྱ་བ་ནི་སྐད་ཅིག་ལའོ། །ཞེས་བྱ་བ་ལ་སོགས་པ་འདིས་ནི་སྦས་དོན་གྱི་མཐར་ཐུག་འཁོར་དང་སྟོན་པ་ཐ་དད་མེད་པའི་ཚུལ་སྟོན་ཏེ། འདི་དག་ཀྱང་གླེང་གཞིར་བཤད་ཟིན་ཏོ། །ད་ནི་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ། ཡི་གེ་ཉི་ཤུ་རྩ་བརྒྱད་ཀྱིས་སྤྱི་དང་སྦས་པའི་མཐར་ཐུག་ཐུན་མོང་དུ་བྱས་ནས་འབྲས་བུ་གང་ཞིག་འགྲུབ་པ་སྟོན་ཏོ། །འདི་ལ་གསུམ་སྟེ། སྟོན་པའི་ངོ་བོ་དངོས་དང༌། དེ་གནས་གང་དུ་བཞུགས་པའི་དབང་དུ་བྱས་ཏེ་བཞུགས་པ་མདོར་བསྟན་པ་དང༌། བཞུགས་པའི་ཚུལ་རྒྱས་པར་བཤད་པའོ། །དང་པོ་ནི། འདི་ལྟ་སྟེ ཞེས་བྱ་བ་ནས་བཅོམ་ལྡན་འདས་སོ་ཞེས་བྱ་བའི་བར་ཏེ། བཅོམ་པ་དང་ལྡན་པའི་དོན་དམ་འདིའང་ལྔར་བཞིན་ནོ། །གཉིས་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་སྟེ། སྟོན་པ་ལ་སྦྱར་བ་དང༌། གནས་ལ་སྦྱར་བ་གཉིས་སུ་བླ་མ་རྣམས་གསུང་ངོ༌། །གཞུང་འདི་ཉིད་དུ་གནས་གསལ་བར་མངོན་ནོ། །བཞུགས་པའི་ཚུལ་རྒྱས་པར་བཤད་པ་ལ་གསུམ་སྟེ། སྟོན་པ་སྤྲུལ་པའི་སྐུའི་བཞུགས་པ་དང༌། ཆོས་ཀྱི་སྐུའི་བཞུགས་པ་དང༌། ལོངས་སྤྱོད་རྫོགས་པའི་སྐུའི་བཞུགས་པའོ། །དང་པོ་ནི་ཀྱེ་ཞེས་བྱ་བ་ལ་སོགས་པའོ། །གཉིས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པའོ། །གསུམ་པ་ནི་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པའོ། །འདི་དག་ཀྱང་སྔར་གླེང་གཞིའི་སྐབས་སུ་བཤད་པ་བཞིན་སྦྱར་བར་བྱའོ། །རིགས་ཀྱི་བུ་ཞེས་བྱ་བ་ལ་སོགས་པས་ནི་གཞུང་བསྡུ་བ་སྟོན་ཏོ། །འདི་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། རིགས་ཀྱི་བུ་ཞེས་བྱ་བ་སྡུད་པ་པོ་ལ་བོས་པའོ། །འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་ལ་སོགས་པ་ཚིག་གི་ལྷག་མ་སྟེ་འོག་ཏུ་སྦྱར་ལ་ཡིག་འབྲུ་སྟེ་ཡི་གེ་འབྲུ་སུམ་ཅུ་རྩ་བདུན་ནི་རྗོད་བྱེད་དོ། །ཆོས་ལ་སོགས་པ་རྟག་ཏུ་ཡང་དག་པར་གནས་པ་སྟེ། ཞེས་བྱ་བ་ནི་གང་དུ་འགྲུབ་པ་དང༌། གང་ལས་འགྲུབ་པ་དང༌། གང་གི་ཚེ་འགྲུབ། རྒྱུ་རྐྱེན་ནམ་ཐབས་ཀྱི་ཁྱད་པར་རོ། །དག་པ་དང་ཞེས་བྱ་བ་ལ་སོགས་པས་ནི་འབྲས་བུ་གང་ཞིག་འགྲུབ་པའོ། །དེ་ལ་དག་པ་ནི་སྤངས་པ་ཕུན་སུམ་ཚོགས་པའམ། སྤྱི་དོན་གྱི་མཐར་ཐུག་གོ །ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཡེ་ཤེས་ཕུན་སུམ་ཚོགས་པའམ། ཐུན་མོང་མ་ཡིན་པ་རྡོ་རྗེ་འཆང་ཆེན་པོའི་དངོས་གྲུབ་བོ། །ལག་ན་རྡོ་རྗེ་ཞེས་བྱ་བས་ནི་རྒྱུད་རྙེད་པར་དཀའ་བ་སྟོན་ཏེ། རྒྱུད་སྡེ་གཞན་དུ་གླེང་གཞིའི་བཤད་པ་མ་བཤད་པ་དེ་འདིར་བཤད་ཅེས་བྱའོ། །རྒྱས་པར་བཤད་པ་ལ་བརྒྱད་དེ། རྗོད་བྱེད་ཀྱི་ཚིག་དང༌། དེས་བརྗོད་པའི་དོན་ཉམས་སུ་བླང་བའི་བསམ་པ་དང༌། འབྲས་བུ་འགྲུབ་པའི་དུས་དང༌། འབྲས་བུ་དངོས་གང་ཞིག་འགྲུབ་པ་དང༌། མི་མཐུན་པའི་བསམ་པ་སྤང་བར་བསྟན་པ་དང༌། རྟེན་གྱི་གང་ཟག་དང ཐབས་རང་གི་ངོ་བོ་དང༌། འབྲས་བུ་དཔེའི་སྒོ་ནས་གསལ་བར་བྱ་བའོ། །དང་པོ་ནི་ཡིག་འབྲུ་འདི་རྣམས་ཀྱིས་ཞེས་བྱ་བ་སྟེ། གླེང་གཞི་ཡི་གེ་སུམ་ཅུ་སོ་བདུན་པོ་འདི་རྣམས་ཀྱིས་སོ། །དེས་ཅི་བྱ་སྙམ་ན་འོག་ཏུ་སྦྱར་ལ་ཐབས་དང་ཤེས་རབ་ཀྱིས་ཞེས་བྱ་བ་དང༌། མཚོན་པར་བྱེད་པ་ཞེས་བྱ་བ་དང༌། ཐོབ་པར་འགྱུར་ཞེས་བྱ་བར་སྦྱར་ཏེ། ཐབས་ཀྱི་རྒྱུད་དང་འབྲས་བུའི་རྒྱུད་སྟོན་པར་བྱེད་དོ། །ཞེས་བྱ་བའི་དོན་ཏོ། །གཉིས་པ་ནི། དེ་ལྟར་སྟོན་པའི་ཐབས་ཀྱི་རྒྱུད་དེ་བསམ་པ་ཇི་ལྟ་བུ་དང་ལྡན་པས་ཉམས་སུ་བླང་སྙམ་ན། སེམས་ཅན་རྣམས་འཁོར་བའི་ཞེས་བྱ་བ་ལ་སོགས་པ་སྟེ། མངོན་དུ་མཚོན་པར་མཛད་པ་ནི་བསམ་པ་སྨོན་པའི་བྱང་ཆུབ་ཀྱི་སེམས་དང་ལྡན་པའོ། །མངོན་དུ་མ་མཛད་པ་ནི་དེ་ཐོབ་པར་བྱེད་པའི་ཐབས་ལ་མི་འབད་པའོ། །དེ་ནུབ་པ་ནི་ཐབས་ལ་འབད་པའོ། །ཡང་ན་མངོན་སུམ་དུ་མ་མཛད་པ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་སེམས་སོ། །དེ་ནུབ་པ་ནི་ཐེག་པ་དམན་པའི་སེམས་དང་བྲལ་བ་ཞེས་བྱ་བའི་དོན་ཏོ། །གསུམ་པ་བསམ་པ་དེ་ལྟ་བུ་དང་ལྡན་པ་དེས་འབྲས་བུ་ཇི་སྙེད་ཅིག་ན་འགྲུབ་ན་སྐྱེ་བ་འདིར་ཞེས་སྨོས་ཏེ། དེ་ལ་སྐྱེ་བ་འདི་ཞེས་བྱ་བ་ལ་ཁ་ཅིག་ན་རེ། རིག་པ་འཛིན་པའི་ཚེ་ཞེས་ཟེར་རོ། །འདི་ཉིད་ཀྱི་བརྟག་པ་བདུན་པ་ལས་བཅུད་ཀྱིས་ལེན་གྲུབ་པའི་ཚེའི་ཞེས་འབྱུང་ཡང་བླ་མ་རྣམས་ནི་ཟག་པ་དང་བཅས་པའི་ལུས་གནས་པ་འདི་ཉིད་ཀྱི་ཚེ་ལ་ཞེས་གསུངས་ཏེ། གསང་སྔགས་ཀྱི་རྟེན་འབྲེལ་ཆོས་ཟབ་པའི་ཕྱིར་རོ་ཞེས་དགོངས་སོ། །བཞི་པ་དེ་ལྟར་འགྲུབ་པའི་འབྲས་བུ་ཉིད་གང་ཡིན་ཞེ་ན། སངས་རྒྱས་ཉིད་དམ་རྡོ་རྗེ་སེམས་དཔའ་ཐོབ་པར་འགྱུར་ཞེས་སྨོས་སོ། །དེ་ལ་སངས་རྒྱས་ཉིད་ཅེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱིས་བགྲོད་པར་བྱ་བའམ། ཕ་རོལ་ཏུ་ཕྱིན་པའི་ཐེག་པས་བགྲོད་པར་བྱ་བ་ས་བཅུ་གཅིག་པའམ་བཅུ་གཉིས་པའོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་གསང་བ་བླ་ན་མེད་པ་ཐོབ་པར་བྱ་བ་ས་བཅུ་གསུམ་པའོ། །གལ་ཏེ་སངས་རྒྱས་ཞེས་བྱ་བ་ནི་སྤངས་པ་ཕུན་སུམ་ཚོགས་པ་དང༌། ཡེ་ཤེས་ཕུན་སུམ་ཚོགས་པ་ཡིན་ན། དེའི་སྟེང་དུ་བགྲོད་པར་བྱ་བ་མི་འཐད་དོ་སྙམ་ན། འགལ་བ་མེད་དེ། སངས་རྒྱས་ཉིད་ཡིན་མོད་ཀྱང་དེ་ཉིད་ལ་རྟོགས་པའི་རིམ་པས་སངས་རྒྱས་སུ་མ་བཞག་སྟེ། སློབ་དཔོན་ཟླ་གྲགས་ཀྱིས། ཉན་ཐོས་སངས་རྒྱས་འབྲིང་རྣམས་ཐུབ་དབང་སྐྱེས། །ཞེས་རང་སངས་རྒྱས་ལ་འབྲིང་པོར་བཤད་པས་གཉིས་ཤུགས་ལ་ཤེས་པ་ཡིན་ནོ། །མཁས་པ་སྨྲྀ་ཏི་ཛྙཱ་ནས་ཀྱང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་རྣམ་པར་སྣང་མཛད་ལ་སོགས་པ་སྟེ། གསང་བའི་རྒྱུད་རྡོ་རྗེ་ཐེག་པ་ལས། སངས་རྒྱས་པ་ནི་བླ་ན་མེད་པ་སྟེ། །དེའི་གོང་ན་ཐེག་པ་གཞན་མེད་པའི་ཕྱིར་རོ། །དེ་ཡང་དག་པའང་ཡིན་ལ། ཐེག་པ་ཆེན་པོ་ལ་གནས་པའི་ཕྱིར་རོ། །རྣལ་འབྱོར་དང་བྱ་བ་དང་མདོ་སྡེ་ལས། སངས་རྒྱས་པ་ནི་ཐེག་པ་གོང་ན་ཡོད་པས་བླ་དང་བཅས་པའང་ཡིན་ལ། ཡང་དག་པར་རྫོགས་པའང་ཡིན་ཏེ། ཐེག་པ་གང་ན་ཡོད་པའི་ཕྱིར་རོ། །ཐེག་པ་ཆུང་ངུ་ལས། སངས་རྒྱས་པ་དགྲ་བཅོམ་པ་དང་རང་སངས་རྒྱས་ནི་བླ་དང་བཅས་པའང་མ་ཡིན་ལ། ཡང་དག་པར་རྫོགས་པའང་མ་ཡིན་ཏེ། ཐེག་པ་གོང་ན་ཡོད་པ་དང་ཐེག་པ་ཆུང་ངུ་ལས་ཕྱིར་ལྡོག་དགོས་པའི་ཕྱིར་རོ། །སངས་རྒྱས་ནི་ཡིན་ཏེ་ཉོན་མོངས་པ་ལས་སངས་པའི་ཕྱིར་དང༌། རྣམ་པར་གྲོལ་བའི་ཤེས་པ་བཅུ་རྒྱས་པའི་ཕྱིར་རོ་ཞེས་ལྷ་མོ་བཞིས་ཞུས་པའི་འགྲེལ་པ་ལས་བཤད་དོ། །གལ་ཏེ་དེ་ལྟར་སངས་རྒྱས་ཀྱི་དབྱེ་བ་ཡོད་ན། གོང་དུ་ཐར་པ་ཉིད་ནི་གཅིག་པུ་ཉིད་ཅེས་བཤད་པ་དང་མི་འགལ་ལམ་སྙམ་ན་མི་འགལ་ཏེ། གོང་གི་ནི་མཐར་ཐུག་པ་གཅིག་ལ་དགོངས་པ་ཡིན་ལ། འདིར་དེ་དག་ནི་གནས་སྐབས་ཀྱི་ཐེག་པ་ལ་དགོངས་ཏེ། མདོ་ལས། ཐེག་པ་བསམ་གྱིས་མི་ཁྱབ་པ་གསུངས་པ་ལྟ་བུའོ། །ཡང་འདི་སྙམ་དུ་བསམས་ཏེ། ཅི་ས་བཅུ་གཅིག་པ་ལས་གོང་དུ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ཡོད་ན་བཅུ་གཅིག་པ་དེ་ལ་ཐོབ་བྱ་མ་ཐོབ་པའམ། སྤང་བྱ་མ་སྤངས་པའི་ཁྱད་པར་ཡོད་དམ་མེད་སྙམ་ན། དེ་ཡོད་པར་བསྟན་པའི་ཕྱིར། གང་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། བསམ་གྱིས་མི་ཁྱབ་པའི་གནས་ནི་ཤེས་བྱ་ཐམས་ཅད་རང་སྣང་གི་ཡེ་ཤེས་ཏེ། སྣང་བ་ཉིད་ཀྱང་ཡེ་ཤེས། ཡེ་ཤེས་ཉིད་ཀྱང་སྣང་བ། དེའང་སྟོང་པ། སྟོང་པ་ཉིད་ཀྱང་དེ་ཡིན་ཏེ། དུས་གཅིག་ཏུ་ཅིག་ཆར་འཇུག་པ་དེ་ཡིན་ཏེ། ད་ལྟ་སོ་སོ་སྐྱེ་བོ་རྣམས་ཀྱིས་རིམ་གྱིས་ཐ་སྙད་ལ་བརྟེན་ཏེ་རྟོག་པའི་ཡུལ་དུ་མོས་པ་བྱ་བ་ཙམ་ལས། དེའི་ཡེ་ཤེས་འདི་ལྟ་བུའོ། །ཞེས་མོས་པར་བྱ་བའང་དཀའ་འོ། །དེ་བས་ན་ས་བཅུ་གཅིག་པ་དང༌། བཅུ་གཉིས་པས་ཡེ་ཤེས་དེ་མ་ཐོབ་པའོ། །དེ་ནི་བདེ་བར་གཤེགས་པ་སྟེ་ལམ་བདེ་བ་ནས་གཤེགས་པའི་ཕྱིར་རོ། །དེ་ཉིད་ལས་ཕ་རོལ་ཏུ་ཕྱིན་པ་ལས་སངས་རྒྱས་ཞེས་བཤད་དོ། །དེ་མ་ཐོབ་པར་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཐོབ་པར་བཤད་དོ། །ཞེ་ན་མ་བཤད་དེ། ཕ་རོལ་ཏུ་ཕྱིན་པ་ཁ་ཅིག་ལས། སངས་རྒྱས་པའི་ཚེ་སེམས་དང༌། སེམས་བྱུང་གི་འཇུག་པ་ཞེའོ་ཞེས་བཤད་དེ། སེམས་ཡོད་ན་རྣམ་པར་རྟོག་པར་འགྱུར་སྙམ་དུ་བསམ་པའོ། །ཡང་ཁ་ཅིག་ལས་སངས་རྒྱས་རྣམས་སེམས་དང་བཅས་པ་སྟེ། སེམས་དང་བྲལ་བ་ནི་མྱ་ངན་ལས་འདས་པ་ཡིན་ན། སངས་རྒྱས་ལ་མྱ་ངན་ལས་འདའ་བ་མེད་དོ་ཞེས་བསམ་མོ། །ཡང་ཁ་ཅིག་ན་རེ། གནས་གྱུར་པའི་ཡེ་ཤེས་ཡིན་ནོ་ཞེས་ཟེར་རོ། །ཁ་ཅིག་ནི་གནས་གྱུར་པ་མི་འདོད་ཅེས་ཟེར་རོ། །ཡང་ཁ་ཅིག་ནི་མཉམ་གཞག་རྗེས་ཐོབ་ཡོད་ཅེས་ཟེར་རོ། །ཡང་ཁ་ཅིག་ནི་མཉམ་གཞག་རྗེས་ཐོབ་མེད་ཅེས་ཟེར་ཏེ། དེ་དག་ཐམས་ཅད་འགལ་བ་མེད། གཞུང་ཁ་ཅིག་ལ་ནི་གང་དུའང་བཤད་པ་མེད་དོ། །དེ་བས་ན་བསམ་གྱིས་མི་ཁྱབ་པའི་གནས་ཐོབ་པ་དེ་ནི་རྡོ་རྗེ་སེམས་དཔའ་ཡིན་པར་གསུངས་ལ། མཚན་གཞི་མཚོན་པར་བྱེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །ལྔ་པ་མི་མཐུན་པའི་བསམ་པ་དག་པ་ནི། བསྟེན་པ་ཙམ་གྱིས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟ་བུའི་འབྲས་བུ་ཐོབ་པར་བྱེད་པའི་ཐབས་འདི་ནི། ཀུན་ནས་ཉོན་མོངས་པ་ཅན་གྱི་སེམས་ཏེ། ཐ་མལ་གྱི་རྟོག་པ་དང་བཅས་ཞེན་པའི་སེམས་དང་བཅས་པ་ལས་ཀྱི་ཕྱག་རྒྱ་ལ་སོགས་པ་བསྟེན་པ་ཙམ་གྱིས་མནར་མེད་པའི་དམྱལ་བར་ལྟུང་བར་འགྱུར་བས་རྟོག་པ་ངན་པ་དེ་སྤང་པར་བྱ་ཞེས་དགོངས་སོ། །དྲུག་པ་ནི་འོ་ན་སྒྲུབ་པ་པོ་ཇི་ལྟ་བུས་བསྟེན་ཞེ་ན། ཀུན་ནས་ཉོན་མོངས་པ་ཅན་གྱི་སྲིད་པ་ལས་འདས་ཏེ། མྱ་ངན་ལས་འདས་པའི་སེམས་དང་ཞེན་པའི་སེམས་མེད་པའི་སྒྲུབ་པ་པོས་ཞེས་བྱའོ། །བདུན་པ་ཐབས་རང་གི་ངོ་བོ་གང་ཞེ་ན། དག་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔར་བསྟན་པའི་ཚུལ་གྱིས་དག་པའི་སེམས་ཀྱི་སྒོ་ནས་ཐབས་དང་ཤེས་རབ་ཀྱི་སྦྱོར་བ་ཡང་དག་པ་ཇི་ལྟ་བར་ཐོབ་པ་དེ། འདུ་ཤེས་གསུམ་ལ་སོགས་པ་དང༌། ཨཱ་ལི་ཀཱ་ལིའི་བདག་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་ཆོས་བརྒྱད་དམ་བཅུ་དྲུག་གི་བདག་ཉིད་ཅན་ཐོབ་པ་དེ་སྒོམ་པར་བྱེད་དེ་ཞེས་བྱའོ། །དེ་ལས་ཐོབ་པའི་ཡེ་ཤེས་དེ་ཇི་ལྟ་བུ་ཞེ་ན། དག་པའི་ཡང་དག་པར་རིག་པའི་བདག་ཉིད་ཅན་ཏེ། གཉིས་སུ་མེད་པའི་ཡེ་ཤེས་སེམས་ཀྱི་ཆོས་ཉིད་མངོན་དུ་གྱུར་པའོ། །དེ་ནི་མཚན་གཞི་སྟེ་མཚོན་པར་བྱ་བའམ་རྟོགས་པར་བྱ་བའོ། །དེ་བས་ན་དེ་ཐབས་དང་ཤེས་རབ་ཀྱི་ནུས་པ་སྟེ་མཚོན་བྱེད་དམ་རྟོགས་བྱེད་འདིས་རྟོགས་ཞེས་བྱའོ། །དེ་ལྟ་བུ་རྟོགས་པ་ལས་འབྲས་བུ་གྲུབ་པ་ཉིད་ཇི་ལྟ་བུ་ཞེ་ན། བརྒྱད་པ་དཔེའི་སྒོ་ནས་བསྟན་པ་ནི་ནམ་མཁའ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྤྲོས་དང་བྲལ་བ་དང༌། ལྷུན་གྱིས་གྲུབ་པའམ། རྐྱེན་གྱིས་མི་རྟོགས་པ་དང༌། ཀུན་འགྲོའི་དབང་ཕྱུག་དང༌། འདུས་མ་བྱས་པ་རྣམས་ནི་ཤེས་རབ་ཀྱི་རང་བཞིན་ཏེ་ཚིག་བཞིའི་རིམ་པ་བཞིན་ནོ། །ཡིད་བཞིན་ནོར་བུ་ལྟ་བུ་ཞེས་བྱ་བ་ནི་ཐུགས་རྗེའི་རང་བཞིན་ནོ། །འདི་དག་འོག་ཏུ་ཐབས་ཤེས་རབ་གཏན་ལ་དབབ་པ་ལས་འཆད་པར་འགྱུར་རོ། །རང་དང་གཞན་གྱི་དོན་བྱེད་དེ་དངོས་གྲུབ་ཐམས་ཅད་ཀྱི་མཆོག་གོ་ཞེས་བྱ་བ་ནི་གོང་ན་གཞན་མེད་པ་རྡོ་རྗེ་འཆང་ཆེན་པོ་ཞེས་བྱ་བའི་དོན་ཏོ། །རྒྱུད་ཐམས་ཅད་ཀྱི་གླེང་གཞི་གསང་བ་དཔལ་ཡང་དག་པར་སྦྱོར་བ་ལས་བྱུང་བའི་རྣམ་པར་བཤད་པ་གནད་ཀྱི་གསལ་བྱེད་ཅེས་བྱ་བ་ལས་བརྟག་པ་དང་པོའི་འགྲེལ་པ་རྫོགས་སོ།།  །།དེ་ལྟར་བརྟག་པ་དང་པོས་ཐབས་ཀྱི་རྒྱུད་དང་འབྲས་བུའི་རྒྱུད་གཙོ་ཆེ་བའི་དབང་དུ་བྱས་ནས་རྒྱུད་ཀྱི་དོན་མ་ལུས་པ་མདོར་བསྟན་ནས། བརྟག་པ་གཉིས་པ་ནས་བརྩམས་ཏེ། བརྟག་པ་བཅུ་པའི་བར་གྱིས་བརྟག་པ་དགུས་རྒྱས་པར་འཆད་དོ། །འདི་ལ་བཞི་སྟེ། ཐོག་མར་རྟེན་གྱི་གང་ཟག་སྣོད་དུ་རུང་བར་བྱ་བའི་ཕྱིར། བྱང་ཆུབ་སེམས་ཀྱི་དབང་བསྐུར་བ་དང༌། དབང་ཐོབ་པ་དེས་ཉམས་སུ་བླང་བའི་ཐབས་ཀྱི་རྒྱུད་དང༌། ཐབས་ཉམས་སུ་བླངས་པ་ལས་བྱུང་བའི་འབྲས་བུའི་རྒྱུད་དང༌། ཐབས་ཀྱི་རྒྱུད་དེས་འབྲས་བུ་ཐོབ་པར་མི་རིགས་སོ་ཞེས་ཐབས་ཀྱི་རྒྱུད་ཀྱི་སྦྱིན་སྲེག་ལ་བརྩད་པའི་སྐྱོན་སྤང་ཞིང༌། སྒྲུབ་པ་པོའི་དམ་ཚིག་དང་སྡོམ་པ་བསྟན་པའོ། །དང་པོ་ལ་གསུམ་སྟེ། བཤད་པར་དམ་བཅའ་བ་དང༌། དོན་དངོས་དང༌། རབ་ཏུ་བྱེད་པའི་མིང་ངོ༌། །དང་པོ་ནི་དེ་ནས་ཞེས་བྱ་བ་ཤླཽ་ཀ་གཅིག་གོ །རབ་ཏུ་བྱེད་པ་འདིའི་བརྗོད་པར་བྱ་བའི་དོན་དང༌། རྗོད་བྱེད་ཀྱི་སྒྲ་དང༌། མངོན་པར་རྟོགས་པ་དང༌། རྒྱུད་སྡེ་གཞན་གང་གི་བཤད་པའི་རྒྱུད་དུ་འགྲོ་བའང་བརྗོད་པར་བྱ་སྟེ། དེ་ལ་བརྗོད་པར་བྱ་བའི་དོན་ལ་བུམ་པའི་དབང་སྤྱི་དོན། དབང་གོང་མ་གསུམ་སྦས་པའི་དོན། ཕན་ཡོན་གྱི་ཚུལ་གྱིས་མཐར་ཐུག་པའང་ཞར་ལ་འབྱུང་ངོ༌། །རྗོད་བྱེད་ཀྱི་སྒྲ་ཡན་ལག་གི་དོན་གཙོ་ཆེ་བའི་གསུམ་ཀ་འཇུག་གོ །མངོན་པར་རྟོགས་པ་ནི་སྤྱིར་དུ་ན་རྒྱུད་གསུམ་ཀ་དང་ཡང་འབྲེལ་ཏེ། ཐོག་མར་རྟེན་གྱི་གང་ཟག་རྗེས་སུ་གཟུང་བ་ཞེས་བྱ་བ་རྒྱུ་རྒྱུད་ཡིན་ཏེ། དེས་ཐབས་ཀྱི་རྒྱུད་ལམ་རིམ་པ་གཉིས་བསྒོམ་པའི་སྣོད་དུ་འགྱུར་བར་བྱ་བའི་ཕྱིར་རོ། །ཡང་རྒྱུའི་རྒྱུད་ནི་གསང་སྔགས་ཀྱི་ལམ་ལ་མ་ཞུགས་པ་ཡིན་ལ། ཐབས་ཀྱི་རྒྱུད་ལ་སྨིན་ལམ་དབང་དང༌། གྲོལ་ལམ་བསྐྱེད་རྫོགས་བྱ་བ་ཡིན་པས་འདི་ཐབས་ཀྱི་རྒྱུད་དོ། །ཡང་འདིར་དབང་དུས་སུ་རྟོགས་པ་ནི་ལྟ་བར་འགྱུར་བས་ཀྱང་ཐབས་ཀྱི་རྒྱུད་དོ། །ཡང་རྒྱལ་པོ་ཨིནྡྲ་བྷཱུ་ཏི་ལྟ་བུ་དབང་དུས་སུ་གྲོལ་བ་ནི་སྨིན་ལམ་དང་གྲོལ་ལམ་འབྲས་བུའི་རྒྱུད་གསུམ་ཀ་གོ་ཅུ་རུབ་ཏུའང་འགྱུར་རོ། །སྤྱིར་རྟེན་གྱི་གང་ཟག་གི་དབང་དུ་བྱས་ན་སློབ་དཔོན་གརྦྷ་རི་པས། རྒྱུ་རིགས་སྤང་བྱ་རྐྱེན་ལ་ལྟོས། །གང་ཟག་རྣམ་པ་བཞི་རུ་ནི། །རྒྱུད་རྣམས་ངེས་པ་ཁོ་ན་ཡིན། །ཞེས་གསུངས་ཏེ། དེ་ལ་རྒྱུ་ལ་ལྟོས་པའི་གང་ཟག་ནི་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རྒྱུ་ཡོད་པས་སེམས་ཅན་ཐམས་ཅད་དོ། །རིགས་ལ་ལྟོས་པ་ནི་བྱེ་བྲག་ཏུ་ལམ་འགྲུབ་ཉེ་བ་ལ་དགོངས་པ་སྟེ། རྣལ་འབྱོར་པ་གང་ནག་པོ་ཆེ། །ཞེས་བྱ་བ་ལྟ་བུའོ། །སྤང་བྱ་ལ་ལྟོས་པའང་དེ་བཞིན་ཏེ་ཉོན་མོངས་པ་དང་རྗེས་སུ་འཚམ་པའོ། །དེ་ལྟར་གསུམ་པོ་དེ་ནི་རྒྱུ་ལ་གནས་པའོ། །རྐྱེན་ལ་ལྟོས་པའི་གང་ཟག་ནི་དེ་རྣམས་ཀྱི་གནས་སྐབས་ཀྱི་ཆོས་ཏེ། དེ་ལ་གཉིས་ལས། དང་པོ་རྒྱུད་སྦྱང་བ་མ་བྱས་པ་ལ་འགྲུབ་ཏུ་རུང་བ་ཞེས་བྱ་སྟེ། མཚམས་མེད་པ་ལ་སོགས་པ་བྱེད་པས་ཀྱང་འགྲུབ་པར་བཤད་པ་ལྟ་བུའོ། །དེའི་འོག་ཏུ་གཉིས་པ་རྒྱུད་སྦྱང་བ་བྱས་པ་འབྱུང་ངོ༌། །དེ་ལ་ཕ་རོལ་ཏུ་ཕྱིན་པའི་ཐེག་པས་རྒྱུད་སྦྱང་བ་བྱས་པ་ལམ་ལ་འཇུག་ཏུ་རུང་བ་དང༌། གསང་སྔགས་ཀྱི་རྒྱུད་སྦྱང་བ་བྱས་པ་ལམ་ལ་ཞུགས་པ་ཞེས་བྱ་བ་གཉིས་ཡིན་ཏེ། འདི་ཉིད་ཀྱི་རིག་མ་སྦྱང་བའི་སྐབས་ནས་བཤད་པ། སྐྱབས་སུ་འགྲོ་བའི་རིམ་པ་ཡིས། །ཤིན་ཏུ་ལེགས་པར་སྦྱངས་ནས་ནི། །རྒྱུད་དང་སྔགས་ཀྱི་རིམ་པ་ཡིས། །གསང་བའི་དེ་ཁོ་ན་ཉིད་བརྗོད། །ཅེས་འབྱུང་ངོ༌། །དེ་ལས་འདིར་གསང་སྔགས་ཀྱི་རྒྱུད་སྦྱང་བ་བྱས་ཞེས་བྱ་བ་དེ་འཆད་དོ། །རྒྱུའི་རྒྱུད་རྒྱས་པར་གཞན་དུ་ཤེས་པར་ནུས་སོ། །རྒྱུད་སྡེ་གཞན་གང་གི་བཤད་པའི་རྒྱུད་ཡིན་ན་དཔལ་བརྟག་པ་གཉིས་པའི་བརྟག་པ་དང་པོའི་ལེའུ་བཅུ་པ་དང༌། ཕྱི་མའི་གསུམ་པ་དང་ལྔ་པ་དང་བཅུ་གཉིས་པའི་བཤད་པའི་རྒྱུད་དེ། ཕལ་ཆེར་ནི་ཆ་མཐུན་པས་ངེས་པ་སྐྱེད་པས་བཤད་པའི་རྒྱུད་ཡིན་ལ། བླ་མ་ལ་ཕྱག་རྒྱ་དབུལ་ཞིང་གསོལ་བ་གདབ་པ་ཁ་བསྐང༌། ཡེ་ཤེས་ཀྱི་རིག་མ་ལ་བརྟེན་པའི་ཕྱོགས་མ་ཚང་བ་ཁ་བསྐང༌། སློབ་དཔོན་བདག་ཉིད་འཇུག་པའི་ཆོ་ག་མི་གསལ་བ་གསལ་བར་བཤད། རྡོ་རྗེ་སློབ་དཔོན་གྱི་བུམ་དབང་བསྐུར་བ་དམ་ཚིག་དང་བཅས་པའང་གསལ་བར་བཤད། གསང་དབང་དང་ཤེས་རབ་ཡེ་ཤེས་དངོས་ཆ་མཐུན་ཕན་ཡོན་དང༌། རྗེས་སུ་གནང་བ་དང་སློབ་མའི་བྱ་བ་མ་ཚང་བ་ཁ་བསྐང༌། དབང་བཞི་པ་མི་གསལ་བ་གསལ་བར་བྱས་ཏེ་བཤད་པའི་རྒྱུད་དོ། །མདོར་ན་རྩ་བའི་རྒྱུད་ཀྱི་ལེའུ་བཞི་འདི་དང༌། གསུམ་པ་དངོས་དང༌། རྒྱུད་ཕྱི་མ་གསུམ་བསྡེབས་ཏེ་གསལ་བར་བྱེད་པས་བཤད་པའི་རྒྱུད་དོ། །གཞན་ཡང་རྡོ་རྗེ་གུར་དང༌། དཔལ་བདེ་མཆོག་དང༌། གདན་བཞི་དང༌། འདུས་པ་ལ་སོགས་པ་རྣལ་འབྱོར་ཆེན་པོའི་རྒྱུད་མཐའ་དག་ཏུ་དབང་གོང་མ་གསུམ་དང༌། དབང་གི་རྟེན་རིག་མ་དང༌། གསོལ་བ་གདབ་པ་དང༌། སློབ་མའི་བྱ་བ་དེ་མཐའ་དག་ཏུ་མི་གསལ་བ་རྣམས་གསལ་བར་བྱེད། མ་ཚང་བ་རྣམས་ལ་འདིས་ཁ་སྐོང་བས་བཤད་པའི་རྒྱུད་ཡིན་ནོ། །དེ་ལ་སྤྱིར་དབང་གི་མངོན་པར་རྟོགས་པ་ལ་བདུན་ཏེ། སྔོན་དུ་བསྙེན་པའི་ཆོ་ག་དང༌། སའི་ཆོ་ག་དང༌། སྟ་གོན་གྱི་ཆོ་ག་དང༌། དཀྱིལ་འཁོར་བྲི་ཞིང་རྒྱན་དགྲམ་པའི་ཆོ་ག་དང༌། སྒྲུབ་ཅིང་མཆོད་པའི་ཆོ་ག་དང༌། འཇུག་ཅིང་དབང་བསྐུར་བའི་ཆོ་ག་དང༌། མཇུག་གི་ཆོ་ག་ཞེས་བྱ་བ་འདི་རྣམས་ཀྱི་སྨིན་བྱེད་ཀྱི་ལམ་མཐའ་དག་བསྡུས་པ་ལས། དེ་དག་ཀྱང་སྤྱིར་ཡང་རྒྱུད་གཅིག་གིས་ཡོངས་སུ་རྫོགས་པ་ཅན་གང་ནའང་མེད་དེ། སློབ་དཔོན་ཀཾ་ཀ་ནས་ཇི་སྐད་དུ། སློབ་མ་དབང་བསྐུར་ཆོ་ག་ནི། །གང་ནའང་གཅིག་གིས་རྫོགས་པ་མེད། །ཅེས་བཤད་པ་ལྟ་བུ་སྟེ། འདིར་ཡང་ཆོ་ག་དེ་དག་ཡོངས་སུ་རྫོགས་པ་མེད་དེ། རབ་ཏུ་བྱེད་པ་འདིར་ནི་སློབ་དཔོན་བདག་ཉིད་འཇུག་པ་དང༌། དབང་བསྐུར་བ་ལས་ཀྱང་ཐུན་མོང་མ་ཡིན་པའི་དབང་བཞི་བསྐུར་བ་ཙམ་ཞིག་གསུངས་ཀྱི། གཞན་རྣམས་ནི་མདོ་ཙམ་ལས་མ་གསུངས་པས། ཆོ་ག་འདི་དག་རྒྱུད་ཕྱི་མ་ལས་ཤེས་པར་བྱའོ། །རྒྱས་པ་དོན་དུ་གཉེར་བས་ནི་དཀྱིལ་འཁོར་གྱི་ཐབས་ལེགས་པར་བསྡུ་བ་ལ་སོགས་པ་ཉིད་ལས་ཁོང་དུ་ཆུད་པར་བྱའོ། །གཞུང་གི་དོན་འཆད་པ་ལ་བཞི་སྟེ། བུམ་པའི་དབང་དང༌། གསང་བའི་དབང་དང༌། ཤེས་རབ་ཡེ་ཤེས་ཀྱི་དབང་དང༌། ཚིག་དབང་བཞི་པ་བསྐུར་བའོ། །དེ་ལྟར་བཞིར་བཅད་ནས་བླ་མ་གོང་མ་རྣམས་གསུང་ཡང་དོན་གྱིས་ན་སློབ་མ་གཞུག་པ་དང༌། རིག་མ་དབུལ་བ་ལ་སོགས་པའང་དབང་བཞི་ཀའི་སྔོན་འགྲོ་ཡིན་ལ། དགོས་པ་དང༌། རྗེས་གནང་དང༌། སློབ་མའི་བྱ་བའང་དབང་བཞི་ཀའི་མཇུག་གི་བྱ་བ་ཡིན་པ་དེ་ལྟར་རྟོགས་པར་བྱའོ། །དེ་ལ་བུམ་པའི་དབང་གི་སྐབས་སུ་དོན་དྲུག་ཏུ་ཤེས་པར་བྱ་སྟེ། དབང་བསྐུར་བའི་རྟེན་དཀྱིལ་འཁོར་ཇི་ལྟར་བྱ་བའི་ཚུལ་དང༌། སློབ་དཔོན་བདག་ཉིད་འཇུག་ཅིང་དབང་བསྐུར་བའི་ཆོ་ག་དང༌། དབང་གི་རིམ་པ་ངེས་པའི་འཐད་པ་དང༌། སློབ་མས་སློབ་དཔོན་ལ་མཆོད་ཅིང་གསོལ་བ་གདབ་པ་དང༌། སློབ་དཔོན་གྱིས་དཀྱིལ་འཁོར་བསྒྲུབ་པའམ། སློབ་མ་གཞུག་པ་མཆོད་པ་དང༌། གནས་བརྒྱན་པ་དང་བཅས་པ་དང༌། དབང་བསྐུར་བ་དངོས་དམ་ཚིག་སྦྱིན་པ་དང་བཅས་པའོ། །དང་པོ་ནི། དང་པོར་ལྷའི་བདག་ཉིད་ཀྱིས། །ཞེས་བྱ་བ་ལ་སོགས་པ་ཤླཽ་ཀ་བཞི་སྟེ། ས་ཆོ་ག་དང༌། བྲི་བ་དང༌། བསྒྲུབ་པ་དང་བཅས་པ་བསྟན་ཏོ། །གཉིས་པ་སློབ་དཔོན་འཇུག་པ་ནི་སྔགས་ཀྱི་ལམ་ནི་ཞེས་བྱ་བ་ལ་སོགས་པ་ཤླཽ་ཀ་གཉིས་ཏེ། དེ་ལ་སྔགས་ཀྱི་ལམ་གྱི་རྗེས་བཙལ་བ་ནི། རྗེས་སུ་འབྲང་བ་སྟེ་གསང་སྔགས་ཀྱི་སྒོར་སྤྱད་པ་སྤྱོད་པར་འདོད་པ་རྣམས་སོ། །དེ་ལ་ནི་གང་ཚེ་མཁས་པས་དབང་བསྐུར་བའི་ཆོ་གས་ནི་སྔོན་དུ་སྨིན་པར་བྱ་དགོས་ལ། དེ་ལྟར་སློབ་མ་དབང་བསྐུར་པའི་ཚེ་ནའང་བདག་ཉིད་ཀྱིས་བླང་དགོས་ཞེས་བྱ་བའི་དོན་ཏོ། །དེ་ལ་བདག་ཉིད་འཇུག་པའི་ཆོ་ག་ལ་སངས་རྒྱས་ཀུན་གྱི་ཞེས་བྱ་བ་རྐང་པ་གསུམ་ནི་དབང་བླང་བའི་ཡུལ་ཏེ། མདུན་ཏུ་བསྐྱེད་པའི་དཀྱིལ་འཁོར་བླ་མ་དང་ཐ་མི་དད་པ་ལའོ། །དགོས་པ་ནི་རང་བྱིན་གྱིས་བརླབ་པའི་གནས་ཐོབ་པར་བྱ་བའི་ཕྱིར་ཏེ། རང་གིས་ལྷ་ལས་དབང་ཐོབ་པས། རང་གི་ལུས་ངག་ཡིད་གསུམ་གྱི་དྲི་མ་དག་སྟེ། སྐུ་གསུང་ཐུགས་རྡོ་རྗེར་བྱིན་གྱིས་བརླབས་པས་སོ། །གང་ཟག་ནི་བློ་དང་ལྡན་པས་སོ། །ཆོ་ག་ནི་དེ་བཞིན་བླངས་ཏེ། སློབ་མ་ལ་ཇི་ལྟར་དབང་བསྐུར་བ་བཞིན་ནམ། ཡང་ན་བཞི་པོ་རྫོགས་པར་བླང་ཞེས་བྱ་བའི་དོན་ཏོ། །དམ་ཚིག་ཉམས་པས་འཇིགས་པ་ཞེས་བྱ་བ་ནི་དབང་བླང་བའི་འཐད་པ་སྟེ། སློབ་མ་ལ་དབང་མ་བསྐུར་ན་སློབ་མ་རྗེས་སུ་མ་བཟུང་བར་འགྲོ་ལ། སློབ་མ་ལ་དབང་བསྐུར་བ་ལ་བདག་ཉིད་ཡོངས་སུ་མ་རྫོགས་ན་རང་བཟོར་གྱུར་ནས་ལྟུང་བར་འགྱུར་བས་སོ། །དེས་ན་རྫོགས་སངས་རྒྱས་ཀྱི་དོན་དམ་ཞེས་བྱ་བ་ལ་སོགས་པའང་འདིར་སྦྱར་རོ། །ཡང་གླེགས་བམ་ཁ་ཅིག་ལ། དམ་ཚིག་ཉམས་པས་འཇིགས་པ་ཡིས། །བློ་ལྡན་གྱིས་ཀྱང་དེ་བཞིན་བླང༌། །ཞེས་འབྱུང་བས་དང་པོས་སློབ་མའི་ཕྱིར་བདག་ཉིད་རྫོགས་པར་བྱ་བ་ཡིན་ལ། རྐང་པ་གཉིས་པོ་འདིས་རང་གི་དམ་ཚིག་གསོ་བའི་ཕྱིར་བདག་ཉིད་འཇུག་པའང་ཤེས་པར་ནུས་སོ། །གསུམ་པ་དབང་གི་རིམ་པ་ངེས་པའི་འཐད་པ་ནི། རྫོགས་སངས་རྒྱས་ཀྱི་ཞེས་ཤླཽ་ཀ་གཅིག་སྟེ། ལམ་བསྒོམ་པ་ལ་ནི་དབང་བླང་དགོས་ལ། དབང་ལ་སློབ་དཔོན་བདག་ཉིད་ཕུན་སུམ་ཚོགས་པ་ལ་སོགས་པ་དགོས་པ་ནི་དོན་དམ་སྟེ་ངེས་པའི་དོན་ཡིན་ནོ། །དེ་བས་ན་རིམ་པ་ལས་འགལ་བའི་ཉམས་པ་ཡིན་པས། དམ་ཚིག་རིམ་པ་ཤིན་ཏུ་རིང་བ་ནི་ཤིན་ཏུ་འདའ་བར་དཀའ་ཞེས་བྱ་བའི་དོན་ཏོ། །བཞི་པ་སློབ་མས་སློབ་དཔོན་ལ་མཆོད་ཅིང་གསོལ་བ་གདབ་པ་ནི་དེ་ཕྱིར་ཞེས་བྱ་བ་ལ་སོགས་པའོ། །འདི་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི་དེ་ཕྱིར་ལ་སོགས་པ་ཤླཽ་ཀ་གཅིག་སྟེ། དེའི་ཕྱིར་ནི་དམ་ཚིག་ཤིན་ཏུ་འདའ་བར་དཀའ་བ་དེའི་ཕྱིར་རོ། །ཇི་བཞིན་སྦྱོར་བ་ནི་མཆོད་པ་དང་བསྟོད་པ་སྔོན་དུ་སོང་བས་གསོལ་བ་གདབ་པ་སྟེ། སློབ་དཔོན་ལ་གསོལ་བ་མ་བཏབ་པར་རྗེས་སུ་གཟུང་བའི་འོས་མ་ཡིན་ནོ་ཞེས་དགོངས་སོ། །རྒྱས་པར་བཤད་པ་ལ་བཞི་སྟེ། རིག་མ་དབུལ་བ་དང༌། མཆོད་པ་བྱ་བ་དང༌། བསྟོད་པ་བྱ་བ་དང༌། གསོལ་བ་གདབ་པའོ། །དེ་ལ་དང་པོ་དཀྱིལ་འཁོར་བསྒྲུབ་པ་དང༌། མཆོད་པ་དང༌། དབང་བསྐུར་བའི་རྟེན་རིག་མ་དབུལ་བ་ལ་ལྔ་སྟེ། ཡོན་ཏན་གྱི་དབང་དུ་བྱས་པའི་འབྲེལ་བའི་སྒོ་ནས་རིག་མ་མདོར་བསྟན་པ་དང༌། དངོས་ཀྱི་མེད་ན་ཡེ་ཤེས་ཀྱི་རིག་མ་གཟུང་བར་བསྟན་པ་དང༌། དངོས་ཀྱི་རིག་མའི་མཚན་ཉིད་རྒྱས་པ་དང༌། དངོས་ཀྱི་རིག་མ་ལ་སྦྱང་བའི་ཚུལ་དང༌། རིག་མ་དེ་དབུལ་བ་དངོས་སོ། །དང་པོ་ནི་ཡང་ན་ཞེས་བྱ་བ་ལ་སོགས་པ་ཤླཽ་ཀ་གཅིག་སྟེ། ཡང་ན་ནི་སྔར་རིགས་ལྔ་ལས་བྱུང་བའི་རིག་མ་ལས་གཞན་པའམ་རིགས་ལྔ་པོ་ཉིད་ཀྱང་རུང་སྟེ། འདིར་ཡོན་ཏན་གྱི་ཆོས་བླ་མ་ལས་འབྲེལ་བརྩིས་པའི་མ་ལ་སོགས་པ་གཙོ་བོར་སྟོན་པས་ཡང་ན་ཞེས་བྱའོ། །གླེགས་བམ་ཁ་ཅིག་ལས་མའམ་ཡང་ན་སྲིད་ཐུ་མོ་ཞེས་འབྱུང་ངོ༌། །མ་ལ་སོགས་པ་ནི་ཆོས་ཀྱི་འབྲེལ་བ་ལ་གཙོ་ཆེར་བྱ་སྟེ་གོ་སླའོ། །གཉིས་པ་ཡེ་ཤེས་ཀྱི་རིག་མ་བཟུང་བ་ནི། ཡང་ན་མངོན་དུ་འདི་མེད་ན་སྟེ། རིག་མ་མ་རྙེད་པའམ། རྙེད་ཀྱང་བསྟན་པ་ལ་སྨོད་པའི་འཇིགས་པ་ལ་སོགས་པ་ཡོད་ན་ཀུན་མཁྱེན་གྱིས་བསྔགས་པ་སྟེ། ཡེ་ཤེས་ཀྱི་རིག་མ་བཟུང་ཞེས་བྱ་བའི་དོན་ཏོ། །གསུམ་པ་དངོས་ཀྱི་རིག་མའི་མཚན་ཉིད་རྒྱས་པ་ལ་བཞི་སྟེ། རིགས་ཀྱི་དབང་དུ་བྱས་པ་དང༌། ཡོན་ཏན་གྱི་དབང་དུ་བྱས་པ་དང༌། རིགས་ལ་བརྟེན་པའི་ཆེ་བ་དང༌། ལང་ཚོའི་དབང་དུ་བྱས་པ་རྣམས་སྐྱེ་བ་ཉིད་ཀྱི་ཞེས་པ་དང༌། ཡང་ན་རི་དྭགས་ཞེས་པ་དང༌། རིགས་ཀྱི་རིམ་པ་ཞེས་པ་དང༌། མ་རྙེད་ཇི་ལྟར་ཞེས་བྱ་བ་རྣམས་རིམ་པ་བཞིན་ནོ། །བཞི་པ་རིག་མ་དེ་སྦྱང་བའི་ཚུལ་ལ་གཉིས་ཏེ། རིག་མའི་བློ་སྦྱང་བ་དང༌། ཀ་ར་ནས་ལུས་སྦྱང་བའོ། །དང་པོ་ནི་རིག་མ་དེ་ཉིད་ཞེས་ཤླཽ་ཀ་གཅིག་སྟེ། །གོང་དུ་བརྗོད་པའི་རིག་མ་དེའང་རྙེད་པ་ཙམ་གྱིས་ཆོག་པ་མ་ཡིན་ཏེ། སྔར་ནས་སྐྱབས་སུ་འགྲོ་བ་ལ་སོགས་པ་སོ་སོ་ཐར་པའི་སྡོམ་པ་ནས། བྱང་ཆུབ་སེམས་དཔའི་སྡོམ་པ་དང༌། རིག་པ་འཛིན་པའི་སྡོམ་པ་དང༌། རྒྱུད་སྡེ་ལ་སོགས་པའི་བར་ཏུ་བསླབ་པས་སེམས་སྦྱང་ཞེས་བྱ་བའི་དོན་ཏོ། །ཧེ་བཛྲ་ལས། བྱང་ཆུབ་ས་བོན་གདབ་པ་དང༌། །སྦྱང་བ་ཡིས་ནི་གཟུང་བར་བྱ། །ཞེས་གསུངས་པ་ལྟ་བུའོ། །སྦྱང་བ་གཉིས་པ་ནི་སྒྲའམ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་དང་སྙོམས་པར་ཞུགས་པའི་དུས་སུ་དལ་རྒྱུའི་རླུང་ཧ་སིའི་རྣམ་པར་གྲགས་པའི་གནས་ནི་གསང་རྩ་སྟེ་དེ་བཙལ་བའོ། །འོག་ནི་སྲིན་པོའི་ལམ་མོ། །སྟེང་ནི་པདྨ་སྟེ་བླ་མའི་མན་ངག་གིས་རྩ་བཙལ་བའོ། །ཀུན་གྱི་ཆ་རིགས་ན་ཆ་དྲུག་ཅུ་རྩ་བཞི་ལ་སོགས་པ་སྦྱོར་ཐབས་ཀྱི་དབྱེ་བ་བསླབ་པའོ། །དེ་ལྟར་བྱས་པ་ལས་ཕན་ཡོན་ཅི་འབྱུང་ན་དངོས་གྲུབ་དམ་པ་སྟེར་ཞེས་སྦྱར་ཏེ་མི་རྟོག་པའི་དངོས་གྲུབ་ཅེས་བྱ་བའི་དོན་ཏོ། །ལྔ་པ་རིག་མ་དེ་དབུལ་བ་དངོས་ལ། གནས་ཀྱི་ཁྱད་པར་ནི་ཉེ་བར་འཚེ་བ་མེད་གནས་སུའོ། །ཡུལ་ནི་རིག་པ་འཛིན་པ་འཁོར་མང་པོ་དང་བཅས་པ་སྟེ་སློབ་དཔོན་ལའོ། །དབུལ་རྫས་གང་འབུལ་ན། གང་ཞིག་སྦྱངས་པའི་རིག་མའོ། །ཚུལ་ཇི་ལྟར་དབུལ་ན། རིག་པ་ཉིད་ཀྱིས་རྣ་ཆ་དང༌། །ཞེས་བྱ་བ་ལ་སོགས་པ་དང་རྣམ་པར་བརྒྱན་ནས་དབུལ་བར་བྱའོ། །དེས་བླ་མ་མཉེས་པར་བྱས་པ་ལས་ཕན་ཡོན་ཅི་འབྱུང་ན། དངོས་གྲུབ་དམ་པ་སྟེར་ཞེས་སྦྱར་རོ། །གཉིས་པ་མཆོད་པ་ནི་དྲི་དང་ཞེས་བྱ་བ་ཤླཽ་ཀ་གཅིག་གོ །གསུམ་པ་བསྟོད་པ་ལ་གཉིས་ཏེ། དང་པོ་བསྟོད་པ་བྱེད་པའི་ཀུན་ཏུ་སྤྱོད་པ་ནི་སློབ་མས་པུས་མོ་ཞེས་ཤླཽ་ཀ་གཅིག་གོ །བསྟོད་པ་དངོས་ལ་ལྔ་སྟེ། སྟོང་པའི་སྙིང་རྗེ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་དང་པོས། རྣམ་སྣང་གི་སྒོ་ནས་བླ་མ་ལ་བསྟོད་པའོ། །གཉིས་པས་ནི་འོད་དཔག་ཏུ་མེད་པ་གསུང་གི་སྒོ་ནས་སོ། །གསུམ་པས་ནི་ཡོན་ཏན་རིན་ཆེན་འབྱུང་ལྡན་གྱི་སྒོ་ནས་སོ། །བཞི་པས་ནི་མི་བསྐྱོད་པ་ཀུན་འགྲོའི་དབང་ཕྱུག་གི་སྒོ་ནས་སོ། །ལྔ་པས་ནི་དོན་ཡོད་གྲུབ་པ་ཕྲིན་ལས་ཀྱི་སྒོ་ནས་ཏེ། དེ་ལྟར་ན་དེ་བཞིན་གཤེགས་པ་ལྔའི་ཡོན་ཏན་དང་ལྡན་པས་ན། སློབ་དཔོན་ནི་དྲུག་པ་རྡོ་རྗེ་འཆང་ཆེན་པོའོ། །བཞི་པ་གསོལ་བ་གདབ་པ་ནི། དེ་ཉིད་བླ་མེད་ཅེས་བྱ་བ་ལ་སོགས་པ་ཤླཽ་ཀ་གསུམ་གྱིས་བསྟན་ཏོ། །སྤྱི་དོན་ལྔ་པ་གཞུག་ཅིང་མཆོད་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། འདི་དག་དཀྱིལ་འཁོར་སྒྲུབ་ཅིང་མཆོད་པའི་དབང་དུ་བྱས་ན་དེ་ལྟར་སློབ་མས་དཀྱིལ་འཁོར་བསྒྲུབ་པའི་རྟེན་ཕུལ་ནས་བསྟོད་དེ། སྒྲུབ་པ་མཛད་པར་གསོལ་བ་གདབ་པ་དང༌། སློབ་དཔོན་གྱིས་སློབ་མ་ལ་སྙིང་རྗེ་བསྐྱེད་ཅིང༌། དམ་ཚིག་གི་དཀྱིལ་འཁོར་འབྱིན་པས་བསྒྲུབ་པ་ལ། ཡེ་ཤེས་ཀྱི་དཀྱིལ་འཁོར་དགུག་གཞུག་གི་ཚུལ་གྱིས་བསྒྲུབ་པ་ནི། ཚོགས་ཀྱི་དཀྱིལ་འཁོར་དགུག་པའོ། །དེ་ནས་འདོད་ཡོན་ལྔ་ལ་སོགས་པས་མཆོད་པ་བྱས་ལ། བྱང་ཆུབ་ཀྱི་སེམས་པདྨའི་སྣོད་དུ་བཞག་པས་བསང་གཏོར་དང༌། བདག་གིས་ལྕེ་ལ་མྱང་བ་ལ་སོགས་པའི་བར་དུ་བྱ་ཞེས་སྦྱར་རོ་ཞེས་གསུང་ངོ༌། །ཡང་ན་དཀྱིལ་འཁོར་སྒྲུབ་པ་ནི་བདག་འཇུག་གི་གོང་དུ་བྱེད་པ་ཡིན་པས། རིག་མ་བཟང་མོ་གཞུག་ཅེས་བྱ་བ་འདིས་ཤེས་པར་བྱས་ལ། འདིར་དེ་ནས་ཏེ་སློབ་མ་གཞུག་པར་གསོལ་བ་བཏབ་པའི་རྗེས་ལའོ། །དེར་སློབ་དཔོན་གྱིས་སྙིང་རྗེ་བསྐྱེད་དེ། ཚོགས་ཀྱི་འཁོར་ལོར་དགུག་པ་ནི་ཚོགས་ཀྱི་ནང་དུ་སློབ་མ་བོས་པ་སྟེ་གཞུག་པ་ཞེས་བྱའོ། །ཇི་ལྟ་བུའི་གནས་སུ་གཞུག་ཅེ་ན། འདོད་ཡོན་ལྔས་གང་བ་ལ་སོགས་པ་རྒྱན་དང་མཆོད་པས་ཉམས་དགའ་བར་བྱས་པའི་དཀྱིལ་འཁོར་མཆོག་ཏུ་ངོ་མཚར་བར་གཞུག་ཅེས་བྱ་བའི་དོན་ཏོ། །སྤྱི་དོན་དྲུག་པ་དབང་བསྐུར་བ་དངོས་དམ་ཚིག་སྦྱིན་པ་དང་བཅས་པ་ནི། སློབ་དཔོན་སྐལ་བ་བཟང་པོ་ཞེས་བྱ་བ་ལ་སོགས་པ་ཤླཽ་ཀ་དྲུག་གོ །དེ་ལ་གཉིས་ཏེ། དབང་བསྐུར་བ་དང༌། དམ་ཚིག་སྦྱིན་པའོ། །དང་པོ་ལ་ཤླཽ་ཀ་གཉིས་ཏེ། དེ་ལ་སློབ་དཔོན་ཁ་ཅིག་ནི་དབང་བསྐུར་བ་འདི་གསང་བའི་དབང་ཡིན་ནོ་ཞེས་འཆད་དོ། །དེ་ནི་མ་ཡིན་ཏེ་བྱང་ཆུབ་ཀྱི་སེམས་པདྨའི་སྣོད་དུ་བཞག་ནས་གསང་དབང་མ་གསུངས་ཏེ། ཧེ་བཛྲ་ལས། དེ་ནི་ལག་ཏུ་མི་བླང་ཞིང༌། །ཉ་ཕྱིས་དུང་ཆོས་དག་ཏུ་མིན། །ཞེས་བཤད་པ་དང་འགལ་བའི་ཕྱིར་དང༌། མི་འགལ་དུ་ཆུག་ཀྱང་འོག་ནས་གསང་བའི་དབང་ཉིད་གསུངས་པ་དང་ཟློས་པར་འགྱུར་པའི་ཕྱིར་གསང་དབང་མ་ཡིན་ནོ། །དེས་ན་དང་པོའི་ཚིགས་བཅད་ཀྱིས་ནི་དབང་བསྐུར་བའི་སྔོན་དུ། དཀྱིལ་འཁོར་གྱི་འཁོར་ལོ་ལ་མཆོད་པའི་ཕྱིར། རྒྱལ་བའི་བདག་ཉིད་སྐྱེས་ཏེ་སྙོམས་འཇུག་གི་སྒྲས་བཀུག་པའི་དེ་བཞིན་གཤེགས་པ་ཞུ་བའི་བདག་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་སོ། །པདྨའི་སྣོད་དེ་ཐོད་པ་ལ་སོགས་པར་བླུགས་ཏེ་བསང་གཏོར་བྱ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་སྔོན་དུ་བཏང་ནས་དབང་བསྐུར་བ་དངོས་ནི། རྔ་ཡབ་གཡོབ་ཅིང་ཞེས་བྱ་བ་ལ་སོགས་པའི་སྦྱོར་བ་དང་བཅས་པས་དབང་བསྐུར་བྱ་སྟེ། ཆུ་ནས་བརྩམས་ཏེ་རྗེས་སུ་གནང་བའི་བར་གྱིས་བུམ་པའི་དབང་མཐའ་དག་བསྐུར་ཞེས་བྱ་བ་ཡིན་ནོ། །ཞེས་བླ་མ་དམ་པ་གསུང་ངོ༌། །ཡང་ན་རྣལ་འབྱོར་གྱི་རྒྱུད་དང་ཐུན་མོང་གི་སློབ་དཔོན་གྱི་དབང་གི་བར་ནི་རྒྱུད་འདིར་མ་གསུངས་ཏེ་གཞན་དུ་ཤེས་པར་བྱའོ། །འདིར་ནི་ཐུན་མོང་མ་ཡིན་པའི་སློབ་དཔོན་གྱི་དབང་སྟེ། ཧེ་བཛྲ་ལས། ཤེས་རབ་བཅུ་དྲུག་ལོན་པ་ལ། །ལག་པ་དག་གིས་ཡང་དག་འཁྱུད། །རྡོ་རྗེ་དྲིལ་བུ་མཉམ་སྦྱོར་བས། །སློབ་དཔོན་གྱི་ནི་དབང་དུ་འདོད། །ཅེས་འབྱུང་བས། ཚིགས་སུ་བཅད་པ་གཉིས་པོ་འདིའང་དོན་དང་རྗེས་སུ་མཐུན་ནོ། །ཞེས་ཁོ་བོའི་རྣམ་པར་རྟོག་པའོ། །གཉིས་པ་དམ་ཚིག་སྦྱིན་པ་ནི། སློབ་དཔོན་མཆོག་གི་དབང་ཕྱུག་ཅེས་བྱ་བ་ལ་སོགས་པའོ། །བཟང་པོ་རྟག་ཏུ་བསྐྱང་བར་གྱིས། །ཞེས་པའི་བར་ནི་བཟའ་བའི་དམ་ཚིག་གོ །སྡོམ་པ་ཤིན་ཏུ་འདའ་བར་དཀའ། །ཞེས་བྱ་བའི་བར་ནི་བསྲུང་བའི་དམ་ཚིག་སྟེ། འདིར་ནི་མདོར་བསྡུས་པ་ཙམ་གྱིས་རྒྱས་པར་རྩ་བའི་ལྟུང་བ་བཅུ་བཞི་པོ་ཀུན་ཤེས་པར་བྱའོ། །དེ་ལྟར་བུམ་པའི་དབང་བསྐུར་ནས་གཉིས་པ་གསང་དབང་བསྐུར་བ་ནི། གོང་དུ་གསུངས་པའི་ཞེས་བྱ་བ་ལ་སོགས་པ་སྟེ། འདི་ལ་དོན་གསུམ་ལས། དང་པོ་དབང་གི་རྟེན་བསྟན་པ་ནི་རྐང་པ་གསུམ་མོ། །སིཧླ་སོགས་པ་རྐང་པ་གསུམ་གྱིས་ནི་བསྟེན་པའི་ཚད་དེ། གཉི་གའི་བྱང་ཆུབ་ཀྱི་སེམས་དབང་བསྐུར་བ་ལ་དགོས་པའི་ཕྱིར་རོ། །བསྐུར་བའི་ཚུལ་ནི་ཕྱག་རྒྱའི་གདོང་ལ་སོགས་པ་ཤླཽ་ཀ་གཅིག་སྟེ། ཡབ་ལས་ཐོབ་པ་དང༌། ཡུམ་ལས་ཐོབ་པ་དང༌། གྲོལ་བའི་ཐབས་ལས་ཐོབ་པ་དང༌། ཉིན་བར་གྱི་ཐིག་ལེ་ལ་སོགས་པའི་ཚུལ་དཀྱིལ་འཁོར་གྱི་ཆོ་གར་བླ་མའི་མན་ངག་བཞིན་བསྐུར་བར་བྱའོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ལ་ལྔ་སྟེ། ཤེས་རབ་ཡེ་ཤེས་ཀྱི་དབང་གི་རྟེན་དང༌། དེ་ལས་སྐྱེས་པའི་ཡེ་ཤེས་ཀྱི་མཚན་ཉིད་དང༌། བྱང་ཆུབ་ཀྱི་སེམས་ཀྱི་དབང་བསྐུར་བའི་དགོས་པ་དང༌། དབང་ཐོབ་པ་ལ་རྗེས་སུ་གནང་བ་སྦྱིན་པ་དང༌། དེ་ལ་དགའ་བ་སྐྱེས་པའི་སློབ་མའི་བྱ་བའོ། །དང་པོ་ནི། རོ་མཉམ་ཞེས་རྐང་པ་གཉིས་ཏེ། གསང་དབང་གི་རྟེན་ཉིད་ལ་བྱ་ཞེས་བྱ་བའི་དོན་ཏོ། །དེ་བླ་མས་སློབ་མ་ལ་སྦྱིན་པ་ནི་ཤེས་རབ་ཀྱི་དབང་ངོ༌། །གཉིས་པ་ཡེ་ཤེས་ཀྱི་དབང་ནི། བླ་མའི་མན་ངག་བཞིན་སྙོམས་པར་ཞུགས་པ་ལས་ཞུ་བདེ་ལྷན་སྐྱེས་ཀྱི་ཡེ་ཤེས་སྐྱེས་ཞེས་བྱའོ། །འདི་ལ་གཉིས། ཡེ་ཤེས་ཀྱི་མཚན་ཉིད་དངོས་དང༌། དེ་རྟོགས་པའི་ཕྱིར་དགའ་བའི་རབ་ཏུ་དབྱེ་བའོ། །དང་པོ་ལ་གཉིས་ཏེ། ཡེ་ཤེས་ཀྱི་ངོ་བོ་ངོས་གཟུང་བ་དང༌། དེའི་ཁྱད་པར་རམ་མཚན་ཉིད་རྒྱས་པར་བཤད་པའོ། །དང་པོ་ནི་རང་རིག་ཡེ་ཤེས་ཉིད་དུ་འགྱུར་ཞེས་བྱ་སྟེ། གཞན་གྱིས་རྟོགས་པ་མ་ཡིན་པ་སོ་སོ་རང་གིས་རིག་པའི་ཆོས་ཉིད་ཐོབ་བོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བུའི་ཡེ་ཤེས་དེ་ནི་ཁྱད་པར་བདུན་ལྡན་ཏེ། སྤྲོས་པ་དང་བྲལ་བ་དང་ཟུང་འཇུག་གཉིས་མེད་ཡིན་པ་དང༌། འཚོ་བར་བྱེད་པ་ཡིན་པ་དང༌། སྐྱེ་བ་མེད་ཅིང་མི་འགྱུར་བ་དང༌། ཐམས་ཅད་ལ་ཁྱབ་པ་དང༌། སངས་རྒྱས་ཀྱི་ཡེ་ཤེས་ཡིན་པ་དང༌། ཐམས་ཅད་ཀྱི་རྒྱུ་ཡིན་པ་རྣམས་ཤླཽ་ཀ་གསུམ་གྱིས་གཞུང་རིམ་པ་བཞིན་བསྟན་ཏོ། །གལ་ཏེ་འདི་ལྟ་ན་དངོས་པོ་གཤིས་ཀྱི་གནས་ལུགས་ཀྱང་དེ་ཉིད་ཡིན་ཞིང༌། སངས་རྒྱས་ཀྱི་ཡེ་ཤེས་ཀྱང་དེ་ཉིད་ཡིན་ན་དབང་རྗེས་ཉིད་ལས་གྲོལ་བར་མི་འགྱུར་རམ། ཡང་འདི་རྣམས་དངོས་པོའི་གནས་ལུགས་མ་ཡིན་ན་འདིར་བརྗོད་པ་ཅི་ཞིག་བྱ་སྙམ་ན། དེ་ལ་གང་ཟག་རབ་རྒྱལ་པོ་ཨིནྡྲ་བྷཱུ་ཏི་ལྟ་བུ་ལ་གནས་ལུགས་ཉིད་ཡིན་ཞིང་དབང་རྗེས་ལ་གྲོལ་བའང་ཡིན་ནོ། །གང་ཟག་འབྲིང་དང་ཐ་མ་རྣམས་ལ་ནི་དཔེའི་ཡེ་ཤེས་ཡིན་པས། དབང་རྗེས་ལ་གྲོལ་བའི་སྐྱོན་མེད་དོ། །ཡང་འདི་རྣམས་ཉམས་སུ་མྱོང་བའི་ཆ་ནས་དངོས་པོའི་གནས་ལུགས་སངས་རྒྱས་ཀྱི་ཡེ་ཤེས་མ་ཡིན་ཡང༌། སངས་རྒྱས་ཀྱི་ཡེ་ཤེས་ཉིད་ནི་དེ་ལྟ་བུ་ཞིག་ཡིན་ལ། དེ་རྣལ་འབྱོར་པའི་བློ་ལ་སྒྲོ་འདོགས་གཅོད་པའི་ཕྱིར་འདིར་བསྟན་པ་ལ་དགོས་པའང་ཡོད་དོ། །དེ་ལྟ་བུའི་ཡེ་ཤེས་དེ་དུས་ནམ་གྱི་ཚེ་སྐྱེ་སྙམ་པ་ལ། དགའ་བ་བཞི་པའི་དུས་སུ་སྐྱེའོ་ཞེས་བསྟན་པའི་ཕྱིར་དེའི་བདག་ཉིད་དུ་གྱུར་པའི་དགའ་བའི་རབ་ཏུ་དབྱེ་བ་སྟོན་ཏོ། །འདི་ལ་གསུམ་སྟེ། དཔེའི་སྒོ་ནས་དགའ་བའི་མཚན་ཉིད་བསྟན་པ་དང༌། དགའ་བ་བཞིའི་གོ་རིམ་དང༌། དེའི་མཚོན་བྱེད་སྟོན་པའོ། །དང་པོ་ནི་དགའ་བ་དང་པོ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ཉམས་སུ་མྱོང་བ་ཅུང་ཟད་ཙམ་སྐྱེས་པ་ནི་དགའ་བའོ། །དེ་སྐྱེ་བའི་རིམ་པ་ལ་དང་པོར་སྐྱེ་བས་ན་དང་པོའོ། །དེ་དཔའ་བོ་སྟེ་དཔའ་བོའམ་སྐྱེས་པ་དེ་བྱ་བ་མང་བའི་དཔེས་དགའ་བའི་ཡེ་ཤེས་དེའང་རྣམ་པ་སྣ་ཚོགས་པའི་སྐད་ཅིག་མ་འོ་དང་འཁྱུད་པ་ལ་སོགས་པའི་དུས་སུ་སྐྱེ་ཞེས་བྱའོ། །མཆོག་ཏུ་དགའ་བ་ནི་གོང་མའི་བདེ་བ་ལས་མཆོག་ཏུ་གྱུར་པའི་བདེ་བ་སྐྱེས་པ་ནི་མཆོག་དགའ་འོ། །དེ་རྣལ་འབྱོར་མ་དང་ཆོས་མཐུན་པའི་དུས་སུ་སྐྱེ་བས་རྣལ་འབྱོར་མ་སྟེ། རྣམ་པར་སྨིན་པའི་སྐད་ཅིག་ལ་མཉམ་པར་སྦྱོར་བ་ནི་སྔ་མ་བས་བྱ་བ་ཉུང་བའི་ཕྱིར་རོ། །ཤིན་ཏུ་བདེ་དགའ་ནི་རྣམ་པར་ཉེད་པའི་སྐད་ཅིག་མ་བསྲུབ་པ་དང་སྲུབ་པའི་སྦྱོར་བའི་དུས་སུ་ཉམས་སུ་མྱོང་བ་ནི་དགའ་བྲལ་གྱི་ཡེ་ཤེས་ཏེ། གོང་མ་གཉིས་ལས་ཁྱད་པར་དུ་འཕགས་པས་ཤིན་ཏུ་བདེ་དགའ་ཡིན་ལ། ཐམས་ཅད་ངེས་པ་ནི་དེའི་ཚེ་ཕྱིའི་བྱད་གཟུགས་ལ་སོགས་པའི་ཞེན་པ་ཐམས་ཅད་དང་བྲལ་བར་ངེས་པའོ། །ཡང་ནང་གི་བདེ་བ་ཐམས་ཅད་ངེས་པས་ཀྱང་ཐམས་ཅད་ངེས་སོ། །དེ་བདེ་ཐབས་ལས་ཐམས་ཅད་རིག །ཅེས་པ་ལ། དེ་བདེ་ནི་གོང་གི་དགའ་བ་གསུམ་པོའོ། །དེ་ཐབས་ནི་གསུམ་གྱི་རྒྱུ་བྱས་ཏེ། དེ་ལས་ཐམས་ཅད་རིག་པ་ནི་གསུམ་པོ་འདས་པ་ན་མཚན་ཉིད་དང་བྲལ་བའི་སྐད་ཅིག་མའི་དུས། མཆོག་གི་ཟེ་བའི་གནས་སུ་བྱང་ཆུབ་ཀྱི་སེམས་མངོན་དུ་བྱས་པ་ན་ཐམས་ཅད་ལྷན་སྐྱེས་སུ་རིག་སྟེ། སྤྲོས་པ་དང་བྲལ་ཞེས་བྱ་བའི་དོན་ཏོ། །གཉིས་པ་གོ་རིམ་ནི། དེ་ལྟ་བུའི་ཡེ་ཤེས་དེའང་བཞི་པ་ཁོ་ནར་སྐྱེའི་གསུམ་པ་ལ་སོགས་པར་འཁྲུལ་པར་མ་བྱེད་ཅིག ཅེས་བསྟན་པའི་ཕྱིར་དང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གསུམ་པ་མཚོན་བྱེད་ནི་དེའང་དབང་ནི་ཞེས་བྱ་བ་ལ་སོགས་པ་སྟེ། དབང་བཞིའི་དགའ་བ་བཞི་གྲངས་མཚོན་པར་བྱེད། གོ་རིམ་མཚོན་པར་བྱེད། དྲི་མ་གང་དག་པ་དེ་མཚོན་པར་བྱེད་པ་ཡིན་གྱི། དབང་བཞིའི་དུས་སུ་དགའ་བ་བཞི་སྐྱེའོ་ཞེས་བྱ་བ་མ་ཡིན་ནོ་ཞེས་བླ་མ་གསུང་ངོ༌། །སློབ་དཔོན་ཁ་ཅིག་ཤེས་རབ་ཡེ་ཤེས་ཀྱི་དབང་ཉིད་ལ་ཆ་མཐུན་གྱི་ནང་གི་དབང་བཞི་ཞེས་འདོད་དེ་འདི་ལ་འགལ་བ་མེད་དོ། །གསུམ་པ་བྱང་ཆུབ་སེམས་ཀྱིས་དབང་བསྐུར་བའི་དགོས་པ་ནི། བྱང་ཆུབ་སེམས་ཀྱི་ཞེས་རྐང་པ་གཉིས་སོ། །བཞི་པ་དེ་ལྟར་དབང་ཐོབ་པ་དེ་ལ་རྗེས་སུ་གནང་བ་ནི་སངས་རྒྱས་གྲོང་ཁྱེར་ཞེས་བྱ་བ་ལ་སོགས་པ་རྐང་པ་བཅུའོ། །སློབ་མའི་བྱ་བ་ལ་བཞི་སྟེ། དབང་དང་རྗེས་གནང་ཐོབ་པའི་སྒོ་ནས་སྤྲོ་བ་སྐྱེས་ཏེ། བསྔགས་པ་བརྗོད་པ་དང༌། བླ་མ་ལ་ཡོན་ལ་སོགས་པས་མཆོད་པར་བྱ་བ་དང༌། སངས་རྒྱས་ཐམས་ཅད་ལ་གསོལ་བ་གདབ་པ་དང༌། ལམ་ལ་གནས་པར་ཁས་བླང་བ་རྣམས་དབང་དང་ཞེས་ཤླཽ་ཀ་བཞི་དང༌། རངས་ཤིང་ཞེས་ཤླཽ་ཀ་ཕྱེད་དང་བདུན་དང༌། ད་ནི་ཞེས་རྐང་པ་གཉིས་དང༌། ཇི་ལྟར་ཞེས་བྱ་བ་རྐང་པ་དྲུག་གིས་བསྟན་ཏོ། །ཚིག་གི་དོན་ནི་གོ་སླའོ། །དེ་ལྟར་དགོས་པ་དང༌། རྗེས་གནང་དང༌། སློབ་མའི་བྱ་བ་རྣམས་ནི་གསུམ་པའི་སྐབས་སུ་བཤད་ཀྱང་ཀུན་གྱི་ཐུན་མོང་དུ་ཤེས་པར་བྱའོ། །དབང་བཞི་པ་ལ་གཉིས་ཏེ། སློབ་མ་མཚན་ཉིད་དང་ལྡན་པ་ལ་དབང་སྦྱིན་པར་བསྟན་པ་དང༌། དབང་གི་ཚིག་དངོས་སོ། །དང་པོ་ལ་དབང་ཆོ་ག་འདིས་སྦྱིན་པར་བྱ་ཞིང་ཞེས་བྱ་བ་ནི་དེ་ལྟར་དབང་བསྐུར་བ་གསུམ་པོའི་ཆོ་ག་དེས་བྱིན་ནས་ཞེས་བྱ་བའམ། ཡང་ན་འོག་ནས་ཀྱི་ཆོ་ག་འདིས་བཞི་པ་སྦྱིན་ཞེས་བྱ་བའི་དོན་ཏོ། །དབང་བཞི་པ་འདིས་ཐམས་ཅ་ལ་སྦྱིན་པ་ཡིན་ནམ་སྙམ་ན་མ་ཡིན་པར་བསྟན་པའི་ཕྱིར་སློབ་མའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལྷག་པར་མོས་པ་ནི་བླ་མ་དང་ཤེས་རབ་ཡེ་ཤེས་ཀྱི་དབང་གི་ཉམས་མྱོང་ལ་མོས་པའོ། །དེ་ལ་བླ་མ་ལ་མོས་པ་མེད་ན། བླ་མའི་ཚིག་ལ་ངེས་པ་མི་སྐྱེའོ། །དབང་གི་ཉམས་ལ་མོས་པ་མེད་ན་ཕ་རོལ་ཏུ་ཕྱིན་པའི་ཐོས་བསམ་བྱས་པ་དང༌། ཁྱད་པར་མེད་པར་འགྱུར་རོ། །ཟབ་པ་དང་ཞེས་བྱ་བ་ནི་ཟབ་པ་སྟོང་པ་ཉིད་ལ་མོས་པ་སྟེ། སྤྲོས་བྲལ་ལ་མོས་པ་མེད་ན་འདོད་ཆེན་པ་དང་ཁྱད་པར་མེད་དེ་མྱ་ངན་ལས་འདས་པའི་སེམས་མི་སྐྱེའོ། །རྒྱ་ཆེ་བའི་རིགས་ལ་ཞེས་བྱ་བ་ནི་རྒྱ་ཆེ་བ་ཐབས་བསམ་གྱིས་མི་ཁྱབ་པ་ལ་མོས་པ་མེད་ན་གཞན་འཛིན་པའི་མཐུ་མེད་པས་ཉན་ཐོས་དང་རང་རྒྱལ་བཞིན་དུ་འགྱུར་བའི་ཕྱིར་རོ། །དེ་བས་ན་རིམ་པ་གཉིས་ཀ་ལ་མོས་པ་མིན་ནོ་ཞེས་གསུངས་སོ། །དེ་ལྟ་བུའི་སློབ་མའི་བསམ་པ་སློབ་དཔོན་གྱིས་ཤེས་པར་བྱས་ནས་ཚིག་གི་དབང་རིན་པོ་ཆེ་བཞི་པ་སྦྱིན་གྱི་གཞན་དུ་ནི་མ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །དབང་དངོས་ལ་གསུམ་སྟེ། དབང་གི་ཡེ་ཤེས་སྐྱེ་བའི་རྒྱུ་དབང་དངོས་རྗེས་སུ་གདམས་པའོ། །དང་པོ་ནི་གང་ཐོབ་ཅེས་བྱ་བ་ལ་སོགས་པ་སྟེ། གང་ཐོབ་ནི་གང་དུའོ། །དབང་རབ་མཆོག་ནི་གསུམ་པ་སྟེ། མདོར་ན་དབང་གསུམ་པའི་ཉམས་སུ་མྱོང་བ་དེ་ཞེས་བྱའོ། །གསུམ་པ་ཉིད་ཀྱི་དུས་ནམ་མྱོང་ན་རིགས་ཀྱི་བདག་པོ་སྟེ། དེའི་ཁ་དང་རྩ་མཛེས་པའི་སྤྱི་བོར་རླུང་འདྲེན་པའི་སྒོ་ནས་ཐིག་ལེ་བཟུང་བའོ། །རྙེད་པར་དཀའ་བ་ནི་མན་ངག་མེད་པའོ། །མཚུངས་པ་མེད་པ་ནི་མན་ངག་གི་སྒོ་ནས་དབབ་པ་དང་བཟློག་པ་ལ་སོགས་པའོ། །དེའི་ཚེ་ཅི་མྱོང་སྙམ་ན། ལོངས་སྤྱོད་རྫོགས་པའི་ཞིང་གི་དཔལ་དག་བླང་བར་བྱས་པ་དེ། དེ་ལ་ལོངས་སྤྱོད་རྫོགས་པ་དང༌། དེ་བསྐྱེད་པའི་གནས་ནི་ཞིང་ངོ༌། །དཔལ་ནི་མི་ཤེས་པར་འདྲལ་བས་སོ། །བླང་བ་ནི་སྐྱེས་པའོ། །པས་ནི་དེ་རྒྱུ་ཞེས་བྱ་བའི་དོན་ཏོ། །ཡང་ན་ལོངས་སྤྱོད་པ་ནི་ལོངས་སྐུ། དེའི་ཞིང་གི་དཔལ་ནི་དེ་བསྐྱེད་པ་སྟེ་ཆོས་སྐུའོ། །དེ་བླངས་པ་ནི་སྐུ་གསུམ་གྱི་ཉམས་སྐྱེས་པ་དེ་ཞེས་བྱའོ། །གཉིས་པ་ནི། དེ་ལྟ་བུ་ལས་མྱོང་བ་དེ་ཅི་ཡིན་སྙམ་ན། བྱང་ཆུབ་ཆེན་པོའི་དབང་བསྐུར་བ་སྟེ། ཡེ་ཤེས་དེ་མངོན་དུ་བྱས་པ་ནི་དེ་ཁོ་ན་ཉིད་མཐོང་བ་ཡིན་ཏེ། དེ་དང་ཁྱད་པར་མེད་པའི་ཕྱིར་རོ་ཞེས་བྱའོ། །གསུམ་པ་ནི་བཀའི་གནང་བ་རྙེད་ནས་ཏེ། དེ་ལྟར་དབང་བསྐུར་ནས། བླ་མས་གདམས་པ་རྫོགས་པར་བྱིན་ཏེ། ཉམས་རྒྱུད་ལ་སྐྱེས་པའི་གནང་བའོ། །དེ་ལྟར་དབང་དང་གདམས་ངག་ཐོབ་པས། ཁྱོད་ནི་བདག་གིས་བྱས་སོ་སྙམ་པའི་རློམ་པ་སྐྱེད་དེ། བག་མེད་པར་མ་སྡོད་ཅིག་ཅེས་སྟོན་པ་ནི་འཇིག་རྟེན་གསུམ་གྱི་ལ་སོགས་པ་སྟེ། འཇིག་རྟེན་གསུམ་གྱི་དགྲ་བོ་ནི་ཉོན་མོངས་པ་ཡིན་ལ། དེའི་རྒྱུ་ནི་རྣམ་པར་རྟོག་པའོ། །དེ་ལས་རྒྱལ་བ་ནི་རྣམ་པར་རྟོག་པ་མེད་པའོ། །དེ་བས་ན་བདག་གིས་ནི་མཚན་མ་དང་རྣམ་པར་རྟོག་པ་མེད་པ་ལ་འབད་པར་བྱའོ། །ཞེས་བརྩོན་པའི་གོ་ཆ་གོན་པ་ནི་མྱ་ངན་ལས་འདས་པའི་སེམས་ཏེ་ཤེས་རབ་བོ། །དེ་ལ་བདག་ཉིད་ཙམ་མ་ཡིན་ནོ་ཞེས་ཐབས་སྟོན་པ་ནི། བྱང་ཆུབ་བདག་ལ་ཞེས་བྱ་བ་ལ་སོགས་པ་སྟེ། སྙིང་རྗེའི་སྒོ་ནས་སེམས་ཅན་གཞན་གྱི་དོན་ལ་ཆགས་པར་བྱའོ། །གཞན་དོན་བྱེད་ཀྱང་སེམས་ཅན་དུ་ཞེན་པ་མེད་པས་ན། རྣལ་འབྱོར་པས་ནི་དྲི་མ་མེད་པར་སྤྱོད། །ཅེས་པའོ། །དབང་འདི་དག་གི་སྔོན་འགྲོ་དང༌། མཐའ་རྟེན་ལ་སོགས་པ་དཀྱིལ་འཁོར་གྱི་ཆོ་ག་ལས་ཤེས་པར་བྱའོ། །གཉིས་པ་ལས་རབ་ཏུ་བྱེད་པ་དང་པོའི་བཤད་པའོ། །དེ་ལྟར་རབ་ཏུ་བྱེད་པ་དང་པོས་སྨིན་པར་བྱེད་པའི་དབང་བསྐུར་བ་བསྟན་ནས། ད་ནི་དེས་ཉམས་སུ་བླང་བ་གྲོལ་བར་བྱེད་པའི་ལམ་ཐབས་ཀྱི་རྒྱུད་སྟོན་ཏོ། །འདི་ལ་བཞི་སྟེ། རབ་ཏུ་བྱེད་པ་གཉིས་པ་ནས་བརྩམས་ནས་བརྟག་པ་དྲུག་པ་རྫོགས་པའི་བར་གྱིས་ནི། ཕལ་ཆེར་དུ་གཙོར་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཀྱི་མངོན་པར་རྟོགས་པ་སྟོན་ཏོ། །དེ་ནས་བདུན་པ་དང༌། བརྒྱད་པས་དངོས་གྲུབ་མཐའ་དག་གི་ཐབས་སྟོན་ཏོ། །དགུ་པའི་དང་པོས་ནི། མཆོག་གི་དངོས་གྲུབ་ཀྱི་ཉེ་བའི་རྒྱུ་སྟོན་ཏོ། །དགུ་པའི་འོག་མ་གསུམ་གྱིས་ནི་དངོས་གྲུབ་མཐའ་དག་གི་ཐབས་ཀྱི་ཁྱད་པར་གཞན་གོང་མའི་འཕྲོ་སྟོན་ཏེ། དང་པོ་ལ་ལྔ་སྟེ། རབ་བྱེད་གཉིས་པ་དེ་ལྟར་དབང་བསྐུར་བ་རྟོགས་པའི་ལྟ་བ་དང་འབྲེལ་པས། ཐོག་མར་ཇི་ལྟར་མོས་པར་བྱ་བ་སྟོན་ཏོ། །དེ་ནས་རྫོགས་པའི་རིམ་པའི་རྟེན་བསྐྱེད་རིམ་བསྒོམ་པ་རབ་ཏུ་བྱེད་པ་བཅུ་གཅིག་གིས་སྟོན་ཏོ། །དེ་ནས་བསྐྱེད་པའི་རིམ་པའི་ལྷ་ཡེ་ཤེས་སུ་རྟོགས་པར་བྱ་བའི་ཕྱིར་རྫོགས་པའི་རིམ་པའི་རང་བྱིན་བརླབ་བསྒོམ་པ་ལྔ་པའི་གཉིས་པས་སྟོན་ཏོ། །དྲོད་ཐོབ་ནས་སྤྱོད་པ་དངོས་སྤྱད་པ་ལྔ་པའི་རབ་བྱེད་ཕྱི་མ་གཉིས་ཀྱིས་སྟོན་ཏོ། །དེ་ནས་ཉེ་བའི་རྒྱུ་རྫོགས་པའི་རིམ་པ་དང་བཅས་པ་ཨཱ་ལིའི་བདག་ཉིད་བསྐྱེད་པའི་ཚུལ་རྒྱས་པར་བརྟག་པ་དྲུག་པས་བསྟན་ཏོ། །བསྡུས་པའི་དོན་ཏོ། །དང་པོ་ལ་གསུམ་སྟེ། བཤད་པར་དམ་བཅའ་བ་དང༌། དོན་དངོས་དང༌། རབ་ཏུ་བྱེད་པའི་མིང་ངོ༌། །དོན་དངོས་ལ་གསུམ་མོ། །ཕན་ཡོན་ནམ་འབྲས་བུའམ་དམིགས་པར་བྱ་བའི་ཡུལ་བསྟན་པ་དང༌། དམ་ཚིག་དང༌། ཐབས་ཤེས་རབ་ཀྱི་དོན་སྒོམ་པ་དངོས་སོ། །དང་པོ་ནི་དེ་ནས་ཞེས་བྱ་བ་ཤླཽ་ཀ་གཅིག་གོ །དེ་ལ་རབ་ཏུ་བྱེད་པ་འདིའི་བརྗོད་བྱའི་དོན་དང༌། རྗོད་བྱེད་ཀྱི་སྒྲ་དང༌། མངོན་པར་རྟོགས་པ་དང༌། རྒྱུད་སྡེ་གཞན་གྱི་བཤད་པའི་རྒྱུད་དུ་འགྲོ་བའི་ཚུལ་བརྗོད་པར་བྱ་སྟེ། དེ་ལ་བརྗོད་བྱའི་དོན་ནི་གསུམ་ཀ་སྟོན་ཏེ། ཐབས་ཤེས་རབ་ཀྱི་དོན་ཐོས་བསམ་གྱི་སྒོ་ནས་སྤྱིའི་རྣམ་པ་ཙམ་གཏན་ལ་ཕབ་པའི་ཆ་ནས་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་སྤྱི། མཆོག་དབང་གིས་མཚོན་ནས་ཉམས་སུ་བླང་བའི་ཆ་ནས་སྦས་པ། རང་བྱིན་བརླབ་དམིགས་མེད་དེའི་ཞར་ལ་དཀྱིལ་འཁོར་འཁོར་ལོའང་བསྟན། དེའི་ཕན་ཡོན་ནམ་བསྒོམ་པའི་འཐད་པའི་ཞར་ལ་མཐར་ཐུག་ཀྱང་སྟོན་ཏོ། །རྗོད་བྱེད་ཀྱི་སྒྲ་ཡན་ལག་གི་དོན་གཙོ་ཆེ་བའི་གསུམ་ཀ་འཇུག མངོན་པར་རྟོགས་པ་ལ་རྒྱུ་དང༌། ཐབས་དང་འབྲས་བུ་གསུམ་ཀ་སྟོན་ཀྱང་ཐབས་ཀྱི་རྒྱུད་གཙོ་ཆེ། ཐབས་ལ་གཉིས་ལས་གཙོར་མཆོག་གི་དངོས་གྲུབ་ཀྱི་ཐབས། དེ་ལ་ལྔ་ལས། འདིར་དབང་ཐོབ་པས་འོག་ནས་འབྱུང་བའི་ལམ་མཐའ་དག་སངས་རྒྱས་ཀྱི་ལམ་དུ་འགྱུར་བར་བྱ་བའི་ཕྱིར་དང་པོ་རྟོགས་པའི་ལྟ་བ་དང་འབྲེལ་ལ། ཡང་དེ་ཉིད་བསྐྱེད་རིམ་གྱི་རྗེས་ལ་བསྒོམ་པའི་དབང་དུ་བྱས་ན་ལྷ་ཡེ་ཤེས་སུ་རྟོགས་པར་བྱ་བའི་རྫོགས་པའི་རིམ་པ་དང་འབྲེལ་ཏོ། །རྒྱུད་སྡེ་གཞན་ལ་ཇི་ལྟར་ཕན་འདོགས་ན། གཙོ་ཆེར་བརྟག་པ་གཉིས་པའི་དེ་ཁོ་ན་ཉིད་ཀྱི་ལེའུ་དང༌། རྣལ་འབྱོར་མ་འཁོར་ལོ་འདུ་བའི་ལེའུར་བསམ་མི་ཁྱབ་ཀྱི་དོན་བསྒོམ་པ་དང༌། དཀྱིལ་འཁོར་འཁོར་ལོའི་དོན་བསྒོམ་པའི་ཚུལ་མི་གསལ་བ་གསལ་བར་བྱེད་པ་ཡིན་ལ། དཀྱིལ་འཁོར་འཁོར་ལོའི་བསྟེན་པའི་དམ་ཚིག་དང༌། ཉེས་པ་བཅོམ་པ་ནི་མཁའ་འགྲོ་མ་ལེའུ་སོ་དྲུག་པ་ལས་ཅུང་ཟད་ཙམ་མི་འདྲ་བར་གསུངས་ལ། སྤྱིར་དུ་ན་འདུས་པའི་བྱང་ཆུབ་ཀྱི་སེམས་ཀྱི་ལེའུ་དང༌། རྡོ་རྗེ་གུར་གྱི་བྱང་ཆུབ་ཀྱི་སེམས་ལ་སོགས་པ་སྟེ། རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་ལྟ་བའི་དོན་དང༌། རྫོགས་རིམ་དམིགས་པ་མེད་པ་དང༌། དཀྱིལ་འཁོར་འཁོར་ལོའི་ཐབས་བསྒོམ་པའི་དོན་མཐའ་དག་གི་གསལ་བྱེད་ཡིན་པས་སྤྱིའི་བཤད་པའི་རྒྱུད་ཡིན་ནོ། །གཞུང་གི་དོན་ལས་དང་པོར་བཤད་པར་དམ་བཅའ་བ་ལ། དེ་ནས་ཞེས་བྱ་བ་ནི་བྱང་ཆུབ་སེམས་ཀྱི་དབང་གི་རྗེས་ལའོ། །ཅིའི་ཕྱིར་དབང་རྗེས་ལ་འདི་བསྟན། དབང་རྗེས་ལ་ནི་དམ་ཚིག་གི་བསྐྱེད་རིམ་ལ་སོགས་པ་འོང་བར་རིགས་སོ་ཞེ་ན། མ་ཡིན་ཏེ་དེ་ཁོ་ན་ཉིད་མ་རྟོགས་པའི་ལམ་གཞན་གྱིས་དོན་མེད་པ་ཡིན་ལ། དེ་ཁོ་ན་ཉིད་རྟོགས་པའི་ཐབས་ནི་ཕ་རོལ་ཏུ་ཕྱིན་པ་བས་ནི་ཐོས་པ་ཙམ་གྱིས་ཚོལ་བར་བྱེད་ལ། གསང་སྔགས་པས་ནི་དཔེའི་སྒོ་ནས་མངོན་དུ་བྱེད་ལ། དེ་ནི་དབང་གི་དུས་སུ་མྱོང་བ་ཡིན་པས། དེ་འདིས་གསལ་བར་བྱེད་པ་སྟེ། ཚིག་དབང་བཞི་པའི་འཕྲོ་ལྟ་བུ་ཞེས་བྱ་བའི་དོན་ཏོ། །ཐབས་དང་ཤེས་རབ་དོན་ལ་ཐབས་ནི་དངོས་པོ་སྣ་ཚོགས་སུ་སྣང་ཞིང་བསྐྱེད་པ་ཡིན་ལ། ཤེས་རབ་ནི་ངོ་བོ་སྤྲོས་པ་ཐམས་ཅད་དང་བྲལ་བ་སྟེ། ཇི་སྐད་དུ། རང་བཞིན་མེད་པའི་རང་བཞིན་གྱིས། །ཤེས་རབ་ཅེས་ནི་ཡོངས་སུ་གྲགས། །ཐབས་ནི་དངོས་པོའི་མཚན་ཉིད་དོ། །ཞེས་བཤད་པ་ལྟ་བུའོ། །དེ་ལྟར་ཤེས་བྱ་དངོས་པོའི་གཤིས་ཀྱི་གནས་ལུགས་རྒྱུན་དུ་དེ་བཞིན་དུ་གནས་སོ། །དེ་ལྟ་བུ་དེ་མ་ཤེས་པའམ་བློའི་སྒོ་ནས་ཉམས་སུ་ལེན་པ་ནི་བསྒོམ་པ་ཡང་དག་ཅེས་བྱའོ། །དེའང་དང་པོ་ཤེས་བྱ་སྤྱི་དེ་ལྟར་གནས་པ་ལ་བློས་དེ་ལྟ་བུར་སྒྲོ་འདོགས་བཅད་པ་ཙམ་དེ་ལ་ལྟ་བ་ཞེས་བྱའི། ལྟ་བ་དེའི་མཐའ་སེམས་པ་ནི་མ་ཡིན་ཏེ་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །དེ་ལྟར་ལྟ་བས་སྒྲོ་འདོགས་བཅད་པ་བཞིན་རྟོགས་པ་བསྐྱེད་པ་ནི་བསྒོམ་པ་སྟེ། ཐབས་སྙིང་རྗེ་གཙོ་བོར་གྱུར་པའི་ཐབས་བསམ་གྱིས་མི་ཁྱབ་པ་བསྒོམ་པ་དང༌། ཤེས་རབ་སྤྲོས་བྲལ་ནི་མཐའ་གང་ལའང་མ་རེག་པར་བསྒོམ་པའོ། །དེས་ན་དེ་རབ་བཤད་བྱ་ཞེས་བྱའོ། །ཅིའི་ཕྱིར་བཤད་ན་ཐབས་དང་ཤེས་རབ་ནི་རང་བཞིན་གྱིས་གནས་ཏེ་དེ་བཞིན་གཤེགས་པ་རྣམས་བྱོན་ཡང་རུང་མ་བྱོན་ཡང་རུང་དེ་བཞིན་ནི་རྟག་ཏུ་གནས་སོ་ཞེས་གསུང་ངོ་སྙམ་པ་ལ། དེ་ལྟར་གནས་ཀྱང་སྒྲུབ་པ་པོ་ལ་ཕན་པའི་ཕྱིར་ཏེ། ཉམས་སུ་ལེན་པར་འདོད་པ་རྣམས་ལའོ། །སྒྲུབ་པ་པོ་ཉིད་ཇི་ལྟ་བུས་ཉམས་སུ་བླང་སྙམ་པ་ལ། ཕ་རོལ་དོན་བརྩོན་བརྩོན་འགྲུས་ནི། །ལྟ་བས་ཐག་ཆོད་ནས་དེའི་གནས་ཐོབ་པར་འདོད་པ་དེ་དང་ལྡན་པའོ། །དེ་ལྟར་ཐབས་ཤེས་རབ་ཀྱི་དོན་བསྒོམས་པ་ལས་ཕན་ཡོན་ཅི་འབྱུང་སྙམ་པ་ལ། གཉིས་པ་དེའི་ཕན་ཡོན་ནི་འཁོར་བའི་ཞེས་ཤློ་ཀ་གཉིས་ཏེ། དེ་ལ་ཐབས་ནི་དངོས་པོ་སྣ་ཚོགས་ཡིན་ལ། ལྟ་བས་དེ་ལྟར་འཁོར་བའི་མཚན་ཉིད་ཤེས་ནས་དེ་བསྒོམ་པ་ནི་སྙིང་རྗེས་སེམས་ཅན་འཁོར་བའི་རྒྱ་མཚོར་བྱིང་བ་རྣམས་བསྒྲལ་བར་བྱའོ། །ཞེས་དཀའ་བ་ཉམས་སུ་བླང་བ་བསྒོམ་པའོ། །དེ་ལ་ཕན་ཡོན་ནི་རང་དོན་དུ་མྱ་ངན་ལས་འདས་པར་མི་འགྱུར་ཏེ། འོ་ན་འདོད་ཆེན་བཞིན་དུ་འཁོར་བར་འགྱུར་རམ་ཞེ་ན། འཁོར་བའི་རྒྱ་མཚོའི་འཇིགས་པ་ལས་སྒྲོལ་ཏེ། འཁོར་བ་མི་དམིགས་པར་འདོད་པ་ཉིད་མྱ་ངན་ལས་འདས་པ་འདོད་པ་ཡིན་ནོ། །དེ་བས་ན་ཤེས་པས་ལོགས་པ་མི་འདོད་དེ། །ཤེས་པས་སྲིད་ལ་མི་གནས་ཤིང༌། །སྙིང་རྗེས་ཞི་ལ་མི་གནས་ཞེས་བྱ་བ་ཡིན་ནོ། །དེ་ལྟར་ཐབས་ཤེས་རབ་གཉིས་ཀྱིས་ནི་གང་གིས་ཁྱད་འཕགས་མཐར་ཐུག་པ་ཞེས་བྱ་བ་ལ་སོགས་པ་ཐོབ་སྟེ། བྱང་ཆུབ་བླ་མེད་ནི་མི་གནས་པའི་མྱ་ངན་ལས་འདས་པ་སྟེ། འཁོར་བ་མྱ་ངན་འདས་པ་ལ། །བདག་ཉིད་ཆེ་དེ་མི་གནས་པས། །དེ་ཕྱིར་སངས་རྒྱས་རྣམས་ཀྱིས་ནི། །མི་གནས་མྱ་ངན་འདས་འདིར་བཤད། །ཅེས་གསུངས་པ་ལྟ་བུའོ། །དེ་ལྟར་ན་ཐབས་ཤེས་རབ་ཀྱི་དོན་བསྒོམས་པའི་ཕན་ཡོན་དེས་དེ་ལྟ་བུའི་གནས་ཐོབ་པར་བྱའོ་ཞེས་དམིགས་པའི་ཡུལ་དུ་འཇོག་པས་ཀུན་རྫོབ་བྱང་ཆུབ་སེམས་སུ་འགྱུར་རོ། །ཅི་དེ་ལྟར་ཐབས་ཤེས་རབ་ཀྱི་དོན་བསྒོམས་པས་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་ན། ཆོས་གཞན་གྱིས་ཅི་བྱ་ཐམས་ཅད་དོར་བར་བྱའམ་སྙམ་པ་ལ། གསུམ་པ་དེའི་དམ་ཚིག་ནི། ཆོས་རྣམས་མ་དོར་བས་ཐབས་ཤེས་རབ་ཀྱི་སྒོམ་པ་འགྲུབ་པར་འགྱུར་གྱི། འདི་རྣམས་དོར་ན་ཐབས་ཤེས་རབ་མི་འགྲུབ་བོ་ཞེས་བསྟན་པའི་ཕྱིར། ཕུང་པོ་ལྔ་སོགས་ཞེས་ཤླཽ་ཀ་གཅིག་གསུངས་སོ། །དེ་ལ་ཕུང་པོ་ལྔ་སོགས་ནི་ཁམས་དང་སྐྱེ་མཆེད་ཀྱང་བསྡུ་སྟེ། ཀུན་རྫོབ་ཀྱི་སྣང་བའི་ཆོས་མཐའ་དག་གོ །དེ་སྤང་བར་མི་བྱ་སྟེ། སྙིང་རྗེ་བསྒོམ་པའི་ཡུལ་མེད་པའི་ཕྱིར་རོ། །ཐེག་གསུམ་ནི་ཉན་ཐོས་དང་རང་རྒྱལ་དང་བྱང་ཆུབ་ཆེན་པོའོ། །དེ་སྤང་བར་མི་བྱ་སྟེ་སྤངས་པ་ན་རིགས་ཅན་གསུམ་དྲང་བར་མི་ནུས་པའི་ཕྱིར་རོ། །དེ་ལ་སྤང་བ་ཞེས་བྱ་བ་ནི་གཉིས་ཏེ། མི་སྣང་བས་སྤང་བ་དང༌། མི་འདོད་པས་སྤང་བའོ། །མི་འདོད་པས་སྤང་ན་ནི་སྤྱིར་མེད་པར་ལྟ་བར་འགྱུར་བས་མི་སྤང༌། ཁྱད་པར་དུ་ལྟུང་བ་བརྒྱད་པ་དང༌། དྲུག་པ་དང༌། བཅུ་གཅིག་པར་འགྱུར་བའི་ཕྱིར་རོ། །མི་སྣང་བས་སྤང་བ་ནི་མི་རིགས་ཏེ། སྣང་བ་མི་འགག་པའི་ཕྱིར་ཏེ། སྤྱོད་འཇུག་ལས། ཇི་ལྟར་མཐོང་ཐོས་ཤེས་པ་དག །འདིར་ནི་འགག་པར་བྱ་མིན་ཏེ། །ཞེས་བཤད་པ་ལྟ་བུའོ། །འོ་ན་སོ་སོ་སྐྱེ་བོ་དང་ཁྱད་པར་མེད་པར་མི་འགྱུར་རམ་སྙམ་ན། ཆོས་དབྱིངས་ཤིན་ཏུ་མཉམ་པ་ཉིད་དེ་ཆོས་ཐམས་ཅད་ཀྱི་དབྱིངས་ནི་རྒྱུ་སྟེ། དེར་ཅིར་ཡང་མ་གྲུབ་པའོ། །གལ་ཏེ་གྲུབ་ན་རྒྱུད་མི་རུང་ངོ༌། །དེས་ན་ཅིར་ཡང་མ་གྲུབ་པས་བདེན་པའི་དངོས་པོ་མེད་པའོ། །དེའི་ཕྱིར་ན་ཀུན་རྫོབ་ཙམ་གྱི་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་པར་འབྱུང་བ་རྐྱེན་ཉིད་འདི་པ་ཙམ་སྟེ། འདི་ཡོད་པས་འདི་འབྱུང་ཞེས་བྱ་བའི་ཀུན་རྫོབ་ལ་སྐུར་བ་མི་འདེབས་པ་ནི་འདིའི་དམ་ཚིག་ཡིན་ཏེ། མི་བདེན་པ་དང༌། སྣང་བ་མི་འགག་པའི་ཕྱིར་ཆུ་ཤིང་དང་འདྲ་བར་སྙིང་པོ་མེད་པར་གཟུང་སྟེ། ཞེན་མེད་དུ་ཆོས་ཐམས་ཅད་ཉམས་སུ་བླང་ཞེས་བྱ་བའི་དོན་ཏོ། །བཞི་པ་ཐབས་ཤེས་རབ་ཀྱི་དོན་བསྒོམ་པ་དངོས་ལ་གཉིས་ཏེ། ཐབས་ཤེས་རབ་གཉིས་མེད་བསམ་མི་ཁྱབ་བསྒོམ་པ་དང༌། དེའི་རྟོགས་པ་བརྟན་ཞིང་བོགས་དབྱུང་བར་བྱ་བའི་ཕྱིར་དཀྱིལ་འཁོར་འཁོར་ལོ་བསྒོམ་པའོ། །དང་པོ་ལ་གཉིས་ཏེ། བསྒོམ་པའི་ཚུལ་དངོས་དང༌། དེ་སྒོམས་པར་རྗེས་སུ་གདམས་པའོ། །དང་པོ་ནི། སྟོང་པ་བསྒོམ་པར་མི་བྱ་སྟེ། །ཞེས་བྱ་བ་ལ་སོགས་པ་ཤླཽ་ཀ་བཞིའོ། །གཉིས་པ་ལ་དྲུག་སྟེ། དམིགས་པ་མེད་པའི་སྙིང་རྗེ་དང་ཤེས་རབ་ཐོབ་པའི་རྒྱུ་ཡིན་པས། སྒོམས་ཤིག་པར་གདམས་པ་ཤླཽ་ཀ་ཕྱེད་བཅུས་བསམ་མེད་ཀྱི་དོན་རྒྱུན་དུ་སྐྱེ་བའི་རྒྱུ་ཡིན་པས་སྒོམས་པར་གདམས་པ་དང༌། དེ་ནས་ཤླཽ་ཀ་གཉིས་ཀྱིས་དེ་གཉིས་མེད་ལ་སོགས་པའི་ངོ་བོ་ཡིན་པའི་ཕྱིར་སྒོམས་པར་གདམས་པ་དང༌། དེ་ནས་ཤླཽ་ཀ་གསུམ་གྱིས་དངོས་གྲུབ་ཐོབ་པའི་རྒྱུ་ཡིན་པའི་ཕྱིར་སྒོམས་པར་གདམས་པ་དང༌། དེ་ནས་དབང་པོ་རྡོ་རྗེའི་ཤླཽ་ཀ་གསུམ་གྱིས་སེམས་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ཀའི་རྒྱུ་ཡིན་པའི་ཕྱིར་སྒོམས་པར་གདམས་པ་དང༌། དེ་ནས་དེ་ལྟ་བུའི་གསུམ་གྱིས་འབྲས་བུ་སྤངས་པ་དང༌། ཡེ་ཤེས་ཐོབ་པའི་རྒྱུ་ཡིན་པའི་ཕྱིར་སྒོམས་པར་གདམས་པའོ། །ལྷག་མས་ནི་གཞུང་བསྡུ་བ་བསྟན་ཏོ། །ཞེས་བླ་མ་གོང་མ་རྣམས་དེ་ལྟར་ས་མཚམས་བཅད་དེ་གསུང་བའོ། །ས་མཚམས་དེ་ལྟར་བཅད་ཀྱང་གང་ལ་སྒོམ་པ་པོ་མེད་ཅེས་བྱ་བ་ལ་སོགས་པ་བསྒོམ་པའི་ཚུལ་དུ་གསུང་གི་སྒོམས་པར་གདམས་པར་མི་བཏུབ་པ་དང༌། སྙིང་རྗེ་ལྡན་པས་སེམས་ཅན་ལ་ཞེས་བྱ་བ་ལ་སོགས་པའང་བསྒོམ་པར་བྱ་དགོས་ལ་ཡང་དེ་དག་རྗེས་སུ་གདམས་པ་ཡིན་ན། སྟོང་པ་བསྒོམ་པར་མི་བྱ་ལ་སོགས་པའང་གདམས་པར་འགྱུར་ལ། གལ་ཏེ་གདམས་པ་ནི་འཐད་པའི་ཡིན་ལ་དེ་ལས་འཐད་པ་མེད་སྙམ་ན་འོག་མའང་དེ་དང་འདྲའོ། །དེས་ན་བླ་མ་རྣམས་ཀྱི་གཞུང་གིས་འབྲས་བུ་དང༌། ཉམས་བླང་གི་མངོན་རྟོགས་ཀྱི་བཀའ་སྩལ་གསུངས་པའི་དབང་དུ་བྱས་ནས་ས་མཚམས་འདི་ལྟར་བཅད་དེ། བསམ་མི་ཁྱབ་ཀྱི་དོན་བསྒོམ་པ་ལ་དྲུག་སྟེ། ཐབས་ཤེས་རབ་ཀྱི་དོན་བསྒོམ་པ་དངོས་དང༌། དེ་མཐའ་གང་ལ་མ་རིག་པར་བསྒོམ་པའི་ཚུལ་དང༌། ཐབས་ཤེས་རབ་ཟུང་འཇུག་དཔེའི་སྒོ་ནས་བསྟན་པ་དང༌། དེ་ལྟ་བུའི་རྣལ་འབྱོར་རྒྱུན་དུ་བསྐྱེད་པར་བསྟན་པ་དང༌། བསམ་མི་ཁྱབ་ཀྱི་ཡེ་ཤེས་བསྒོམ་པའི་འཐད་པ་དང༌། བསྒོམ་པའི་ཚུལ་རྗེས་སུ་གདམས་པ་དང་བཅས་ཏེ་གཞུང་བསྡུ་བའོ། །དང་པོ་ལ་གསུམ་སྟེ། ཤེས་རབ་དོན་དམ་པ་བསྒོམ་པ་དང༌། ཐབས་སྙིང་རྗེ་བསྒོམ་པ་དང༌། ཟུང་འཇུག་བསྒོམ་པ་འཐད་པ་དང་བཅས་པའོ། །དང་པོ་ལ་དོན་ནི་འདི་ཡིན་ཏེ། སྤྱིར་ཤེས་རབ་ཀྱི་སྒོ་ནས་འཁོར་བ་སྤོང་བ་ཡིན་པ་ལས་གོང་དུ་འཁོར་བའི་རྒྱ་མཚོའི་འཇིགས་པ་ལས་བསྒྲལ་ཞེས་བྱ་བའི་བློ་དང་ལྡན་པ་དེས་འཁོར་བ་ལས་བརྒལ་བའི་ཐབས་བསྒོམ་དགོས་སོ། །དེ་ལ་འཁོར་བ་དངོས་སུ་སྤང་བར་མི་ནུས་པས་འཁོར་བའི་རྒྱུ་དགོས་ལ། འཁོར་བའི་རྒྱུ་ནི་ལས་དང་ཉོན་མོངས་པ་ཡིན་ལ། དེའི་རྒྱུའང་ངར་འཛིན་པ་ཡིན་ལ། དེའི་རྒྱུའང་མི་ཤེས་པ་ཡིན་ནོ། །དེས་ན་འཁོར་བའི་རྒྱུ་སྤོང་བ་དེའང་ཤེས་རབ་ཀྱིས་སྤོང་བ་ཡིན་ཏེ། དངོས་པོའི་གནས་ལུགས་ཤེས་པར་བྱས་པས། མི་ཤེས་པ་ལ་སོགས་པའི་འབྲས་བུ་རྣམས་རིམ་གྱིས་འགག་གོ་ཞེས་བྱའོ། །སྤང་མི་ཤེས་པ་དེ་རང་གིས་བྱུང་ན་རྣམ་པར་རྟོག་པས་སོ། །དེ་ལྟར་སྤང་འདོད་པ་ཁྱེད་ཀྱི་རྩ་བ་ནི། །ཤེས་ཏེ་ཀུན་ཏུ་རྟོག་ལས་བྱུང༌། །ཞེས་བཤད་པ་ལྟ་བུའོ། །དེ་བས་ན་རྣམ་པར་རྟོག་པ་དང་བྲལ་ན་འབྲས་བུ་རྣམས་རིམ་གྱིས་འགག་གོ །ཞེས་དོན་དམ་པའི་རང་གི་ངོ་བོ་ནི་སེམས་མི་རྟོག་པའི་ཏིང་ངེ་འཛིན་ཡིན་པས་ན། དེ་བསྐྱེད་དགོས་སོ་ཞེས་བྱ་བའི་དོན་ཏོ། །དེ་ལ་མི་རྟོག་པའི་ཏིང་ངེ་འཛིན་དེ་ཇི་ལྟར་བསྒོམ་ཞེ་ན། འདི་ལ་གཉིས་ཏེ། མི་རྟོག་པ་དང་མི་མཐུན་པའི་བསྒོམ་པ་དགག་པ་འཐད་པ་དང་བཅས་པ་དང༌། མི་རྟོག་པ་བསམ་གྱིས་མི་ཁྱབ་བསྒོམ་པའི་ཚུལ་དངོས་སོ། །དང་པོ་ལ་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་སྟོང་པ་ཉིད་དོ་ཞེས་གསུང་ན་འདིར་དོན་དམ་པའི་དེ་ཁོ་ན་རྣམ་པར་མི་རྟོག་པ་བསྒོམ་པར་འདོད་པས་སྟོང་པ་ཉིད་དུ་བསྒོམ་མམ་ཞེ་ན། སྟོང་པ་བསྒོམ་པར་མི་བྱ་སྟེ། །ཅིའང་མ་ཡིན་ཞེས་ཉི་ཚེ་བའང་དེ་བཞིན་ཉིད་ཅན་དུ་འཛིན་པའི་རྣམ་པའོ། །འོ་ན་མི་སྟོང་བ་དང་དངོས་པོར་འཛིན་པའམ། བདག་གམ་ལྷའི་དག་པ་ལ་སོགས་པར་བསྒོམ་མམ་སྙམ་ན་སྟོང་མིན་དུའང་བསྒོམ་པར་མི་བྱའོ། །གལ་ཏེ་དེ་ལྟར་བསྒོམས་པས་སྐྱོན་ཅིར་འགྱུར། མི་བསྒོམ་པའི་འཐད་པ་ཅི་ཡིན་སྙམ་ན། དེའི་འཐད་པ་ནི། སྤྱིར་ཡུལ་ཤེས་བྱ་དང༌། ཡུལ་ཅན་གྱི་ཤེས་པ་གཉིས་ཡིན་པ་ལས། ཡུལ་ལ་དོན་དམ་པའི་གནས་ལུགས་ཀྱི་མཐའ་གྲུབ་པ་མེད་པས་དེས་ན་ཡུལ་ཅན་གྱི་འཛིན་པའང་བསྒོམ་པ་མི་རིགས་པ་དང༌། དེ་ལ་རྩོད་པ་སྤང་བའོ། །དང་པོ་ལ་བཞི་སྟེ། གནས་ལུགས་ངེས་པ་འདོད་ན་གནོད་པ་ཡོད་པ་དང༌། ངེས་པ་བློ་ཡུལ་དུ་མི་རུང་བ་དང༌། བློ་ལ་མ་ལྟོས་པར་མི་རིགས་པ་དང༌། མཐར་བཟུང་ན་སྲིད་པའི་རྩ་བར་འགྱུར་བའོ། །དང་པོ་ནི་སྟོང་པའམ་མི་སྟོང་པ་དངོས་པོའི་གནས་ལུགས་མ་ཡིན་ལ། མ་ཡིན་པ་བསྒོམས་ན་མ་རིག་པར་འགྱུར་བའི་ཕྱིར་རོ། །ཇི་ལྟར་གནས་ལུགས་མ་ཡིན་སྙམ་ན། འདི་ལྟར་མི་སྟོང་པ་གནས་ལུགས་སུ་མི་རུང་སྟེ། གཅིག་དང་དུ་བྲལ་ལ་སོགས་པའི་རིགས་པས་གཞིག་པ་ན་དེ་མི་འཐད་པའི་ཕྱིར་རོ། །ཡང་སྟོང་པ་ཉིད་གནས་ལུགས་ཡིན་ནམ་སྙམ་ན་དེའང་མི་བཏུབ་སྟེ། སྐྱེ་བ་རྒྱུ་དང་བཅས་མཐོང་བས། །འགོག་པ་འདི་ནི་འཐད་མ་ཡིན། །ཞེས་པ་དང༌། གང་ཕྱིར་རྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་འབྱུང་བས། སྐྱེ་བ་ཡོད་པས་སྟོང་པ་མེད་ལ་སྟོང་པ་ཡོད་པས་སྐྱེ་བ་མེད་དོ། །གཉིས་པ་ཡུལ་དུ་བྱར་མི་རུང་བ་ནི། སྟོང་པ་མི་སྤང་རྣལ་འབྱོར་པས། །སྟོང་མིན་ཡོངས་སུ་མི་སྤོང་ངོ༌། །ཞེས་སྨོས་ཏེ། སྟོང་པ་ཉིད་ཅེས་བྱ་བ་དེ་མི་སྟོང་བ་ལ་མ་ལྟོས་པར་ཡུལ་དུ་བྱར་མི་བཏུབ་པའོ། །དེས་ན་སྟོང་པ་གནས་ལུགས་ཡིན་ན་མི་སྟོང་པའང་གནས་ལུགས་སུ་འོང་ཞེས་སྟོན་པ་ནི། རྣལ་འབྱོར་པས་སྟོང་པ་མ་སྤངས་ན་མི་སྟོང་པའང་མི་སྤོང་བར་འགྱུར་ཞེས་བྱའོ། །དེ་ལྟར་དབུ་མ་ལས་ཀྱང༌། གལ་ཏེ་མི་སྟོང་ཅུང་ཟད་ཡོད། །སྟོང་པའང་ཅུང་ཟད་ཡོད་པར་འགྱུར། །མི་སྟོང་ཅུང་ཟད་མེད་པས་ན། །སྟོང་པའང་ཡོད་པར་ག་ལ་འགྱུར། །ཞེས་བཤད་པ་ལྟ་བུའོ། །གསུམ་པ་བློ་ལ་མི་ལྟོས་པ་དགག་པ་ནི། གལ་ཏེ་བློ་ཡུལ་དུ་བྱས་པ་ན་ལྟོས་པར་འགྱུར་ཡང༌། སྟོང་པ་ཉིད་ཅེས་བྱ་བ་བློ་ལ་མ་ལྟོས་པར་ཡོད་དེ། དཔེར་ན་རི་བོང་གི་མགོ་ལ་རྭ་མེད་ཅེས་ཤེས་པར་བྱེད་པ་དེ་རྭ་ལ་ལྟོས་ཀྱང་རི་བོང་གི་མགོ་ལ་རྭ་མེད་པ་ཉིད་དངོས་པོ་ལ་གནས་སོ་སྙམ་ན་མ་ཡིན་ཏེ། བློ་ཡུལ་དུ་མ་བྱས་པའི་རི་བོང་གི་མགོ་ལ་རྭ་མེད་པའོ། །ཞེས་བྱ་བར་སུས་ཀྱང་ཡང་དག་པར་མཐོང་ངམ། དམིགས་པ་མེད་པའི་ཕྱིར་ཏེ། ཡུལ་དུས་གང་དུའང་བློ་ཡུལ་དུ་མ་བྱས་པའི་ཤེས་བྱ་ཡོད་ཅེས་བྱ་བ་འདིས་མ་སྨྲ་ཞིག བློ་ཡུལ་མ་ཡིན་པའི་སྟོང་པ་ཞེས་བྱ་བ་འདོད་པ་ཡིན་ན་བསམ་མི་ཁྱབ་ཀྱི་བདག་ཀྱང་དགག་པར་མི་ནུས་སོ། །དེས་ན་མ་ལྟོས་པའི་ཆོས་གང་ཡང་མེད་དོ། །ལྟོས་པའི་ཕྱིར་གནས་ལུགས་འདིའོ་ཞེས་འགྲུབ་པར་ག་ལ་འགྱུར། བཞི་པ་སྲིད་པའི་རྩ་བར་འགྱུར་བ་ནི། འཛིན་པ་མི་སྟོང་ན་སྐྱོན་ཡོད་དེ། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ང་རུ་འཛིན་ན་ཡང་ལས་ཏེ། །དེ་ལས་ཡང་ནི་སྐྱེ་བ་ཡིན། །ཞེས་སོ། །ཡང་སྟོང་པ་ཉིད་དུ་ལྟ་བ་དེ་ལྟ་བའི་ཐ་ཆད་ཀྱང་ཡིན་ཏེ། ལྟ་བ་སྤང་བའི་ཕྱིར་སྟོང་པ་ཉིད་དུ་གསུངས་པ་ལ་དེ་ཉིད་དུ་འཛིན་ན་སྨན་མ་ཞུ་བ་དུག་ཏུ་སོང་བའམ། མེད་པ་ལ་ཡོད་པར་བཟུང་བ་ལྟ་བུའོ། །དེས་ན། གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་བསྒྲུབ་ཏུ་མེད་པར་གསུངས། ཞེས་བཤད་པ་ལྟ་བུའོ། །དེས་ན་སྟོང་པ་འདོད་པ་འདི་དོར་ཅིག འདི་ལ་སྐྱོན་ཆེན་པོ་གཞན་ཡང་ཡོད་དེ། གནས་ལུགས་འདི་ཁོ་ནའོ། །ཞེས་བྱ་བ་ཞིག་ཡོད་ན་ཅིའི་ཕྱིར་དེ་ལ་ལྟ་བར་མི་འགྱུར། ལྟ་བར་གྱུར་ན་སྐྱོན་ཅི་ཡོད་ན་རྣམ་རྟོག་སྣ་ཚོགས་སྐྱེ་བར་འགྱུར་ཞིང༌། དེས་འཁོར་བར་བསྟན་པའི་ཕྱིར། སྟོང་དང་སྟོང་མིན་བཟུང་བ་ལས། །རྟོག་པ་ཉུང་མིན་སྐྱེ་བར་འགྱུར་ཏེ། སྟོང་པར་འཛིན་པ་ནི་དམིགས་པའམ་འཛིན་པ་དང་བྲལ་བ་སྟེ། ཆད་པའི་ལྟ་བར་འགྱུར་བས་སྐུར་འདེབས་ཀྱི་རྟོག་པར་འགྱུར་རོ། །ཡང་མི་སྟོང་སྟེ་ཡོད་པར་བཟུང་ན་སྒྲོ་འདོགས་ཀྱི་རྟོག་པར་འགྱུར་བའི་ཕྱིར་དེ་གཉིས་མི་བསྒོམ་ཞེས་བྱའོ། །དེ་ལྟར་རྟོག་པར་གྱུར་ན་འཁོར་བར་འགྱུར་ཞེས་བྱ་སྟེ། དེ་བཞིན་དུ་སྟོང་པ་དང་སྟོང་པ་མ་ཡིན་པ་གཉི་ག་མིན་པར་གཟུང་བ་ཡང་མ་ཡིན་ཏེ། འགལ་བ་འདུ་བའི་ཕྱིར་དང༌། ལྟོས་པའི་ཕྱིར་གཉི་གར་འཛིན་ན་གཉི་ག་མ་ཡིན་པར་གཟུང་དགོས་པའི་ཕྱིར་དང༌། ལྟ་བར་གྱུར་བའི་ཕྱིར་རྟོག་པ་ཉུང་མིན་སྐྱེ་བའི་ཕྱིར་སྤང་བར་བྱའོ། །དེ་བཞིན་དུ་གཉི་ག་མ་ཡིན་པའང་འདྲའོ་ཞེས་སྟོན་པ་ནི། ཡོངས་སུ་སྤངས་ན་ཀུན་རྟོག་སྟེ། །དེའང་ལྟ་བར་འཛིན་པའི་ཕྱིར་རོ། །དེ་ཕྱིར་ཞེས་བྱ་བ་ནི་རྟོག་པ་སྐྱེ་བ་དེའི་ཕྱིར་རོ། །དེ་གཉིས་སྟོང་པ་དང་མི་སྟོང་བའོ། །ཡོངས་སུ་སྤངས་ཏེ་དེ་གཉིས་སོ་སོར་སྤངས་ན་གཉི་གར་འཛིན་པའང་སྤོང་ལ། དེ་སྤངས་པས་གཉི་ག་མ་ཡིན་པའང་སྤངས་སྟེ། ལྟོས་ནས་འགྲུབ་པའི་ཕྱིར་རོ། །གཉིས་པ་ནི་དེ་ལྟར་མཐའ་གྲུབ་པ་མེད་པས། ཡུལ་ཅན་གྱི་འཛིན་པ་མི་རིགས་པ་བསྡུས་ཏེ། བསྟན་པ་ནི། གཉིས་ཀྱིས་བཟུང་བ་ཡོངས་སྤངས་པ། དེ་ནི། རྣམ་གྲོལ་གནས་དང་བྲལ་བ་སྟེ། །ལྟ་བ་ཐམས་ཅད་སྤངས་པ་ཞེས་བྱ་བའི་དོན་ཏོ། །གཉིས་ཀྱིས་གཟུང་བ་ནི་སྟོང་པ་དང་མི་སྟོང་པ་ལ་སོགས་པ་ལྟ་བའི་ཆོས་ཏེ། དེ་གཉིས་ནི་ལྟོས་པའི་ཆོས་ཡིན་པས། གཅིག་བཀག་པ་ནི་ཅིག་ཤོས་ཀྱང་བཀག་པས་གཉི་ག་སྤངས་བའོ། །དེ་སྤངས་པ་ནི་རྣམ་པར་གྲོལ་པ་སྟེ། དེ་ཁོ་ན་ཉིད་མཐོང་བའོ། །དེ་ནི་འདི་ཡིན་ཞེས་བརྗོད་པའམ། གནས་པ་མེད་པས་གནས་དང་བྲལ་བ་ཞེས་བྱའོ། །དེ་ཕྱིར་ང་ཞེས་བྱ་བ་ཡིས། །ཀུན་རྟོག་འདི་ནི་ཡང་དག་སྤང༌། །ཞེས་བྱ་བར་སྦྱར་ཏེ། དེའི་ཕྱིར་ནི་སྔར་བརྗོད་པའི་རིགས་པས་སོ། །ང་ཞེས་བྱ་བའི་ཀུན་རྟོག་ནི་འཛིན་པ་དང་བཅས་པ་ཞེས་བྱ་བ་སྟེ། སྟོང་པའང་མི་སྟོང་པའམ་གཉི་གའམ་གཉི་ག་མ་ཡིན་པའམ། དེ་ལ་སོགས་ཏེ་ཇི་སྲིད་དུ་ཡིད་ཀྱི་རྒྱུ་བ་དེ་སྲིད་རྟོག་པ་ཡིན་ཞིང༌། དེས་འཁོར་བར་འགྱུར་བས་ན། དེ་ཡང་དག་སྤང་སྟེ་སྤང་བ་ཞེས་བྱ་བ་དེ་ཉིད་ཀྱང་སྤང་ཞེས་བྱ་བའི་དོན་ཏོ། །ཇི་སྲིད་ཡིད་ཀྱིས་ལོག་གཡོ་བ། །དེ་སྲིད་བདུད་ཀྱི་སྤྱོད་ཡུལ་ཉིད། །ཅེས་སོ། །གསུམ་པ་དེ་ལ་རྩོད་པ་སྤང་བ་ནི། རང་ཚིག་དང་འགལ་བ་དང༌། ཐ་མལ་པར་འགྱུར་བ་དང༌། ལུང་དང་འགལ་བའོ། །དང་པོ་ནི་གལ་ཏེ་དེ་ལྟར་ལྟ་བ་མེད་ཅིང་དངོས་པོའི་གནས་ལུགས་མེད་ན། ཁྱེད་གནས་ལུགས་རྟོགས་ཞེས་བྱ་བའམ། མ་རིག་པ་སྤངས་ཏེ་རིག་པ་སྐྱེས་ཞེས་ཁྱེད་རང་འདོད་པ་མ་ཡིན་ནམ་ཞེ་ན། གནས་ལུགས་མེད་པ་ལ་མེད་པ་ཉིད་དུ་སྒྲོ་འདོགས་བཅད་པ་དེ་ཙམ་ལ་རྟོགས་ཞེས་ཐ་སྙད་ཙམ་དུ་བྱའོ། །དེ་ཉིད་གནས་ལུགས་མ་ཡིན་ནམ་ཞེ་ན་མ་ཡིན་ཏེ། བདག་ལ་ནོར་མེད་པ་ཡིན་ཞེས་བྱས་པ་ན་མེད་པ་དེ་ནོར་ཡིན་ཞེས་ཇི་ལྟར་བྱ། དེ་བཞིན་དུ་དངོས་པོ་ལ་གནས་ལུགས་མེད་ཅེས་བྱས་པ་ན་མེད་པ་གནས་ལུགས་སུ་ཇི་ལྟར་འཛིན་ཏེ། སྔར་སྟོང་པ་ཉིད་སུན་ཕྱུང་བ་དང་འདྲའོ། །གཉིས་པ་འོ་ན་ཁྱོད་ལྟ་བ་མི་འདོད་ན། སྐྱེ་བོ་ཐ་མལ་པ་དང་འདྲའོ་སྙམ་ན། མི་འདྲ་སྟེ། ཐ་མལ་པ་ནི་གཟུགས་དང་སྒྲ་ལ་སོགས་པ་ལྟ་བ་སྣ་ཚོགས་ཉིད་དུ་འཛིན། བདེན་པ་ཉིད་དུ་འཛིན་གྱི། ཁོ་བོ་ཅག་ནི་དམིགས་པ་གང་ཡང་མི་འདོད་དོ། །གསུམ་པ་ནི། འོ་ན་བཅོམ་ལྡན་འདས་ཀྱིས་སྟོང་པ་ཉིད་དམ། བདག་མེད་པའམ། སྤྲོས་དང་བྲལ་བ་ལ་སོགས་པ་དུ་མ་གསུངས་ལ། སློབ་དཔོན་རྣམས་ཀྱིས་ཀྱང་སྟོང་པའམ་བདག་མེད་པ་ལ་སོགས་པར་ལྟ་བ་དེ་རྣམ་གྲངས་ཀྱི་དོན་དམ་པ་ཡིན་ལ། དེ་གོམས་པས་རྣམ་གྲངས་མ་ཡིན་པའི་དོན་དམ་སྐྱེ་སྟེ། དམིགས་པ་ལ་ནི་བརྟེན་ནས་སུ། །མི་དམིགས་པ་ནི་རབ་ཏུ་སྐྱེ། །མི་དམིགས་པ་ལ་བརྟེན་ནས་སུ། །མི་དམིགས་པ་ཉིད་རབ་ཏུ་སྐྱེ། །ཞེས་གསུངས་པ་ལྟ་བུའོ་ཞེ་ན། སངས་རྒྱས་རྣམས་ཀྱིས་གསུངས་པ་དེ་ནི་གདུལ་བྱ་དྲང་བའི་དོན་ཏེ། ལྟ་བར་འཛིན་པ་སྤང་བའི་ཕྱིར་སྟོང་པ་ཉིད་བཤད་དེ། རྒྱལ་བ་རྣམས་ཀྱིས་སྟོང་པ་ཉིད། །ལྟ་ཀུན་ངེས་པར་འབྱིན་པ་གསུངས། །ཞེས་བཤད་པ་ལྟ་བུའོ། །དེ་བཞིན་དུ་སངས་རྒྱས་ཀྱིས་ནི་གདུལ་བྱའི་ཉོན་མོངས་པ་སྣ་ཚོགས་ཀྱི་གཉེན་པོར་སྒོ་སྣ་ཚོགས་ནས་གསུངས་ཏེ། བདག་གོ་ཞེས་ཀྱང་བཏགས་གྱུར་ཅིང༌། །བདག་མེད་ཅེས་ཀྱང་བཏགས་པར་འགྱུར། །སངས་རྒྱས་རྣམས་ཀྱིས་བདག་དང་ནི། །བདག་མེད་འགའ་མེད་ཅེས་ཀྱང་བསྟན། །ཞེས་གསུངས་ན། དེ་དག་ཐམས་ཅད་ལ་དེ་ཁོ་ནར་འཛིན་ནམ། དེས་ན་དོན་ལ་རྟོན་པར་བྱའི། ཚིག་འབྲུ་ལ་རྟོན་པར་མི་བྱའོ་ཞེས་གསུངས་སོ། །སློབ་དཔོན་རྣམས་ཀྱིས་རྣམ་པ་གཉིས་སུ་གསུངས་པ་དེ་ཡང་བདེན་པའི་དངོས་པོ་བཀག་པ་དེ་ཙམ་ཞིག་དམིགས་པའི་ཡུལ་དུ་བྱས་པ་ན། དགག་བྱ་མ་དམིགས་པས་བཀག་པའང་མ་དམིགས་པ་སྐྱེ་བར་འགྱུར་བས། དེ་ཙམ་གྱི་ཆ་འདྲ་བ་ལ་བརྟེན་ཏེ། རྣམ་གྲངས་ཀྱི་དོན་དམ་ཞེའམ། ཕྱིན་ཅི་མ་ལོག་པས་ཡོངས་གྲུབ་ཅེས་གདགས་ཀྱི། དོན་དུ་ན་དེ་ཉིད་ཀུན་རྫོབ་ཡིན་པས། སློབ་དཔོན་ཁ་ཅིག་རྣལ་འབྱོར་པའི་ཀུན་རྫོབ་ཅེས་གསུང་ངོ༌། །དེ་བས་ན་བློ་སྣང་གི་བྲལ་བའི་ཆ་དེ་ལ་དོན་དམ་པར་མ་རྟོགས་ཤིག ཡང་བློའི་ཡུལ་ནི་རྣམ་གྲངས་ཡིན་ལ། དེ་ལས་གྲོལ་བ་ན་རྣམ་གྲངས་མ་ཡིན་པ་དེ་དོན་དམ་ཞེས་གདགས་ཏེ། བློ་ཡུལ་རྣམས་ཀུན་རྫོབ་ཡིན་པ་དེ་ལས་འདས་པ་ཙམ་གྱི་ཆ་བསྟུན་པའི་མིང་ངོ༌། །དེས་ན་སློབ་དཔོན་རྣམས་ཀྱིས་ཀྱང༌། རྣམ་གྲངས་མ་ཡིན་པ་ལ་སྒྲུབ་བྱེད་མ་གསུངས་པས་རྣམ་གྲངས་མ་ཡིན་པ་ཞེས་བྱ་བ་ཞིག་ཡོད་དོ་སྙམ་པ་དེ་དོར་ཅིག རྣམ་པར་སྤྲོས་པས་ཆོག་གོ །གཉིས་པ་ནི། དེ་ལྟར་མི་མཐུན་པའི་ཕྱོགས་ཀྱི་སྒོམ་པ་དེ་དག་བཀག་ནས། རྣམ་པར་མི་རྟོག་པའི་སྒོམ་པ་གང་ཡིན་པ་དེ་བསྟན་པའི་ཕྱིར་རྣམ་པ་མེད་ཅིང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པ་མེད་པ་ནི། གནས་ལུགས་མེད་པས་འདི་ལ་དེ་ཁོ་ན་འདིའོ་ཞེས་དམིགས་པ་གཏད་པ་མེད་པའོ། །གནས་ལུགས་མྱ་ངན་ལས་འདས་པ་མེད་པས། ལྟོས་པའི་འཁོར་བའང་མེད། དེ་མེད་པས་དེར་འཁྱམ་པའི་དགོས་པ་མེད་དོ། །འཁོར་བ་མ་གྲུབ་པས་འབྲས་བུ་མྱ་ངན་ལས་འདས་པ་འདོད་པའང་མེད་དོ། །རྒྱུ་རྣམ་རྟོག་མེད་པས་དེའི་འབྲས་བུ་སྡིག་པ་བྲལ་ཏེ། དེས་མཚོན་ནས་དགེ་བའང་བྲལ་ལོ། །རང་བཞིན་གྱིས་མ་གྲུབ་པ་ལ་ཐོག་མར་སྐྱེ་བ་མེད་ཅིང༌། མཐར་འགག་པ་དང་དབུས་གནས་པའི་རྟོག་པ་ལས་ཀྱང་གྲོལ་ཏེ། དེ་ལྟར་དམིགས་པ་ཐམས་ཅད་དང་བྲལ་བར་ཤེས་པ་ནི་མཁས་པའོ། །དེས་གང་དུའང་དམིགས་པ་མེད་པ་ནི་ནམ་མཁའ་ལྟ་བུ་སྟེ། དེ་བསྒོམ་པའོ། །དེ་ལྟར་ཡང༌། དམིགས་པ་མེད་པའི་སེམས་སུ་ནི། །གནས་པ་ནམ་མཁའི་མཚན་ཉིད་ཡིན། །ནམ་མཁའ་བསྒོམ་པ་དེ་ཉིད་ནི། །སྟོང་ཉིད་བསྒོམ་པར་བཞེད་པ་ཡིན། །ཞེས་གསུངས་པ་ལྟ་བུའོ། །གལ་ཏེ་ཁྱོད་ཀྱི་བསྒོམ་པ་དེ་ཡང་སེམས་དམིགས་པ་མེད་པ་ཉིད་དུ་ཉམས་སུ་མྱོང་ལ། དེའི་ཚེའང་ལྟ་བའམ་འཛིན་པར་མི་འགྱུར་རམ། དེར་གྱུར་ན་དེ་ཁོ་ན་ཉིད་བསྒོམ་པར་མི་རུང་ངོ་སྙམ་ན་བདེན་ཏེ་འདིའང་ཉམས་སུ་མྱོང་བ་ཡིན་པས་དེ་ཉིད་མ་ཡིན་ཏེ། ཇི་ཙམ་རྟོག་མེད་ཟབ་མོ་ཞིག །བློ་ཡི་ཡུལ་དུ་སྣང་ཞེ་ན། །མི་རྟོག་ཟབ་མོའི་ཉམས་མྱོང་བ། །མྱོང་བ་ཡིན་ཏེ་དེ་ཉིད་མིན། །ཞེས་བཤད་པ་ལྟ་བུའོ། །འོ་ན་ནི་འདིའང་རྣམ་གྲངས་ཙམ་དུ་འདུག་པས། སྟོང་པ་ཉིད་དུ་བསྒོམ་པ་དང་འདི་ལ་ཁྱད་ཅི་ཡོད་སྙམ་ན་ཁྱད་ཡོད་དེ། ལྷའི་རྣམ་པ་བསྒོམ་པའང་མཚན་མ་ཡིན་ཞིང༌། སྟོང་པ་བསྒོམ་པའང་མཚན་མ་ཡིན་ཡང་འདི་བསྒོམ་པ་བས། སྟོང་པ་ཉིད་སྤྲོས་བྲལ་ལ་ཉེ་བས། སྟོང་ཉིད་ལ་རྫོགས་རིམ་དུ་བཞག་གོ །དེ་བཞིན་དུ་སྟོང་པར་བསྒོམ་པ་བས་ཀྱང་འདི་སྤྲོས་བྲལ་ལ་ཉེ་བ་ཡིན་ནོ། །ཞེས་ཤེས་པར་བྱའོ། །དེ་ལྟར་དེ་ཁོ་ན་ཉིད་ནི་སེམས་དམིགས་པའམ་མཚན་མ་ཐམས་ཅད་ལས་ཡང་དག་པར་འདས་པ་ཡིན་ནོ། །གཉིས་པ་ཐབས་བསྒོམ་པ་ནི། དེ་ལྟར་སྤྲོས་པ་ལས་འདས་ན་ཉན་ཐོས་ལྟར་མྱ་ངན་ལས་འདས་པས་སེམས་ཅན་གྱི་དོན་མི་འབྱུང་ངོ་སྙམ་པའི་དོགས་པ་བསམ་པའི་ཕྱིར། ཐབས་སྙིང་རྗེའི་སྒོ་ནས་མྱ་ངན་ལས་འདས་པ་སྤང་བ་ནི་སྙིང་རྗེ་ལྡན་པས་ཞེས་སྨོས་ཏེ། དང་པོར་ཤེས་རབ་མ་བསྒོམས་པའི་སྔོན་རོལ་དུ་ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས་བསྒོམ་པ་ན། སེམས་ཅན་སྡུག་བསྔལ་གསུམ་མམ་བརྒྱད་ཀྱིས་གཟིར་བ་རྣམས་ལ་སྙིང་རྗེ་གོམས་པར་བྱས་པ་ན། ཕྱིས་སྟོང་པ་ཉིད་རྟོགས་པ་ན་དེ་མ་རྟོགས་པ་རྣམས་ལ་རང་གི་ངང་གིས་སྙིང་རྗེ་སྐྱེ་སྟེ། དེ་ནི་སྙིང་རྗེ་ལྡན་པས་ཞེས་བྱའོ། །དེ་ལྟར་སྙིང་རྗེ་སྐྱེ་བ་དེས་ན་སེམས་ཅན་ལ་རྒྱབ་ཀྱིས་ཕྱོགས་པར་མི་བྱ་སྟེ། གོང་དུ་ཕུང་པོ་ལྔ་སོགས་ཞེས་བྱ་བ་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་བསྒོམ་པའི་དམ་ཚིག་ཀུན་རྫོབ་ལ་སྐུར་བ་མི་གདབ་པར་བསྟན་པ་བཞིན་ཏེ། སེམས་ཅན་དོར་ན་ཉན་ཐོས་ལྟར་དམན་པར་གྱུར་ཏེ། ས་ར་ཧས། སྙིང་རྗེ་དང་བྲལ་སྟོང་པ་ཉིད་བསྒོམ་གང༌། །དེས་ནི་ལམ་མཆོག་རྙེད་པ་མ་ཡིན་ནོ། །འོ་ན་སེམས་ཅན་ཡོད་པས་སེམས་ཅན་ཉིད་ལ་ཞེན་པར་བྱའམ་ཞེ་ན། སེམས་ཅན་ཡོད་དང་ཡོད་མིན་ཞེས། །དེ་ལྟར་ཡོངས་སུ་བརྟག་མི་བྱ་སྟེ། ཤེས་རབ་ཀྱི་སྒོ་ནས་སེམས་ཅན་ལ་ཞེན་པ་མེད་པའོ། །གསུམ་པ་ཟུང་དུ་ཆུད་པ་བསྒོམ་པ་འཐད་པ་དང་བཅས་པ་ལ་གཉིས་ཏེ། ཟུང་དུ་ཆུད་པའི་ཚུལ་དངོས་དང༌། དེ་ལྟར་བསྒོམས་པས་འབྲས་བུ་ཟུང་འཇུག་འཐོབ་པའི་ཚུལ་བསྟན་པས། ཟུང་འཇུག་བསྒོམ་པར་གདམས་པའོ། །དང་པོ་ནི་སྤྲོས་པ་མེད་པའི་ཞེས་རྐང་པ་གཉིས་ཀྱིས་ཤེས་རབ་ཀྱི་སྒོ་ནས་འཁོར་བའི་མཐའ་མནན་པའོ། །ཡིད་བཞིན་ནོར་ལྟར་ཞེས་རྐང་པ་གཉིས་ཀྱིས་དེ་ལྟར་རྟོག་པ་མེད་ཀྱང་སྙིང་རྗེའི་སྒོ་ནས་སེམས་ཅན་གྱི་དོན་འབྱུང་བ་དཔེ་དང་བཅས་པ་སྟེ། མྱ་ངན་ལས་འདས་པའི་མཐའ་མནན་པ་སྟེ། འཕགས་པ་བྱམས་པས། ཤེས་པས་སྲིད་ལ་མི་གནས་ཤིང༌། །སྙིང་རྗེས་ཞི་ལ་མི་གནས་དང༌། །ཞེས་བཤད་པ་ལྟ་བུའོ། །གཉིས་པ་ནི། དེ་ལྟར་ཐབས་ཤེས་རབ་མ་བྲལ་བར་བསྒོམས་པས་འབྲས་བུ་ཐབས་ཤེས་རབ་ཟུང་འཇུག་ཐོབ་པའི་ཚུལ་ནི། དམིགས་མེད་ཅེས་བྱ་བ་ཤླཽ་ཀ་གཅིག་སྟེ། བློ་ནི་ཡེ་ཤེས་སོ། །ལྷན་ཅིག་ནི་དབྱིངས་ཏེ་རོ་གཅིག་ཏུ་གྱུར་པའོ། །དེའི་དཔེ་ནི་ནམ་མཁའ་ཞེས་བྱ་བའོ། །མདོར་ན་མི་གནས་པའི་མྱ་ངན་ལས་འདས་པ་ཞེས་བྱ་བའི་དོན་ཏོ། །འཁོར་བ་མྱ་ངན་ལས་འདས་ལ། །བདག་ཉིད་ཆེ་དེ་མི་གནས་པས། །དེས་ན་སངས་རྒྱས་རྣམས་ཀྱི་ནི། །མི་གནས་མྱ་ངན་འདས་འདིར་བཤད། །ཅེས་བཤད་པ་ལྟ་བུའོ། །གཉིས་པ་ཤེས་རབ་བསམ་མི་ཁྱབ་བསྒོམ་པ་དེ་མཐའ་གང་ལའང་མ་རེག་པར་བསྒོམ་པར་བསྟན་པ་ནི། གང་ལ་སྒོམ་པ་པོ་གང་མེད་ཅེས་བྱ་བ་ཤླཽ་ཀ་གསུམ་སྟེ། འདིས་ནི་མཁས་པས་ནམ་མཁའ་ལྟ་བུར་བསྒོམ་ཞེས་བྱ་བ་རྒྱས་པར་བཤད་པའོ། །ཚིག་གི་དོན་ནི་གོ་སླའོ། །གསུམ་པ་དཔེའི་སྒོ་ནས་ཟུང་འཇུག་བསྟན་པ་ནི། དྲི་ཟ་ཞེས་བྱ་བ་ལ་སོགས་པ་སྟེ། གོང་དུ་བློ་དང་ལྷན་ཅིག་གཅིག་གྱུར་པས། །ཞེས་བྱ་བ་ལ་སོགས་པའི་རྒྱས་པར་བཤད་པ་སྟེ། སྤྲོས་པ་དང་བྲལ་ན་སེམས་ཅན་གྱི་དོན་ལ་སོགས་པའི་སྣང་བ་འགལ་ལ། སྙིང་རྗེས་གཞན་དོན་བྱེད་ན་སྤྲོས་བྲལ་འགལ་སྙམ་པ་ལ། དེ་མི་འགལ་བའི་དཔེ་སྟོན་ཏོ། །འདི་ལ་གཉིས་ཏེ། དཔེ་ཐུན་མོང་བ་དང་དཔེ་ཐུན་མོང་མ་ཡིན་པའོ། །དང་པོ་ནི་དྲི་ཟའི་གྲོང་ཁྱེར་ཞེས་བྱ་བ་ལ་སོགས་པ་འདིར་དཔེ་ལྔ་གསུངས་ཀྱང་དཔེ་བཅུ་གཉིས་ཤེས་པར་བྱའོ། །གཉིས་པ་ནི་སྦྱོར་བ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་དཔེ་བཅུ་གཉིས་ཙམ་དེ་ཕ་རོལ་ཏུ་ཕྱིན་པ་ལའང་ཡོད་པས་ཁྱད་པར་མེད་དོ་སྙམ་ན། བདེན་ཏེ། ཆོས་ཀུན་རྨི་ལམ་རྒྱུ་འདྲ་ཞེས། །སངས་རྒྱས་པ་ཀུན་སྨྲ་མོད་ཀྱི། །བདག་བྱིན་བརླབ་ལ་ཕྱིར་བལྟས་པས། །དེས་ནི་བདེན་པ་མཐོང་མི་ནུས། །ཞེས་འབྱུང་སྟེ། བདག་བྱིན་གྱིས་བརླབ་པ་ནི་བླ་མའི་མན་ངག་གི་གནད་དོ། །དེ་ནི་དབང་གསུམ་པ་དང༌། དཀྱིལ་འཁོར་གྱི་འཁོར་ལོའི་ཐབས་ཉིད་མཆོག་ཡིན་ཞིང༌། དེ་ལ་བརྟེན་ནས་རྟོགས་པར་བསྟན་པའི་ཕྱིར་སྦྱོར་བའི་འདུས་པ་ཞེས་བྱ་བ་ལ་སོགས་པ་སྟེ། སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །ཞེས་བཤད་དོ། །དེ་ལས་ཡེ་ཤེས་ཅི་ཞིག་སྐྱེ། ཞེ་ན། ཐོག་མ་དབུས་ཞེས་བྱ་བ་ལ་སོགས་པའོ། །ཡེ་ཤེས་དེ་གང་ཡིན་ཞེ་ན། སངས་རྒྱས་རྗེས་སུ་དྲན་པ་སྟེ། རྗེས་སུ་དྲན་པ་ནི་དཔེའི་ཡེ་ཤེས་ཏེ། འདི་ལ་དོན་དུ་རྟོགས་པར་མ་བྱེད་ཅིག །ཅེས་བྱ་བའི་དོན་ཏོ། །བཞི་པ་དེ་ལྟ་བུའི་རྣལ་འབྱོར་རྒྱུན་དུ་བསྐྱེད་པར་བསྟན་པ་ནི་གཟུགས་རྣམས་ཞེས་བྱ་བ་ལ་སོགས་པ་ཤླཽ་ཀ་གཉིས་སོ། །དེ་ཉིད་རིག་པའི་རྣལ་འབྱོར་ནི་གསུམ་སྟེ། ལས་དང་པོ་པ་ཉམས་དང་རྟོགས་པ་ཐོབ་པ་ཙམ་ལ་བྱའོ། །དེས་ནི་སྣང་བ་དགྲ་བོར་འཆར་བའོ། །གཉིས་པ་ནི། སྣང་བ་ཁྲ་བོར་འཆར་བའོ། །གསུམ་པ་ནི། སྣང་བ་དགེ་བའི་བཤེས་གཉེན་དུ་འཆར་བ་སྟེ། གསུམ་ཀས་ཀྱང་དེ་ཁོ་ན་ཉིད་ཐོབ་ནས་རེས་འཇོག་ཏུ་བསྒོམ་པར་མི་བྱ་སྟེ། མཉམ་གཞག་དང་རྗེས་ཐོབ་མེད་པར་རྟག་ཏུ་བསྒོམ་ཞེས་བྱ་བའི་དོན་ཏོ། །ལྔ་པ་བསམ་མི་ཁྱབ་ཀྱི་ཡེ་ཤེས་བསྒོམ་པའི་འཐད་པ་ལ་བཞི་སྟེ། དེའི་མིང་གི་རྣམ་གྲངས་ཀྱི་སྒོ་ནས། ཐམས་ཅད་ཀྱི་བདག་ཉིད་ཡིན་པའི་ཕྱིར་བསྒོམ་པར་འཐད་པ་དང༌། དངོས་གྲུབ་ཐམས་ཅད་ཀྱི་རྒྱུ་ཡིན་པའི་ཕྱིར་བསྒོམ་པར་འཐད་པ་དང༌། སེམས་འཁོར་བ་དང་མྱ་ངན་ལས་འདས་པ་གཉི་གའི་གཞི་ཡིན་པའི་ཕྱིར་སྒོམས་པར་གདམས་པ་དང༌། སྤངས་པ་དང་ཡེ་ཤེས་ཐོབ་པའི་རྒྱུ་ཡིན་པའི་ཕྱིར་སྒོམས་པར་གདམས་པའོ། །དང་པོ་ནི་ཅི་དེ་ལྟར་ཐབས་ཤེས་རབ་ཀྱི་བསྒོམ་པ་འདིས་ཅི་བྱ་རྒྱུད་སྡེ་དུ་མ་ནས་བསྒོམ་བྱའི་ཆོས་དུ་མ་གསུངས་སོ་སྙམ་ན། འདིའི་རྒྱུད་སྡེ་ཐམས་ཅད་ཀྱི་བསྒོམ་པའི་སྙིང་པོ་ཡིན་པའི་ཕྱིར་འདི་ཁོ་ན་སྒོམས་ཤིག་ཅེས་བསྟན་པའི་ཕྱིར། འདི་ནི་གཉིས་སུ་མེད་པར་བརྗོད་ཅེས་བྱ་བ་ལ་སོགས་པ་ཤླཽ་ཀ་གཉིས་ཀྱིས་མིང་གི་རྣམ་གྲངས་བཅུ་བཞིའི་སྒོ་ནས་དེ་ཁོ་ནའི་དོན་ཐམས་ཅད་འདི་ཉིད་ཡིན་པར་བསྟན་ཏེ། དེ་ལ་ཐབས་དང་ཤེས་རབ་ཀྱི་བསྒོམ་པ་འདི་ནི་སོ་སོར་བསྒོམ་པ་མ་ཡིན་པས་ན་གཉིས་སུ་མེད་པ་ཞེས་བྱ་སྟེ། རྟོགས་པ་ཀུན་ལས་རྣམ་པར་གྲོལ། །གཉིས་གཉིས་མེད་ཅིང་མཆོག་ཞི་བ། །མཁའ་མཉམ་རྣམ་རྟོག་ལས་གྲོལ་བ། །འདི་ནི་གཉིས་སུ་མེད་པར་བརྗོད། །ཅེས་ཀོ་ཏ་ལི་པས་གསུངས་པ་ལྟ་བུའོ། །གཉིས་མེད་དང་ཟུང་འཇུག་ཀྱང་མིང་གི་རྣམ་གྲངས་ཡིན་པར། སློབ་དཔོན་ཀླུ་སྒྲུབ་ཀྱིས་གསུངས་པ། དེ་ལྟར་གང་གནས་རྣལ་འབྱོར་པ། །ཟུང་འཇུག་རིམ་ལ་གནས་པ་དེ། །དེ་ཉིད་གཉིས་མེད་ཡེ་ཤེས་ཏེ། །མི་གནས་མྱ་ངན་འདས་པ་ཡིན། །ཞེས་གསུངས་སོ། །དེས་ན་ཟུང་འཇུག་ཅེས་ཀྱང་བྱ་སྟེ། ཀུན་རྫོབ་དང་ནི་དོན་དམ་དག །སོ་སོའི་ཆར་ནི་ཤེས་གྱུར་ནས། །གང་དུ་ཡང་དག་འདྲེས་གྱུར་པ། །ཟུང་དུ་འཇུག་པར་དེར་བཤད་དོ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །ཡང་དེ་ཉིད་ལ་མིང་གི་རྣམ་གྲངས་བྱང་ཆུབ་སེམས་མཆོག་ཉིད་ཅེས་གསུངས་ཏེ། དེ་ལ་འདུས་པའི་རྒྱུད་ཕྱི་མ་ལས། ཐོག་མ་ཐ་མ་མེད་ཞི་བ། །དངོས་དང་དངོས་མེད་མི་ཟད་གཙོ། །སྟོང་ཉིད་སྙིང་རྗེ་མི་ཕྱེད་པ། །བྱང་ཆུབ་སེམས་ཞེས་བྱ་བ་ཡིན། །ཞེས་གསུངས་པ་ལྟ་བུའོ། །ཡང་དེ་ཉིད་ལས། རྡོ་རྗེ་ཞེས་བྱ་སྟེ། རྡོ་རྗེ་རྩེ་མོ་ལས། སྲ་ཞིང་སྙིང་པོ་ཁོང་སྟོང་མེད། །གཅད་དང་གཞིག་པར་བྱ་བ་མིན། །བསྲེག་པར་བྱ་མིན་འཇིག་མེད་པས། །སྟོང་ཉིད་རྡོ་རྗེར་བརྗོད་པར་བྱ། །ཞེས་སོ། །ཡང་དེ་ཉིད་རྡོ་རྗེ་སེམས་དཔའ་ཞེས་བྱ་སྟེ། ཡང་གསུངས་པ། བྱང་ཆུབ་མཆོག་གི་ཡེ་ཤེས་དང༌། །དེ་ནི་རྡོ་རྗེར་ངེས་པར་བརྗོད། །ཡེ་ཤེས་རྡོ་རྗེ་ལས་བྱུང་བ། །དེ་ནི་རྡོ་རྗེ་སེམས་དཔར་བརྗོད། །ཅེས་གསུངས་སོ། །ཡང་དེ་ཉིད་རྡོ་རྗེ་སེམས་དཔའ་སྟེ། དཔལ་མཆོག་དང་པོ་ལས། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །བཅོམ་ལྡན་འདས་དཔལ་མཆོག་དང་པོའི་སྐྱེས་བུའོ། །ཞེས་སོ། །ཡང༌། དེ་ཉིད་རྫོགས་པའི་སངས་རྒྱས་ཏེ། །དེ་བཞིན་ཉིད་བདེན་ཤིན་ཏུ་བདེན། །དེ་ཁོ་ན་ཉིད་གང་རྟོགས་ནས། །ཆོས་ཀུན་རྟོགས་པ་ཞེས་བྱ་གང༌། །དེ་ཉིད་རྟོགས་པས་སངས་རྒྱས་བརྗོད། །ཅེས་རྡོ་རྗེ་རྩེ་མོ་ལས་སོ། །ཡང་དེ་ཉིད་ལ་བྱང་ཆུབ་ཅེས་བྱ་སྟེ། རྡོ་རྗེ་གུར་ལས། སེམས་པ་མེད་ཅིང་བསྒོམ་པ་མེད། །སྔགས་མེད་ལྷ་ཡང་མེད་པ་སྟེ། །སེམས་ཀྱི་རྡོ་རྗེ་ལས་བྱུང་བ། །འདི་ནི་བྱང་ཆུབ་རིམ་བསྟན་པའོ། །ཞེས་སོ། །ཡང་དེ་ཉིད་ལས། ཤེས་རབ་ཕ་རོལ་ཕྱིན་ཞེས་བྱ་སྟེ། །དེ་ལ་ཤེས་རབ་ཉིད་རྡོ་རྗེ་རྩེ་མོ་ལས་གསུངས་པ། རབ་སྦྱོར་སྦྱོར་བ་ཤེས་གྱུར་ཅིང༌། །ཁྱད་པར་དུ་ནི་རྟོགས་པར་བྱེད། །བདེན་པ་དེ་བཞིན་ཉིད་ཤེས་པའི། །ཤེས་རབ་ཡེ་ཤེས་ཞེས་སུ་བཤད། །ཅེས་སོ། །ཡང་ཤེས་རབ་ཕ་རོལ་ཕྱིན་པའང་གསུངས་པ། ཕྱི་རོལ་ཉན་ཐོས་རང་རྒྱལ་གྱི། །ཤེས་རབ་ལས་ནི་བླ་མར་བརྗོད། །དེ་བཞིན་ཉིད་བཞི་ཕ་རོལ་ཕྱིན། །ཤེས་རབ་ཕ་རོལ་ཕྱིན་ཞེས་བཤད། །ཅེས་སོ། །ཡང་དེ་ཉིད་ལས། ཕ་རོལ་ཏུ་ཕྱིན་པ་ཀུན་གྱི་དངོས་གཞི་ཡིན་ཏེ། དེ་ལྟ་བུའི་ཡེ་ཤེས་དེ་ཉིད་ལས་མ་ཆགས་པས་སྦྱིན་པ། ཉེས་པས་མ་གོས་པས་ཚུལ་ཁྲིམས། ཞེ་སྡང་མེད་པས་བཟོད་པ། ཞེས་བྱ་བ་ལ་སོགས་པ་ཡོན་ཏན་གྱི་ཆོས་བརྩི་བ་ནི་སློབ་དཔོན་ཁ་ཅིག་གིའོ། །ཡང་འཕགས་པ་བསྡུད་པ་ལས། སྦྱིན་པ་སྦྱིན་པའི་སྔོན་དུ་འགྲོ་བ་ཤེས་རབ་སྟེ། །ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་བསམ་གཏན་དེ་བཞིན་ནོ། །དགེ་ཆོས་ཆུད་མི་གསན་ཕྱིར་ཡོངས་སུ་འཛིན་པ་ཡིན། །འདི་ནི་ཆོས་རྣམས་ཐམས་ཅད་ཚུལ་གཅིག་སྟོན་པར་བྱེད། །ཅེས་བཤད་པ་ལྟར་ཁ་ཅིག་བཞེད་དོ། །དེ་ཉིད་ལ་མཉམ་ཉིད་ཅེས་བྱ་སྟེ། འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པའི་ཕྱིར་རོ། །དེ་ལྟར་ཡང་དབུ་མ་ལས། མྱ་ངན་འདས་མཐའ་གང་ཡིན་པ། །དེ་ཉིད་འཁོར་བའི་མཐའ་ཡིན་ཏེ། །དེ་ཉིད་ཁྱད་པར་ཅུང་ཟད་ནི། །ཤིན་ཏུ་ཕྲ་བའང་ཡོད་མ་ཡིན། །ཞེས་གསུངས་པ་ལྟ་བུའོ། །དེ་ཉིད་བསམ་བྱར་མིན་པ་ཉིད་ཡིན་ཏེ། རིགས་པ་དྲུག་ཅུ་པ་ལས། མྱ་ངན་འདས་པ་བདེན་གཅིག་པུ། །དེ་ཚེ་ལྷག་མ་ལོག་པ་ཞེས། །རྒྱལ་བ་རྣམས་ཀྱིས་གང་གསུངས་པ། །མཁས་པ་ཅི་ཕྱིར་འདོད་མི་བྱེད། །ཅེས་གསུངས་སོ། །ཡང༌། སངས་རྒྱས་ཀུན་ཏེ་མཉམ་སྦྱོར་ལས། །སེམས་དཔའ་སངས་རྒྱས་ཀུན་གྱི་དངོས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །ཅེས་སོ། །ཡང་མཆོག་སྟེ། དཔལ་མཆོག་དང་པོ་ལས། སེམས་ཅན་ཀུན་གྱི་ཡིད་ཁྱབ་པ། ། སེམས་ཅན་ཀུན་གྱི་སྙིང་ལ་གནས། །སེམས་ཅན་ཀུན་གྱི་ཡབ་གྱུར་ཉིད། །འདོད་ཆགས་དམ་ཚིག་མཆོག་གྱུར་པའོ། །ཞེས་གསུངས་སོ། །ཡང་དེ་ཉིད་སྒོམ་པ་ཉིད་དེ། འདུས་པ་ལས། དངོས་པོ་མེད་པ་བསྒོམ་པའི་དངོས། །བསྒོམ་པར་བྱ་བ་སྒོམ་པ་མིན། །དེ་བས་དངོས་པོ་དངོས་མེད་པ། །དམིགས་སུ་མེད་པ་སྒོམ་པའོ། །ཞེས་གསུངས་པ་ལྟ་བུའོ། །དེ་བཞིན་དུ་མི་གནས་པའི་མྱ་ངན་ལས་འདས་པ་དང༌། ཐབས་ཤེས་རབ་ཟུང་དུ་འཇུག་པ་དང༌། དཔལ་མཆོག་དང་པོ་དང༌། སྒྱུ་འཕྲུལ་དྲྭ་བ་དང༌། ཀྱེའི་རྡོ་རྗེ་དང༌། དུས་ཀྱི་འཁོར་ལོ་དང༌། སྒྱུ་མ་བདེ་མཆོག་དང༌། གསང་བ་འདུས་པ་དང༌། རྗེས་མ། >>

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*