སམྤུ་ཊའི་ཊཱི་ཀ་གནད་ཀྱི་གསལ་བྱེད། ༣

ཐམས་ཅད་མཁྱེན་པ་ཞེས་བྱ་བ་ལ་སོགས་པ་མིང་གི་རྣམ་གྲངས་མཐའ་ཡས་པའི་བདག་ཉིན་ཅན་ཐབས་དང་ཤེས་རབ་ཀྱི་སྒོམ་པ་འདི་ཡིན་པས་སྒོམས་ཤིག་ཅེས་གདམས་པའི་དོན་ཏོ། །གཉིས་པ་དངོས་གྲུབ་ཐམས་ཅད་ཀྱི་རྒྱུ་ཡིན་པས་སྒོམས་པར་གདམས་པ་ནི་འགྲོ་བ་ཞེས་བྱ་བ་ལ་སོགས་པ་ཤླཽ་ཀ་གསུམ་སྟེ། མཐུན་པར་བསྒོམས་པས་དངོས་གྲུབ་ཐམས་ཅད་འཐོབ་པར་བསྟན་པའོ། །འདི་ལ་གཉིས་ཏེ། ཤེས་བྱའི་གཤིས་ཅིར་ཡང་མ་གྲུབ་པ་ཐམས་ཅད་ཀྱི་རྒྱུ་ཡིན་པར་བསྟན་པ་དང༌། དེས་ན་བློ་དེ་དང་མཐུན་པར་བསྒོམ་པས་ཐམས་ཅད་འགྲུབ་པར་བསྟན་པའོ། །དང་པོ་ལ། འགྲོ་བ་བརྟན་དང་གཡོ་བའི་བདག །ཅེས་བྱ་བ་ནི་འཁོར་བ་ཐམས་ཅད་ཀྱི་རྒྱུའོ། །བྱང་ཆུབ་སེམས་དཔའ་རྐང་པ་གཉིས་ནི་མྱ་ངན་ལས་འདས་པའོ། །དེ་གཉི་གའང་དེ་ཉིད་ལས་ནི་སྐྱེ་སྟེ། དེ་ཉིད་ནི་ཅིར་ཡང་མ་གྲུབ་པ་ཡིན་ཏེ། གལ་ཏེ་གྲུབ་པ་ཅིག་ཡིན་ན་ཐམས་ཅད་ཀྱི་རྒྱུར་མི་རུང་ངོ༌། །མ་གྲུབ་པས་ཐམས་ཅད་ཀྱི་རྒྱུ་ཡིན་ཏེ། གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བར་འགྱུར། །གང་ལ་སྟོང་ཉིད་མི་རུང་བ། །དེ་ལ་ཐམས་ཅད་རུང་མི་འགྱུར། །ཞེས་གསུངས་པ་ལྟ་བུའོ། །གཉིས་པ་ནི་དེ་ལྟར་གནས་ལུགས་ཅིར་ཡང་མ་གྲུབ་པ་ཐམས་ཅད་ཀྱི་རྒྱུ་ཡིན་པས་བློས་ཀྱང་དེ་དང་མཐུན་པར་བསྒོམས་ན། ཐམས་ཅད་འགྲུབ་པའི་ཐབས་ཡིན་པར་བསྟན་པའི་ཕྱིར། དངོས་དང་དངོས་མེད་སྦྱོར་བྲལ་བ། །ཞེས་གཉི་ག་དང་བྲལ་བར་བསྒོམ་པའོ། །དེ་བསྒོམས་ན་འཁོར་བ་ལས་འདས་ཤིང་བདེ་བར་གཤེགས་པའི་ཡོན་ཏན་མཐའ་ཡས་པ་སྐྱེ་བར་འགྱུར་ཞེས་བྱ་བའི་དོན་ཏོ། །གསུམ་པ་ནི། གལ་ཏེ་དེ་ལྟ་བུའི་དངོས་གྲུབ་སྐྱེ་བ་ལ་བསྒོམ་ཅི་དགོས། གནས་ལུགས་གང་དུའང་མ་གྲུབ་པ་ཐམས་ཅད་ཀྱི་རྒྱུ་ཉིད་ནི་རྒྱུན་ཏུ་གནས་པ་ཡིན་ན། དེ་ལ་རང་གི་ངང་གིས་སྐྱེ་བར་མི་འགྱུར་རམ་སྙམ་པ་ལ། ཐམས་ཅད་ཀྱི་རྒྱུ་རྒྱུན་ཏུ་གནས་པ་བདེན་མོད། རྒྱུ་དེ་ཉིད་རང་གི་སེམས་ལས་གཞན་དུ་གྱུར་པ་མེད་ཅེས་སོ། །ཐོག་མ་མེད་པའི་དུས་ཀྱི་ཁམས། །ཆོས་རྣམས་ཀུན་གྱི་གནས་ཡིན་པས། །དེ་ཡོད་པས་ན་འགྲོ་ཀུན་དང༌། །མྱ་ངན་འདས་པའང་ཐོབ་པ་ཡིན། །ཞེས་པ་དང༌། རང་རིག་རྒྱལ་པོ་རང་གཙོ་བོ། །ཞེས་སོ། །དེས་ན་སེམས་འདི་ཉིད་མ་རྟོགས་ན་འཁོར་བའི་སྡུག་བསྔལ་དུ་མའི་རྒྱུའང་ཡིན་ལ། རྟོགས་ན་མྱ་ངན་ལས་འདས་པའང་འདི་ཉིད་ཡིན་པས་ན་བསྒོམ་དགོས་སོ་ཞེས་སྟོན་པ་ནི་ཀུན་རྟོག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའང་དང་པོ་ཤླཽ་ཀ་གཅིག་གིས་འཁོར་བའི་མཚན་ཉིད་བསྟན་ཏོ། །རང་བཞིན་འོད་གསལ་ཞེས་ཤླཽ་ཀ་གཅིག་གིས་མྱ་ངན་ལས་འདས་པའི་མཚན་ཉིད་བསྟན་ཏོ། །དེ་ནས་སྡུག་བསྔལ་ཕུང་པོ་ཞེས་ཤླཽ་ཀ་གཅིག་གིས་གཉིས་ཀའི་གཞི་ཡིན་པར་དོན་བསྡུས་ནས་བསྟན་ཏོ། །སྡུག་བསྔལ་མ་ལུས་ཟད་པར་འདོད་པ་དང༌། ཞེས་ཤླཽ་ཀ་གཅིག་གིས་གཉི་གའི་གཞི་ཡིན་པའི་ཕྱིར་སྒོམས་པར་རྗེས་སུ་གདམས་པ་དངོས་བསྒོམ་པའི་ཚུལ་དང་བཅས་པ་བསྟན་ཏོ། །མ་བསྒོམས་ན་དངོས་པོ་ལ་གནས་ཤིང་དེ་ལྟར་ཤེས་པ་ཙམ་གྱིས་ཀྱང་མི་ཕན་ཏེ། བཟང་མོ་ཁྱོད་དངོས་ཤེས་གྱུར་ནས། །གང་གིས་མ་བསྒོམས་དེ་ལ་ཡང༌། །གྲོགས་མོས་ལག་པ་བརྡབས་ཏེ་སོང༌། །ཞེས་སྤྲིང་ཡིག་ལས་བཤད་པ་ལྟ་བུའོ། །ཚིག་གི་དོན་རྟོགས་པར་སླའོ། །དོན་བཞི་པ་འབྲས་བུ་སྤངས་པ་དང་ཡེ་ཤེས་ཐོབ་པའི་རྒྱུ་ཡིན་པའི་ཕྱིར་སྒོམས་པར་གདམས་པ་ནི། ཇི་སྲིད་ཅེས་བྱ་བ་ལ་སོགས་པ་སྟེ། ཇི་སྲིད་དུ་རྣམ་པར་རྟོག་པས་ཡིད་བསྒྲིབས་པ་དེ་སྲིད་དུ་སྡུག་བསྔལ་མཐའ་ཡས་ཏེ་འཁོར་བར་འགྱུར་ཞེས་བྱའོ། །དེ་མི་རྟོག་པའི་ཏིང་ངེ་འཛིན་གྱིས་ཇི་སྲིད་དུ་དེ་ནི་སྟེ་རྣམ་པར་རྟོག་པ་དེ་བྲལ་བ་ནི་མྱ་ངན་ལས་འདས་པ་ཞེས་བྱ་སྟེ། རྣམ་རྟོག་ལས་གཞན་འཁོར་བ་ཞེས། །བྱ་བ་འགའ་ཡང་ཡོད་མིན་པ། །དེ་ཕྱིར་རྣམ་རྟོག་བྲལ་གྱུར་པས། །ཁྱོད་ཉིད་གཅིག་པུ་མྱ་ངན་འདས། །ཞེས་གསུངས་པ་སྟེ། དེ་ནི་སྤངས་པ་ཕུན་སུམ་ཚོགས་པའོ། །དེ་ལྟར་སྤངས་པ་ཐོབ་པ་དེ་སྲིད་དུ་དེ་དང་ཐ་དད་མིན་ཏེ་སྤངས་པ་དང་ཡེ་ཤེས་དབྱེར་མེད་པ་ཐོབ་པའོ། །སྤངས་པ་དང་བཅས་པའི་ཡེ་ཤེས་དེ་ནི་བདེ་བ་རྒྱ་ཆེན་ཏེ་རྣམ་པར་ཐར་པ་ཅན་གྱི་བདེ་བ་ཞེས་བྱ་སྟེ། བག་ཆགས་བྲལ་བ་བདེ་བ་ཉིད། །བདེ་བ་སེམས་ནི་ཞི་བ་སྟེ། །སེམས་ཞི་བས་ནི་རྨོངས་མི་འགྱུར། །རྨོངས་མེད་དེ་ཉིད་རྟོགས་པའོ། །ཞེས་སོ། །དེ་ཉིད་ནི་སྲིད་ཞི་མཉམ་པའོ། །དེའི་གོང་དུ་བགྲོད་པར་བྱར་མེད་པས་ཀུན་གྱི་མཐར་ཐུག་པའོ། །དམ་པ་རྣམས་ཀྱིས་བསྟན་པར་བྱ་བས་ན་འཕགས་པ་དགྱེས་པའོ། །དེས་ན་རྟོག་པ་དེ་ཟད་ན་རང་གི་བྱ་བ་སྟེ། སོ་སོ་རང་གི་རིག་པའི་ཆོས་ཉིད་དེ་རྒྱས་པ་སྟེ། ཤིན་ཏུ་རྒྱས་ཤིང་གསལ་བར་འགྱུར་ལ། དེས་འགྲོ་བ་ཐམས་ཅད་ཀྱང་ལྟ་སྟེ། དེ་ལྟར་མཐོང་བར་འགྱུར་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་གཞུང་བསྡུ་བའི་སྒོ་ནས་བསྒོམ་པའི་ཚུལ་རྗེས་སུ་གདམས་པ་དང་བཅས་པ་སྟོན་ཏོ། །དེ་ལ་དེ་ལྟར་ཞེས་བྱ་བ་ནི་སྔར་བསྟན་པའི་ཚུལ་གྱིས་ཏེ་སྟོང་པ་དང་སྙིང་རྗེ་གཉིས་སུ་མེད་པའི་ལམ་ཡང་རྟོགས། དེ་བསྒོམ་པར་བྱ་བར་ཡང་རྟོགས་ཤིང་ཁོང་དུ་ཆུད་པ་དེ་ལྟར་རོ། །དེ་ལྟ་བུ་དེ་ཉམས་སུ་བླང་བར་འདོད་པ་ནི་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པའོ། །རྣལ་འབྱོར་གྱིས་ངེས་པ་བྱས་པ་ནི། ད་ནི་བདག་གིས་འདི་ལས་མི་འགྱུར་བར་བྱའོ། །ཞེས་ངེས་པའོ། །བཀའི་གནང་བ་ནི་དེ་ལྟ་བུའི་རྣལ་འབྱོར་བས། བླ་མ་ལ་བདག་གིས་ནི་འདི་ལྟ་བུའི་རྟོགས་པ་ཐོབ་པས། ད་ནི་བདག་གིས་ཇི་ལྟར་སྤྱད་ཅིང་བསྒྲུབ་པར་བགྱི་ཞེས་ཞུས་པ་ན། བླ་མས་དེ་ལ་གནང་བ་བྱིན་པ་སྟེ། ཡེ་ཤེས་གྲུབ་པ་ལས། ད་ནི་བློ་གྲོས་ཆེན་པོ་ཁྱོད། །སངས་རྒྱས་ཀུན་དང་སྐུ་གཅིག་སྟེ། །ད་ནི་ཁྱོད་ཀྱིས་ཆོས་རྣམས་ལ། །སོམ་ཉི་དག་ནི་མི་བྱའོ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུ་སྟེ། འདི་ལས་མཆོག་ཏུ་གྱུར་པ་གཞན་མེད་པས་འདི་ཉིད་ཁོ་ན་སྒྲུབས་ཤིག་ཅེས་གནང་བའོ། །རང་གི་དམ་ཚིག་ནི་རང་དང་རྗེས་སུ་འཚམ་པ་སྟེ། དེ་ཁོ་ན་ཉིད་དང་མི་འགལ་ཞིང༌། རྗེས་སུ་འཚམ་པའི་དམ་ཚིག་ཤ་ལྔ་བདུད་རྩི་ལྔ་བཟའ་བ་དང༌། བསྲུང་བ་བཅུ་བཞི་ལ་སོགས་པ་དང༌། དེ་ཁོ་ན་ཉིད་དང་འགལ་བ་ལུས་ཀྱི་བྱ་བ་ལ་སོགས་པ་བསྲུང་བའི་དམ་ཚིག་ལ་གནས་པའོ། །དེས་སྒོམ་པར་བྱེད་ན་ནི་གོང་དུ་བརྗོད་པའི་ཚུལ་གྱིས་ཉམས་སུ་ལེན་པའི་ཚེའོ། །དེས་ཅི་ཞིག་སྤང་བར་བྱ་ཅི་ཞིག་བསྟེན་པར་བྱ་སྙམ་པ་ལ་ལག་པའི་ཕྱག་རྒྱ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིས་ཅི་ཞིག་བྱ་ཞེས་སྦྱར་ཏེ། དོན་མེད་པས་མི་བྱ་ཞེས་བྱ་བའི་དོན་ཏོ། །འོ་ན་བཅོམ་ལྡན་འདས་ཀྱིས་དེ་དག་གསུངས་པ་ཡིན་ན། ཅིའི་ཕྱིར་སྤང་སྙམ་པ་ལ། བཅོམ་ལྡན་འདས་ཀྱིས་ནི་དགོས་པ་རྣམ་པ་གསུམ་གྱི་ཕྱིར་གསུངས་ཏེ། བློ་གྲོས་དམན་པ་ཐུན་མོང་གི་དངོས་གྲུབ་ལ་གཟུད་པའི་ཕྱིར་གསུངས། ལས་དང་པོ་པ་དེ་ཁོ་ན་ཉིད་ལ་དྲང་བའི་ཕྱིར་གསུངས། དེ་ཁོ་ན་ཉིད་རྟོགས་པ་རྣམས་ལ་གཞན་རྗེས་འཛིན་གྱི་སྤྱོད་པའི་ཕྱིར་དེ་ཉིད་ཀྱི་གྲོགས་སུ་གསུངས་པ་ལས། འདིར་དང་པོ་གཉིས་ཀྱི་སྒོ་ནས་སྤང་བར་བྱ་སྟེ། བདག་ནི་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་འདོད་པ་ཡིན་ན། ཐུན་མོང་གི་དངོས་གྲུབ་ཀྱིས་ནི་འཆིང་བའི་རྒྱུ་ཉིད་ཡིན་ཏེ། དེས་ན་མུ་སྟེགས་དང་ཐུན་མོང་བའི་དངོས་གྲུབ་སྐྱེད་པའི་དམ་ཚིག་ཡིན་ནོ། །ཞེས་བྱ་བ་འདིས་ཅི་ཞིག་བྱ། ཡང་ལས་དང་པོ་པ་དེ་ཁོ་ན་ཉིད་མ་རྟོགས་པ་རྣམས་ལ་འདི་དགོས་ཀྱི། དེ་ཁོ་ན་ཉིད་ནི་སྤྲོས་པ་ཐམས་ཅད་དང་བྲལ་བ་ཡིན་ལ། འདི་དག་ནི་སྤྲོས་པ་དང་བཅས་པ་ཡིན་པས་སྤང་བར་བྱ་སྟེ། དཔལ་གསང་བ་འདུས་པ་ལས། དགེ་བ་བཅུ་ཡི་ལས་ཀྱི་ལམ། །བྱེད་པ་ཡེ་ཤེས་སྤངས་པའོ། །ཞེས་གསུངས་པ་ལྟ་བུའོ། །ཡང་དེ་ཁོ་ན་ཉིད་རྟོགས་པས་འདི་དག་ཐམས་ཅད་དོར་བར་བྱ་བ་ཉིད་ཡིན་ཏེ། དཔེར་ན་ཆུ་བརྒལ་བ་ན་གཟིངས་ལ་འཇུག་ནས་ཕ་རོལ་ཏུ་སོན་ནས་འདོར་བ་ཡིན་ནོ། །ཡང་དེ་ཁོ་ན་ཉིད་རྟོགས་པ་རྣམས་ལ་ལམ་གྱི་གྲོགས་སུ་འགྱུར་ན་བསྟེན་པར་བྱ་བ་ཉིད་ཡིན་ཏེ། བདག་བྱིན་བརླབ་པ་ལས། ལྟ་བ་ཐམས་ཅད་སྤང་བ་ཡི། །བདག་བྱིན་བརླབ་པ་འདི་ཐོབ་ནས། །ལས་རྣམས་ཐམས་ཅད་བྱ་བའམ། །ཇི་ལྟར་འདོད་པ་བཞིན་དུ་རྒྱུ། །མཆོད་རྟེན་ལས་ནི་མི་བྱ་ཞིང༌། །གླེགས་བམ་བཀླག་པར་མི་བྱ་སྟེ། །བདག་བྱིན་བརླབ་པའི་རིམ་ཉིད་ཀྱིས། །བྱ་བ་དང་ནི་བཀླག་པའང་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །གལ་ཏེ་ལམ་རྣམས་རིམ་གྱིས་སློབ་པར་བྱེད་པ་མ་ཡིན་ནམ། རིམ་གྱིས་སློབ་ན་ཕྱག་རྒྱ་མི་བཅིང་བ་ལ་སོགས་པ་འདི་ཐོག་མར་བཤད་ནས། དེའི་འོག་ཏུ་བསྐྱེད་པའི་རིམ་པ་བསྟན་ན་གོ་རིམ་མ་འཁྲུགས་སམ་སྙམ་ན། མ་འཁྲུགས་ཏེ། གང་ཟག་བློ་དམན་པ། དམན་པའི་དངོས་གྲུབ་འདོད་པ་རྣམས་ལ་རྒྱུད་མཐའ་དག་བཤད་པ་མ་ཡིན་ཏེ། སློབ་དཔོན་གྱིས་དེ་དང་རྗེས་སུ་འཚམ་པའི་སྒྲུབ་པའི་ཐབས་ཙམ་ཞིག་སྟོན་པ་ཡིན་ནོ། །རྒྱུད་འདི་ནི་མཆོག་འདོད་པའི་གང་ཟག་ལ་སྟོན་པས། དེས་ནི་ཐོག་མར་རྟོགས་པའི་ལྟ་བ་བྱང་ཆུབ་ཀྱི་སེམས་བསྟན་པས། ལམ་ཐམས་ཅད་དེའི་ཡན་ལག་ཏུ་བྱེད་དེ། དེ་ལྟར་དངོས་པོ་ལ་མངོན་པར་ཞེན་པའི་སྒོ་ནས་སྤང༌། མཆོག་ཏུ་འཛིན་པའི་སྒོ་ནས་སྤང༌། དེ་ཁོ་ན་ཉིད་ཀྱི་རྟོགས་པའི་འགལ་རྐྱེན་དུ་འགྲོ་བའི་སྒོ་ནས་སྤངས་པས། འོག་ནས་ཀྱི་བཟླས་པ་དང༌། ཕྱག་རྒྱ་ལ་སོགས་པ་ཐམས་ཅད་ཀྱང་ཞེན་པའི་སྒོ་ནས་མི་བྱ་ཞེས་བྱའོ། །ཡང་ལམ་གྱི་ཡན་ལག་གི་ཚུལ་གྱི་བྱ་བ་ཞེས་ཐུན་མོང་གི་དངོས་གྲུབ་སྐྱེད་པའི་ཞེས་པ་ཤུགས་ལ་བསྟན་པས་ན་འདི་ཐོག་མར་བསྟན་པ་ལེགས་པ་ཡིན་ནོ། །དེ་ལྟར་ན་མཚན་མ་དང་ཞེན་པ་དང་བཅས་པ་རྣམས་སྤང་བར་བྱ་བ་ཡིན་ན་གང་བྱ་ཞེ་ན། སངས་རྒྱས་ཀྱི་མཚོན་བྱེད་ཅེས་སྦྱར་ཏེ་ཆོས་ཀྱི་སྐུ་དང་བསམ་གྱིས་མི་ཁྱབ་ཆ་འདྲའོ། །དེ་ནི་བྱིན་གྱིས་བརླབ་པ་སྟེ་བདག་བྱིན་གྱིས་བརླབ་པའོ། །དེ་ཉིད་ནི་རང་གི་ལྷའི་རྣལ་འབྱོར་ཏེ། བྱང་ཆུབ་སེམས་ནི་རབ་རྟོགས་ན། །དེ་ལ་རྣལ་འབྱོར་ལྷར་འགྱུར་རོ། །ཞེས་གསུངས་སོ། །དེ་ལྟ་བུས་མཚོན་ཏེ་རྟོགས་ན་གནས་གསུམ་པ་ནམ་མཁའ་ལྟ་བུར་འགྱུར་རོ། །ལྷག་མ་ནི་གོ་སླའོ། །དེ་ལྟར་ཟུང་འཇུག་བསམ་མི་ཁྱབ་ཀྱི་དོན་བསྒོམ་པ་དེ་ཉིད་ཀྱང་རྟོགས་པ་མ་སྐྱེས་པ་སྐྱེད་ཅིང་བོགས་འབྱིན། སྐྱེས་པ་བརྟན་པར་བྱ་བའི་ཕྱིར་ལམ་དཀྱིལ་འཁོར་གྱི་འཁོར་ལོ་དང་འབྲེལ་བའི་སྤྱོད་པའི་སྒོ་ནས་བསྒྲུབ་པར་བསྟན་པའི་ཕྱིར་རིའི་རྩེ་མོ་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་ལ་བཅུ་གཉིས་ཏེ། གནས་ཀྱི་ཁྱད་པར་དང༌། བསམ་པ་དང༌། བསྟེན་པར་རྗེས་སུ་གདམས་པའམ་བསྟེན་ཚུལ་དང༌། གང་ཞིག་བསྟེན་པའི་ཡུལ་དང༌། ཚུལ་ཇི་ལྟར་བསྟེན་པ་དང༌། བསྟེན་པའི་དུས་དང༌། བསྟེན་པའི་འཐད་པ་མདོར་བསྡུ་བ་དང༌། དངོས་སུ་བསྟེན་པ་དང༌། མི་བསྟེན་པའི་གནས་སྐབས་ཀྱི་བྱེ་བྲག་དང༌། གཞན་པ་བསྟེན་པའི་ཚུལ་དུས་ལས་འདས་པའི་ཉེས་པ་དང༌། ཉེས་པ་བྱུང་བ་ཕྱིར་བཅོས་པའི་ཐབས་དང༌། དོན་བསྡུ་བའོ། །དང་པོ་ནི་རིའི་རྩེ་མོ་དང་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །གཉིས་པ་ནི། སྔགས་ཤེས་པ་སྤྲོས་པ་དང་ལྡན་པས་སྒོམ་པར་བྱེད་དེ་ཞེས་བྱ་སྟེ། རིམ་པ་གཉིས་ཀྱི་ཐབས་ཤེས་ཤིང་མཆོག་གི་དངོས་གྲུབ་ལ་སྤྲོ་བ་སྟེ་སྔར་བསྟན་ཏོ། །དེས་བསྒོམ་ཞེས་བྱའོ། །གསུམ་པ་ནི་ཐབས་དང་ཤེས་རབ་ཞེས་བྱ་བ་ལ་སོགས་པ་སྟེ། དགག་ཕྱོགས་ཀྱི་སྒོ་ནས་བསྟན་པའོ། །དེའི་ཕྱིར་ཞེས་བྱ་བ་ལ་སོགས་པས་ནི་སྒྲུབ་ཕྱོགས་ཀྱི་སྒོ་ནས་བསྟན་ཏོ། །ཕྱག་རྒྱ་རེ་རེ་དང་ཞེས་བྱ་བ་ལ་སོགས་པས་ནི་དགག་ཕྱོགས་ཀྱི་སྒོ་ནས་བསྟན་པ་སྟེ། དེ་ལྟར་ན་ཕྱག་རྒྱའི་རྣལ་འབྱོར་སྒོམས་ཤིག་ཅེས་རྗེས་སུ་གདམས་པའོ། །བཞི་པ་ནི། དེ་ཕྱིར་ཞེས་བྱ་བ་ལ་སོགས་པ་སྟེ། གཏི་མུག་ནི་སྦྱང་གཞི་གཏི་མུག་སྦྱངས་པ་ལས་བྱུང་བ་རྣམ་པར་སྣང་མཛད་ཡིན་ལ། དེའི་སྒྲུབ་པ་པོས་ནི་དམ་ཚིག་གི་ཕྱག་རྒྱ་སྟེ་སྤྱན་ཡིན་ལ། དེའི་རིགས་བྲམ་ཟེ་མོ་སྤྱན་དུ་བསྐྱེད་པ་བསྟེན་ཞེས་བྱའོ། །དེ་བཞིན་དུ་ཤེས་པར་བྱ་སྟེ། ཕྱག་རྒྱ་བཞི་དང་ལྷ་མོ་བཞི་སྦྱར་བ་ནི་དང་པོ་དངོས་སུ་བསྟན་ཏོ། །ལྔ་པ་བསྟེན་པའི་ཚུལ་ནི། དེ་ལ་གཉི་གའང་ཞེས་བྱ་བ་ལ་སོགས་པ་སྟེ། སྤྱིར་འདུ་ཤེས་གསུམ་དང་ལྡན་པར་བྱས་པས། ཉེས་པས་མི་གོས་ཤིང་དེ་ཁོ་ན་ཉིད་མཚོན་པར་བྱེད་དོ། །དེ་ལ་ལྷའི་འདུ་ཤེས་ནི་ལྷའི་གཟུགས་སུ་བསམ་ཞེས་པས་སོ། །དེའི་ཤུགས་ལ་སྔགས་ཀྱི་འདུ་ཤེས་མཁའ་གསང་བྱིན་གྱིས་བརླབ་པ་ཤེས་པར་བྱའོ། །ཆོས་ཀྱི་འདུ་ཤེས་ནི་གཏི་མུག་ཅེས་བྱ་བ་ལ་སོགས་པ་སྟེ། བདག་སྦྱང་གཞི་གཏི་མུག་དག་པར་བྱ་བའི་ཕྱིར་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་དང་དམ་ཚིག་གི་ཕྱག་རྒྱ་སྦྱོར་བ་འདི་ལ་བརྟེན་ཏེ། ཞི་བ་རྣམ་པར་སྣང་མཛད་ཀྱི་དངོས་གྲུབ། མེ་ལོང་ལྟ་བུའི་ཡེ་ཤེས་ཐོབ་པར་བྱའོ་སྙམ་པ་ནི་ཆོས་ཀྱི་འདུ་ཤེས་སོ། །དེ་བཞིན་དུ་ཁྲོ་བོ་ལ་སོགས་པ་ལའང་ཤེས་པར་བྱའོ། །དེའི་དོན་དུ་རབ་ཏུ་བྱེད་པ་ལྔ་པོ་ཞེས་བྱ་བ་ལ། ལས་ཀྱི་ཕྱག་རྒྱ་ལ་ཡོན་ཏན་དང་ཕྲིན་ལས་ཀྱི་དབྱེ་བས་ལྔའོ། །དེ་ལྟར་འདུ་ཤེས་གསུམ་མོ། །སྤྱིར་ལས་ཀྱི་ཕྱག་རྒྱ་ལ་ཆོས་རྣམ་པ་ལྔར་བླ་མའི་གསུང་གིས་འཆད་པར་འགྱུར་རོ། །དྲུག་པ་དུས་ནས་སྔ་དྲོ་དང་ཞེས་བྱ་བ་ལ་སོགས་པའོ། །བདུན་པ་ནི་མཉམ་པར་སྦྱོར་བ་ཞེས་བྱའོ། །བརྒྱད་པ་གནས་སྐབས་ཀྱི་བྱེ་བྲག་ནི། བསྟན་པ་ལ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟ་བུའི་ཕྱག་རྒྱའི་རྣལ་འབྱོར་དེའང་རྣལ་འབྱོར་པ་བདག་ཉིད་ཀུན་ནས་དཀྲིས་པ་ཤས་ཆེ་བ་དང༌། ལང་ཚོ་རྒྱས་ཤིང་སྤྲོས་པ་དང་བཅས་པ་དང༌། དབེན་པའི་གནས་སྐྱེ་བོ་མི་མོས་པ་མེད་པར་ནི་དངོས་སུ་བསྟེན་པར་བྱའི། བསྟན་པ་ལ་སྨོད་པ་ལ་སོགས་པའི་གནས་དང༌། འདོད་པ་ཤས་ཆུང་བ་དང༌། ལང་ཚོ་རྒུད་པ་ལ་སོགས་པས་ནི་ཤིན་ཏུ་སྤྲོས་པ་མེད་པས་ཡེ་ཤེས་ཀྱི་ཕྱག་རྒྱ་བསྟེན་ཞེས་བྱ་བའི་དོན་ཏོ། །དགུ་པ་ནི། ཤེས་རབ་དངོས་སུ་མ་རྙེད་ན་ཞེས་བྱ་བ་ལ་སོགས་པ་སྟེ། རིགས་དང་མཐུན་པའམ་ལོ་གྲངས་དང་མཐུན་པ་མ་རྙེད་ནའོ། །བྱོལ་སོང་ནི་ཏིརྻ་ག་ཏེ་དེ་ནི་ལོགས་མ་ཞེས་བྱ་བར་འགྲོ་བ་ལས་རིགས་གཞན་པའམ། ལང་ཚོ་གཞན་པའང་བསྟེན་ཞེས་བྱ་བའོ། །ཡང་ན་མིའི་བུ་མོ་མ་རྙེད་ནའོ། །བྱོལ་སོང་ནི་ཏིརྻ་ག་མི་ལས་ལོགས་མ་སྟེ། ལྕགས་ཀྱུ་ཞགས་པ་ལ་སོགས་པས། ལྷའི་བུ་མོ་ལ་སོགས་པའང་བཀུག་ལ་བསྟེན་ཞེས་བྱའོ། །འདི་ལ་བླ་མ་ཁ་ཅིག་ན་རེ། དམ་ཚིག་མི་ཉམས་པའི་དོན་དུ་བྱོལ་སོང་གི་ཉེར་གནས་ལ་ལོ་གཅིག་ལ་སྲིན་ལག་རེག་པ་ཙམ་བྱ་བ་ཡིན་ནོ་ཞེས་ཀྱང་གསུང་ངོ༌། །བཅུ་པ་དུས་ལས་འདས་པའི་ཉེས་པ་ནི། དེ་ལྟར་གང་ཞིག་ཅེས་བྱ་བ་ལ་སོགས་པའོ། །བཅུ་གཅིག་པ་ཉམས་པ་ཕྱིར་བཅོས་པའི་ཐབས་ནི། བྱང་ཆུབ་སེམས་དཔའི་ཞེས་བྱ་བ་ལ་སོགས་པ་སྟེ། སྡོམ་པ་གསུམ་ལ་གནས་པར་བྱ། །ཞེས་བྱ་བའི་དོན་ཏེ། གསུམ་ལ་སྐྱབས་འགྲོ་ནས་བརྩམས་ཏེ། །བྱང་ཆུབ་སེམས་སོགས་སྡོམ་པ་ནི། །ཞེས་གསུངས་པ་ལྟ་བུའོ། །བཅུ་གཉིས་པ་དོན་བསྡུས་ཏེ་བསྟན་པ་ནི། གསང་བའི་ཉེ་བའི་རྫས་དང་ཞེས་བྱ་བ་ལ་སོགས་པའོ། །ཐབས་དང་ཤེས་རབ་ཀྱི་དོན་བསྒོམ་པ་ནི། དམིགས་མེད་སྟོང་ཉིད་སྙིང་རྗེ་ཟུང་འཇུག་གི་དོན་དང༌། དཀྱིལ་འཁོར་འཁོར་ལོ་གཉི་ག་ཐབས་ཤེས་རབ་ཀྱི་དོན་ཏོ། །གཉིས་པ་ལས་རབ་བྱེད་གཉིས་པའི་བཤད་པའོ།།  །།དེ་ལྟར་རབ་ཏུ་བྱེད་པ་གཉིས་པས་དེ་ཁོ་ན་ཉིད་ཀྱི་ལྟ་བ་རྟོགས་པར་བྱེད་པའི་ཐབས་དང་བཅས་པ་གཏན་ལ་ཕབ་པ་དེས་ཆོས་ཐམས་ཅད་དེ་ལྟ་བུ་ཡིན་ནོ། །ཞེས་དེ་ཁོ་ན་ཉིད་ཀྱི་དོན་དེ་ལ་མོས་པར་བྱས་ནས། དེའི་རྗེས་ལ་བསྒོམ་པ་ཉམས་སུ་བླང་བའི་རིམ་པ་བསྐྱེད་རིམ་ལ་གཉིས། ཐོག་མར་རྫོགས་པའི་རིམ་པའི་རྟེན་ཡིན་པས་བསྐྱེད་པའི་རིམ་པ་བསྒོམ་པ་དངོས་བསྟན་པ་དང༌། གྲོགས་དམ་ཚིག་གོ །དང་པོ་ནི་དེ་ནས་འཁོར་ལོ་ཐམས་ཅད་ཀྱི། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟ་རབ་ཏུ་བྱེད་པ་གསུམ་པ་འདི་ནས་བརྩམས་ནས། བརྟག་པ་གསུམ་པ་རྫོགས་ཀྱི་བར་རབ་ཏུ་བྱེད་པ་དྲུག་གིས་བརྗོད་པར་བྱ་བའི་དོན་ནི་བསྐྱེད་པའི་རིམ་པ་སྤྱིའི་དོན་ཡིན་ལ། རྗོད་བྱེད་ཀྱི་སྒྲ་ནི་གསུམ་ཀས་ཀྱང་འཆད་པར་བྱེད་དོ། །མངོན་པར་རྟོགས་པ་ནི་ལས་རྒྱས་པའི་ལྷ་མོ་གསུམ་དང༌། རིགས་བཞི་དང་ཡུམ་བཞི་རྐྱང་པའི་སྒྲུབ་ཐབས་ཏེ། བཅུ་གཅིག་པོ་མ་གཏོགས་པ་རྣམས་ནི་མཆོག་སྒྲུབ་པའི་མངོན་པར་རྟོགས་པ་ལས། རྫོགས་པའི་རིམ་པའི་རྟེན་ཡིན་པས། བསྐྱེད་པའི་རིམ་པ་བསྒོམ་པ་མིན་ལ། ལྷའི་རྣལ་འབྱོར་བཅུ་གཅིག་པོ་ནི་ལས་ཀྱི་ཚོགས་དང་འབྲེལ་བའི་ལྷའོ། །སློབ་དཔོན་སྦྱང་དཀའ་ཟླ་བའི་བཞེད་ཀྱིས་ནི་ཧེ་རུ་ཀ་གསུམ་པོའང་ལས་དང་པོ་པའི་བསྒོམ་པ་ཙམ་ཡིན་ནོ་ཞེས་གསུང་ངོ༌། །རྒྱུད་སྡེ་གཞན་གང་གི་བཤད་པའི་རྒྱུད་ཡིན་ན། འདིར་བསྐྱེད་པའི་རིམ་པ་སྤྱིའི་རྣམ་པར་གཞག་པ་དང༌། སྒྲུབ་པའི་ཐབས་སོ་སོར་བཤད་པ་གཉིས་ལས། སྤྱིའི་རྣམ་པར་གཞག་པ་ནི། བདེ་མཆོག་སྒྱུ་མའི་རྟོག་པ་བདུན་པ་དཀྱིལ་འཁོར་གྱི་རྟོག་པར་བཤད་པར་དམ་བཅའ་བ་དང༌། བསྒྲུབ་པའི་གནས་དང༌། ལྷ་ཇི་ལྟར་བསྒོམ་པའི་ཚུལ་རྣམས་ནི་ཆ་མཐུན་པས་ངེས་པ་བསྐྱེད་པས་བཤད་པའི་རྒྱུད་ཡིན་ལ་དོན་དམ་པར་དབྱེར་མེད་ཀྱང༌། ཀུན་རྫོབ་ཏུ་སྒྲུབ་པའི་ཐབས་སྣ་ཚོགས་པ་མི་འགལ་ཞིང་སྟོང་པ་ཉིད་ལ་རིགས་ཀྱི་དབྱེ་བ་བསྟན་པ་ནི། དེར་མ་ཚང་བ་ཁ་བསྐང་བས་བཤད་པའི་རྒྱུད་ཡིན་ནོ། །ཡང་རྣམ་པར་གཞག་པ་འདི་དག་གིས་རྡོ་རྗེ་ཐེག་པ་རྒྱུད་སྡེ་བཞི་ཀའམ། རྣལ་འབྱོར་བླ་ན་མེད་པའི་སྤྱི་ཙམ་གྱི་བསྐྱེད་པའི་རིམ་པའི་སྤྱིའི་རྣམ་པར་གཞག་པར་ཡང་འགྱུར་རོ། །གནས་ལ་ལྷའི་གནས་དང་སྒྲུབ་པ་པོའི་གནས་གཉིས་སུ་གསལ་བར་བཤད། ལྷ་ལ་སྟོང་པ་ཉིད་གཅིག་ལས་རིགས་ཀྱི་དབྱེ་བ་སྣ་ཚོགས་དང༌། དེ་རྣམས་རིགས་ལྔར་བསྡུས་ཏེ་བཤད། ལྷའི་སྐྱེད་ཆོག་ལ་ཇི་ལྟར་བདེ་བར་བསྒྲུབ་པ་སྐྱེད་ཆོག་སྣ་ཚོགས་འགལ་བ་མེད་པར་བཤད་དོ། །ཡང་འོག་ནས་ཧེ་རུ་ཀ་གསུམ་གྱི་སྐབས་སུ་བསྟན་པའི་བསྙེན་སྒྲུབ་བཞི་པོ་འདི། དཔལ་གསང་བ་འདུས་པའི་རྒྱུད་ཕྱི་མ་དང་བརྟག་པ་གཉིས་པར་ཆ་མཐུན་ཞིང༌། འདུས་པའི་ལེའུ་བཅུ་གཉིས་པར་མདོར་བསྡུས་ནས་བཤད་པའི་རྒྱུད་ཡིན་ཏེ། འདིས་ཀྱང་བསྐྱེད་པའི་རིམ་པ་སྤྱིའི་རྣམ་པར་གཞག་པར་འགྱུར་རོ། །སྒྲུབ་པའི་ཐབས་སོ་སོ་ནི་རྒྱུད་གང་གི་བཤད་པའི་རྒྱུད་ཡིན་པ་ནི་སྐབས་སོ་སོ་ཉིད་དུ་བཤད་པར་བྱའོ། །བསྡུས་པའི་དོན་ཏོ། །གཞུང་གི་དོན་ལ་གཉིས་ཏེ། བཤད་པར་དམ་བཅའ་བ་དང༌། དོན་དངོས་སོ། །དེ་ལ་དེ་ནས་འཁོར་ལོ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་ཤླཽ་ཀ་གཅིག་གིས་བཤད་པར་དམ་བཅའ་བ་སྟོན་ཏོ། །དེ་ནས་ཞེས་བྱ་བ་ནི་དེ་ལྟར་དེ་ཁོ་ན་ཉིད་ཀྱི་རྟོགས་པའི་ལྟ་བའི་རྗེས་ལ་རྫོགས་པའི་རྟེན་བསྐྱེད་པའི་རིམ་པ་བསྒོམ་ཞེས་འབྲེལ་ཏོ། །བསྐྱེད་པ་དེ་ཉིད་གང་ཞེ་ན་འཁོར་ལོ་ཐམས་ཅད་ཀྱི་ཞེས་སྨོས་ཏེ། རྟེན་དང་བརྟེན་པར་ཐམས་ཅད་དེ་མཆོག་སྒྲུབ་པའི་དཀྱིལ་འཁོར་བཅུ་གཉིས། ལས་རྒྱས་པའི་ལྷའི་རྣལ་འབྱོར་བཅུ་གཅིག་སྟེ། ཉི་ཤུ་རྩ་གསུམ་སྟོན་པའོ། །དེ་ལ་དཀྱིལ་འཁོར་བཅུ་གཉིས་ནི་ཧེ་རུ་ཀ་བཞི། དྲག་པོའི་གདན་ཅན་དང་ལྔ། བདག་མེད་མ་དང་དྲུག ཡེ་ཤེས་མཁའ་འགྲོ་མ་སྟེ་བདུན། བསྡུས་པའི་དཀྱིལ་འཁོར་དང་བརྒྱད། བསྡུས་པའི་དཀྱིལ་འཁོར་ལ་རིགས་བཞི་ཡུམ་བཞི་ལ་མོས་ན་གཙོ་བོ་འཕོ་བ་བཞི་སྟེ་བཅུ་གཉིས་སོ། །ལས་རྒྱས་པའི་ལྷ་མོ་གསུམ་དང༌། རིགས་བཞི་ཡུམ་བཞི་རྐྱང་པར་བྱས་པའི་སྒྲུབ་ཐབས་བརྒྱད་ནི། རིག་པ་འཛིན་པའི་སྒྲུབ་ཐབས་ཡིན་ཏེ། དེ་ལྟར་བཅུ་ནི་ཞར་ལས་བྱུང་བ་ཙམ་སྟེ་ལས་ཀྱི་ཚོགས་ཀྱི་ཁོངས་སུ་བསྡུའོ། །དེ་ལྟར་ཉི་ཤུ་རྩ་གསུམ་ནི་འཁོར་ལོ་ཐམས་ཅད་དོ། །སྤྱིར་རྒྱུད་འདི་ནས་འབྱུང་ཚད་ཀྱི་དབང་དུ་བྱས་ན་བརྟག་པ་བདུན་པ་ནས་ལས་ཚོགས་དང་འབྲེལ་བའི་རྣལ་འབྱོར་བཅུ་བདུན། ལྔ་པའི་གཉིས་པའི་རྫོགས་པ་དང་འབྲེལ་ལ། བརྒྱད་པའི་ཕྲེང་བ་དང་འབྲེལ་པ་སྟེ་བཅུ་དགུ་འབྱུང་ངོ༌། །དེ་དག་དོན་དམ་པར་གྲུབ་པ་ཡིན་ནམ་ཞེ་ན། མ་ཡིན་ཏེ། རྣམ་པར་འཕྲུལ་པ་སྟེ་སྐྱེ་མེད་ལས་སྐྱེ་བའི་ཆོ་འཕྲུལ་དུ་འབྱུང་བ་སྤྲུལ་པའི་སྐུ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་གང་གི་རྣམ་པར་འཕྲུལ་པ་ཡིན་ཞེ་ན། དཔལ་ལྡན་རྡོ་རྗེ་སེམས་དཔའ་སོགས་ལྷའི་སྟེ། རིགས་ལྔ་དང་དྲུག་ལས་བྱུང་ཞེས་པའོ། །དེ་ལྟར་སྣ་ཚོགས་སུ་ཅིའི་ཕྱིར་སྤྲུལ་སྙམ་ན། ཐམས་ཅད་ལས་ནི་སྣ་ཚོགས་མཆོག་སྟེ་ཐ་མལ་གྱི་རྣམ་པར་རྟོག་པ་སྣ་ཚོགས་སྦྱང་བར་བྱ་བའི་ཕྱིར་དང༌། དངོས་གྲུབ་སྣ་ཚོགས་བསྒྲུབ་པར་བྱ་བའི་ཕྱིར། རྣམ་པར་འཕྲུལ་པ་སྣ་ཚོགས་བཤད་ཅེས་བྱ་བའི་དོན་ཏོ། །དོན་དངོས་ལ་གཉིས་ཏེ། སྤྱིའི་རྣམ་པར་གཞག་པ་དང༌། སོ་སོའི་སྒྲུབ་པའི་ཐབས་སོ། །དང་པོ་ལ་ལྔ་སྟེ། བསྒྲུབ་པའི་གནས་དང༌། ཚུལ་ཇི་ལྟར་བསྒྲུབ་པ་དང༌། དོན་དམ་པར་མེད་ཀྱང་ཀུན་རྫོབ་ཏུ་མི་འགལ་བ་དང༌། སྒྲུབ་ཐབས་སྣ་ཚོགས་ཀྱི་དགོས་པ་དང༌། སྟོང་པ་ཉིད་ལ་རིགས་ཀྱི་དབྱེ་བའོ། །དང་པོ་ནི་གསང་བ་ཞེས་བྱ་བ་ལ་སོགས་པ་ཤླཽ་ཀ་གཅིག་གིས་བསྒྲུབ་པའི་གནས་བསྟན་ཏོ། །འདི་ལའང་དང་པོ་རྐང་པ་གཉིས་ཀྱིས་ལྷའི་གནས་བསྟན་ལ་རྐང་པ་ཕྱི་མ་གཉིས་ཀྱིས་སྒྲུབ་པ་པོའི་གནས་བསྟན་ཏོ། །དེ་ལ་ལྷའི་གནས་ནི་གསང་བ་མཆོག་གི་དགྱེས་པ་སྟེ། སྔར་དང་པོའི་གསུམ་པར་བཤད་པ་བཞིན་ནོ། །དེར་ལྷ་ཐམས་ཅད་ཀྱི་བདག་ཉིད་བསྒྲུབ་པའོ། །སྒྲུབ་པ་པོའི་གནས་ནི་རྣམ་པར་བྲལ་དང་གནས་སུ་ཞེས་རྐང་པ་གཉིས་ཏེ། སོ་སོའི་སྐྱེ་བོའི་འདུ་འཛིས་དབེན་པ་ནི་རྣམ་པར་བྲལ་བ་སྟེ། བསམ་གཏན་བསྒྲུབ་པ་ལ་འདི་བསྔགས་སོ། །དང་ཞེས་བྱ་བ་ནི་འབྱེད་པ་སྟེ། བྲལ་བའི་གནས་ཞེས་མ་ཡིན་པའོ། །གནས་སུའང་ཞེས་རང་གི་རྣལ་འབྱོར་གྱི་གནས་ཏེ་དེ་བཞིན་གཤེགས་པ་སོ་སོའི་བསྒྲུབ་པའི་གནས་རྡོ་རྗེ་གུར་དང་མཉམ་སྦྱོར་ལས་གསུངས་པ་ལྟ་བུའོ། །རང་གི་ཚལ་ཞེས་བྱ་བ་ནི་བདག་གི་གནས་སོ། །སོགས་གོང་དུ་བརྗོད་པའི་རིའི་རྩེ་མོའམ་ཞེས་བྱ་བ་ལ་སོགས་པ་རྣམས་སོ། །གཉིས་པ་ནི་ཀུན་ལས་སྣ་ཚོགས་ཞེས་བྱ་བ་རྐང་པ་གསུམ་གྱིས་བསྒོམ་བྱའི་ལྷ་མདོར་བསྟན་ཏེ། དེའང་ཀུན་ལས་ཞེས་བྱ་བ་ནི་ཕྱོགས་ཀུན་ལའོ། །སྣ་ཚོགས་པ་འདི་ནི་ཁ་དོག་སྣ་ཚོགས་པ་སྟེ། རིགས་ལྔའོ། །ཕྱག་རྒྱ་ནི་ལྷ་མོ་སྟེ་ཡུམ་དང་བཅས་པའོ། །ཀུན་ལ་ནི་ལྷ་ཀུན་ལའོ། །སྣ་ཚོགས་པ་ནི་བཞུགས་ཚུལ་ལོ། །སྡོམ་པ་ནི་དེས་ཐ་མལ་གྱི་རྣམ་རྟོག་སྡོམ་པའོ། །ཀུན་ལས་སྣ་ཚོགས་ནི་དེ་ལྟ་བུའི་ལྷ་རྣམས་ཀྱིས་སོ། །བྱ་བ་ནི་དངོས་གྲུབ་གང་འདོད་པ་བསྒྲུབ་པའོ། །ཇི་ལྟར་བདེ་བར་བསྒྲུབ་པར་བྱ་ཞེས་བྱ་བ་འདིས་ནི་ལྷ་རྣམས་ཀྱི་སྐྱེད་ཆོག་སྟོན་པར་བྱེད་དོ། །དེའང་གོང་དུ་བརྗོད་པའི་ལྷའི་རྣལ་འབྱོར་བཞི་བཅུ་རྩ་གཉིས་པོ་ཐམས་ཅད་ཇི་ལྟར་བདེ་བ་སྟེ་སྒྲུབ་པ་པོའི་བློའི་འཇུག་པ་གང་བདེ་བས་བསྐྱེད་ཅེས་བྱ་བའི་དོན་ཏོ། །དེའང་འདིར་བླ་མ་དམ་པའི་བཀའ་གདམས་གསུང་བ་ནི་སྤྱིར་སྒྲུབ་པའི་ཐབས་མཐའ་དག་ལ་དོན་གསུམ་གྱིས་བསྡུས་ཏེ། སྔོན་དུ་འགྲོ་བའི་ཆོ་ག་དང༌། དངོས་གཞིའི་རྣལ་འབྱོར་དང༌། རྫོགས་པར་བྱེད་པའི་ལམ་གྱི་ཡན་ལག་གོ །དེ་ལྟར་གསུམ་པོ་དེ་རེ་རེ་ལའང་རྒྱས་བསྡུས་ཀྱི་དབྱེ་བ་མང་དུ་ཤེས་པར་བྱའོ། །དེ་ལ་སྔོན་དུ་འགྲོ་བ་ནི་གསུམ་སྟེ། བསོད་ནམས་ཀྱི་ཚོགས་བསགས་པ་དང༌། ཡེ་ཤེས་ཀྱི་ཚོགས་བསགས་པ་དང༌། བར་ཆད་ཞི་བར་བྱ་བའི་ཕྱིར་སྲུང་འཁོར་བསྒོམ་པའོ། །དང་པོ་ལའང་རྒྱས་པའི་དབང་དུ་བྱས་ན་རྡོ་རྗེ་གུར་ལས་འབྱུང་བ་ལྟར། བླ་མ་རྡོ་རྗེ་རྣམ་མཆོད་ནས། །བདུན་པོ་ཡོངས་སུ་དག་པར་བྱ། །ཞེས་པ་དང༌། ཚངས་པའི་གནས་ནི་བཞི་པོ་ཡིས། །སེམས་ཀྱི་ངལ་ནི་བསོ་བར་བྱ། །ཞེས་འབྱུང་བ་ལྟར། དང་པོ་ཚོགས་ཀྱི་ཞིང་སྤྱན་དྲངས་ཏེ་ཕྱག་དང་མཆོད་པ་བྱ་བ། དེ་ནས་སྡིག་པ་བཤགས་པ་ལ་སོགས་པ་རྒྱུན་བཤགས་བྱ་བ། ཚད་མེད་པ་བཞི་བསྒོམ་པའོ། །རིགས་བསྡུས་པ་ལ་ནི་ཁྱད་པར་དུ་བདུན་དག་པའི་ནང་དུ་སྡོམ་པ་བཟུང་བའང་གསུངས་པས་དེ་བཞིན་ནོ། །དེ་ལྟར་བསོད་ནམས་ཀྱི་ཚོགས་བསགས་ནས། ཡེ་ཤེས་ཀྱི་ཚོགས་སྟོང་པ་ཉིད་བསྒོམ་པ། དེ་ནས་སྲུང་བའི་འཁོར་ལོ་ལ་སྤྲོས་པའི་བྱེ་བྲག་གི་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་སུ་ཤེས་པར་བྱའོ། །དེ་ལྟར་ན་སྔོན་དུ་འགྲོ་བ་རྒྱས་པ་འདི་ནི་ལྷའི་རྣལ་འབྱོར་མཐའ་དག་གི་ཐུན་མོང་སྟེ། མཆོད་པ་ལ་སོགས་པ་ནང་གསེས་ཀྱི་དབྱེ་བ་མི་འདྲ་བ་ནི་སོ་སོ་ཉིད་དུ་ཁོང་དུ་ཆུད་པར་ནུས་སོ། །སྔོན་དུ་འགྲོ་བ་འབྲིང་ནི་ཚོགས་གཉིས་བསགས་པ་ཙམ་ཡིན་ལ། བསྡུས་པ་ནི་བསོད་ནམས་ཀྱི་ཚོགས་ཐམས་ཅད་སྐྱབས་འགྲོ་སེམས་བསྐྱེད་ཙམ་མམ་ཚད་མེད་བཞིར་བསྡུས་ནས། དེ་ནས་ཡེ་ཤེས་ཀྱི་ཚོགས་བསྒོམ་པའོ། །འབྲིང་བསྡུས་ཀྱི་ལུགས་འདི་ནི། མཆོག་སྒྲུབ་པའི་དཀྱིལ་འཁོར་ལ་གསུངས་པ་མེད་ལ། ལས་རྒྱས་པའི་ལྷའི་རྣལ་འབྱོར་ལ་གསུང་བ་ནི་བླ་མའི་མན་ངག་གོ །དངོས་གཞིའི་མངོན་པར་རྟོགས་པ་ལའང་རྒྱས་བསྡུས་གསུམ་སྟེ། ཡན་ལག་ཡོངས་སུ་རྫོགས་པར་བྱ་བ་རྒྱས་པའི་དང་འབྲིང་དང་བསྡུས་པའི་ལུགས་སོ། །དེ་ལ་ཡན་ལག་ཡོངས་སུ་རྫོགས་པའི་ལུགས་ཀྱང་རྒྱུད་སོ་སོའི་དགོངས་པས་མི་འདྲ་བ་གསུངས་ཏེ། ཏིང་ངེ་འཛིན་གསུམ་དུ་བསྡུ་བ་དང༌། བསྙེན་སྒྲུབ་བཞིར་བསྡུ་བ་དང༌། ཡན་ལག་དྲུག་ཏུ་བསྡུ་བའོ། །དང་པོ་ནི། རྒྱུད་རྡོ་རྗེ་རྩེ་མོའི་དགོངས་པ་སྟེ། དང་པོ་སྦྱོར་བའི་ཏིང་འཛིན་མཆོག །རྣལ་འབྱོར་པས་ནི་སྙོམས་འཇུག་བྱ། །དེ་ནས་དཀྱིལ་འཁོར་རྒྱལ་པོ་མཆོག །དེ་ནས་ཡང་ནི་ལས་རྒྱལ་པོ། །ཞེས་གསུངས་ཏེ་སྐུ་གསུམ་ལམ་དུ་བྱ་བའི་ཕྱིར་ཏེ། དང་པོ་རྒྱུ་རྡོ་རྗེ་འཆང་བསྐྱེད་པ་ཡན་ཆད་ངོ་བོ་ཉིད་ཀྱི་སྐུ། གཉིས་པ་འཁོར་བསྐྱེད་པ་ཡེ་ཤེས་པ་གཞུག་པ་དབང་བསྐུར་བ་མཆོད་བསྟོད་བདུད་རྩི་ཡན་ཆད་ལོངས་སྐུ། གསུམ་པ་ཕྲ་བ་ཐིག་ལེ་ལ་སོགས་པའི་རྣལ་འབྱོར་ལ་བཞག་པ་ཡན་ཆད་སྤྲུལ་སྐུའོ། །ཡང་ཡན་ལག་དྲུག་ནི་རྡོ་རྗེ་གུར་ཁོ་ནའི་སྟེ། སངས་རྒྱས་གནས་ནི་རྫོགས་པ་དང༌། །ཀུན་ཏུ་བཟང་པོའི་རང་བཞིན་དང༌། །དབང་བསྐུར་མཆོད་བསྟོད་བདུད་རྩི་སྟེ། །རྣལ་འབྱོར་ཡན་ལག་དྲུག་ཏུ་འདོད། །ཅེས་གསུངས་ཏེ། དེ་བཞིན་གཤེགས་པ་དྲུག་ལམ་དུ་བྱ་བའི་ཕྱིར་གཞལ་ཡས་ཁང་བསྐྱེད་པ་རྣམ་པར་སྣང་མཛད། དེ་ནས་རྗེས་ཆགས་རྡོ་རྗེ་སེམས་དཔའ་སྟེ། དམ་ཚིག་པ་བསྐྱེད་པ་ཡེ་ཤེས་པ་གཞུག་པ་སྐྱེ་མཆེད་བྱིན་གྱིས་བརླབ་པ་རྣམས་སོ། །དབང་བསྐུར་བ་མི་བསྐྱོད་པ། མཆོད་པ་དོན་ཡོད་གྲུབ་པ། བསྟོད་པ་རིན་འབྱུང༌། བདུད་རྩི་མྱང་བ་འོད་དཔག་ཏུ་མེད་པའི་ཡན་ལག་གོ །དེ་ལྟར་ཚུལ་གཉིས་པོ་དེ་ནི་དཀྱིལ་འཁོར་གྱི་འཁོར་ལོ་ཁོ་ན་ལ་སྦྱར་བའི་དབང་དུ་བྱས་པ་ཡིན་གྱི་གཞན་གྱི་ནི་མ་ཡིན་ནོ། །བསྐྱེད་པའི་རིམ་པ་མཐའ་དག་ལ་བསྙེན་སྒྲུབ་ཡན་ལག་བཞིར་བསྡུ་བ་ནི། གསང་བ་འདུས་པ་དང༌། བརྟག་པ་གཉིས་པའི་དགོངས་པ་སྟེ། འདུས་པའི་ལེའུ་བཅུ་གཉིས་པ་ལས། བསྙེན་པའི་དམ་ཚིག་སྦྱོར་བ་དང༌། །ཉེ་བར་སྒྲུབ་པ་འབྱུང་བ་དང༌། །སྒྲུབ་པའི་དོན་གྱི་དམ་ཚིག་དང༌། །སྒྲུབ་པ་ཆེན་པོ་དག་དང་བཞི། །ཞེས་པ་དང༌། བསྙེན་པའི་དམ་ཚིག་རབ་སྦྱོར་ལ། །བྱང་ཆུབ་མཆོག་ནི་བསྒོམ་པར་བྱ། །ཞེས་དམ་ཚིག་པ་བསྐྱེད་པའོ། །ཉེ་བར་སྒྲུབ་པ་གྲུབ་མཆོག་ལ། །རྡོ་རྗེ་སྐྱེ་མཆེད་རྣམ་པར་དཔྱད། །ཅེས་སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའོ། །སྔགས་ཀྱི་བདག་པོ་སྒོམ་པ་ཡིས། །སྒྲུབ་པའི་ཚེ་ན་བསྐུལ་བར་གསུངས། །ཞེས་ཡེ་ཤེས་པ་གཞུག་པའོ། །སྒྲུབ་པ་ཆེན་པོ་བྱེད་པའི་ཚེ། །དབུ་རྒྱན་ལ་ནི་བདག་པོ་བསམ། །ཞེས་དབང་བསྐུར་ཞིང་རྒྱས་གདབ་པའོ། །མཆོད་པ་དང་བསྟོད་པ་དང༌། བདུད་རྩི་མྱང་བ་ལ་སོགས་པ་ནི་དེའི་ཡན་ལག་ཙམ་མོ། །བརྟག་པ་གཉིས་པའང་དགོངས་པ་འདི་དང་མཐུན་ཏེ། དང་པོ་སྟོང་པའི་བྱང་ཆུབ་སྟེ། །ཞེས་བྱ་བ་ལ་སོགས་པ་བཞི་གསུངས་སོ། །བཞི་པོ་དེ་བསྙེན་སྒྲུབ་བཞི་ཡིན་པར་གང་ལས་ཤེས་ཤེ་ན། གསང་བ་འདུས་པའི་ལེའུ་བཅུ་གཉིས་པ་ལས། སྒྲུབ་པ་ཆེན་པོ་དག་དང་བཞི། །རྡོ་རྗེའི་བྱེ་བྲག་ཤེས་བྱས་ལ། །དེ་ནས་ལས་རྣམས་བསྒྲུབ་པར་བྱ། །ཞེས་གསུངས་ན། རྒྱུད་ཕྱི་མ་ལས། ཐ་མལ་པ་ནི་རྡོ་རྗེ་བཞི། །ཡེ་ཤེས་བདུད་རྩི་མཆོག་ཡིན་ནོ། །དང་པོ་སྟོང་པའི་བྱང་ཆུབ་སྟེ། །གཉིས་པ་ས་བོན་བསྡུ་བའོ། །གསུམ་པ་ལ་ནི་གཟུགས་བརྙན་རྫོགས། །བཞི་པ་ལ་ནི་ཡིག་འབྲུ་དགོད། །རྡོ་རྗེ་རྣམ་བཞི་དེ་དག་གིས། །ཐ་མལ་སྒྲུབ་པའི་བསྙེན་པ་བྱ། །ཞེས་བཅུ་གཉིས་པར་རྡོ་རྗེ་བྱེ་བྲག་ཅེས་པ་དང༌། འདིར་རྡོ་རྗེ་བཞི་གསུངས་པ་མཐུན་པས་ཤེས་སོ། །རྒྱུད་འདི་ལས་ཀྱང་ཡན་ལག་བཞི་གསུངས་པས་འདིས་བསྡུས་པར་དགོངས་སོ། །རྡོ་རྗེ་གུར་ལས། དང་པོར་སྐྱེས་བུ་བསམ་ཞེས་བྱ་བའི་ཤུགས་ལ་ཏིང་ངེ་འཛིན་གསུམ་ཡང་བསྟན་ཏོ། །དེ་ལ་སློབ་དཔོན་སོ་སོའི་དགོངས་པས་སོ་སོར་སྦྱར་ལུགས་བསམ་གྱིས་མི་ཁྱབ་པ་གསུངས་ཀྱང༌། འདིར་མཆོག་སྒྲུབ་པའི་དཀྱིལ་འཁོར་ལས། གུར་གྱི་རིགས་བསྡུས་པའི་སྒྲུབ་ཐབས་ལ་ནི་གསུམ་ཀ་སྦྱོར་ལ། འདིའི་བསྡུས་པའི་དཀྱིལ་འཁོར་ལ་ནི་ཏིང་ངེ་འཛིན་གསུམ་དང༌། བསྙེན་སྒྲུབ་བཞི་སྦྱོར་ལ། ཧེ་རུ་ཀ་སོ་སོ་བ་དང༌། བདག་མེད་མ་ལ་ནི་ཡན་ལག་དྲུག་དང༌། བསྙེན་སྒྲུབ་ཡན་ལག་བཞིས་སྡུད་ལ། གཞན་དཀྱིལ་འཁོར་དང་རྐྱང་པ་ཐམས་ཅད་ལ་ནི་བསྙེན་སྒྲུབ་ཡན་ལག་བཞིས་སྡུད་པ་ཡིན་ནོ། །རྒྱས་པའི་དབང་དུ་བྱས་པའོ། །འབྲིང་དུ་བྱ་བ་ནི་ཏིང་ངེ་འཛིན་གསུམ་དང་ཡན་ལག་དྲུག་གིས་བསྡུ་བ་མེད་ལ། རྡོ་རྗེ་བཞིས་བཅིང་བ་ལ། རྡོ་རྗེ་བཞི་ཙམ་བྱས་ནས་མཆོད་བསྟོད་ལ་སོགས་པ་མི་བྱ་བར་བཟླས་བརྗོད་ལ་འཇུག་པའི་ལུགས་དང༌། ཡང་རྡོ་རྗེ་བཞི་ཉིད་ལ་ཡང་དབང་བསྐུར་མི་བྱ་བར་དབུ་རྒྱན་རང་ཆས་སུ་བྱེད་པའང་ཡོད་དེ། དེ་ལྟར་ན་འབྲིང་གི་ལུགས་སོ། །བསྡུ་ན་དམ་ཚིག་པ་བསྐྱེད་དེ་དབུ་རྒྱན་རང་ཆས་སུ་བྱས་ནས་བཟླས་པ་ལ་སོགས་པ་ལ་འཇུག་པའང་ཡོད་དོ། །དེ་ལྟ་བུའི་དངོས་གཞི་ལ། དམ་ཚིག་པ་བསྐྱེད་པའི་ལྷ་རྣམས་སྐྱེད་ཆོག་ལ་ཚུལ་མི་འདྲ་བ་ལྔ་སྟེ། མངོན་བྱང་ལྔ་ལས་བསྐྱེད་པ་དང༌། རྡོ་རྗེ་ཆོ་ག་ཡན་ལག་གསུམ་མམ་བཞི་ལས་བསྐྱེད་པ་དང༌། སྙིང་པོ་ཚིག་ཙམ་ལས་བསྐྱེད་པ་དང༌། དབུགས་ཀྱི་སྤྲོ་བསྡུ་ལས་བསྐྱེད་པ་དང༌། འབྱིན་པའི་ཚུལ་གྱིས་བསྐྱེད་པའོ། །དང་པོ་ལ་གཉིས་ཏེ། མཉམ་པར་སྦྱོར་བའི་བྱང་ཆུབ་པ་དང༌། མི་མཉམ་པར་སྦྱོར་བའི་བྱང་ཆུབ་པའོ། །དེ་ལ་མཉམ་པར་སྦྱོར་བའི་བྱང་ཆུབ་པའི་བསྐྱེད་པ་ནི། བསྡུས་པའི་དཀྱིལ་འཁོར་གྱི་གཙོ་བོ་དང་རྒྱུའི་རྡོ་རྗེ་འཆང་ངོ༌། །མི་མཉམ་པར་སྦྱོར་བའི་བྱང་ཆུབ་པ་ནི་བདག་མེད་མའི་དཀྱིལ་འཁོར་དང་རིགས་སོ་སོ་བའོ། །ཧེ་རུ་ཀ་གསུམ་ལ་ནི། མཉམ་པར་སྦྱོར་བའི་བྱང་ཆུབ་པ་ལྔ་དང༌། རྡོ་རྗེ་ཆོ་ག་གསུམ་དང༌། སྙིང་པོ་ཚིག་ཙམ་ལས་བསྐྱེད་པ་གསུམ་ཀ་འཇོག་གོ །དྲག་པོའི་གདན་ཅན་གྱི་དཀྱིལ་འཁོར་ནི་སྙིང་པོ་ཚིག་ཙམ་ལས་བསྐྱེད་པ་ཁོ་ནའོ། །དབུགས་དབྱུང་རྔུབ་ཀྱི་སྤྲོ་བསྡུ་ལས་བསྐྱེད་པ་ནི། ཡེ་ཤེས་མཁའ་འགྲོ་མའི་དཀྱིལ་འཁོར་རོ། །ཡང་ཕྱག་གཉིས་པའི་འཁོར་གྱི་ལྷ་མོའང་ཡིན་ནོ། །གསང་གནས་ནས་འབྱིན་པའི་ཚུལ་གྱིས་བསྐྱེད་པ་ནི་བསྡུས་པའི་དཀྱིལ་འཁོར་གྱི་འཁོར་དང༌། ཕྱག་བཞི་པ་དང༌། དྲུག་པ་དང༌། བཅུ་དྲུག་པའི་འཁོར་རྣམས་སོ། །ལས་རྒྱས་པའི་ལྷའི་རྣལ་འབྱོར་ནི་ཉི་ཤུ་རྩ་བརྒྱད་པོ་ལ། རྡོ་རྗེ་བྷཻ་ར་ཝ་མ་གཏོགས་པ་གཞན་ཐམས་ཅད་སྙིང་པོ་ཚིག་ཙམ་ལས་བསྐྱེད་པར་གཞུང་དུ་གསལ་ཡང༌། བླ་མའི་མན་ངག་གིས་རྡོ་རྗེ་ཆོ་ག་ཡན་ལག་གསུམ་དང༌། སྙིང་པོ་ཚིག་ཙམ་འདམ་ཀར་གསུངས་སོ། །སྐྱེ་མཆེད་བྱིན་གྱིས་རློབ་པའི་ལྷ་ཐམས་ཅད་ནི་ཡི་གེ་ཙམ་ལས་བསྐྱེད་པའོ། །སྐྱེད་ཆོག་དེ་རྣམས་ཀྱང་སྐྱེ་བ་བཞི་སྦྱོང་བར་བསྡུ་སྟེ། མངོན་བྱང་ལྔ་དྲོད་གཤེར་ལས་སྐྱེ་བ་དང༌། ཆོ་ག་གསུམ་སྒོང་སྐྱེས། དབུགས་དབྱུང་རྔུབ་དང་སྙིང་པོ་ཚིག་ཙམ་རྫུས་སྐྱེས། འབྱིན་པས་བསྐྱེད་པ་མངལ་སྐྱེས་ཞེས་བྱ་བ་ལྟར་བསྡུས་པ་ཡིན་ནོ། །རྫོགས་པར་བྱེད་པ་ལམ་གྱི་ཡན་ལག་ལ་བཟླས་པ་དང༌། སྤྱོད་ལམ་དང༌། ཐུན་མཚམས་ཀྱི་བྱ་བ་དང༌། ཁ་ཟས་དང༌། གཏོར་མ་དང༌། ཉལ་བ་དང༌། ལྡང་བའི་རྣལ་འབྱོར་ཞེས་བྱ་བ་བདུན་ནི་ཀུན་གྱི་ཐུན་མོང་ཡིན་ལ། མཆོག་སྒྲུབ་པའི་དཀྱིལ་འཁོར་ལ་ནི་དག་པ་རྗེས་སུ་དྲན་པ་ཞེས་བྱ་བ་ཁྱད་པར་གྱི་ཆོས་སོ། །དེ་ལྟར་བརྒྱད་པོ་ནི་ཐུན་རེའམ་ཉིན་ཞག་རེ་རེ་དང་རྗེས་སུ་འབྲེལ་བ་ཡིན་པས། ལོགས་སུ་སྨོས་པ་ཡིན་གྱི་གཞན་དངོས་གྲུབ་མཐའ་དག་གི་མངོན་རྟོགས་ལྷག་མ་རྣམས་ཀྱང་བསྐྱེད་རིམ་གྱི་ལམ་གྱི་ཡན་ལག་ཡིན་ཏེ། དེ་ལྟར་ན་ཇི་ལྟར་བདེ་བ་བསྒྲུབ་པར་བྱ་སྟེ། རྒྱས་བསྡུས་ཀྱི་དབྱེ་བ་གང་ལྟར་བསྒྲུབ་ཀྱང་དངོས་གྲུབ་ཀྱི་རྒྱུར་འགྱུར་བ་ཡིན་ནོ་ཞེས་རྒྱུད་མཐའ་དག་གི་བཤད་པའི་རྒྱུད་དུ་འགྱུར་བ་ཡིན་ནོ། །གསུམ་པ་དོན་དམ་པར་མེད་ཀྱང་ཀུན་རྫོབ་ཏུ་རྣམ་པར་གཞག་པ་མི་འགལ་བ་ནི་བདེ་བར་གཤེགས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ཡང་དང་པོའི་ཚིགས་སུ་བཅད་པ་གཅིག་གིས་ནི་དོན་དམ་པར་བཤད་དུ་མེད་པར་སྟོན་ཏོ། །འོན་ཏེ་དེ་ལྟར་ན་བཤད་དུ་མེད་ན་སྒྲུབ་པའི་ཐབས་ལ་སོགས་པ་གང་ཡང་མེད་སྙམ་པ་ལ། བསྒོམ་པ་ལྷའི་རྣལ་འབྱོར་ཞེས་བྱ་བ་ལ་སོགས་པ་རྐང་པ་གསུམ་གསུངས་སོ། །གལ་ཏེ་དོན་དམ་པར་བཤད་དུ་མེད་ན་དེ་དག་ཅི་ལས་བྱུང་སྙམ་ན། སངས་རྒྱས་གར་ཏེ་ཆོས་ཀྱི་སྐུ་སྤྲོས་པ་དང་བྲལ་བ་ལས། གཟུགས་ཀྱི་སྐུས་གར་མཛད་པའོ། །གར་ཉིད་ཇི་ལྟ་བུ་སྙམ་པ་ལ་བསམ་གྱིས་མི་ཁྱབ་སྟེ། བདག་ཅག་ལྟ་བུའི་བློས་བསམ་པར་བྱ་བ་མ་ཡིན་ཞེས་བྱ་བའི་དོན་ཏོ། །ཅི་དོན་དམ་པར་མྱ་ངན་ལས་འདས་པ་ཡིན་ན་གར་ཉིད་ཀྱང་འབྱུང་བ་མི་རིགས་སྙམ་ན། བདེན་མོད་སྙིང་རྗེ་ཆེན་པོའི་སྒོ་ནས་མྱ་ངན་ལས་འདས་པའི་མཐའ་མནན་པའི་ཕྱིར། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སེམས་དང་སེམས་ལས་བྱུང་བ་ཉིད་མ་འགགས་པས་ན་ཐམས་ཅད་སེམས་ཀྱི་སྤྲུལ་པ་སྟེ། ཞེས་གསུངས་ཏེ། ཆོས་ཀུན་གཟུགས་ཅན་མ་ཡིན་ཡང༌། །གཟུགས་ཅན་དུ་ཡང་འདི་རུ་བརྟག །ཆོས་ཀུན་ཚིག་གི་སྤྱོད་ཡུལ་མིན། །སྒྲ་རུ་ཡང་ནི་འདིར་བརྟག་གོ །ཞེས་གསུངས་པ་དེས་ན་རྟོག་པའོ། །ཡང་ན་དེ་བཞིན་ཉིད་རྟོག་པ་མེད་ཀྱང་སྨོན་ལམ་གྱི་སྒོ་ནས་གདུལ་བྱའི་རྟོག་པ་ལ་སྣང་ཞེས་བྱ་བར་ཡང་རུང་སྟེ་སྔ་མ་ཉིད་ལེགས་སོ། །བཞི་པ་ནི་དེ་ལྟར་སྤྲུལ་པ་ལ་དགོས་པ་ཅི་ཡོད་སྙམ་ན། སེམས་ཅན་རྣམས་ལ་ཕན་འདོད་ཕྱིར་ཏེ་དམན་པའི་དངོས་གྲུབ་འདོད་པ་རྣམས་ལ་དངོས་གྲུབ་བསྐྱེད་པ་དང༌། མཆོག་འདོད་པ་རྣམས་ལ་ཐ་མལ་གྱི་རྟོག་པ་གཞོམ་པར་བྱ་བ་དང༌། དེ་ཁོ་ན་ཉིད་མཚོན་པར་བྱ་བའི་ཕྱིར་བསྐྱེད་པའི་རིམ་པའི་རྣལ་འབྱོར་བསྒྲགས་པ་ཡིན་ཞེས་བྱ་བའི་དོན་ཏོ། །ལྔ་པ་ནི། དེ་ལྟར་དེ་བཞིན་ཉིད་དེ་ལས་སངས་རྒྱས་ཀྱི་གར་སྣ་ཚོགས་སུ་སྤྲུལ་པ་དེ་ཇི་ལྟར་སྤྲུལ། གྲངས་ནི་དུ་སྤྲུལ་ཞེ་ན། སྟོང་པ་ཉིད་ལས་ཞེས་སྨོས་ཏེ། ཆོས་ཀྱི་དབྱིངས་དེ་བཞིན་ཉིད་ཆོས་ཀྱི་སྐུ་ནི་སྟོང་པ་ཉིད་དོ། །དེ་ཉིད་རྣམ་པར་རྟོག་པས་མི་ཕྱེད་པས་རྡོ་རྗེའོ། །དེ་བཞིན་ཉིད་ཀྱི་ངོ་བོ་ལས་དེ་བཞིན་གཤེགས་པའོ། །དགོས་འདོད་འབྱུང་བས་ན་རིན་པོ་ཆེའོ། །འདོད་ཆགས་ལ་སོགས་པའི་ཉེས་པས་མ་གོས་པས་ན་པདྨའོ། །ཕྲིན་ལས་སྣ་ཚོགས་མཛད་པས་ན་ལས་སམ་སྣ་ཚོགས་སོ། །དེ་ལྟར་དེ་དག་གི་བརྡར་ཕྱག་མཚན་ལྔར་སྤྲུལ་ལ། དེ་དག་ལས་བྱུང་ཞིང་དེ་དག་དང་འབྲེལ་པས་རིགས་སོ། །དེའི་ཕྱིར་རིགས་རྣམས་དེ་བཞིན་ཉིད་དུ་འདུས་པས་རིགས་རྣམས་ལ་དབུ་རྒྱན་དེ་བཞིན་གཤེགས་པའོ། །དེ་བཞིན་གཤེགས་པའང་དེ་རྣམས་ཉིད་ཡིན་པས་དེ་བཞིན་གཤེགས་པའི་དབུ་རྒྱན་རྡོ་རྗེ་ལ་སོགས་པའོ། །དེས་ན་སྒྲུབ་པའི་ཐབས་དཀྱིལ་འཁོར་སྣ་ཚོགས་གསུངས་ཀྱང་རིགས་ནི་རྣམ་པ་ལྔ་རུ་གསུངས་ཏེ། དེར་འདུས་ཞེས་བྱ་བའི་དོན་ཏོ།།  །།དེ་ལྟར་སྤྱིའི་རྣམ་པར་གཞག་པ་བསྟན་ནས། ད་ནི་སོ་སོའི་སྒྲུབ་པའི་ཐབས་རྒྱས་པར་འཆད་དོ། །འདི་ལ་གཉིས་ཏེ། རྡོ་རྗེ་སྙིང་པོས་ཞེས་བྱ་བ་ནས། བསྐྱབ་ཏུ་གསོལ་ཞེས་བྱ་བའི་བར་གྱིས་ནི་ཞུས་པ་བསྟན་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཞེས་བྱ་བ་ལ་སོགས་པས་དེའི་ལན་སྟོན་ཏོ། །དེ་ལ་སྤྱིར་རབ་ཏུ་བྱེད་པ་དྲུག་གི་སྒོ་ནས་ལྷའི་རྣལ་འབྱོར་ཉི་ཤུ་རྩ་གསུམ་སྟོན་ཏེ་དེ་ལ་རབ་ཏུ་བྱེད་པ་གསུམ་པ་འདིས་ནི་ཧེ་རུ་ཀ་གསུམ་སྟོན་ཏོ། །གཉིས་པ་དངོས་ཀྱི་སྟོད་ཀྱིས་ནི་ལས་རྒྱས་པའི་ལྷ་མོ་གསུམ་མོ། །དེའི་སྨད་ཀྱིས་ནི་རིག་པ་འཛིན་པ་སྒྲུབ་པའི་རྣལ་འབྱོར་བརྒྱད་དོ། །གསུམ་པའི་དང་པོས་ནི་ཕྱག་བཅུ་དྲུག་པའོ། །གསུམ་པའི་གཉིས་པས་ནི་ཡེ་ཤེས་ཀྱི་མཁའ་འགྲོ་མ་ལྷ་བཅུ་གསུམ་མོ། །གསུམ་པའི་གསུམ་པས་ནི་བདག་མེད་མ་ལྷ་མོ་བཅོ་ལྔའོ། །གསུམ་པ་དངོས་ཀྱི་སྟོད་ཀྱིས་ནི་བསྡུས་པའི་དཀྱིལ་འཁོར་བསྟན་ཏོ། །དེ་ཉིད་ལ་རྣམ་པར་སྣང་མཛད་ལ་སོགས་པ་གཙོ་བོ་འཕོ་བའི་སྒོ་ནས་དཀྱིལ་འཁོར་ལྔའོ། །གསུམ་པ་དངོས་ཀྱི་སྨད་ཀྱིས་ནི་དྲག་པོའི་གདན་ཅན་གྱི་དཀྱིལ་འཁོར་སྟོན་ཏོ། །དང་པོ་ཧེ་རུ་ཀ་གསུམ་ནི་ཐུན་མོང་གི་ཆོ་ག་དང༌། ཕྱག་གཉིས་པ་ནི་ཧེ་བཛྲ་དང་ཆ་མཐུན་པས་བཤད་པའི་རྒྱུད། ཡེ་ཤེས་ཀྱི་ཚོགས་མི་གསལ་བ་གསལ། ཐུན་མོང་གི་གདན་ཁ་བསྐང་བས་བཤད་རྒྱུད། ཕྱག་བཞི་པ་གསལ་བར་བཤད། ཕྱག་དྲུག་པ་ཚུལ་མི་འདྲ་བས་བཤད་པའི་རྒྱུད་དོ། །དང་པོ་ལ་གསུམ་སྟེ། ཕྱག་གཉིས་པའི་སྐྱེད་ཆོག་ལ་བརྟེན་ཏེ་སྤྱིའི་ཆོ་ག་བསྟན་པ་དང༌། ཕྱག་བཞི་པའི་མི་འདྲ་བའི་ཚུལ་དང༌། ཕྱག་དྲུག་པའི་མི་འདྲ་བའི་ཚུལ་བསྟན་པའོ། །ཡང་ན་གཉིས་ཏེ། ཧེ་རུ་ཀ་གསུམ་སྐྱེད་པ་ཐུན་མོང་གི་ཆོ་ག་དང༌། སོ་སོའི་མི་འདྲ་བའི་ཚུལ་བསྟན་པའོ། །དེ་ལ་གཞུང་རིམ་པ་བཞིན་ངོས་བཟུང་ན་དོན་བཅུས་ཤེས་པར་བྱ་སྟེ། ཚད་མེད་པ་བཞི་བསྒོམ་པ་དང༌། ཡན་ལག་བཞིའི་སྒོ་ནས་མངོན་པར་རྟོགས་པ་མཐའ་དག་བསྡུས་ཏེ་བསྟན་པ་དང༌། སྲུང་བའི་འཁོར་ལོ་གདན་བསྒོམ་པ་དགོས་པ་དང་བཅས་པ་བསྟན་པ་དང༌། བདག་བྱིན་གྱིས་བརླབ་པ་བསྟན་པ་དང༌། རྡོ་རྗེ་ཆོ་ག་ཡན་ལག་གསུམ་ལས་སྐྱེད་པའི་ཚུལ་བསྟན་པའམ། ཡང་ན་མངོན་པར་བྱང་ཆུབ་པ་ལྔས་སྐྱེད་པའི་དབང་དུ་བྱས་ན། མངོན་བྱང་གསུམ་པ་དང༌། བཞི་པ་དང་ལྔ་པ་བསྟན་པ་དང༌། བསོད་ནམས་ཀྱི་ཚོགས་བསགས་པའི་མཆོད་པ་བསྟན་པ་དང༌། ཡེ་ཤེས་ཀྱི་ཚོགས་བསག་པ་དང༌། མངོན་པར་བྱང་ཆུབ་པ་ལྔས་སྐྱེད་པ་སྟེ། མངོན་བྱང་དང་པོ་གསུམ་དང༌། ཕྱག་གཉིས་པའི་དབང་དུ་བྱས་པའི་འཁོར་གྱི་ལྷ་མོ་དབྱུང་བ་དང༌། གདན་ཐུན་མོང་བ་བསྟན་ཏེ་དེ་ལྟར་བཅུའོ། །དེ་དག་ཀྱང་ཉམས་སུ་བླང་ན་གསུམ་སྟེ། དང་པོ་ཚད་མེད་པ་བཞི་དང༌། སྟོང་པ་ཉིད་བསྒོམ་པ་སྟེ། ཚིག་ཙམ་ལས་སྐྱེད་པའི་ཡན་ལག་བཞི་ནི་བསྡུས་པའོ། །དེའི་སྟེང་དུ་སྲུང་འཁོར་བསྣན་ཏེ་ཆོ་ག་གསུམ་ལས་སྐྱེད་པའི་ཡན་ལག་བཞི་ནི་འབྲིང་གི་དབང་དུ་བྱས་པའོ། །རྒྱས་པའི་དབང་དུ་བྱས་ན་བླ་མའི་མན་ངག་གིས་འཁྲུགས་བསྡེབས་སམ་མ་བསྡེབས་ཀྱང་རུང་སྟེ། དེ་ལ་དང་པོ་ལྡང་བའི་རྣལ་འབྱོར་གྱིས་སམ་སྐད་ཅིག་མའི་སྒོ་ནས་བདག་ཉིད་ལྷར་བསྐྱེད་དེ་སེམས་བྱིན་གྱིས་བརླབ་པའི་ཕྱིར་རང་གི་སྙིང་གར་ཞེས་ཚིག་བཅད་གཅིག་སྦྱར་རོ། །དེ་ནས་ཚོགས་ཀྱི་ཞིང་སྤྱན་དྲངས་ཏེ་མཆོད་པ་ནི། ནམ་མཁར་རྗེ་བཙུན་ཞེས་རྐང་པ་བཅུ་བཞིའོ། །དེའི་རྗེས་ལ་སྡིག་པ་བཤགས་པ་དང༌། བསོད་ནམས་ལ་ཡི་རང་བ་དང༌། ཡོངས་སུ་བསྔོ་བ་དང༌། སྐྱབས་སུ་འགྲོ་བ་དང༌། སེམས་བསྐྱེད་པ་ཁ་བསྐང་བའོ། །དེ་ནས་ཚད་མེད་པ་བཞི་བསྒོམ་པ་ནི། དང་པོར་བྱམས་པ་ཞེས་ཤླཽ་ཀ་གཅིག་གོ །དེ་ནས་ཡེ་ཤེས་ཀྱི་ཚོགས་ནི། དེའི་གནས་ལ་ཞེས་རྐང་པ་གཉིས་སོ། །དེ་ལྟར་ཚོགས་བསགས་ནས་དངོས་གཞི་ལ་ཡན་ལག་བཞིར་བསྡུ་བའམ། ཡང་ན་སྟོང་པ་དང་སྲུང་བ་ལ་ཡན་ལག་བཞིར་བསྡུ་བ་ནི་ཡང་ནི་ཞེས་པ་ཤླཽ་ཀ་གཅིག་གོ །སྲུང་བའི་འཁོར་ལོ་ནི་རེ་པས་ཞེས་པ་ཚིགས་བཅད་གཅིག་གོ །དེར་ཐུན་མོང་གི་གདན་ཉི་མ་བསྒོམ་པ་ནི་ནམ་མཁའི་ཁམས་ཞེས་རྐང་པ་གཉིས་སོ། །དེར་གདན་རོ་བསྒོམ་པ་དགོས་པ་དང་བཅས་པ་ནི། དང་པོར་རོ་ནི་ཞེས་པ་ཤླཽ་ཀ་གཅིག་གོ །དེ་ལྟར་ལྷར་བསྐྱེད་པ་ལ་བསྐྱེད་ལུགས་རྒྱས་བསྡུས་གསུམ་ལས། རྒྱས་པ་མངོན་པར་བྱང་ཆུབ་པ་ལྔ་ལས་བསྐྱེད་པ་ནི། ཨཱ་ལི་ཟླ་བ་ཤླཽ་ཀ་གཅིག་གིས་བསྟན་ཏོ། །མངོན་པར་བྱང་ཆུབ་པ་དེ་ཉིད་ཀྱི་འཕྲོ་བསྟན་པའམ། རྡོ་རྗེ་ཆོ་ག་ཡན་ལག་གསུམ་ལས་སྐྱེད་པའི་ཚུལ་བསྟན་པ་ནི། ཁ་དོག་ནག་པོ་འཇིགས་པ་པོ། །ཞེས་རྐང་པ་བཅུས་བསྟན་ཏོ། །བསྡུས་པ་སྙིང་པོ་ཆིག་ཙམ་ལས་བསྐྱེད་པ་ནི་སོ་སོའི་ཆོ་གའི་སྐབས་སུ་ཤེས་པར་ནུས་སོ། །དེ་ལྟར་ན་གཙོ་བོ་བསྐྱེད་ནས་འཁོར་བསྐྱེད་པ་ནི་ནམ་མཁའི་དཀྱིལ་འཁོར་ཞེས་བྱ་བ་ཤླཽ་ཀ་གཅིག་སྟེ། འདི་ནི་ཕྱག་གཉིས་པའི་དབང་དུ་བྱས་པར་བཞེད་དོ། །སློབ་དཔོན་ཁ་ཅིག་མངོན་པར་བྱང་ཆུབ་པ་བཞི་པར་འཆད་པ་དག་ཀྱང་ཡོད་དོ། །ཐུན་མོང་གི་ཆོ་གའོ། །སོ་སོའི་ཆོ་ག་ལ་གསུམ་སྟེ། ཕྱག་གཉིས་པ་དང༌། ཕྱག་བཞི་པ་དང༌། ཕྱག་དྲུག་པའི་ཆོ་གའོ། །དང་པོ་ནི་ཧཱུྃ་སྐྱེས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་ཚོགས་གཉིས་བསགས་པ་དང༌། སྲུང་བའི་འཁོར་ལོ་དང་གདན་བསྒོམ་པ་སྔོན་དུ་སོང་ནས། མངོན་པར་བྱང་ཆུབ་པ་ལྔའམ། རྡོ་རྗེ་ཆོ་ག་ཡན་ལག་གསུམ་མམ། ཧཱུྃ་སྐྱེས་ཏེ་སྙིང་པོ་ཚིག་ཙམ་ལས་བསྐྱེད་པའི་བཅོམ་ལྡན་འདས་ཉིད་ཇི་ལྟ་བུ་ཞེ་ན། སྔོ་དང་ཉི་མ་ལྟར་ཞེས་བྱ་བ་ལ་སོགས་པ་རྐང་པ་བཅུས་སྐུ་མདོག་ལ་སོགས་པའི་ཚུལ་བསྟན་ཏོ། །དེ་ལྟར་གཙོ་བོ་བསྐྱེད་ནས་འཁོར་གྱི་ལྷ་མོ་བསྐྱེད་པ་ནི་སྙིང་གའི་ས་བོན་ལས་དབྱུང་བ་སྟེ། ནམ་མཁའི་ཞེས་ཚིགས་བཅད་གཅིག་དང༌། རྣལ་འབྱོར་མ་བརྒྱད་ཡོངས་བསྐོར་ནས། །ཞེས་བྱའོ། །བཞུགས་གནས་ཀྱི་ཁྱད་པར་ནི། དུར་ཁྲོད་དུ་ནི་མགོན་པོ་རོལ། །ཞེས་བྱའོ། །དེ་ལྟར་བསྙེན་པའོ། །ཉེར་སྒྲུབ་དང་སྒྲུབ་ཆེན་གྱི་ཆོ་ག་མཐའ་དག་རྫོགས་པར་བྱེད་པའི་ཡན་ལག་དང་བཅས་པ་ནི། སྤྱིའི་རྣམ་གཞག་ཏུ་བསྟན་པ་བཞིན་བྱའོ། །བཅོམ་ལྡན་འདས་དེའི་རང་བཞིན་ཇི་ལྟ་བུ་ཞེ་ན། རྣལ་འབྱོར་བདུད་རྩི་ཞེས་བྱ་བ་ལ་སོགས་པའོ། །ཕྱག་བཞི་པའི་མི་འདྲ་བའི་ཁྱད་པར་བསྟན་པའི་ཕྱིར། ཁྲོ་བོའི་གཟུགས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐུ་མདོག་དང་ཕྱག་མཚན་ལ་སོགས་པ་ཙམ་མི་འདྲ་བས་ལོགས་སུ་སྨོས་ཀྱི་གཞན་ཐམས་ཅད་སྔར་དང་འདྲའོ། །འོན་ཀྱང་འདིའི་འཁོར་གྱི་ལྷ་མོ་ནི་མངལ་སྐྱེས་སུ་བྱའོ། །ཞེས་བླ་མའི་མན་ངག་གོ །ཧཱུྃ་གི་ས་བོན་ལས་བྱུང་བ། །ཞེས་སྙིང་པོ་ཙམ་ལས་སྐྱེད་པ་སྨོས་ཀྱང་བསྐྱེད་ལུགས་གསུམ་སྔ་མ་དང་འདྲའོ། །འདིའང་ཡན་ལག་བཞིས་ཡོངས་སུ་རྫོགས་པར་བྱེད་དོ། །ཕྱག་དྲུག་པའི་མི་འདྲ་བའི་ཁྱད་པར་བསྟན་པར་བྱ་བའི་ཕྱིར་དང་པོར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལ་དྲུག སྔ་མ་དང་འགྲེ་ཞིང་ལྷའི་ས་བོན་བསྟན་པ་དང༌། གཙོ་བོ་བསྐྱེད་པ་དང༌། འཁོར་གྱི་ལྷ་མོ་དབྱུང་བ་དང༌། ལྷ་མོའི་སྔགས་དང༌། གསང་བའི་མཆོད་པ་དང༌། བཟླས་པ་དང༌། ནང་གི་རྣལ་འབྱོར་མའི་མིང་དང་གྲངས་སོ། །དང་པོ་ནི་དང་པོར་སྟོང་པ་བསྒོམ་སྟེ། སྟོང་པ་ལ་སོགས་པ་བསྒོམ་པ་སྟེ། གོང་དུ་བརྗོད་པ་བཞིན་སྲུང་བའི་འཁོར་ལོའི་བར་སྔར་བསྟན་པ་བཞིན་ནོ། །དེར་ཆོས་ཀྱི་འབྱུང་གནས་བསྒོམ་སྟེ། འོག་ནས་བྷ་གའི་ནང་དུ་སྒྲུབ་པ་པོས་ཞེས་འབྱུང་བའོ། །དེར་ཡང་བྷྲཱུྃ་ཙམ་ལས་གཞལ་ཡས་ཁང་པ་བསྒོམ་པ་ཡིན་ཏེ། འོག་ནས་སྒོ་ཡི་སྐྱོང་བ་ཡང་དག་བྲི། །ཞེས་འབྱུང་བའི་ཕྱིར་རོ། །དེར་གདན་རྣམས་བསྒོམ་སྟེ་དེར་ཧཱུྃ་བསྒོམ་ཞེས་འབྱུང་བའང་བསྐྱེད་ལུགས་གསུམ་སྔ་མ་བཞིན་ནོ། །གཉིས་པ་དེ་ལྟར་བསྐྱེད་པའི་གཙོ་བོ་ཉིད་ཇི་ལྟ་བུ་ཞེ་ན། དེ་བཞིན་ཞལ་གསུམ་ཕྱག་དྲུག་པར། །ཞེས་བྱ་བ་ནས་ཕྱག་རྒྱ་བསྒོམ་པར་བྱ་ཞེས་བྱ་བའི་བར་གྱིས་བསྟན་ཏོ། །གསུམ་པ་དེར་འཁོར་གྱི་ལྷ་མོ་དབྱུང་བ་ནི་ཡང་མངལ་སྐྱེས་ཀྱི་ཚུལ་གྱིས་དབྱུང་བ་སྟེ། ཐོད་པའི་སྟན་ལ་གནས་པར་ནི། །ཞེས་བྱ་བ་ནས། སྒོ་ཡི་སྐྱོང་བ་ཡང་དག་བྲི། །ཞེས་བྱ་བའི་བར་དང༌། མཆོད་པ་བཞིའི་ཞེས་ཤླཽ་ཀ་གཅིག་སྟེ་འདི་རྣམས་ཀྱིས་ས་བོན་བརྟག་པ་བདུན་པ་དང་བརྒྱད་པར་གསལ་ལོ། །འདིའི་ཡན་ལག་རྣམས་ཀྱང་སྔ་མ་བཞིན་དུ་བལྟ་བར་བྱའོ། །བཞི་པ་སྔགས་ཀྱི་བཟླས་པ་ནི་བྷ་གའི་ཞེས་བྱ་བ་ལ་སོགས་པ་སྟེ། ཡི་གེ་གསུམ་གྱི་དབུས་སུ་རང་གི་ས་བོན་སྤེལ་བ་དང༌། མཐར་སྭཱཧཱ་ཞེས་སྦྱར་བར་བྱ་ཞེས་བྱ་བའི་དོན་ཏོ། །བཟླས་པའི་སྔོན་དུ་གསང་བའི་མཆོད་པ་བྱ་བའམ། ཡང་ན་རྫོགས་པའི་རིམ་པ་ཉིད་བསྟན་པ་ནི་བྷ་ག་ཉིད་དུ་སྒྲུབ་པ་པོས་ཞེས་བྱ་བ་ལ་སོགས་པའོ། །བདུན་པ་ནང་གི་འཕར་མའི་རྣལ་འབྱོར་མའི་མིང་དང་གྲངས་བསྟན་པ་ནི་རྡོ་རྗེ་དྲག་མོ་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་ཧེ་རུ་ཀ་གསུམ་པོ་འདིའང་དངོས་གཞིའི་རྣལ་འབྱོར་བྱས་ལ། རྫོགས་བྱེད་བཟླས་པ་ནི་བརྒྱད་པ་ལས་འབྱུང་ལ། དག་པ་དྲན་པ་ནི་ལྔ་པ་ལས་འབྱུང་ལ། གཞན་རྣམས་ཀྱང་སྐབས་ཇི་ལྟ་བ་བཞིན་སྦྱར་བར་བྱའོ། །གཉིས་པའི་གསུམ་པ་བཤད་པའོ།།  །།ལས་རྒྱས་པའི་ལྷ་མོ་གསུམ་གྱི་སྒྲུབ་པའི་ཐབས་བསྟན་པར་བྱ་བའི་ཕྱིར་འཁོར་ལོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རབ་ཏུ་བྱེད་པ་འདིའི་བརྗོད་པར་བྱ་བ་ལ་སོགས་པར་གསུམ་ནི་སྔར་བསྟན་ཏོ། །རྒྱུད་སྡེ་གཞན་གང་གི་བཤད་པའི་རྒྱུད་ཡིན་ཞེ་ན། དཔལ་རྡོ་རྗེ་གདན་བཞིའི་སྦྱོར་བའི་གདན་གྱི་རབ་ཏུ་བྱེད་པ་གཉིས་པར་སྒྲོལ་མ་དང༌། ཕ་རོལ་ཕྱིན་པའི་ལྷའི་རྣལ་འབྱོར་དང་བཟླས་པ་ནི་ཆ་མཐུན་པ་ངེས་པ་བསྐྱེད་པས་བཤད་པའི་རྒྱུད་དོ། །ཡང་ཕ་རོལ་ཏུ་ཕྱིན་མ་ནི་གུར་གྱི་ལེའུ་བརྒྱད་པར་ཆ་མཐུན། སྔགས་ཚུལ་མི་འདྲ་བས་བཤད་པའི་རྒྱུད། འཁོར་ལོ་ལ་བརྟེན་ཏེ་བསྒྲུབ་པ་ཁ་བསྐང༌། སྒྲོལ་མའི་རྣལ་འབྱོར་མདོར་བསྡུས་ཏེ་བཤད་པའི་རྒྱུད་དོ། །ཀུ་རུ་ཀུལླེ་བརྟག་པ་གཉིས་པའི་ལེའུ་བཅུ་གཅིག་པར་མི་གསལ་བ་གསལ་བས་བཤད་པའི་རྒྱུད་དོ། །དེ་ལྟར་རྒྱུད་གསུམ་པོ་དེར་ལྷའི་རྣལ་འབྱོར་མ་ཚང་བ་རྣམས་ཁ་བསྐང་སྟེ་བཤད་པའི་རྒྱུད་དོ། །གཞུང་གི་དོན་ལས་དང་པོ་རྐང་པ་གཉིས་ནི་བཤད་པར་དམ་བཅའ་བའོ། །དོན་དངོས་ལ་གསུམ་ལས། དང་པོ་སྒྲོལ་མའི་རྣལ་འབྱོར་ལ་བཞི་སྟེ། ལས་གང་ཞིག་འགྲུབ་པ་དང༌། འཁོར་ལོ་ཇི་ལྟར་འདྲི་ཞིང༌། བཟླས་པའི་སྔགས་དང་བཅས་ཏེ་བཟླས་པ་དང༌། འཁོར་ལོའི་རབ་ཏུ་གནས་པ་དང༌། བདག་གི་རྣལ་འབྱོར་བསྟན་པའོ། །དང་པོ་ནི་ཞི་དང་ཞེས་བྱ་བ་རྐང་པ་གཉིས་སོ། །གཉིས་པ་ནི་རེའུ་མིག་དགུ་ཞེས་ཚིགས་བཅད་གཉིས་པ་དང༌། སྔགས་ཏེ་མུ་ཁྱུད་ལ་ཨཱ་ལི་ཀཱ་ལི་བྲི་ཞིང་རྩིབས་བརྒྱད་ལ་ཡི་གེ་བརྒྱད་བཀོད་དེ། དབུས་སུ་ཨྃ་ཧཱའི་བར་དུ་མིང་དང་ལས་ཀྱི་ཤམ་བུ་སྤེལ་བ་དགོད་པའོ། །བྲི་བའི་གཞི་ལ་སོགས་པ་བརྟག་པ་བདུན་པར་འཆད་པར་འགྱུར་རོ། །གསུམ་པ་རབ་གནས་ནི། མཉམ་ཉིད་ཅེས་བྱ་བ་ལ་སོགས་པ་སྟེ། སྟོང་པའི་ངང་ལས་ས་བོན་ལས་བསྐྱེད་ལ་ཡེ་ཤེས་པ་བཅུག་སྟེ། རྟེན་འབྲེལ་གྱིས་རབ་ཏུ་གནས་པ་བྱས་ལ་མཆོད་པ་བྱའོ། །ཞེས་བླ་མའི་གསུང་ངོ༌། །དེ་ནས་སྒྲུབ་པའི་ཚུལ་ཡང་བདུན་པ་ལས་འཆད་དོ། །བཞི་པ་ལྷའི་རྣལ་འབྱོར་ནི། སེམས་ཅན་དངོས་པོ་མེད་ན་ནི། །ཞེས་བྱ་བ་ལ་སོགས་པ་སྟེ། འདིར་ཚོགས་ཀྱི་ཞིང་སྤྱན་དྲངས་ལ་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་དེ། གུར་གྱི་ཚིགས་སུ་བཅད་པ་བརྗོད་ནས། ཚད་མེད་པ་བཞི་བསྒོམས་ནས་སེམས་ཅན་དངོས་པོ་མེད་པར་བསྒོམ་སྟེ་ཡེ་ཤེས་ཀྱི་ཚོགས་སོ། །དེ་ནས་སྲུང་བའི་འཁོར་ལོ་བསྒོམས་ཀྱང་རུང་མ་བསྒོམས་ཀྱང་རུང་སྟེ། དེར་པདྨ་དང་ཟླ་བའི་གདན་བསྒོམས་ལ། རྡོ་རྗེ་ཆོ་ག་གསུམ་མམ་སྙིང་པོ་ཚིག་ཙམ་ལས་བདག་བསྐྱེད་པ་ནི་བསྙེན་པའོ། །ཡེ་ཤེས་པ་གཞུག་པ་ནི་སྒྲུབ་པའོ། །སྐྱེ་མཆེད་བྱིན་གྱིས་བརླབ་པ་ནི། ཨོཾ་ཏྲ་རེ་ཞེས་བྱ་བ་ལ་སོགས་པ་སྟེ་ཉེ་བར་སྒྲུབ་པའོ། །དབང་བསྐུར་ཏེ་དོན་ཡོད་གྲུབ་པས་དབུར་བརྒྱན་པ་ནི་སྒྲུབ་པ་ཆེན་པོ་སྟེ། སྔགས་ཀྱི་རྒྱལ་པོས་བསྐུལ་ཞེས་པ་ནི་དེའི་རྗེས་ལ་ཐུགས་ཀར་སྔགས་བཀོད་དེ་སྔགས་ཀྱི་བཟླས་པ་བྱ་སྟེ་བསྒྲུབ་ཅེས་བྱ་བའི་དོན་ཏོ། །དེའང་གྲངས་ཀྱི་བསྙེན་པ་འབུམ་ཕྲག་བཅུ་ནི་ཚད་ཡིན་ལ། ད་ལྟ་ནི་དུས་ངན་པས་བརྒྱད་འགྱུར་དུ་བཟླས་པར་བྱ་ཞེས་པ་ནི་མན་ངག་གོ །དེ་ནས་གང་འདོད་པའི་ལས་ཀྱི་ཤམ་བུ་བཏགས་ཏེ་བཟླས་པ་ཙམ་གྱིས་འགྲུབ་པར་འགྱུར་ཞེས་བྱ་བའོ། །ཀུ་རུ་ཀུལླེའི་སྒྲུབ་ཐབས་ལ་བདུན་ཏེ། ཨོཾ་ཞེས་བྱ་བ་ལ་སོགས་པ་ནི་སྔགས་སོ། །དགྲ་དང་ཞེས་བྱ་བ་ལ་སོགས་པས་ལས་གང་ཞིག་འགྲུབ་པ་སྟོན་ཏོ། །སྲུང་བ་བྲིས་ནས་ཞེས་བྱ་བ་ལ་སོགས་པས་ནི་སྲུང་བའི་འཁོར་ལོ་སྟོན་ཏེ། སྒྲོལ་མའི་སྐབས་སུ་ཇི་ལྟར་བཤད་པ་ལྟ་བུ་སྟེ། འདིར་ཁྱད་པར་ནི་རྩིབས་དྲུག་པར་བྱས་ཏེ། སྔགས་བརྒྱད་ལས་མེད་པའི་ཕྱིར་རོ། །འབར་བའི་འོད་ཟེར་ལྟ་བུའི་ཞེས་བྱ་བ་ལ་སོགས་པས་ནི་ལྷའི་རྣལ་འབྱོར་སྟོན་ཏེ། སྔར་སྒྲོལ་མའི་སྐབས་སུ་བཤད་པའི་ཆོ་གས་སྲུང་བའི་འཁོར་ལོ་ཡན་ཆད་བྱས་ལ། དེར་པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་གདན་བསམ་ཏེ། དེར་ཧྲཱིཿཉིད་ནི་ཞེས་བྱ་བས་སྙིང་པོ་ཚིག་ཙམ་ལས་བསྐྱེད་པའམ། ཡང་དེ་ལས་ཨུཏྤ་ལ་ཧྲཱིཿས་མཚན་པ་སྟེ། ཆོ་ག་གསུམ་ལས་བསྐྱེད་པའོ། །འདི་ལའང་སྤྲོས་པའི་བྱེ་བྲག་གིས་ཡན་ལག་རྫོགས་པར་བྱས་ལ། སྙིང་གར་ཟླ་བ་ལ་གོང་གི་སྔགས་བཀོད་དེ་བཟླ་བར་བྱ་སྟེ། དེ་ལ་འབུམ་ཕྲག་བརྒྱད་ནི་བསྙེན་པའི་ཚད་དེ་བརྒྱད་འགྱུར་རོ། །ལས་བསྒྲུབ་པ་བསྟན་པའི་ཕྱིར་འདི་ནི་བསྒོམ་པ་ཞེས་བྱ་བ་ལ་སོགས་པ་སྟེ། བསྙེན་པ་ཡོངས་སུ་རྫོགས་པའི་རྣལ་འབྱོར་པ་རབ་ཀྱིས་བསམ་གཏན་ཙམ་གྱིས་འགྲུབ་ལ། འབྲིང་གིས་ལས་ཀྱི་ཤམ་བུ་དང་བཅས་པའི་གྲངས་འདི་རྣམས་ཀྱིས་འགྲུབ་ཅེས་བྱ་བ་སྟེ། འདིར་དབང་སྨོས་པ་ནི་གཙོ་བོའི་ལས་ཡིན་པས་བསྟན་གྱི། ལས་གཞན་མཐའ་དག་ཀྱང་ཤེས་པར་བྱའོ། །ཤེས་རབ་འཕེལ་བའི་ཕ་རོལ་ཏུ་ཕྱིན་མའི་སྒྲུབ་ཐབས་བཞི་ལས། དང་པོ་འཁོར་ལོའི་བྱ་བ་ནི་འཁོར་ལོ་ཞེས་ཤླཽ་ཀ་གཉིས་ཏེ། སྒྲོལ་མའི་སྐབས་སུ་བསྟན་པ་བཞིན་ནོ། །ཨོཾ་ཞེས་བྱ་བ་ལ་སོགས་པ་ནི་སྔགས་བསྟན་པའོ། །དངོས་པོའི་ངོ་བོས་བསྒོམ་པར་བྱ། །ཞེས་བྱ་བ་ལ་སོགས་པས་ནི་བདག་གི་རྣལ་འབྱོར་སྟོན་ཏེ། སྔར་བརྗོད་པའི་ཚུལ་གྱིས་ཚོགས་གཉིས་དང༌། སྲུང་བའི་འཁོར་ལོ་བྱས་ལ་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་པྲྃ་ལས་སམ་དེ་ལས་པདྨ་ལ་སྟེ། སྙིང་པོའམ་ཆོ་ག་གསུམ་ལས་བསྐྱེད་པར་བྱའོ། །འདི་ལའང་སྤྲོས་པའི་བྱེ་བྲག་གིས་ཡན་ལག་རྫོགས་པར་བྱ་སྟེ། དབུ་རྒྱན་ལ་ནི་སྣང་བ་མཐའ་ཡས་སོ། །དེ་ནས་ཐུགས་ཀར་སྔགས་ཀྱི་ཕྲེང་བ་བཀོད་དེ་བཟླ་བར་བྱ་ཞེས་བྱ་བའི་དོན་ཏོ། །འདིའང་འབུམ་ཕྲག་བཅུ་ལས་བརྒྱད་འགྱུར་ནི་གྲངས་ཀྱི་བསྙེན་པའོ། །དེ་ལྟར་བསྒོམས་ན་འདིས་ལས་ཅི་འགྲུབ་པ་དེ་བསྟན་པའི་ཕྱིར་ཤེས་རབ་འདབ་མ་ཞེས་བྱ་བ་ལ་སོགས་པ་སྟེ། འདིས་ཤེས་རབ་འཕེལ་བ་ཁོ་ན་འགྲུབ་བོ། །རིག་པ་འཛིན་པ་བསྒྲུབ་པའི་རྣལ་འབྱོར་བསྟན་པའི་ཕྱིར། ཟླ་བའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་དག་གི་བརྗོད་བྱའི་དོན་དང་རྗོད་བྱེད་ཀྱི་སྒྲ་ནི་བསྟན་ཟིན་ཏོ། །མངོན་པར་རྟོགས་པ་ནི་བསྡུས་པའི་དཀྱིལ་འཁོར་དུ་གཙོ་བོ་འཕོ་བའི་དབང་དུ་བྱས་ན་མཆོག་སྒྲུབ་པར་འགྱུར་ལ། འདིར་སྐབས་སུ་བབ་པ་ནི་གང་ལ་མེ་ཏོག་ཕོག་པའི་ལྷ་ཅིག་གི་བཟླས་བསྒོམ་གྱི་སྒོ་ནས་དེ་ཉིད་སྒྲུབ་པར་བྱེད་པས་ན། རིག་པ་འཛིན་པའི་བསྒྲུབ་པ་ཞེས་བྱ་སྟེ། དངོས་གྲུབ་མཐའ་དག་གི་ཐབས་སུ་འགྱུར་རོ། །འདི་རྒྱུད་སྡེ་གང་གི་བཤད་པའི་རྒྱུད་ཡིན་ན། དཔལ་གསང་བ་འདུས་པའི་ལེའུ་བཅུ་གཅིག་པ་དང༌། བཅུ་བདུན་པར་རིག་པ་འཛིན་པའི་དངོས་གྲུབ་གསུངས་པ་ལ། ལྷའི་ཞལ་ཕྱག་ལ་སོགས་པ་ཚུལ་མི་འདྲ་བས་བཤད་པའི་རྒྱུད། ཆོ་ག་མདོར་བསྡུས་པས་བཤད་པའི་རྒྱུད་དོ། །ཡང་རྣམ་སྣང་སྒྱུ་འཕྲུལ་དྲྭ་བའི་ལེའུ་བཞི་པར་ཚུལ་མི་འདྲ་བས་བཤད་པའི་རྒྱུད་ཡིན་ཞིང༌། དཔལ་རྡོ་རྗེ་མཁའ་འགྲོའི་ལེའུ་དང་པོ་དང་བཅུ་གཉིས་པར་ལྷའི་སྐུ་མདོག་ལ་སོགས་པ་མི་གསལ་བ་གསལ་བར་བྱེད་པས་བཤད་པའི་རྒྱུད་ཡིན་ནོ། །འདི་དག་གི་སྐྱེད་ཆོག་ནི་སྔར་སྒྲོལ་མའི་སྐབས་སུ་བརྗོད་པ་ལྟར་ཚོགས་གཉིས་བསག་པ་དང་སྲུང་བའི་འཁོར་ལོའི་བར་དུ་བྱས་ལ། གདན་པདྨ་དང་ཟླ་བའི་སྟེང་དུ་ཁྱད་པར་གྱི་གདན་ཐོད་པ་བསྒོམས་ལ། དེའི་སྟེང་དུ་སྙིང་པོ་ཚིག་ཙམ་མམ་རྡོ་རྗེ་ཆོ་ག་ཡན་ལག་གསུམ་མམ་བཞིས་བསྐྱེད་ལ་སྤྲོས་པའི་བྱེ་བྲག་གིས་ཡན་ལག་རྫོགས་པར་བྱ་སྟེ། བརྟག་པ་བརྒྱད་པ་ནས་འབྱུང་བའི་བཟླས་པ་བྱ་ཞིང༌། ལྷའི་རྣམ་པ་ཉིད་གསལ་གདབ་ཅིང་སེམས་བཟུང་བས་དེ་དང་འདྲ་བའི་དངོས་གྲུབ་རིག་པ་འཛིན་པར་འགྱུར་ཞེས་བྱ་བའི་དོན་ཡིན་ནོ། །ཚིག་གི་དོན་གོ་སླའོ། །བརྟག་པ་གཉིས་པའི་བཤད་པ་རྫོགས་སོ།།  །།ཧེ་རུ་ཀ་ཕྱག་བཅུ་དྲུག་པའི་སྒྲུབ་ཐབས་བསྟན་པའི་ཕྱིར། ཧེ་རུ་ཀ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདིའི་བརྗོད་པར་བྱ་བའི་དོན་ནི་སྤྱི་ཡིན་ལ། རྗོད་བྱེད་ཀྱི་སྒྲ་ནི་གསུམ་ཀའོ། །མངོན་པར་རྟོགས་པ་ནི་མཆོག་སྒྲུབ་པའི་དཀྱིལ་འཁོར་རོ། །རྒྱུད་སྡེ་གཞན་དཔལ་བརྟག་པ་གཉིས་པའི་ཕྱི་མའི་ལེའུ་ལྔ་པར་ཚུལ་མི་འདྲ་བས་བཤད་པའི་རྒྱུད་ཡིན་ཞིང༌། མཉམ་སྦྱོར་གྱི་རྟོག་པ་ལྔ་པར་མི་བསྐྱོད་པ་དབུགས་དབྱུང་གི་དཀྱིལ་འཁོར་དུ་མི་གསལ་བ་གསལ་བར་བྱེད་པས་བཤད་པའི་རྒྱུད་ཡིན་ནོ། །གཞུང་གི་དོན་ལ་ཧེ་རུ་ཀ་དང་ཞེས་བྱ་བ་ལ་སོགས་པ་རྐང་པ་དྲུག་གིས་ནི་དགོས་པ་དང་ལྡན་པའི་ཆོ་ག་བཤད་པར་དམ་བཅའ་བ་སྟེ། ཁྲོ་ཆགས་ཀྱི་རྣམ་པས་ཞེ་སྡང་དང་འདོད་ཆགས་འདུལ་ཞེས་བྱ་བའི་དོན་ཏོ། །དོན་དངོས་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། རྡོ་རྗེ་སེམས་དཔར་གྱུར་ནས་ཡང༌། །ཞེས་བྱ་བ་ནི་རྒྱུའི་རྡོ་རྗེ་འཆང་དུ་བསྐྱེད་ནས་སོ། །རྡོ་རྗེ་ཅན་ཉིད་རྡོ་རྗེར་དབབ། །ཅེས་བྱ་བ་ནི་འཁོར་གྱི་ལྷ་མོ་ཕྱུང་སྟེ་ཞུ་བ་ལས་འབྲས་བུ་རྡོ་རྗེ་འཆང་དུ་བཞེངས་པའོ། །ཡང་ན་རྐང་པ་དང་པོས་ནི་དམ་ཚིག་པ་བསྐྱེད་པའོ། །ཕྱི་མས་ནི་ཡེ་ཤེས་པ་གཞུག་པ་བསྟན་ཏོ། །རྒྱས་པར་བཤད་པ་ལ་རྒྱུ་རྡོ་རྗེ་འཆང་བསྐྱེད་པ་ལ་སོགས་པ་དོན་བདུན་ལས་མ་གསུངས་ཀྱང༌། དང་པོར་ཚོགས་ཀྱི་ཞིང་སྤྱན་དྲང་བ་དང༌། ལྷ་མོ་བརྒྱད་ཀྱིས་མཆོད་པ་དང༌། སྡིག་པ་བཤགས་པ་ལ་སོགས་པ་རྒྱུན་བཤགས་དང༌། ཚད་མེད་པ་བཞི་བསྒོམ་པ་དང༌། སྲུང་བའི་འཁོར་ལོའི་བར་ནི་ཕྱག་གཉིས་པའི་སྐབས་སུ་བསྟན་པ་བཞིན་བྱས་ལ། ཡང་འོག་བདག་མེད་མའི་སྐབས་ནས་འབྱུང་བའི་འཁོར་ལོ་ས་དང་ཞེས་བྱ་བ་ལ་སོགས་པས་བསྟན་པ་གཞིའི་ཡན་ལག་དང༌། རྒྱུའི་ཡན་ལག་དང༌། རྐྱེན་གྱི་ཡན་ལག་དང༌། གཞལ་ཡས་ཁང་གི་གནས་ཐབས་འཕར་མ་གཉིས་པའི་ཚུལ་གྱིས་བསྐྱེད་ལ། ཡང་དེར་གདན་བསྒོམ་པའི་བར་དུ་ཁ་བསྐང་ངོ༌། །གལ་ཏེ་གོང་དུ་མ་གསུངས་པས་འདིར་གཞལ་ཡས་ཁང་མི་བསྒོམ་པ་ཉིད་མ་ཡིན་ནམ་སྙམ་པ་ལ། མ་ཡིན་ཏེ་འོག་ནས་སྒོ་མ་རྣམས་འབྱུང་བའི་ཕྱིར་རོ། །དེ་ནི་ཡན་ལག་དང་པོ་རྣམ་པར་སྣང་མཛད་ཀྱི་ཡན་ལག་གོ །དེ་ལྟར་གཞལ་ཡས་ཁང་གི་ནང་དུ་གདན་གྱི་དབུས་སུ་འབར་བའི་ཕྲེང་འཁྲུགས་དྲག་པོ་ཞེས་བྱ་བ་ལ་སོགས་པས་རྒྱུ་རྡོ་རྗེ་འཆང་གི་མངོན་པར་བྱང་ཆུབ་པ་མདོར་སྟོན་པར་བྱེད་དེ། འདིའི་མངོན་བྱང་རྒྱས་པའང་བདག་མེད་མའི་སྐབས་སུ་ཨཱ་ལི་ཀཱ་ལི་མཉམ་སྦྱོར་བ་ཞེས་བྱ་བ་ལ་སོགས་པས་འཆད་པར་འགྱུར་རོ། །དེའི་ཚིག་གི་དོན་ནི་ཟླ་བའི་དཀྱིལ་འཁོར་ཏེ་ཟླ་བ་གྲུ་གསུམ་པ་གཉིས་སོ། །དེ་ལ་ས་བོན་ཕྲེང་བ་དེ་ནས་དགོད་དེ་ཟླ་བ་འོག་མ་ལའང་ཨཱ་ལི་ཕྲག་གཉིས་གོང་མ་ལ་ཀཱ་ལི་བརྒྱད་ཅུའོ། །དེ་གཉིས་ཀྱི་སྟེང་དུ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་བསམ་སྟེ། དེ་ལས་འོད་ཟེར་སྤྲོ་བ་ནི། འབར་བའི་ཕྲེང་འཁྲུགས་དྲག་པོ་ནི། །ཀུན་ཏུ་རྣམ་པར་སྤྲོ་བར་བྱ། །ཞེས་བྱའོ། །དེ་དག་གཅིག་ཏུ་འདྲེས་པ་ལས་རྡོ་རྗེ་སེམས་དཔར་གྱུར་ཅེས་གོང་དུ་བཤད་པ་སྦྱར་ཏེ། རྒྱུའི་རྡོ་རྗེ་འཆང་སྐུ་མདོག་དཀར་པོར་བསྐྱེད་པའོ། །དེ་ལྟར་རྒྱུའི་རྡོ་རྗེ་འཆང་བསྐྱེད་པའི་རྗེས་ལ། དེ་ནས་རྡོ་རྗེ་ཆགས་ཆེན་ལས། །ཞེས་འོད་དུ་ཞུ་བ་འབྱུང་སྟེ་འདིར་ཏིང་ངེ་འཛིན་གསུམ་གྱི་དབང་དུ་བྱས་ན་ཞུ་བ་ལ་རང་བཞིན་གྱི་གནས་ནས་ལྷ་མོ་བཞི་བྱོན་ནས་གླུས་བསྐུལ་ཏེ་འབྲས་བུ་རྡོ་རྗེ་འཛིན་པར་བཞེངས་པ་ནི་དང་པོ་སྦྱོར་བའི་ཏིང་ངེ་འཛིན་ཏོ། །འཁོར་གྱི་ལྷ་མོ་དབྱུང་བ་ནི་དཀྱིལ་འཁོར་རྒྱལ་མཆོག་གོ །སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་མན་ཆད་ནི་ལས་རྒྱལ་མཆོག་གོ །ཞལ་བརྒྱད་པ་ལ་ཞབས་བཞི་པ། །ཞེས་པ་མན་ཆད་ཀྱིས་གཙོ་འཁོར་ཀུན་གྱི་སྐུ་མདོག་དང་ཕྱག་མཚན་གསལ་གདབ་པ་སྟེ། འདིའི་ལུགས་ལ་འཁྲུགས་མི་དགོས་སོ། །སློབ་དཔོན་མི་ཐུབ་ཟླ་བའི་བཞེད་པས་རྡོ་རྗེ་གུར་གྱི་རྗེས་སུ་འབྲངས་ཏེ། དང་པོར་སྐྱེས་བུ་བསམ་དེ་ནས། །རྣལ་འབྱོར་མ་ཡི་འཁོར་ལོ་སྤྲོ། །རྡོ་རྗེ་རྗེས་སུ་ཆགས་བྱེད་ལས། །ཞུ་ལ་མཚམས་ཀྱི་ལྷ་མོས་བསྐུལ། །ཞེས་འབྱུང་ངོ༌། །དེ་བས་ན་རྒྱུ་རྡོ་རྗེ་འཆང་བསྐྱེད་ནས་མཁའ་གསང་བྱིན་གྱིས་བརླབས་ཏེ་སྙོམས་པར་ཞུགས་པ་ལས། སྒྱུ་མའི་བདེ་བའི་སྒྲས་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས་ཏེ་ཞལ་ནས་ཞུགས། ཐུགས་ཀར་འོད་དུ་ཞུ་སྟེ་བྱང་ཆུབ་སེམས་ཀྱི་ཐིག་ལེ་བྷ་གར་ཕབ་སྟེ། དེ་ལས་ས་བོན་བརྒྱད་དུ་གྱུར་པ་ནི་གྃ་ཙྃ་བྃ་གྷྃ་ཞེས་བྱ་བ་ལ་སོགས་པར་སྦྱར་ཏེ་ས་བོན་བཅུ་དྲུག་ཤེས་པར་བྱའོ། །དེ་ལས་ལྷ་མོར་གྱུར་ཏེ་བྷ་ག་ནས་དབྱུང་བ་ནི་དེ་ལྟར་ཆོ་ག་སྣ་ཚོགས་ཀྱིས་ཞེས་བྱ་བ་ལ་སོགས་པར་སྦྱར་བར་བྱའོ། །དེའི་རྗེས་ལ་རྗེས་ཆགས་ཀྱི་མེ་དང་ཡིག་འབྲུ་ལྔ་སྣ་གཡོན་ནས་ཞུགས། བྷ་གར་ཕབ་པ་ལས། རྒྱུ་རྡོ་རྗེ་འཆང་འོད་དུ་ཞུ་བ་ནི། དེ་ནས་རྡོ་རྗེ་ཆགས་ཆེན་ལས། །ཞེས་སྦྱར་བར་བྱའོ། །འོད་དུ་ཞུ་བ་ལས་ལྷ་མོའི་གླུས་བསྐུལ་བ་ནི་སྣ་ཚོགས་ཞེས་བྱ་བ་ལ་སོགས་པ་སྟེ། མཚམས་མ་བཞིས་བསྐུལ་བ་ནི་ཚད་མེད་པ་བཞིས་སེམས་ཅན་གྱི་དོན་ལ་བསྐུལ་བ་ཡིན་པའི་ཕྱིར་རོ། །ཚིག་གི་དོན་ནི་གོ་སླའོ། །རྗེས་ལས་འབྲས་བུ་རྡོ་རྗེ་འཆང་དུ་བཞེངས་པ་ནི་ཨོཾ་དང་ཧཱུྃ་གི་ཞེས་བྱ་བ་ཤླཽ་ཀ་གཅིག་དང་བདག་པོ་དགའ་མའི་ཞེས་བྱ་བ་ལ་སོགས་པ་སྟེ། སྙིང་པོ་ཚིག་ཙམ་ལས་བསྐྱེད་པ་སྟོན་ཏོ། །ཁ་ཅིག་ན་རེ་ཆོ་ག་གསུམ་པར་བསྐྱེད་པར་ཁ་བསྐང་ངོ་ཞེས་ཀྱང་གསུང་ངོ༌། །བཞེངས་པའི་མཚན་ཉིད་ནི་ཞལ་བརྒྱད་ཅེས་བྱ་བ་ལ་སོགས་པ་སྟེ། སྒེག་ཅིང་དཔའ་བོ་ཞེས་བྱ་བ་ལ་སོགས་པ་ཉམས་དགུའི་དོན་ནི་འདི་ཡིན་ཏེ། བདག་མེད་མ་ཡིས་མགུལ་ནས་འཁྱུད། །ཅེས་པ་དང༌། གཡོན་དམར་བ་དང་གཅེར་བུ་ནི་སྒེག་པའི་ཉམས་སོ། །བདུད་བཞི་མཉམ་པར་མནན་པ་དང་སྟག་གི་ཤམ་ཐབས་ནི་དཔའ་བའི་ཉམས་སོ། །སྣ་ཚོགས་རྡོ་རྗེས་སྤྱི་བོར་མཚན་པ་དང་ཐོད་པ་ལྔའི་དབུ་རྒྱན་དང༌། ཕྱག་ན་ཐོད་པ་བསྣམས་པ་དང་ཐོད་པའི་དོ་ཤལ་ནི་མི་སྡུག་པའི་ཉམས་སོ། །ཞལ་ནས་ཧཱུྃ་སྤྲོ་བ་དང་ཧ་ཧར་བཞད་པ་ནི་བཞད་པའི་ཉམས་སོ། །ཁ་དོག་ནག་པོ་དང་པོ་དང༌། ལྷག་མའི་ཞལ་བུང་བ་ལྟ་བུ་ནི་དྲག་ཤུལ་གྱི་ཉམས་སོ། །སྐྲ་སེར་པོ་གྱེན་དུ་བརྫེས་པ་དང་ཉི་མར་བཞུགས་པ་ནི་འཇིགས་སུ་རུང་བའི་ཉམས་སོ། །ཕྱག་མཚན་བཅུ་དྲུག་གིས་ནད་བརྒྱད་སེལ་ཞིང་དབང་ཕྱུག་བརྒྱད་སྟེར་བ་སྙིང་རྗེའི་ཉམས་སོ། །སྒེག་པ་ལ་སོགས་པ་འདོད་ཆགས་ཅན་ལྟ་བུར་འདུག་ལ་དྲག་ཤུལ་གྱིས་ཞེ་སྡང་ཅན་ལྟ་བུར་འདུག་པ་མི་འགལ་བ་ངོ་མཚར་བའི་ཉམས་སོ། །གཡས་པ་དཀར་བས་ཞི་བའི་ཉམས་ཏེ་གར་དགུ་ཡིན་ནོ། །ཞེས་བླ་མ་ཁ་ཅིག་གསུང་ངོ༌། །སློབ་དཔོན་རྗེ་བཙུན་ནི་སྒེག་ཅིང་དཔའ་བ་མི་སྡུག་པ་སྐུའི་ཉམས། དགོད་ཅིང་དྲག་ཤུལ་འཇིགས་རུང་གསུང་གི་ཉམས། སྙིང་རྗེ་རྔམ་དང་ཞི་བ་ཐུགས་ཀྱི་ཉམས། ཞེས་བྱ་བར་བཞེད་ལ། སློབ་དཔོན་ཁ་ཅིག་ནི་ཐམས་ཅད་བཞིན་གྱི་འགྱུར་ཚུལ་ཁོ་ན་ལ་བཞེད་པ་ཡིན་ནོ་ཞེས་གསུང་ངོ༌། །ཚིག་གི་དོན་ལྷག་མ་ནི་གོ་སླའོ། །དེ་ལྟར་དམ་ཚིག་སེམས་དཔའ་བསྐྱེད་ནས་ཡེ་ཤེས་པ་གཞུག་པ་དང་སྐྱེ་མཆེད་དྲུག་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་ཁ་བསྐངས་ཏེ། དེ་དག་ནི་རྗེས་ཆགས་རྡོ་རྗེ་སེམས་དཔའི་ཡན་ལག་གོ །དེ་ནས་དབང་བསྐུར་བ་མི་བསྐྱོད་པའི་ཡན་ལག་དང༌། མཆོད་པ་དོན་ཡོད་གྲུབ་པ་དང༌། བསྟོད་པ་རིན་ཆེན་འབྱུང་ལྡན་དང༌། བདུད་རྩི་མྱང་བ་འོད་དཔག་ཏུ་མེད་པའི་ཡན་ལག་གི་བར་དུ་ཁ་བསྐང་ངོ༌། །དེ་ནས་བརྟག་པ་བརྒྱད་པ་ལས་བྱུང་བའི་ཚུལ་གྱིས་བཟླས་པ་བྱ། ལྔ་པའི་གཉིས་པ་ལས་བྱུང་བའི་ཚུལ་གྱིས་དག་པ་རྗེས་སུ་དྲན་པར་བྱ། རྫོགས་པའི་རིམ་པ་དང་གཏོར་མ་ལ་སོགས་པ་མཐའ་དག་འོག་ནས་འཆད་པར་འགྱུར་རོ། གསུམ་པ་ལས་རབ་ཏུ་བྱེད་པ་དང་པོའོ།།  །།ཡེ་ཤེས་མཁའ་འགྲོའི་སྒྲུབ་ཐབས་ནི་ཞེས་བྱ་བ་ལ་སོགས་པས་ཡེ་ཤེས་ཀྱི་མཁའ་འགྲོ་མ་ལྷ་བཅུ་གསུམ་གྱི་སྒྲུབ་ཐབས་སྟོན་ཏོ། །གལ་ཏེ་གོང་དུ་ཧེ་རུ་ཀ་དང་བདག་མེད་མའི་སྐྱེད་ཆོག་དང་སྒྲུབ་པ་ཞེས་གསུངས་པས་འདིར་བདག་མེད་མའི་སྒྲུབ་ཐབས་འབྱུང་བར་རིགས་སོ་སྙམ་ན། འགལ་བ་མེད་དེ། གོ་རིམ་ལ་མངོན་པར་ཞེན་པ་སྤང་བའི་ཕྱིར་བཅོམ་ལྡན་འདས་ཀྱི་བཀའ་སྩལ་ཏོ། །འདིའི་བརྗོད་པར་བྱ་བ་ལ་སོགས་པ་གསུམ་ནི་སྔ་མ་བཞིན་ནོ། །རྒྱུད་སྡེ་གཞན་གང་གི་བཤད་པའི་རྒྱུད་ཡིན་ན་དཔལ་རྡོ་རྗེ་གདན་བཞིའི་གཞན་གྱི་གདན་གྱི་རབ་ཏུ་བྱེད་པ་གསུམ་པར་མངོན་པར་རྟོགས་པ་ཕལ་ཆེར་ནི་ཆ་མཐུན་པས་བཤད་པའི་རྒྱུད་ཡིན་ལ། དམ་ཚིག་བསྟེན་པ་ལ་སོགས་པ་འགའ་ཞིག་བསྡུས་ཏེ་གསལ་བར་བྱེད་པས་བཤད་པའི་རྒྱུད་ཡིན་ནོ། །གཞུང་ལ་གཉིས་ཏེ། ཡེ་ཤེས་མཁའ་འགྲོ་ཞེས་བྱ་བ་རྐང་པ་གཉིས་ནི་བཤད་པར་དམ་བཅའ་བའོ། །ལྷག་མ་ནི་སྒྲུབ་པའི་ཐབས་ཀྱི་དོན་དངོས་སོ། །འདི་ལ་གཞུང་དུ་དོན་བརྒྱད་དུ་གནས་པ་ལས། དང་པོ་ནུབ་མོ་སྒྱུ་མ་ལྟ་བུ་ལ་ཉལ་ལ་ནང་པར་གཉིད་སད་མ་ཐག གཉིས་མེད་ཀྱི་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་སྟེ། རྣལ་འབྱོར་ཀུན་གྱི་དང་པོ་ནི་ལྷ་བསྐྱེད་པའི་དང་པོར་རོ། །སྔགས་གསུམ་ཀྱི་དང་པོ་ནི་དེ་བཞིན་ཉིད་ཀྱི་དག་པའོ། །གཉིས་པ་ནི་ཡེ་ཤེས་ཀྱི་དག་པ་སྟེ། རང་གི་སེམས་ཀྱང་དག་པའོ། །གསུམ་པ་ནི་ལྷའི་རྣལ་འབྱོར་ཀྱང་རང་བཞིན་གྱིས་དག་པ་ཞེས་བྱ་བ་དེ་ལྟར་མོས་པ་བྱས་ནས་ལྷའི་བསམ་གཏན་བྱ་ཞེས་བྱ་བའི་དོན་ཏོ། །དེ་ནས་གནས་ཁྱད་པར་ཅན་དུ་གནས་ནས་བདག་ཉིད་ལྷའི་རྣལ་འབྱོར་དུ་སྐད་ཅིག་མས་དྲན་པ་འདི་འབྱུང་བས། ཡིད་དང་རྗེས་མཐུན་ཞེས་བྱ་བ་ཤླཽ་ཀ་གཉིས་ནི་གནས་ཀྱི་ཁྱད་པར་རོ། །སྐད་ཅིག་མའི་ཞེས་པ་རྐང་པ་གཉིས་ནི་བདག་ཉིད་སྐད་ཅིག་གིས་ལྷར་བསྐྱེད་པ་སྟེ། བྱ་བ་ཐམས་ཅད་ལ་ཐ་མལ་པས་འཇུག་པ་བཀག་སྟེ་ལྷར་བྱ་བར་བསྟན་ཏོ། །དུས་རྒྱུན་དུའང་འདི་ཉིད་རྗེས་སུ་དྲན་པར་བྱ་བ་བསྟན་ཏོ། །བློ་གྲོས་ལྡན་པས་སྔར་མཆོད་ནས། །ཞེས་བྱ་བས་སྔོན་དུ་བསོད་ནམས་ཀྱི་ཚོགས་བསགས་པ་བསྟན་ཏེ། རང་གི་སྙིང་གའི་ཧཱུྃ་གིས་འོད་ཀྱིས་མདུན་གྱི་ནམ་མཁར་བླ་མ་དང་ཡེ་ཤེས་མཁའ་འགྲོ་མའི་དཀྱིལ་འཁོར་སྤྱན་དྲངས་ནས། རང་གི་སྙིང་ག་ལས་བྱུང་བའི་མེ་ཏོག་ལ་སོགས་པའི་མཆོད་པ་རྣམས་ཀྱིས་མཆོད་ལ། སྡིག་པ་བཤགས་པ་ལ་སོགས་པ་སྔར་བསྟན་པའི་ཚུལ་གྱིས་བྱས་ལ། ཚད་མེད་པ་བཞི་བསྒོམ་པར་བྱའོ། །དེ་ནས་ཡེ་ཤེས་ཀྱི་ཚོགས་བདག་མེད་མའི་བསམ་གཏན་བསྟན་པའི་ཕྱིར་གོང་དུ་བསྟན་པ་དྲན་པར་བྱའོ། །དེ་ནས་དང་པོ་ཁོ་ནར་བདག་ཉིད་སྐད་ཅིག་གིས་ཡེ་ཤེས་ཀྱི་མཁའ་འགྲོ་མར་བསྐྱེད་པ་ནི་འོག་ཏུ་སྦྱར་ལ་ཡེ་ཤེས་མཁའ་འགྲོ་མ་ནི་གཟུང་ཞེས་བྱ་བས་སྟོན་ཏེ། ཕྱ་མཁན་ལྟ་བུའི་ཚུལ་ཞེས་གསུང་ངོ༌། །བདག་ཉིད་དེར་བསྐྱེད་ནས་མདུན་དུ་ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་བསྒོམ་པ་བསྟན་པའི་ཕྱིར། དེ་ལྟར་ཆོ་ག་སྣ་ཚོགས་ནི། །ངེས་པ་ཉིད་དུ་བསྒོམ་པར་བྱ། །ཞེས་གསུངས་ཏེ། དཔལ་གདན་བཞི་པ་ལས་ནི། འདིར་སྔགས་དང་ཕྱག་རྒྱའི་སྒོ་ནས་སྲུང་བའི་འཁོར་ལོ་བསྒོམ་པར་གསུངས་ལ། འདིར་དེ་དག་མ་གསུངས་པས་རེ་ཕས་སྔོན་དུ་ཉི་མ་ཞེས་བྱ་བ་ལ་སོགས་པས་སྔར་བསྟན་པའི་ཚུལ་གྱིས་བསྒོམ་པར་བྱའོ། །དེ་ནས་རྟེན་གྱི་དཀྱིལ་འཁོར་བསྐྱེད་པ་བསྟན་པའི་ཕྱིར་ཡེ་ཤེས་རྒྱ་མཚོ་ཞེས་བྱ་བ་ལ་སོགས་པ་སྟེ། སྲུང་བའི་འཁོར་ལོའི་ནང་དུ་ཨོཾ་ཧཱུྃ་སྭཱ་ཧཱ་ཞེས་བྱ་བར་གྱུར་པ་ལས་རི་རབ་དང༌། དེར་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་པ་ནི་ཚིག་རྐང་པ་བཅུས་བསྟན་ཏོ། །དེ་ལྟར་རྟེན་བསྐྱེད་ནས། བརྟེན་པ་ལྷ་བསྐྱེད་པ་བསྟན་པ་ནི་བདག་གི་དབུགས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྟེ། འདི་ལ་སློབ་དཔོན་བྷ་བ་པ་ནི་སྔོན་ལ་དམ་ཚིག་སེམས་མ་སྐད་ཅིག་གིས་དཀྱིལ་འཁོར་བསྐྱེད་ཏེ་ཕྱག་རྒྱ་བཅིངས་ལ། འདིས་ཡེ་ཤེས་སེམས་མ་དབུགས་ཀྱིས་ཕྱུང་སྟེ་གཞུག་པ་ཡིན་ནོ་ཞེས་གསུང་ངོ༌། །བདག་ཅག་གི་བླ་མ་རྣམས་ནི་དབུགས་འབྱུང་རྔུབ་ཉིད་ལས་བསྐྱེད་པ་སྟེ། འོག་ནས་འབྱུང་བའི་ཡི་གེ་བཏུ་བའི་དགོངས་པས་སྔགས་རྣམས་བརྗོད་ཅིང་རང་གི་སྙིང་གའི་ཧཱུྃ་ལས་ཕྱུང་ལ་གདན་སོ་སོའི་སྟེང་དུ་གདུགས་ཀྱི་འོག་ཏུ་ཕྱུང་ཞིང་རིམ་པ་བཞིན་དགོད་དོ། །འདི་དག་གི་སྐུ་མདོག་ལ་སོགས་པ་ནི་གོ་སླ་བའོ། །ཐམས་ཅད་རིག་པས་ཐམས་ཅད་བསྒོམ། །ཞེས་བྱ་བ་ནི་སྤྲོས་པའི་བྱེ་བྲག་གིས་ཡེ་ཤེས་པ་གཞུག་པ་དང༌། སྐྱེ་མཆེད་བྱིན་གྱིས་བརླབ་པ་ལ་སོགས་པ་སྔར་བསྟན་པའི་ཚུལ་གྱིས་རྫོགས་པར་བྱ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རྣལ་འབྱོར་མ་བསྒོམ་པའི་ཚེ་རྣལ་འབྱོར་མའི་གཟུགས་མངོན་སུམ་དུ་བྱུང་ན་དེ་རྣམས་ལ་དམ་ཚིག་བསྟན་པ་ནི་འདི་རྣམས་ཞེས་བྱ་བ་ལ་སོགས་པའོ། །འདི་རྣམས་ཀྱི་དམ་ཚིག་གི་ཕྱག་རྒྱ་རྒྱས་པ་ནི་དཔལ་རྡོ་རྗེ་གདན་བཞི་པ་ལས་འབྱུང་ལ། མདོར་བསྡུས་པ་ནི་བརྟག་པ་བཞི་པ་དང་བདུན་པ་ལས་འབྱུང་བ་བཞིན་བསྟན་པར་བྱའོ། །དེ་ལྟར་དམ་ཚིག་བསྟན་པའི་དུས་སུའང་སྔགས་བརྗོད་ཅིང་བརྟན་པར་བྱས་ལ། ལྷ་བསྐྱེད་པའི་དུས་སུའང་སྔགས་ཀྱིས་བསྐྱེད་པར་བྱ་ཞིང༌། ཁ་ཟས་དང་བདུད་རྩི་མྱང་བའང་སྔགས་ཀྱིས་སྦྱང་བ་བསྟན་པའི་ཕྱིར་སྔགས་བཏུ་བ་བསྟན་པ་ནི། རླུང་དང་ཞེས་བྱ་བ་ཤླཽ་ཀ་གཅིག་གསུང་ངོ༌། །དེ་ལ་རླུང་ནི་ཡའོ། །དེ་ནས་ཀྱི་བདུན་པ་ནི་སའོ། །མེ་ནི་རའོ། །དེ་ནས་ཀྱི་བདུན་པ་ནི་ཧའོ། །དོན་ནི་དེ་ཉིད་ལས་ཏེ་ཧ་དེ་ལས་སོ། །རྡོ་རྗེའི་ས་བོན་ནི་སའོ། །དེས་བསྐུལ་བ་ནི་ཧ་དེ་ལ་མཛེས་པ་སྟེ་ཟླ་ཚེས་སུའོ། །དེ་ལ་ཐིག་ལེ་ནི་སྟེང་དུའོ། །སྒྲ་ནི་ཨུ་སྟེ་འོག་ཏུ་སྦྱར་བས་ཧཱུྃ་ཞེས་བྱ་བར་འགྱུར་རོ། །ཆར་པའི་རྒྱུན་ནི་ཧཱུྃ་དེ་ཉིད་བདུད་རྩིའི་ས་བོན་ཡིན་པའི་ཕྱིར་ཞེས་དགོངས་སོ། །དེ་ནི་གཙོ་མོ་ཧཱུྃ་ལས་བསྐྱེད་པ་སྟེ། དཔལ་གདན་བཞི་པ་ལས། ཕྱག་མཚན་དང་པོ་སྲེག་བྱེད་མཐའ། །ཞེས་འབྱུང་བས་ཨོཾ་ཧཱུྃ་སྭཱ་ཧཱ། ཞེས་བྱ་བ་ནི་གཙོ་མོའི་ཡིན་ནོ། །གཞན་དག་ཀྱང་འདིར་མ་གསུངས་ཀྱང་དཔལ་གདན་བཞི་པ་ལས་འབྱུང་བ་བླ་མའི་མན་ངག་གིས་སྦྱར་ཏེ། ཨོཾ་ཨཱཿསྭཱ་ཧཱ་ཞེས་བྱ་བ་ནི་རྡོ་རྗེ་མཁའ་འགྲོ་མའིའོ། །འཇིགས་པའི་མཁའ་འགྲོ་མའི་ནི་ཨོཾ་ཨཱཿསྭཱ་ཧཱའོ། །བེ་ཏཱ་ལཱིའི་ནི་ཨོཾ་ཨི་སྭཱ་ཧཱའོ། །གདོལ་པ་མོའི་ནི་ཨོཾ་ཨྃ་སྭཱ་ཧཱའོ། །སེང་གདོང་མ་ལ་སོགས་པ་ནི་མ་ནིང་བཞི་དབུས་སུ་སྦྱར་བའོ། །མཁའ་འགྲོ་རྒྱལ་མོ་དབང་ལ་སོགས་པ་བཞིའི་ནི་ཕུྃ་ཕྲེཾ་ཕྲོཾ་ཕྲིཾ་ཞེས་བྱ་བ་བཞི་སོ་སོར་དབུས་སུ་སྦྱར་བ་སྟེ། ལྷ་བསྐྱེད་པ་དང་དམ་ཚིག་བསྟན་པའི་སྐབས་སུ་སྦྱར་བར་བྱའོ། །ཡང་ཡི་གེ་བཏུ་བ་འདིས་རླུང་དང་མེའི་བདུན་དོན་ནི་སྭཱ་ཧཱའོ། །རྡོ་རྗེའི་ས་བོན་ནི་ཨཱ་རིང་པོ་དེ་གཉི་ག་ལ་སྦྱར་བར་བྱའོ། །ཐིག་ལེ་སྒྲས་མནན་པས་སུྃ་ཧཱུྃ་ཞེས་བྱ་བར་འགྱུར་ཏེ། མཐེ་བོང་ལ་སུྃ་དང༌། སྲིན་ལག་ལ་ཧཱུྃ་བཀོད་དེ་བདུད་རྩི་མྱང་བ་དང༌། ཁ་ཟས་སྦྱང་བར་བྱའོ། །བདུད་རྩི་དེས་དཀྱིལ་འཁོར་གྱི་འཁོར་ལོ་མཆོད་པར་བྱའོ། །མཆོད་ནས་བསྟོད་པའི་གླུ་ནི། དགུ་པའི་དང་པོ་ལས་འབྱུང༌། སྤྲོས་པ་ལ་དགའ་ན་མཆོད་པ་ཉི་ཤུ་གདན་བཞི་པ་བཞིན་དུ་བྱའོ། །དེ་ནས་སྔགས་བཟླས་པར་འདོད་ན་བརྟག་པ་བརྒྱད་པ་ལས་འབྱུང༌། དག་པ་རྗེས་དྲན་དང༌། རྫོགས་རིམ་ལྔ་པའི་གཉིས་པ་བཞིན་དུ་བྱ། གཏོར་མ་ལ་སོགས་པ་དགུ་པའི་གཉིས་པ་ལས་འབྱུང་བ་བཞིན་ཤེས་པར་བྱའོ། །ཡི་གེ་བཏུ་བ་འདིས་རྫོགས་པའི་རིམ་པ་སྟོན་པ་ནི་བླ་མས་འཆད་པར་འགྱུར་རོ། །གསུམ་པ་ལས་རབ་ཏུ་བྱེད་པ་གཉིས་པ་བཤད་པའོ།།  །།དེ་ནས་ཞེས་བྱ་བ་ལ་སོགས་པས་བདག་མེད་མ་ལྷ་མོ་བཅོ་ལྔའི་སྒྲུབ་པའི་ཐབས་སྟོན་ཏོ། །འདིའི་བརྗོད་པར་བྱ་བ་ལ་སོགས་པ་གསུམ་ནི་སྔ་མ་བཞིན་ནོ། །རྒྱུད་སྡེ་གཞན་གང་གི་བཤད་པའི་རྒྱུད་ཡིན་ན། ཧེ་བཛྲའི་བརྟག་པ་དང་པོའི་ལེའུ་བརྒྱད་པར་མངོན་པར་རྟོགས་པ་སྤྱི་ཕལ་ཆེར་ཆ་མཐུན་པས་བཤད་པའི་རྒྱུད་ཡིན་ཞིང༌། ཧེ་བཛྲ་གཙོ་མོ་ཕྱག་གཉིས་མ་དང་ལྷ་མོ་ཐམས་ཅད་ཁ་དོག་ནག་མོར་གསུངས་པ་ལས། འདིར་གཙོ་མོ་ཕྱག་བཞི་མ་དང༌། འཁོར་གྱི་ལྷ་མོ་ཁ་དོག་ཐ་དད་དུ་གསུངས་པས་ཚུལ་མི་འདྲ་བས་བཤད་པའི་རྒྱུད་ཡིན་ནོ། །གཞུང་དུ་དོན་གསུམ་སྟེ། བཤད་པར་དམ་བཅའ་བ་དང༌། དོན་དངོས་དང༌། མིང་ངོ༌། །དང་པོ་ནི་དེ་ནས་ཞེས་སྨོས་ཏེ། ཚིག་དེ་མ་ཐག་པ་ཡེ་ཤེས་མཁའ་འགྲོ་མའི་སྒྲུབ་ཐབས་ཀྱི་རྗེས་ལ་རྡོ་རྗེ་མཁའ་འགྲོ་མའི་སྒྲུབ་ཐབས་སྟོན་པས་དེ་ནས་སོ། །དོན་གྱི་དེ་མ་ཐག་པ་ནི་བདག་མེད་མ་ལ་མོས་པའི་རྣལ་འབྱོར་པ་དེའི་དཀྱིལ་འཁོར་དུ་དབང་བསྐུར་བའི་རྗེས་ལའོ། །དེ་བརྟག་པ་གཉིས་པར་རྒྱས་པར་གསུངས་པ་དེ་མདོར་བསྡུས་ཏེ་རྒྱས་པར་བཤད་ཅེས་བྱ་བའི་དོན་ཏོ། །དོན་དངོས་ལ་གསུམ་སྟེ། རྟེན་དང་བརྟེན་པར་བཅས་པའི་གདན་བསམ་པ་དང༌། དེར་རྟེན་དང་བརྟེན་པར་བཅས་པ་བསྐྱེད་པ་མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི་ནམ་མཁའི་ཞེས་རྐང་པ་གཉིས་ཏེ། འདིར་མངོན་པར་རྟོགས་པ་ནི། ནང་པར་སྔར་ལངས་པའམ་ཇི་ལྟར་ཡང་རུང་སྟེ། རང་བདག་མེད་མའི་རྣལ་འབྱོར་སྐད་ཅིག་གིས་བྱས་ལ། དེའི་སྙིང་གར་ཉི་མ་ལ་ཨྃ་གི་ས་བོན་བལྟའོ། །དེའི་འོད་ཟེར་གྱིས། ནམ་མཁར་རྗེ་བཙུན་བལྟས་ནས་ནི། །ཞེས་བྱ་བ་ལ་སོགས་པ་གོང་དུ་བསྟན་པའི་ཚུལ་གྱིས། བསོད་ནམས་ཀྱི་ཚོགས་བསགས་པ་དང༌། ཡེ་ཤེས་ཀྱི་ཚོགས་བསགས་པ་དང༌། སྲུང་བའི་འཁོར་ལོའི་བར་དུ་བྱའོ། །དེས་ན་སྲུང་བའི་འཁོར་ལོའི་ནང་གི་ནམ་མཁའི་ཁམས་སུའོ། །དེར་ཉི་མའི་དཀྱིལ་འཁོར་བསྒོམ་པ་ནི་རྣལ་འབྱོར་མ་ཤེས་རབ་ཀྱི་རང་བཞིན་ཐབས་ཉི་མའི་གདན་ལ་བཞུགས་པར་རིགས་སོ་ཞེས་བྱ་བའི་དོན་ཏོ། །གཉིས་པ་དེ་བསྒོམ་པ་མདོར་བསྟན་པ་ནི་འཁོར་ལོ་ཞེས་བྱ་བ་རྐང་པ་གཉིས་ཏེ། འཁོར་ལོ་ནི་རྟེན་གྱི་འཁོར་ལོའོ། །དེའི་སྔོན་དུ་ཅི་རིགས་པར་ནི་འབྱུང་བ་རིམ་བརྩེགས་ལ་སོགས་པ་སྟེ། དེ་ལས་བསྐྱེད་ཅེས་བྱ་བའི་དོན་ཏོ། །དེ་ནས་ནི་བརྟེན་པའི་ལྷ་རྣམས་ཇི་ལྟར་འབྱུང་བ་ཉིད་དོ། །རྒྱས་པར་བཤད་པ་ལ་གཉིས་ཏེ། རྟེན་བསྐྱེད་པ་དང༌། བརྟེན་པ་ལྷ་བསྐྱེད་པའོ། །དང་པོ་ནི་དེ་ལྟར་སྔར་བསྟན་པའི་སྲུང་བའི་འཁོར་ལོ་བསྒོམས་པའི་ནང་དུ་ཆོས་འབྱུང་ཞེས་བྱ་བར་སྦྱར་ཏེ། གཞིའི་ཡན་ལག་ཆོས་ཀྱི་འབྱུང་གནས་བསྒོམ་པའོ། །དེར་ཅི་བསྒོམ་ན་འཁོར་ལོ་ཞེས་བྱ་བ་རྐང་པ་གསུམ་སྟོན་ཏོ། །འདི་རྣམས་ཡས་མར་བསྐྱེད་ཀྱང་ཆོག་རླུང་ནས་མས་ཡར་བསྐྱེད་ཀྱང་ཆོག་སྟེ། སྟེང་གི་གོ་རིམ་ནི་དང་པོར་ཡྃ་ལས་རླུང་གི་དཀྱིལ་འཁོར་གཞུ་ལྟ་བུ་ཁ་དོག་སྔོ་བ་བ་དན་གྱིས་མཚན་པའོ། །དེའི་སྟེང་དུ་བྱིན་ཟ་སྟེ་རྃ་ལས་མེ་གྲུ་གསུམ་དམར་པོ་འབར་བའི་ཕྲེང་བས་མཚན་པའོ། །དེའི་སྟེང་དུ་ཆུ་ནི་སྟེ་ཆུ་དཀར་ཞིང་ཟླུམ་པ་བུམ་པས་མཚན་པའོ། །དེའི་སྟེང་དུ་ས་སྟེ་ལྃ་ལས་ས་གྲུ་བཞི་སེར་པོ་རྡོ་རྗེ་རྩེ་གསུམ་པས་མཚན་པའོ། །དེའི་སྟེང་དུ་གཞལ་ཡས་ཁང་རྣམ་པར་སྣང་མཛད་ཀྱི་ངོ་བོ་ཡིན་པས་བྷཱུྃ་ལས་འཁོར་ལོ་བྷཱུྃ་གྱིས་མཚན་པའོ། །གལ་ཏེ་འཁོར་ལོ་ནས་མས་ཡར་ཇི་ལྟར་མི་བསྒོམ་སྙམ་པ་ལ། འོག་ནས་རྐང་པའི་མཐིལ་དུ་རྩོམ་ཆེན་རླུང་ཞེས་བྱ་བ་ལ་སོགས་པ་འབྱུང་ལ། རྡོ་རྗེ་གུར་ལས་ཀྱང་གསུངས་སོ། །སློབ་དཔོན་ཁ་ཅིག་ས་ནས་བསྟན་པ་ནི་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལ་དགོངས་པའོ། །དེ་དག་གི་རིམ་པ་མི་འཁྲུགས་པའི་ཚུལ་བསྟན་པ་ནི། ལྷ་རྣམས་ཀྱིས་ཇི་ལྟར་རིགས་པ་ཞེས་སྦྱར་ཏེ། སྤྱན་ལ་སོགས་པ་ལྷ་མོ་བཞིའི་རིམ་པས་སོ། །ཞེས་དགོངས་སོ། །དེའི་སྟེང་དུ་ཇི་ལྟར་སྒོམ་པ་པོ་འབྱུང་བ་སྟེ། ཨོཾ་ཨཱཿཧཱུྃ་གསུམ། ཧོ་དམར་པོ་གཉིས་ཏེ་ཡི་གེ་ལྔ་ཐིམ་པ་ལས་སྐྱེས་པའོ། །དེའི་འཁོར་ལོ་དེ་ཅི་འདྲ་སྙམ་པ་ལ་འཕར་མ་གཉིས་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེར་གདན་བསྒོམ་པ་ནི་བཅོ་ལྔ་ཞེས་བྱ་བ་རྐང་པ་གཉིས་སོ། །བརྟེན་པ་ལྷ་བསྐྱེད་པ་ལ་དོན་བཞི་སྟེ། མངོན་པར་བྱང་ཆུབ་པ་ལྔ་ལས་ཐམས་ཅད་བསྐྱེད་པར་བསྟན་པ་དང༌། དེ་དག་ཀྱང་ཐབས་ཤེས་རབ་ཀྱི་རང་བཞིན་དུ་བསྟན་པ་དང༌། ལྷ་མོ་རྣམས་ཀྱི་ས་བོན་མི་འདྲ་བའི་ཚུལ་དང༌། ཕྱོགས་གང་དུ་ལྷ་མོ་གང་དགོད་པ་བསྟན་པའོ། །དང་པོ་ལ་གཉིས་ཏེ། ལྷ་མོ་རྣམས་ཀྱི་མངོན་པར་བྱང་ཆུབ་པ་ལྔའི་ཚུལ་དང༌། དེ་ཉིད་རྗེ་བཙུན་གྱི་རྒྱུ་རྡོ་རྗེ་འཆང་དང་མི་འདྲ་བའི་ཚུལ་བསྟན་པའོ། །དང་པོ་ལ་གསུམ་སྟེ། དེའི་སྟེང་དུ་ཞེས་བྱ་བ་ཤླཽ་ཀ་གཅིག་གིས་ས་བོན་མི་དགོས་པ་རྣམས་ཇི་ལྟ་བུ་བསྒོམ་པའི་དབང་དུ་བྱས་ཏེ་མདོར་བསྟན་ཏོ། །ཨཱ་ལི་ཟླ་བའི་ཞེས་བྱ་བ་ལ་སོགས་པ་ཚིགས་བཅད་གཅིག་གིས་རྣམ་པ་དེའི་རྒྱུའི་དབང་དུ་བྱས་ཏེ་རྒྱས་པར་འཆད་དོ། །ཟླ་བ་མེ་ལོང་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་ཤླཽ་ཀ་གཉིས་ཀྱིས་རང་གི་ངོ་བོའི་དབང་དུ་བྱས་ཏེ་རབ་ཏུ་རྒྱས་པར་བཤད་པའོ། །འདི་ལའང་གསུམ་གྱིས་ཤེས་པར་བྱ་སྟེ། རྣལ་འབྱོར་པས་ཚུལ་ཇི་ལྟར་བསྒོམ་པའི་ཚུལ་དང་དེ་ལྟར་བསྒོམ་པའི་འཐད་པ་དང༌། འདི་དག་གི་ངེས་ཚིག་དང༌། འཐད་པ་བསྟན་པའོ། །དང་པོ་ནི་དེ་ལྟར་གཞལ་ཡས་ཁང་གདན་དང་བཅས་པ་བསྒོམས་ནས། དེའི་གདན་དབུས་མའི་སྟེང་དུ་ཨཱ་ལི་ཕྲག་གཉིས་སྐར་མ་ལྟ་བུ་བསམ། དེ་དག་མཚན་སུམ་ཅུ་རྩ་གཉིས་ཀྱི་ངོ་བོར་མོས་པ་བྱ། དེ་ཞུ་བ་ལས་ཟླ་བ་བཅོ་ལྔ་དུས་གཅིག་ཏུ་བསྒོམ་སྟེ། དེ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སུ་མོས་པ་བྱའོ། །ཡང་དབུས་མའི་སྟེང་དུ་ཀཱ་ལི་སོ་བཞི་ལ་ཡ་ར་ལ་ཝ་ཌ་ཌྷ་དྲུག་བསྣན་པས་བཞི་བཅུ། དེ་ཕྲག་གཉིས་མར་མེའི་ཕྲེང་བ་ལྟ་བུར་བསྒོམ། དེ་དཔེ་བྱད་བརྒྱད་ཅུར་མོས་པ་བྱ། དེ་ཞུ་བ་ལས་ཉི་མ་བཅོ་ལྔ་དུས་གཅིག་ཏུ་བསྐྱེད་དེ། དེ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་མོས་པ་བྱའོ། །དེ་དག་གི་བར་དུ་ས་བོན་བཅོ་ལྔ་ལས་ཕྱག་མཚན་གྲི་གུག་བཅོ་ལྔ་ས་བོན་གྱིས་མཚན་པར་བསམ་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །དེ་དག་སོ་སོར་འདྲེས་པར་བསམ་པ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་སུ་མོས་པ་བྱའོ། །དེ་ལས་ལྷ་མོ་རྣམས་ཀྱི་སྐུ་རྫོགས་པ་ནི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་སུ་མོས་པ་བྱའོ། །དེ་ལྟར་ཡེ་ཤེས་ལྔ་ལས་རྣམ་པ་ཟླ་བ་ལ་སོགས་པར་བསྒོམ་པའི་འཐད་པ་ནི། རྣམ་པ་དེ་ལྟར་བསྒོམ་པ་ནི་ལས་དང་པོ་པས་བསྒོམ་སླ་ལ་དེས་ན་རྣམ་པ་ལམ་དུ་བྱེད་ཅེས་བྱའོ། །དེར་མེ་ལོང་ལྟ་བུ་ལ་སོགས་པར་མོས་པ་བྱ་བ་ནི་ད་ལྟ་མེ་ལོང་ལྟ་བུ་སོགས་ལམ་དུ་བྱས་ལ་དེས་ལན་ཅིག་ཐོབ་རྒྱུར་འབྱུང་བའོ། །དེས་ན་མོས་པ་ལམ་དུ་བྱེད་ཅེས་བྱའོ། །ལན་ཅིག་ཐོབ་རྒྱུའི་འབྲས་བུ་ད་ལྟ་ནས་བསྒོམ་པས་ན་འབྲས་བུ་ལམ་དུ་བྱེད་པའོ། །དེས་ཚོགས་བསོག་ཅིང་སྒྲིབ་པ་འབྱང་བས་བྱིན་རླབས་ལམ་དུ་བྱེད་པའོ། །དེ་བས་ན་རྣམ་པ་ལ་ངོ་བོར་ཞེན་པས་ཞེན་པས་འཇུག དེ་ལ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོས་མི་བསླུ་བས་འབྲེལ་པས་མི་བསླུ་བའི་ལམ་ཞེས་བྱའོ། །འདི་དག་གིས་ངེས་ཚིག་དང་འཐད་པའང་ཅིའི་ཕྱིར་མེ་ལོང་ལྟ་བུ་ཞེས་བྱ་ཞེ་ན། མེ་ལོང་དང་འདྲ་བ་སྟེ་མེ་ལོང་གཡའ་ཡོངས་སུ་དག་པ་ལ་གཟུགས་བརྙན་སྣང་བ་ལྟར། ཡེ་ཤེས་དེ་ལའང་ཆོས་ཐམས་ཅད་གཟུགས་བརྙན་གྱི་ཚུལ་དུའང་སྣང་བས་མེ་ལོང་ལྟ་བུ་ཞེས་བྱའོ། །དེ་རྣམ་པ་ཟླ་བར་བསྒོམ་པ་ཅི་ཞེ་ན། ཡེ་ཤེས་དེ་སྒྲིབ་པའི་དྲི་མ་ལས་གྲོལ་ཞིང་ཟླ་བ་དེའང་མུན་པའི་དྲི་མ་ལས་གྲོལ་བ་ཆོས་མཐུན་པས་སོ། །དེ་ཨཱ་ལི་ལས་བསྐྱེད་པ་ནི་ཡེ་ཤེས་དེ་སྐུའི་རྣམ་པར་བྱུང་བ་ན་མཚན་གྱི་རྣམ་པར་སྣང་བས་སོ། །དེ་བཞིན་དུ་མཉམ་པ་ཉིད་ནི་ཆོས་ཐམས་ཅད་མི་མཉམ་པ་མེད་པར་རྟོགས་པས་སོ། །དེ་ཉི་མར་བསྒོམ་པ་ནི་ཉི་མས་མུན་པ་ཐམས་ཅད་མཉམ་པར་འཇོམས་པ་དང་ཆོས་མཐུན་པས་སོ། །དེ་ཀཱ་ལི་ལས་བསྐྱེད་པ་ནི་ཡེ་ཤེས་དེ་གཟུགས་ཀྱི་སྐུར་བྱུང་བ་ན་དཔེ་བྱད་རྣམས་ཀྱི་རྣམ་པར་སྣང་བས་སོ། །དེ་བཞིན་དུ་སོ་སོར་རྟོག་པའི་ཡེ་ཤེས་ནི་རྒྱུ་དང་འབྲས་བུའི་ཆོས་ཐམས་ཅད་སོ་སོར་མ་འདྲེས་པར་མཁྱེན་ཅིང་ཐུགས་སུ་ཆུད་པའོ། །དེ་ས་བོན་དང་ཕྱག་མཚན་སོ་སོར་མ་འདྲེས་པ་དང་ཆོས་མཐུན་པས་སོ། །བྱ་བ་ནན་ཏན་ནི་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་ཕྲིན་ལས་དབྱེར་མེད་པས་སེམས་ཅན་གྱི་དོན་མཛད་པ་ཡིན་ལ། དེ་འདིར་གསུམ་པོ་འདྲེས་པ་དང་ཆོས་མཐུན་པས་སོ། །ཆོས་ཀྱི་དབྱིངས་རྣམ་པར་དག་པ་ནི་ཆོས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡིན་ལ། དེའི་དབྱིངས་ནི་དེའི་རྒྱུ་སྟེ་སྒྲིབ་པ་ཐམས་ཅད་ལས་གྲོལ་བའི་ཡེ་ཤེས་ཡིན་ལ་དེས་ཀྱང་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་རྫོགས་པ་ཡིན་ཞིང༌། དེ་སྐུ་རྫོགས་པ་དང་རྗེས་སུ་མཐུན་པས་དེ་ལྟར་བསྒོམ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ལྷ་མོ་རྣམས་ཀྱི་མངོན་པར་བྱང་ཆུབ་པ་ནི་དེ་ལྟར་རྟོགས་ན། འདི་ཉིད་ཁོ་ནས་བཅོམ་ལྡན་འདས་རྗེ་བཙུན་ཡང་བསྐྱེད་པ་ཡིན་ནམ་སྙམ་པ་ལ་དེ་མི་འདྲ་བ་ཉིད་དུ་བསྟན་པའི་ཕྱིར་ཨཱ་ལི་ཀཱ་ལི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་ཨཱ་ལི་སོ་གཉིས་ལས་ཟླ་བའི་དཀྱིལ་འཁོར་གྲུ་གསུམ་པ་བསྐྱེད་དེ། དེ་ལ་ཨཱ་ལིས་མཚན་པའོ། །དེས་ན་དང་པོ་མི་འདྲའོ། །གཉིས་པ་མི་འདྲ་སྟེ་ཀཱ་ལི་ལས་ཀྱང་ཟླ་བ་གྲུ་གསུམ་པ་བསྐྱེད་དེ། དེ་ལ་ཀཱ་ལིས་མཚན་པའོ། །དེས་ན་མཉམ་པར་སྦྱོར་ཞེས་བྱའོ། །དེ་གཉིས་ཀྱི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་འོད་འཕྲོ་བ་བསྐྱེད་པས་རྡོ་རྗེ་སེམས་དཔའི་གདན་ནོ། །དེ་ལ་ས་བོན་གྱིས་མཚན་པ་མི་འགོད་པས་གོང་བུ་ལ་ཧཱུྃ་ཕཊ་རྣམ་པར་མི་འདོད་པའོ། །དེ་དག་ལས་བྱུང་བ་ནི་གཟུགས་བརྙན་ལས་བྱུང་བ་སྟེ། འོད་འཕྲོས་འདུས་གཅིག་ཏུ་གྱུར་པ་ལས་བྱུང་བས་བཞི་པ་མི་འདྲའོ། །ལྔ་པ་མི་འདྲ་སྟེ་དཀྱིལ་འཁོར་བདག་པོ་སྟེ་ཡབ་ཧེ་རུ་ཀའོ། །དེའི་ཕྱག་མཚན་ལ་སོགས་པ་ནི་གོང་མ་བཞིན་ཏེ་གསུམ་པའི་དང་པོ་ཉིད་དུ་བརྗོད་ཟིན་ཏོ། །འོན་ཀྱང་འབྲས་བུའི་ཧེ་རུ་ཀ་ལས་ཀྱང་ཁྱད་པར་བསྟན་པ་ནི་ཟླ་བ་ཆུ་ཤེལ་ཏེ་སྐུ་མདོག་དཀར་པོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་འདི་མངོན་པར་བྱང་ཆུབ་པ་སྔར་གོང་དུ་སྟོན་པར་རིགས་ཀྱི་འདིར་ཅིའི་ཕྱིར་བསྟན་ཅེ་ན། འདིར་མངོན་པར་བྱང་ཆུབ་པའི་སྐབས་སུ་བབ་པས་འདིར་བསྟན་ན་མི་འདྲ་བའི་ཁྱད་པར་ལ་སོགས་པ་རྟོགས་སླ་བའི་ཕྱིར་བཤད་དོ། །གལ་ཏེ་འདི་གཉིས་མི་འདྲ་བ་ལ་དགོངས་པ་ཅི་ཡོད་ཅེ་ན། དབང་ཐ་དད་པ་བསྟན་པའི་ཕྱིར་ཏེ། གསང་བའི་དབང་ནི་འདིས་མཚོན་ལ། ལྷ་མོ་རྣམས་ཀྱིས་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་མཚོན་པར་བྱེད་དོ། །གསང་དབང་གི་དུས་སུ་སློབ་མ་ལ་རྣམ་པར་རྟོག་པའི་ཟུར་ཡོད་པས་ཟླ་བ་ཟུར་ཅན་ནོ། །ཤེས་རབ་ཡེ་ཤེས་ལ་རྟོག་པ་མེད་པས་ཟླུམ་པའོ། །གསང་དབང་གི་ཐབས་ཤེས་རབ་གཉི་གའི་བྱང་སེམས་ཟླ་བ་ལྟར་དཀར་བས་ཟླ་བ་གཉིས་སོ། །ཉི་ཟླ་གཉིས་ནི་ཤེས་རབ་ཡེ་ཤེས་ཀྱི་ཤེས་རབ་ཀྱི་རཀྟ་འབྱུང་བས་དམར་པོའོ། །གསང་དབང་གི་དུས་སུ་ཐིག་ལེ་མི་འགེགས་པས་ཕྱག་མཚན་ལ་ས་བོན་མེད་པ་དང་འོད་སྤྲོ་བའོ། །ཤེས་རབ་ཡེ་ཤེས་དུས་སུ་ཐིག་ལེ་འགེགས་པས་ས་བོན་དང་འོད་མི་སྤྲོ་བའོ། །གསང་དབང་གི་ཐིག་ལེ་དཀར་བའམ་རང་བཞིན་ལྷུན་གྲུབ་ཉིད་ཀྱིས་རྒྱུ་རྡོ་རྗེ་འཆང་དཀར་པོའོ། །ཤེས་རབ་ཡེ་ཤེས་ཀྱི་བདེ་བ་གནག་ཅིང་ལ་སོགས་པ་སྣ་ཚོགས་པ་དང་རང་བཞིན་གྱིས་རྟོག་པ་མི་འགྱུར་བས་ཁ་དོག་གཞན་ཡིན་ནོ་ཞེས་བླ་མ་གསུང་ངོ༌། །སྤྱིར་དུ་ན། དབྱིངས་དང་ཡེ་ཤེས་རྒྱས་གདབ་ཕྱིར། །རང་བཞིན་གྱིས་དག་རྒྱུ་འབྲས་ཕྱིར། །ཐིག་ལེའི་རིམ་ཕྱིར་ལུས་སེམས་ཕྱིར། །དབང་ཕྱིར་དགོས་པ་བསམ་ཡས་ཕྱིར། །ཞེས་བྱ་སྟེ། བླ་མ་མི་གསུང་བས་ཧ་ཅང་མི་སྤྲོའོ། །གཉིས་པ་ཐབས་ཤེས་རབ་ཀྱི་རང་བཞིན་དུ་བསྟན་པ་ནི། ཐབས་དང་ཞེས་བྱ་བ་ལ་སོགས་པ་སྟེ། མངོན་པར་བྱང་ཆུབ་པ་ལྔ་ལས་བསྐྱེད་ཀྱང་ཐབས་དང་ཤེས་རབ་ཀྱི་རང་བཞིན་ལས་རྫོགས་པར་བསྟན་ཏེ། ཐབས་ཤེས་རབ་ལས་ཆོས་ཐམས་ཅད་སྐྱེ་བའི་ཕྱིར་རོ། །ཞེས་དགོངས་སོ། །གསུམ་པ་ཡི་གེ་མི་འདྲ་བ་ནི་དེ་ལྟར་ཐབས་ཤེས་རབ་ཏུ་ཐམས་ཅད་འདྲ་ན་ལྷ་མོ་རྣམས་མི་འདྲ་བའི་ཁྱད་པར་གང་ཡིན་སྙམ་པ་ལ། ཁ་དོག་དབྱེ་བ་སོ་སོ་ཡིན་ཏེ། ཁ་དོག་ནི་ཝརྞ་སྟེ་ཡི་གེ་ལ་འཇུག་པས་ཨཱ་ལི་སོ་སོ་ལས་བསྐྱེད་པའོ། །ཡང་ན་ཝརྞ་སྟེ་རིགས་ཐ་དད་པའམ། རྒྱུད་འདིར་ལྷ་མོ་རྣམས་ཁ་དོག་ཐ་དད་པ་ཉིད་ལའང་བཤད་པར་བྱའོ། །བཞི་པ་དེ་ལྟར་ལྷ་མོ་ཐམས་ཅད་བསྐྱེད་ན་ཕྱོགས་གང་དང་གང་དུ་དགོད་སྙམ་པ་ལ་རྣལ་འབྱོར་མ་ལྔ་ཞེས་བ་ལ་སོགས་པ་སྟེ། ལྷ་མོ་ཐམས་ཅད་སྣ་ཚོགས་མདོག །ཅེས་བྱ་བ་ལ། རྩ་བའི་རྒྱུད་དུ་ཐམས་ཅད་ནག་མོར་གསུངས་པ་ལ། འདིར་སྣ་ཚོགས་པར་གསུངས་པའི་དགོངས་པ་ཅི་ཡིན་ཞེ་ན། སྤྱིར་མཚོན་བྱ་དེ་ཁོ་ན་ལ་དགོངས་པའམ། ནང་ལ་དགོངས་པ་ཞེས་བྱ་བ་གཉིས་ལས། ནང་གི་དབང་དུ་བྱས་ན་བདེ་སྟོང་གི་ཡེ་ཤེས་མི་འགྱུར་བས། རྩ་རྒྱུད་དུ་ཐམས་ཅད་ནག་མོར་གསུངས་ལ། དེའི་རྟེན་གྱི་ཐིག་ལེ་ལུས་ཀྱི་གནས་མཐའ་དག་ནས་བསྡུས་པས་སྣ་ཚོགས་ཡིན་ནོ་ཞེས་གསུང་ངོ༌། །ལྷག་མ་ནི་གོ་སླའོ། །མཁས་པས་དབུས་སུ་བསྒོམ་པར་བྱ། །ཞེས་པའི་བར་གྱིས་ནི་དམ་ཚིག་པ་བསྐྱེད་པ་བསྟན་པའོ། །ཡན་ལག་ལྷག་མ་ཡེ་ཤེས་པ་གཞུག་པ་དང༌། བྱིན་གྱིས་བརླབ་པ་དང༌། དབང་བསྐུར་རྒྱས་གདབ་པ་སྟེ་བསྙེན་སྒྲུབ་བཞི་རྫོགས་པར་བྱའོ། །དེའི་ཡན་ལག་ལྷག་མ་མཆོད་པ་དང་བསྟོད་པ་དང༌། བདུད་རྩི་མྱང་བ་རྣམས་ཀྱང་ཁ་བསྐང་བར་བྱའོ། །བཟླས་པ་ནི་བརྟག་པ་བརྒྱད་པ་ལས་སོ། །དག་པ་དྲན་པ་ནི་ལྔ་པའི་གཉིས་པ་ལས་སོ། །གཏོར་མ་ནི་དགུ་པ་ལས་སོ། །མདོར་ན་ཡན་ལག་ཇི་སྙེད་དགོས་པ་ཐམས་ཅད་བླ་མའི་མན་ངག་གིས་ཤེས་པར་བྱའོ། །གསུམ་པ་ལས་གསུམ་པའི་བཤད་པའོ།།  །།དེ་ནས་དཀྱིལ་འཁོར་ཆེན་པོ་མཆོག །ཅེས་བྱ་བ་ལ་སོགས་པས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་སྟོན་ཏོ། །འདིའི་བརྗོད་པར་བྱ་བའི་དོན་ནི་བསྐྱེད་པའི་རིམ་པ་སྤྱི་དོན། རྗོད་བྱེད་ཀྱི་སྒྲ་ནི་ཡན་ལག་གི་དོན་གཙོ་ཆེ་ལ་ཡི་གེའི་དོན་ཀྱང་ཅུང་ཟད་འཇུག་གོ །མངོན་པར་རྟོགས་པ་རྡོ་རྗེ་དབྱིངས་ལ་མོས་ཤིང་དེར་ཞུགས་པའི་རྣལ་འབྱོར་པས་རྫོགས་རིམ་གྱི་རྟེན་བསྐྱེད་པའི་རིམ་པ་བསྒོམ་པ་དང་ཡང་འབྲེལ་ལ། གཙོ་ཆེ་བའི་དབང་དུ་བྱས་ནས་ཕྱིའི་དཀྱིལ་འཁོར་བཀོད་པ་ལ་བརྟེན་ཏེ། སྒྲུབ་པ་དང༌། དེར་བདག་ཉིད་འཇུག་པ་དང༌། དམ་ཚིག་གཟུང་བ་དང་འབྲེལ་པས་དམ་ཚིག་དང་སྡོམ་པ་དང་འབྲེལ། དེར་དངོས་གྲུབ་སྒྲུབ་པ་དང་ཡང་འབྲེལ་ལོ། །ཡང་དེའི་ཞར་ལ་རྒྱུད་ཕྱི་མས་དགོངས་པ་བསྐང་བས། ཐོག་མར་སྨིན་པར་བྱེད་པའི་ལམ་དབང་བསྐུར་བ་དང་ཡང་འབྲེལ་བ་ཡིན་ལ། རྒྱུད་སྡེ་གཞན་གང་གི་བཤད་པའི་རྒྱུད་ཡིན་ན། དཔལ་དེ་ཁོ་ན་ཉིད་འདུས་པའི་རྒྱུད་དུ་ཏིང་ངེ་འཛིན་གསུམ་བསྒོམ་པ་སྔོན་བྱུང་གི་རྣམ་འཕྲུལ་ཙམ་ལས་རྗེས་འཇུག་གི་མངོན་པར་རྟོགས་པར་མ་གསུངས་པ་དེ་ལ། འདིར་མངོན་བྱང་དང་པོའི་ས་བོན་དང་བཅས་ཏེ་རྗེས་འཇུག་གི་མངོན་པར་རྟོགས་པ་གསལ་བར་བཤད། རིགས་ལྔའི་དམ་ཚིག་གཟུང་བ་དང༌། ཡེ་ཤེས་ཀྱི་ཚོགས་དེར་ཁ་བསྐང༌། དཀྱིལ་འཁོར་འཁོར་ལོའི་ལྷ་དང་རྣམ་པ་ཙམ་རྒྱུད་དེར་བཞི་བཅུ་རྩ་བཞི་གསུངས་པ་ཡིན་ཡང༌། ཚུལ་འདི་ལྟ་བུའི་བཀོད་པ་མ་གསུངས་པས་མ་ཚང་བ་ཁ་སྐོང་ངམ་ཚུལ་མི་འདྲ་བས་བཤད་པའི་རྒྱུད་དོ། །ཡང་ལྷ་སོ་བདུན་གྱི་གྲངས་ཙམ་ནི་ཆ་མཐུན་པས་བཤད་པའི་རྒྱུད་དོ། །ཡང་ཐོག་མར་མཆོད་པ་ནས་བརྩམས་ནས་ལྷ་བསྐྱེད་པའི་བར་མཐའ་དག་དཔལ་རྡོ་རྗེ་མཁའ་འགྲོའི་ལེའུ་དང་པོ་དང་གསུམ་པར་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གསུངས་པ་ལ་མི་གསལ་བ་དེ་རྒྱུད་འདིས་གསལ་བར་བྱེད་པས་བཤད་པའི་རྒྱུད་དོ། །ཡང་རིགས་ལྔའི་སྡོམ་པ་གཟུང་བ་རྡོ་རྗེ་མཁའ་འགྲོའི་ལེའུ་བཅུ་གཉིས་པར་ཆ་མཐུན་པས་ངེས་པ་བསྐྱེད་པས་བཤད་པའི་རྒྱུད། ལེའུ་དེ་ཉིད་དུ་སྐུ་མདོག་ལ་སོགས་པ་ཅུང་མི་འདྲ་བར་བཤད། རྡོ་རྗེ་རྩེ་མོར་སློབ་མ་ལ་སྡོམ་པ་སྦྱིན་པའི་དབང་དུ་བྱས་ཏེ་རྒྱས་པར་གསུངས་པ་དེ་འདིར་བདག་ཉིད་ཀྱིས་གཟུང་བའི་དབང་དུ་བྱས་ནས་མདོར་བསྡུས་ཏེ་བཤད་པའི་རྒྱུད་དོ། །ཡང་རྣལ་འབྱོར་ཆེན་པོའི་རྒྱུད་གང་དང་གང་དུ་སྡོམ་པ་གཟུང་བ་མ་གསུངས་པས་དེ་དག་ཐམས་ཅད་དུ་མ་ཚང་བ་ཁ་བསྐང་བས་བཤད་པའི་རྒྱུད་དོ། །ཡང་ཕྱི་མས་འདིའི་རྒྱུད་དང་འབྲེལ་པར་རྣམ་སྣང་སྒྱུ་འཕྲུལ་དྲྭ་བ་དང་ཐུན་མོང་དུ་བྱས་ཏེ་སློབ་མ་དབང་བསྐུར་བ་གསུངས་པ་ནི་རྣམ་སྣང་སྒྱུ་འཕྲུལ་དྲྭ་བའི་དབང་བསྐུར་གསལ་བར་བྱེད་པ་བཤད་པའི་རྒྱུད་དོ། །སྤྱིའི་དོན་ཏོ། །གཞུང་གི་དོན་འཆད་པ་ནི་གཉིས་ཏེ། བཤད་པར་དམ་བཅའ་བ་དང༌། དོན་དངོས་སོ། །དང་པོ་ནི་དེ་ནས་ཞེས་བྱ་སྟེ། ཚིག་གི་དེ་མ་ཐག་པ་བདག་མེད་མ་བསྒྲུབ་པ་བསྟན་པའི་རྗེས་ལ་དེ་ནས་གཞན་ཡང་ཞེས་བྱའོ། །ཡང་ན་དོན་གྱི་དེ་མ་ཐག་པ་སྔོན་དུ་བསྙེན་པ་སོང་བའི་རྗེས་ལ་བྱ་བའི་དོན་ཏོ། །ཡང་ན་དབང་དང་དམ་ཚིག་ཐོབ་པའི་རྗེས་ལ་ཞེས་སྦྱར་རོ། །དཀྱིལ་འཁོར་ཆེན་པོ་ནི་རིགས་ལྔ་ཀ་བསྡུས་པ་ཡིན་པའི་ཕྱིར་རོ། །རྡོ་རྗེ་དབྱིངས་དང་འདྲ་བ་ནི་རི་རབ་ཀྱི་རྩེ་མོར་མངོན་པར་སངས་རྒྱས་པའི་དེ་བཞིན་གཤེགས་པ་དེའི་ཐུགས་ཀའི་རྡོ་རྗེ་དབྱིངས་སུ་དེ་བཞིན་གཤེགས་པ་དེ་ལ་རྡོ་རྗེ་དབྱིངས་ཞེས་མིང་བཏགས་ལ་དེས་དཀྱིལ་འཁོར་སྤྲུལ་པ་དེ་ལའང་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཞེས་བྱ་ལ། དེ་ལྟར་རྗེས་འཇུག་བསྒོམ་པའི་དཀྱིལ་འཁོར་དེ་དང་འབྲེལ་ཞིང་དེའི་དབྱིབས་འདྲ་བ་ཐམས་ཅད་ཀྱང་རྡོ་རྗེ་དབྱིངས་དང་འདྲ་བ་ཞེས་བྱའོ། །དེས་ན་འདིའང་གྲངས་དང་དབྱིབས་ལ་སོགས་པ་ཐམས་ཅད་འདྲ་བས་རྡོ་རྗེ་དབྱིངས་ཞེས་བྱ་བར་གསུངས་ཞེས་བྱའོ། །འདིར་དོན་དངོས་ལ་གསུམ་སྟེ། རྡུལ་ཚོན་གྱི་དཀྱིལ་འཁོར་ཇི་ལྟར་བྱ་བའི་ཚུལ་དང༌། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཇི་ལྟར་བསྒོམ་པའི་ཚུལ་དང༌། ལུགས་མ་ལ་སོགས་པ་ལའང་བརྟེན་ཏེ་བསྒྲུབ་པར་བསྟན་པའོ། །དེ་ལྟར་བསྟན་པའི་གོ་རིམ་འདི་ནི་དང་པོར་ཕྱིའི་དཀྱིལ་འཁོར་བྱས་ལ། དེ་ནས་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བྱིན་གྱིས་བརླབ་ཅིང་བསྒྲུབ་པའི་དབང་དུ་བྱས་པའི་གཞུང་ཡིན་ཀྱང་ཕྱིའི་དཀྱིལ་འཁོར་འདྲི་བ་ཉིད་ལ་སྔོན་དུ་བསྙེན་པ་དགོས་པས། དང་པོར་ཏིང་ངེ་འཛིན་བསྒོམ་པའི་བསྙེན་པ་དང༌། བཟླས་པའི་མངོན་པར་རྟོགས་པ་བསྟན་པར་བྱའོ། །དེ་ལ་འདིའི་མངོན་པར་རྟོགས་པ་ནི་འོག་དཀྱིལ་འཁོར་བསྒྲུབ་པའི་སྐབས་སུ་བསྟན་པ་འདི་ཉིད་དེ། འདི་ལྟར་ཤེས་པར་བྱའོ། །དེ་ལ་དང་པོར་རེ་ཞིག་ནང་པར་སྔར་ལངས་པའམ་སྐབས་ཇི་ལྟར་ཡང་རུང་སྟེ། བསམ་གཏན་གྱི་ཁང་པར་ཞུགས་ལ་ཐུན་མཚམས་ཀྱི་ཀུན་ཏུ་སྤྱོད་པ་བྱའོ། །དེ་ནི་དང་པོར་ལྟ་ཉིད་ཀྱི་ཞེས་བྱ་བ་རྐང་པ་གཉིས་ཀྱིས་བསྟན་ཏོ། །དེ་ནས་རང་སྐད་ཅིག་གིས་དཔལ་རྡོ་རྗེ་སེམས་དཔའི་ང་རྒྱལ་བསྐྱེད་ལ་དེའི་སྙིང་གར་ཨ་ལས་ཟླ་བའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་བསམ་ཞིང་བདག་བྱིན་གྱིས་བརླབ་པ་ནི་ཨ་ལས་ཟླ་བ་ཞེས་ཤླཽ་ཀ་གཅིག་གིས་བསྟན་ཏོ། །དེ་ནས་སྙིང་གའི་ས་བོན་གྱི་འོད་ཀྱིས་མདུན་གྱི་ནམ་མཁར་བླ་མ་དང་དཀྱིལ་འཁོར་གྱི་འཁར་ལོ་སྤྱན་དྲངས་ཏེ། དེ་ལ་མེ་ཏོག་ལ་སོགས་པ་དངོས་སུ་འབྱོར་པའི་མཆོད་པ་དང༌། འོག་ནས་འབྱུང་བ་ལྷ་མོ་བརྒྱད་ཀྱིས་མཆོད་པ་དང༌། ཕྱག་འཚལ་ཏེ་སྡིག་པ་བཤགས་པ་དང༌། རྗེས་སུ་ཡི་རང་བ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང༌། དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོ་བ་དང༌། སྐྱབས་སུ་འགྲོ་བ་དང༌། ལུས་དབུལ་བ་རྣམས་བྱ་བ་ནི་དེ་བཞིན་གཤེགས་པ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏོ། །དེ་ནས་སྨོན་འཇུག་གི་སེམས་བསྐྱེད་ཅིང༌། རིགས་ལྔའི་སྡོམ་པ་གཟུང་བ་ནི་སངས་རྒྱས་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པའོ། །དེ་ནས་ཚད་མེད་པ་བཞི་བསྒོམ་པ་ནི་སྔར་བསྟན་པ་བཞིན་ནོ། །དེ་ནས་ཡེ་ཤེས་ཀྱི་ཚོགས་བསགས་པ་ནི་ཆོས་ཐམས་ཅད་སེམས་སུ་བསྡུ། དེ་རྨི་ལམ་དང་འདྲ་བར་བསྒོམས་ལ་ཨཱདྱ་ནུཏྤནྣ་ཏྭཱ་ཏ་སརྦ་དྷརྨཱ་ཎཱཾ་པྲ་ཀྲྀ་ཏེ་པ་རི་ཤུདྡྷ་པྲ་བྷ་ཝ་སརྦ་དྷརྨཱ་ཞེས་བརྗོད་པས་བརྟན་པར་བསྒོམ་པ་ནི་དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་ཚོགས་གཉིས་བསགས་པ་སྔོན་དུ་སོང་ནས་ལྷ་བསྐྱེད་པ་ནི། དང་པོ་རྟེན་བསྐྱེད་པ་ཞིང་ཁམས་དག་པར་བྱ་བ་སྔོན་དུ་འགྲོ་བས། དེ་ནས་སྟོང་པའི་ངང་ལས་བདག་གིས་གཟུགས་ཀྱི་སྐུ་སྒྱུ་མ་ལྟ་བུར་ལངས་ལ་སེམས་ཅན་གྱི་དོན་བྱའོ་སྙམ་པ་དང༌། ནམ་མཁའ་སྟོང་པ་ལ་ཧཱུྃ་ཡྃ་ཧཱུྃ་ལས་རླུང་དང༌། དེའི་སྟེང་དུ་ཧཱུྃ་རྃ་ཧཱུྃ་ལས་མེ་དང༌། ཧཱུྃ་བྃ་ཧཱུྃ་ལས་ཆུ་དང༌། ཧཱུྃ་ལྃ་ཧཱུྃ་ལས་ས་དང༌། ཧཱུྃ་སུྃ་ཧཱུྃ་ལས་རི་རབ་བསྐྱེད་དོ། །དེའི་སྟེང་དུ་པྃ་ལས་པདྨ། རྃ་ལས་ཉི་མ་དེའི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་དང་སྲུང་འཁོར། དེའི་ནང་དུ་ཆོས་འབྱུང་གྲུ་གསུམ་པ། དེའི་ནང་དུ་བྷཱུྃ་ལས་གཞལ་ཡས་ཁང་བསྐྱེད་པ་ནི་སྟེང་དང་འོག་ཏུ་སྔགས་ཀྱིས་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །དེ་ནས་རང་གི་ཡིད་ཀྱིས་དཀྱིལ་འཁོར་གྱི་དབུས་སུ་གནས་ཏེ། ཨོཾ་ཙིཏྟའི་སྔགས་བཟླས་པས་དབྱངས་ཡིག་བཅུ་དྲུག་ཕྲག་གཉིས་ཀྱི་རྣམ་པར་མཐོང་སྟེ། དེ་ལས་ཟླ་བའི་དཀྱིལ་འཁོར་གྲུ་གསུམ་པ་དབྱངས་ཡིག་བཅུ་དྲུག་ཕྲག་གཉིས་ཀྱིས་མཚན་པ་བསྒོམས་ཏེ། མེ་ལོང་ལྟ་བུའི་ཡེ་ཤེས་སུ་མོས་པ་བྱ། ཡང་ཨོཾ་བོ་དྷི་ཙིཏྟའི་སྔགས་བཟླས་པས་སྔར་གྱི་ཟླ་བའི་སྟེང་དུ་ཀཱ་ལི་བརྒྱད་ཅུའི་རྣམ་པར་མཐོང༌། དེ་ཞུ་བ་ལས་ཟླ་བ་གཉིས་པ་གྲུ་གསུམ་པ་ཀཱ་ལི་བརྒྱད་ཅུས་མཚན་པ་འོད་དམར་བ་དང་བཅས་པ་བསྒོམས་ཏེ། མཉམ་ཉིད་ཡེ་ཤེས་སུ་བསམ་པར་བྱའོ། །ཡང་དེའི་སྟེང་དུ་ཨོཾ་ཏིཥྛ་བཛྲའི་སྔགས་ཀྱིས་ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་བསམ་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་སུ་བསྒོམ། དེ་ནས་ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ་གི་སྔགས་ཀྱིས་རྡོ་རྗེའི་བདག་ཉིད་དུ་བསྒོམས་ཏེ། སྤྲོ་བ་དང་བསྡུ་བ་བྱ་སྟེ་བྱ་གྲུབ་ཀྱི་ཡེ་ཤེས་སུ་མོས་པར་བྱ། དེ་ནས་ཡང་སརྦ་ཏ་ཐཱ་ག་ཏའི་སྔགས་ཀྱིས་དེ་དག་ཡོངས་སུ་གྱུར་པ་ལས་བདག་ཉིད་རྣམ་པར་སྣང་མཛད་ཆེན་པོའི་སྐུར་བསྒོམ་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། དེ་དག་ནི་དེ་ནས་འདི་ཉིད་རང་སེམས་འདིས་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །དེ་དག་ནི་དང་པོར་སྦྱོར་བའི་ཏིང་ངེ་འཛིན་ཏོ། །དེ་ནས་གཙོ་བོ་ཡབ་ཡུམ་གྱི་མཁའ་གསང་བྱིན་གྱིས་བརླབས་ཏེ་སྙོམས་པར་ཞུགས་པའི་སྒྱུ་མའི་བདེ་བའི་སྒྲས་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས་ཏེ་ཞལ་ནས་ཞུགས་ཏེ། ཐུགས་ཀར་ཞུ་ནས་བྷ་གར་ཐིག་ལེ་སུམ་ཅུ་རྩ་བདུན་དུ་དབབ། དེ་ལས་ས་བོན་སུམ་ཅུ་རྩ་བདུན་དུ་གྱུར་ཏེ། དེ་ལས་དཀྱིལ་འཁོར་རྣམས་བསྐྱེད་དེ་དབྱུང་ཞེས་སྟོན་པ་ནི་དེ་ནས་ཡང་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པའོ། །དེ་ཡང་བྷ་ག་ནས་ཧཱུྃ་གིས་དྲངས་ཏེ་རང་གི་སྙིང་གར་བཀོད་ལ་རང་རང་གི་ས་བོན་སྤྲོས་བསྡུས་ལས་ཕྱག་མཚན་དུ་གྱུར། དེ་ས་བོན་གྱིས་མཚན་ལ་དེ་སྤྲོས་བསྡུས་གཅིག་ཏུ་གྱུར་པ་ལས་བསྐྱེད་པའམ། ཡང་ན་ས་བོན་ཙམ་ལས་བསྐྱེད་པར་བྱའོ། །ཞེས་སྟོན་པ་ནི་ཧཱུྃ་གི་སྔགས་འདིས་ཞེས་བྱ་བ་ལ་སོགས་པའོ། །རྒྱུད་ན་དངོས་སུ་ལྷ་ཉི་ཤུ་རྩ་དགུ་ལས་མི་བཞུགས་ཀྱང༌། རྒྱུད་ཕྱི་མའི་དགོངས་པས་བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་བརྒྱད་བསྣན་ཏེ་ལྷ་སུམ་ཅུ་རྩ་བདུན་བསྐྱེད་པ་ནི། དཀྱིལ་འཁོར་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པ་ཡིན་ནོ། །དེ་ནས་གཙོ་བོ་སེམས་དཔའ་སུམ་བརྩེགས་སུ་བསྒོམས་པའི་ཏིང་ངེ་འཛིན་སེམས་དཔའི་ཧཱུྃཿགི་འོད་ཀྱིས་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ཏེ། དེ་ལ་མཆོད་པ་བརྒྱད་ཀྱིས་མཆོད་ལ་སྒོ་མ་བཞིས་དགུག་པ་དང༌། གཞུག་པ་དང༌། བཅིང་པ་དང༌། དབང་དུ་བྱ་བའོ། །དེ་ནས་སྐྱེ་མཆེད་དྲུག་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབས་པའོ། །ཡང་ས་བོན་གྱི་འོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས་ལ་དབང་བསྐུར་བར་གསོལ་ཏེ། དབང་བསྐུར་ནས་ལྷ་ཐམས་ཅད་ལ་སངས་རྒྱས་ལྔའི་ཅོད་པཎ་དུ་གྱུར་པར་བྱའོ། །དེ་ནས་མཆོད་པ་དང༌། བསྟོད་པ་དང༌། བདུད་རྩི་མྱང་བའང་བྱས་ལ་བརྟག་པ་བརྒྱད་པ་ནས་འབྱུང་བའི་ཚུལ་གྱིས་བཟླས་པ་བྱའོ། །རྫོགས་པའི་རིམ་པ་བསྒོམ་ན་མན་ངག་ཇི་ལྟ་བ་བཞིན་ནོ། །དེ་ནས་ཐུན་མཚམས་སུ་དཀྱིལ་འཁོར་བསྡུས་ཏེ། ལྔ་པའི་གཉིས་པ་ལས་འབྱུང་བའི་ཚུལ་གྱིས་དག་པ་རྗེས་སུ་དྲན་པར་བྱ་ཞིང༌། གཞན་གཏོར་མ་དང་ཁ་ཟས་ལ་སོགས་པ་ཐམས་ཅད་བརྟག་པ་དགུ་པ་ནས་འབྱུང་ངོ༌། །དེ་ལྟར་ཉིན་རེ་ཞིང་ཐུན་བཞིའི་རྣལ་འབྱོར་གྱིས་གཙོ་བོ་ལ་འབུམ་དང༌། འཁོར་རྣམས་ལ་ཁྲི་ཕྲག་རེ་བཟླས་པ་ནི་སྔོན་དུ་བསྙེན་པའོ། །དེ་ལྟར་བསྙེན་པ་རྫོགས་ནས་དམ་ཚིག་གི་དཀྱིལ་འཁོར་རམ། དངོས་གྲུབ་ཀྱི་དཀྱིལ་འཁོར་གང་བྱེད་ཀྱང་དང་པོར་སའི་ཆོ་ག་བསྟན་པའི་ཕྱིར། །དཀྱིལ་འཁོར་གནས་ནི་སྦྱངས་ནས་ནི། །ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། ས་བརྟག་པ་དང༌། བསླང་བ་དང༌། སྦྱང་བ་དང༌། གཟུང་བ་དང༌། བྱིན་གྱིས་བརླབ་པ་དང༌། བསྲུང་བ་རྣམས་སྤྱིའི་ཆོ་ག་ཇི་ལྟ་བ་བཞིན་བྱའོ། །དེ་ནས་སྟ་གོན་ལ་གནས་པའི་ཆོ་ག་རྣམས་ཀྱང་སྐབས་ཇི་ལྟ་བ་བཞིན་དུ་རྫོགས་པར་བྱ་སྟེ་འདི་ནི་ཁ་བསྐང་བའོ། །དེ་ནས་ནང་པར་ནམ་ལངས་པ་དང་དཀྱིལ་འཁོར་ཆེན་པོ་ཐིག་གིས་འདྲི་བ་དང་ཚོན་གྱིས་འདྲི་བ་དང་ལྷ་དགོད་པའི་ཆོ་ག་རྣམས་ནི་སར་པ་ལེགས་པར་བཀལ་ནས་ཀྱང་ཞེས་བྱ་བ་ལ་སོགས་པའི་ཤླཽ་ཀ་ལྔ་སྟེ་བྱིན་གྱིས་བརླབ་པ་ལ་སོགས་པ་སྤྱིའི་ཆོ་ག་བཞིན་བྱ་སྟེ། དཀྱིལ་འཁོར་གྱི་འཁོར་ལོ་ནི་འཕར་མ་བཞི་པ་སྒོ་སུམ་བརྩེགས་ཡིན་ནོ་ཞེས་བླ་མའི་མན་ངག་གོ །དེ་ནས་རྒྱན་དགྲམ་པ་དང་མཆོད་པ་བཤམ་པ་དང༌། བུམ་པ་དབུལ་བ་ལ་སོགས་པ་ལ་སྤྱིའི་ཆོ་ག་བཞིན་ཁ་བསྐང་བར་བྱའོ། །དེ་ལྟར་ཕྱིའི་དཀྱིལ་འཁོར་ཡོངས་སུ་རྫོགས་ནས། ནང་གི་དཀྱིལ་འཁོར་གྱིས་ཕྱིའི་དཀྱིལ་འཁོར་དེ་བྱིན་གྱིས་བརླབ་པར་བྱ་བའི་ཕྱིར་གསུངས་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་མངོན་པར་རྟོགས་པ་གཞུང་དུ་འཆད་པ་ན་བཞི་རུ་ཤེས་པར་བྱ་སྟེ། བསྒྲུབ་པའི་གནས་དང་བདག་བྱིན་གྱིས་བརླབ་པ་དང༌། ཚོགས་གཉིས་བསག་པ་དང༌། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྒོམ་པ་དངོས་སོ། །དང་པོ་ནི་དེ་ལ་དང་པོར་ཞེས་བྱ་བ་རྐང་པ་གཉིས་ཏེ། ལྷའི་ཁྱིམ་ནི་དཀྱིལ་འཁོར་གཞུག་པའི་ཁྱིམ་སྟེ། དེའི་ཤར་ཕྱོགས་ཀྱི་ཆར་བྱོན་ཏེ་དབུས་སུ་ཁ་ཕྱོགས་པར་བྱས་པའོ། །དེར་བདག་ཉིད་ཁྲུས་བྱས་རྒྱན་གྱིས་བརྒྱན་ཏེ་ཞུགས་པ་ནི་དཀྱིལ་འཁོར་བརྟགས་ཏེ་རང་གི་སྟན་ལ་འཁོད་པའོ། །གཉིས་པ་བདག་བྱིན་གྱིས་བརླབ་པ་ནི་ཨ་ལས་ཞེས་བྱ་བ་ལ་སོགས་པ་སྟེ། བདག་ཉིད་དཔལ་རྡོ་རྗེ་སེམས་དཔར་བསམས་ལ་དེའི་སྙིང་གར་བསམ་མོ། །གསུམ་པ་ཚོགས་གཉིས་བསགས་པ་ལ་གཉིས་ཏེ། བསོད་ནམས་ཀྱི་ཚོགས་བསགས་པ་དང༌། ཡེ་ཤེས་ཀྱི་ཚོགས་བསགས་པའོ། །དང་པོ་ལ་བཞི་སྟེ། ཚོགས་ཀྱི་ཞིང་སྤྱན་དྲངས་ཏེ་མཆོད་པ་ལ་སོགས་པ་བྱ་བ་དང༌། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། རིགས་ལྔའི་སྡོམ་པ་གཟུང་བ་དང༌། བྱང་ཆུབ་ཀྱི་སེམས་ལ་གནས་ཏེ་གཞན་དོན་བྱ་བར་དམ་བཅའ་བའོ། །དང་པོ་ནི་དེ་བཞིན་གཤེགས་པ་ཞེས་རྐང་པ་གཉིས་ཏེ། སྔར་བསྟན་པ་ལྟར་མཆོད་པ་བྱས་ནས་སྐྱབས་སུ་འགྲོ་བའི་བར་བྱའོ། །གཉིས་པ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལ་དང་པོར་གསོལ་བ་གདབ་པ་ནི་སངས་རྒྱས་ཞེས་པ་རྐང་པ་གཉིས་སོ། །སེམས་བསྐྱེད་པ་གཉིས་ཏེ། སྨོན་པའི་སེམས་བསྐྱེད་པ་ནི་བདག་ནི་ཞེས་བྱ་བ་ནས། དམ་པ་བདག་གིས་བསྐྱེད་པར་བགྱི། །ཞེས་བྱ་བའི་བར་རོ། །འཇུག་པའི་སེམས་ཞེས་བྱ་བ་ནི་དེ་ལྟར་སངས་རྒྱས་ཐོབ་པའི་ཐབས་སུ་བྱང་ཆུབ་སེམས་དཔའི་བསླབ་པ་ལ་སློབ་པ་ཡིན་ནོ། །བསླབ་པ་དེའང་ཚུལ་ཁྲིམས་གསུམ་སྟེ། ཚུལ་ཁྲིམས་ཀྱི་བསླབ་པ་ཞེས་བྱ་བ་སེམས་ཅན་ལ་གནོད་པ་གཞི་དང་བཅས་པ་སྤོང་བ་ནི་སྡོམ་པའི་ཚུལ་ཁྲིམས་སོ། །དགེ་བ་ཆོས་སྡུད་པའི་ཚུལ་ཁྲིམས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པའི་སྤྱོད་པ་ལ་སློབ་པའོ། །སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ནི་བྱང་ཆུབ་སེམས་དཔའ་སེམས་ཅན་ལ་ཕན་པ་དང་བདེ་བ་གཉི་ག་བྱེད་ཅིང་དེ་གཉིས་འགལ་བའི་ཚེ་ནི་ཕན་པ་ཁོ་ན་བྱེད་པ་སྟེ། བསླབ་པ་ཐམས་ཅད་འདི་གསུམ་དུ་འདུས་པས་འཇུག་པའི་སེམས་བསྐྱེད་པའོ། །འདི་ལ་ཕྱེ་བས་རྡོ་རྗེ་རྩེ་མོ་ལས། ཕས་ཕམ་བཅུ་བཞི་ཞེས་བྱ་བར་ཡོད་དོ། །དེ་ལ་སྒྱུར་བྱེད་ཁ་ཅིག་གིས། སངས་རྒྱས་རྣལ་འབྱོར་སྡོམ་པ་ལས། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །ཞེས་བྱ་བ་ལ་སོགས་པས་འདི་རྣམས་རྣམ་སྣང་གི་དམ་ཚིག་དུ་བསྡུས་ཏེ་འཆད་དོ། །དེ་ནི་རིགས་པ་མ་ཡིན་ནོ། །རྡོ་རྗེ་རྩེ་མོ་ལས། སྡོམ་པ་བསྒྲགས་པའི་སྐབས་སུ། སངས་རྒྱ་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང༌། །འདི་ནི་སངས་རྒྱས་རིགས་ཡིད་འོང༌། །སྡོམ་པ་བརྟན་པར་གྱུར་བའོ། །ཞེས་རྣམ་སྣང་ལ་འདི་ཙམ་ལས་མ་གསུངས་པའི་ཕྱིར་དང༌། ཡང༌། དེ་ལས་གཞན་ཡང་བཅུ་བཞི་ནི། །ཕས་ཕམ་པར་ནི་རབ་ཏུ་བཤད། །ཅེས་བྱ་བ་ལ་སོགས་པ་བསྒྲགས་པ་གསུངས་པ་དེ་ལ་བསླབ་པ་འདི་གསུམ་མ་ཡིན་པའི་གཟུང་བ་གང་ཡང་མེད་དོ། །དེས་ན་འདི་གསུམ་ནི། རིགས་ལྔའི་སྡོམ་པར་མ་གཏོགས་ཏེ་སྤྱིར་འགྲོ་བའོ། །རིགས་ལྔའི་སྡོམ་པ་གཟུང་བ་ནི་སངས་རྒྱས་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་རྣམ་པར་སྣང་མཛད་ཀྱི་དམ་ཚིག་ནི་སངས་རྒྱ་ལ་སོགས་པ་དཀོན་མཆོག་གསུམ་གཟུང་བ་སྟེ། དེའང་བརྡའི་དཀོན་མཆོག་གསུམ་ནི་གྲགས་པར་ཟད་དོ། །དོན་གྱི་དཀོན་མཆོག་གསུམ་ནི་རང་གི་སེམས་རང་བཞིན་གྱི་སྒྲིབ་པ་ལས་གྲོལ་བས་སངས་རྒྱས་དང༌། དེ་རྟོག་པ་མེད་པས་རྟོགས་པར་བྱེད་པས་ཆོས་དང༌། དེ་ཉིད་ཉམས་སུ་ལེན་པས་དགེ་འདུན་ཏེ་དེ་གཟུང་བར་བྱ་ཞེས་པའོ། །རྣམ་པར་སྣང་མཛད་སངས་རྒྱས་ཐམས་ཅད་བསྡུས་པའི་ཕྱིར་ཆོས་ཐམས་ཅད་གསུམ་པོ་འདིར་འདུས་པའོ། །རྡོ་རྗེའི་རིགས་མི་བསྐྱོད་པའི་དམ་ཚིག་ནི་རྡོ་རྗེ་དང་དྲིལ་བུ་དང་ཕྱག་རྒྱ་སྟེ་དམ་ཚིག་གསུམ་དང༌། དེ་ཁོ་ན་ཉིད་ཡང་དག་དང༌། དེ་དག་སྟོན་པར་བྱེད་པའི་སློབ་དཔོན་རྣམས་བཟུང་བ་སྟེ། རྡོ་རྗེ་དང་དྲིལ་བུ་ལ་བརྡ་དོན་གཉིས་སུ་ཤེས་པར་བྱ་སྟེ། དོན་ནི། བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་བཤད་དོ། །ཞེས་འབྱུང་ངོ༌། །དེ་ལྟར་མི་བསྐྱོད་པའི་དམ་ཚིག་ནི་འདིར་ངེས་ཏེ་མི་བསྐྱོད་པ་བྱང་ཆུབ་སེམས་ཀྱི་ངོ་བོའི་ཕྱིར་རོ། །རིན་པོ་ཆེའི་རིགས་དང་རྗེས་སུ་འབྲེལ་བའི་དམ་ཚིག་ནི་ཟང་ཟིང་དང་མི་འཇིགས་པ་དང་བྱམས་པའི་སྦྱིན་པ་དུས་རྟག་ཏུ་སྦྱིན་པ་སྟེ། རིན་ཆེན་འབྱུང་ལྡན་སྦྱིན་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །པདྨའི་རིགས་ཀྱི་དམ་ཚིག་ནི། ཕྱིའི་བསྡུས་པའི་གསང་སྔགས་བྱ་བ་དང་སྤྱོད་པ་གསང་བས་བསྡུས་པའི་གསང་སྔགས་ཀྱི་ཐེག་པ་རྣལ་འབྱོར་དང་རྣལ་འབྱོར་བླ་ན་མེད་པ་ཐེག་པ་གསུམ་པོ་ཉན་ཐོས་དང་རང་རྒྱལ་དང་བྱང་ཆུབ་སེམས་དཔའི་ཐེག་པ་སྟེ། མདོར་ན་དམ་པའི་ཆོས་བཟུང་བ་སྟེ། འོད་དཔག་ཏུ་མེད་པ་ཤེས་རབ་ཀྱི་ངོ་བོའི་ཕྱིར་རོ། །ལས་ཀྱི་རིགས་ཀྱི་དམ་ཚིག་ནི། སྡོམ་པ་ཐམས་ཅད་གཟུང་བ་དང༌། །ཁྱད་པར་དུ་མཆོད་པའི་ལས་ཅི་ནུས་ཀྱིས་བྱ་བ་སྟེ། དོན་ཡོད་གྲུབ་པ་བརྩོན་འགྲུས་ཀྱི་ངོ་བོ་ཡིན་པའི་ཕྱིར་རོ། །དེ་ལྟར་རིགས་པ་ལྔ་སོ་སོའི་སྡོམ་པ་གཟུང་བ་ནས། དེ་དག་ཐམས་ཅད་ཀྱང་བྱང་ཆུབ་ཀྱི་སེམས་ལ་གནས་ཏེ། གཞན་གྱི་དོན་བྱའོ། །ཞེས་བྱ་བ་འདི་བསྟན་པའི་ཕྱིར་བྱང་ཆུབ་སེམས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེའང་མ་བསྒྲལ་བ་དག་བསྒྲལ་བ་ལ་སོགས་པ་བཞི་ནི་གོང་དུ་བརྗོད་པའི་རིགས་སོ་སོའི་སྡོམ་པ་དེ་དག་རེ་རེས་ཀྱང་རང་རང་སྤང་བྱའི་ཆུ་བོ་ལས་སྒྲོལ་བ་ལ་སོགས་པ་རིམ་པ་བཞིས་དོན་བྱེད་པ་སྟེ། རྡོ་རྗེ་རིགས་ཀྱི་སྤང་བྱ་ནི་རྣམ་པར་རྟོག་པ། རིན་ཆེན་རིགས་ཀྱི་སྤང་བྱ་སེར་སྣ། པདྨརིགས་ཀྱི་སྤང་བྱ་འདོད་ཆགས། ལས་ཀྱི་རིགས་ཀྱི་སྤང་བྱ་ལེ་ལོ་སྟེ། དེ་དག་ལ་གཉེན་པོ་བཞིའི་ཚུལ་གྱིས་འཇོམས་པའོ། །ཞེས་སློབ་དཔོན་ཀུན་དགའ་སྙིང་པོས་གསུངས་སོ། །མ་བསྒྲལ་བ་བསྒྲལ་བ་ལ་སོགས་པ་བཞི་པོ་ལ་སློབ་དཔོན་གཞན་དག་གཞན་དུ་རྣམ་པ་དུ་མར་འཆད་མོད་ཀྱི་ཡི་གེ་མང་པས་མི་བྲིའོ། །དེ་ལྟར་སྡོམ་པ་བཟུང་ནས་ཚད་མེད་པ་བཞིའི་རྣལ་འབྱོར་ཁ་བསྐང་ངོ༌། །དེ་ནས་ཡེ་ཤེས་ཀྱི་ཚོགས་བསགས་པ་ནི། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །དེ་ལྟར་ཚོགས་བསགས་ནས་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྒོམ་པ་ལ་བཞི་སྟེ། མངོན་པར་བྱང་ཆུབ་པ་ལྔའི་རིམ་པ་ལས་བདག་ཉིད་འཚང་རྒྱ་བ་དང༌། དེ་ལས་དེ་བཞིན་གཤེགས་པ་ཐམས་ཅད་དབྱུང་བར་བསྟན་པ་དང༌། རྟེན་གྱི་དཀྱིལ་འཁོར་བསྐྱེད་པ་དང༌། དེར་བརྟེན་པ་ལྷ་བསྐྱེད་པའོ། །དང་པོ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ནས་ནི་ཚོགས་གཉིས་ཡོངས་སུ་རྫོགས་པའི་རྗེས་ལ་ཞེས་བྱ་བ་སྟེ། ཚོགས་ཡོངས་སུ་རྫོགས་པ་དེས་འོག་མིན་གྱི་གནས་སུ་བདག་ཉིད་མངོན་པར་རྫོགས་པར་སངས་རྒྱས་ནས། དེའི་རྗེས་ལ་རི་རབ་ལ་སོགས་པར་སྤྲུལ་བཤད་བྱེད་པས་ན་རྟེན་བསྐྱེད་པ་དེའི་ཕྱི་ནས་སོ། །ཡང་ན་ཚོགས་ཡོངས་སུ་རྫོགས་པས་ས་བཅུ་པའི་དུས་སུ་ཞིང་ཡོངས་སུ་དག་པ་འབྱུང་བས་དང་པོར་རྟེན་བསྐྱེད་ལ། དེ་ནས་བདག་ཉིད་འཚང་རྒྱ་བ་འབྱུང༌། དེ་ནས་དཀྱིལ་འཁོར་དུ་ལྷ་སྤྲུལ་པ་འབྱུང་ངོ༌། །དེ་ལྟར་ཚུལ་གཉིས་སུ་སློབ་དཔོན་བྷ་བ་པའི་ལྷས་ཀྱང་གསུང་ངོ༌། །དེ་ལ་ལུགས་ཕྱི་མ་ནི་གོང་དུ་བསྙེན་པའི་སྐབས་སུ་བསྟན་ཟིན་ལ། འདིར་རྟེན་བསྐྱེད་པ་ཕྱིའི་རྡུལ་ཚོན་བྱིན་གྱིས་རློབ་པ་དང་འབྲེལ་པས་ཕྱིས་བྱས་ན་བདེའོ། །སྤྱིར་དུ་ན་གང་ལྟར་བྱས་ཀྱང་འགལ་བ་མེད་དོ། །དེ་བས་ན་དེ་ནས་ཞེས་བྱ་བ་ནི་ཚོགས་གཉིས་ཡོངས་སུ་རྫོགས་པར་དེ་ནས་སོ། །འདི་ལ་ལྔ་སྟེ་རང་གི་སེམས་སོ་སོར་རྟོག་པ་མེ་ལོང་ལྟ་བུའི་ཡེ་ཤེས་ལ་བྱང་ཆུབ་པ་དང༌། བྱང་ཆུབ་ཀྱི་སེམས་དེ་གོམས་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་བྱང་ཆུབ་པ་དང༌། རྡོ་རྗེའི་རང་བཞིན་དུ་གོམས་པ་སོ་སོར་རྟོག་པའི་ཡེ་ཤེས་ལ་བྱང་ཆུབ་པ་དང༌། རྡོ་རྗེའི་བདག་ཉིད་སྤྲོ་བ་དང་བསྡུ་བ་བྱ་བ་ནན་ཏན་གྱི་ཡེ་ཤེས་ལ་བྱང་ཆུབ་པ་དང༌། སྐུ་རྫོགས་པ་ཆོས་དབྱིངས་ཡེ་ཤེས་ལ་བྱང་ཆུབ་པའོ། །དང་པོ་ལ་དྲུག་སྟེ། ཇི་ལྟར་མཉམ་པར་གཞག་པ་དང༌། སྔགས་གང་བཟླ་བ་དང༌། དེ་རྒྱུ་གང་ལས་རྣམ་པ་ཇི་ལྟ་བུ་ཞིག་བསྒོམ་པ་དང༌། རྣམ་པ་དེའི་ངོ་བོ་དང༌། དེ་ལ་མཚན་མ་གང་གིས་མཚན་པ་དང༌། མཚན་མའི་ངོ་བོ་གང་ཡིན་པའོ། །དང་པོ་ནི་དེ་ཉིད་རང་སེམས་འདི་སྟེ་རང་གིས་སེམས་ལ་སོ་སོར་རྟོག་གོ །དེ་ལ་རང་བཞིན་གྱིས་ནི་འོད་གསལ་བ་སྟེ་སེམས་ཀྱི་ངོ་བོ་གང་དུ་ཡང་མ་གྲུབ་པ་སྟེ། བརྟག་པ་དང་རྟོག་པའི་དྲི་མ་ལས་གྲོལ་བས་འོད་གསལ་བའོ། །གཉིས་པ་ནི་དེའི་ཚེ། ཨོཾ་ཙིཏྟ་པྲ་ཏི་བེ་དཾ་ཀ་རོ་མི་ཞེས་འདོད་པའི་སྔགས་ནི་ཅི་དགའ་བར་རོ། །དེ་བཟླས་པའོ། །གསུམ་པ་ནི་དེས་རང་གི་སེམས་དབྱངས་ཀྱི་ཡི་གེ་བཅུ་དྲུག་ཕྲག་གཉིས་སུ་མཐོང་ལ་དེ་ཞུ་བ་ལས་ཀྱང་ཟླ་བའི་དཀྱིལ་འཁོར་གྲུ་གསུམ་པའི་རྣམ་པར་བལྟ་ཞིང་བསྒོམ་མོ། །བཞི་པ་རྣམ་པ་དེའི་ངོ་བོ་ཇི་ལྟ་བུ་ཞིག་ཡིན་སྙམ་པ་ལ་ཚོགས་ཀྱི་དཀྱིལ་འཁོར་ཆེས་དག་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་གི་ངོ་བོ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། འཕགས་པ་བྱམས་པས། མེ་ལོང་ཡེ་ཤེས་ང་ཡི་མེད། །ཡོངས་སུ་མ་ཆད་རྟག་ཏུ་ལྡན། །ཞེས་གསུངས་སོ། །དེས་ན་ཡེ་ཤེས་དེའང་ཉོན་མོངས་ཀྱི་དྲི་མ་མེད་ལ་ཟླ་བའང་མུན་པའི་དྲི་མ་དག་པས་ཟླ་བ་ལྟར་བརྟག་སྟེ་ཟླ་བ་དང་ཆོས་མཐུན་པ་ཞེས་བྱའོ། །ལྔ་པ་དེ་ལ་མཚན་མ་གང་གིས་མཚན་པ། སངས་རྒྱས་ཀུན་གྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་ཨཱ་ལི་ཕྲག་གཉིས་སོ། །དྲུག་པ་མཚན་མའི་ངོ་བོ་ནི་ཅིའི་ཕྱིར་མཚན་མ་ཞེས་ཞུ་བ་ནི་བཅོམ་ལྡན་འདས་ཞེས་བྱ་བའོ། །དེའི་ལན་ལ་མཚན་མའི་ངོ་བོ་ནི་མཚན་སུམ་ཅུ་རྩ་གཉིས་ཡིན་ལ། དེ་ནི་མེ་ལོང་ཡེ་ཤེས་འདི་ལས་བྱུང་ངོ༌། །ཞེས་སྟོན་པ་ནི་གྲུ་གསུམ་ཞེས་རྐང་པ་གཉིས་སོ། །མཚན་མའི་རྣམ་པ་སྟོན་པ་ནི་ཨ་སོགས་ཞེས་བྱ་བ་ཤླཽ་ཀ་གཅིག་གིས་བསྟན་ཏོ། །མངོན་པར་བྱང་ཆུབ་པ་གཉིས་པའང་སྔ་མ་དང་འདྲ་བར་དོན་དྲུག་གིས་ཤེས་པར་བྱ་སྟེ། དང་པོ་སེམས་ཅི་ལྟར་མཉམ་པར་གཞག་ན་སེམས་ནི་རང་བཞིན་འོད་གསལ་བ་ཞེས་རྐང་པ་གཉིས་ཏེ། སྔར་བསྟན་པའི་བྱང་ཆུབ་ཀྱི་སེམས་ཉིད་ལ་བཞག་གོ །གཉིས་པ་སྔགས་བཟླ་བ་ནི་ཨོཾ་བོ་དྷི་ཙིཏྟ་སྟེ་སྔགས་དེ་བཟླའོ། །གསུམ་པ་སྔགས་དེ་བཟླས་པས། ཀཱ་ལི་སོ་བཞིའི་སྟེང་དུ་དྲུག་བསྣན་པ་ཕྲག་གཉིས་ལས། རྣམ་པ་ཟླ་བའི་དཀྱིལ་འཁོར་དབུས་སུ་བྱང་ཆུབ་ཟླ་བ་གཉིས་པ་ཅན་དུ་བསྒོམ་མོ། །བཞི་པ། དེའི་ངོ་བོ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། བྱས་པའི་རྗེས་སུ་རིམ་འབྱུང་བ། །ཞེས་བྱ་བ་ལ་སོགས་པ་སྟེ། དེའང་མཉམ་པ་ཉིད་ཀྱི་ཡེ་ཤེས་ནི། །བསྒོམ་པ་དག་པས་སེམས་ཅན་ལ། །མཉམ་པ་ཉིད་ཀྱི་ཡེ་ཤེས་འདོད། །ཅེས་གསུངས་པ་ལྟ་བུའོ། །ལྔ་པ་བཞིའི་མཚན་མ་དང་དེའི་ངོ་བོ་ནི་འདིར་ཡང་སྐར་མའི་རྣམ་པ་ཞེས་བྱ་བ་ལ་སོགས་པ་སྟེ། རང་གི་ངོ་བོ་ནི་དཔེ་བྱད་བརྒྱད་ཅུ་ཡིན་ནོ། །ཡེ་ཤེས་དེ་གཟུགས་སྐུའི་རྣམ་པར་བྱུང་བ་ན་དཔེ་བྱད་དུ་འཆར་བའི་ཕྱིར་རོ་ཞེས་བྱ་བའོ། །མངོན་པར་བྱང་ཆུབ་པ་ལྷག་མ་གསུམ་ལ་གསུམ་གསུམ་གྱིས་ཤེས་པར་བྱ་སྟེ། བསྒོམ་པ་དང་ངག་ཏུ་ཅི་བརྗོད་པ་དེ་ལས་རྣམ་པ་ཇི་ལྟ་བུ་ཞིག་བསྒོམ་པ་དང་དེའི་ངོ་བོའོ། །དེ་ལ་མངོན་པར་བྱང་ཆུབ་པ་གསུམ་པ་ནི་བདག་གི་མངོན་པར་བྱང་ཆུབ་པ་འདི་བརྟན་པར་བྱའོ། །ཞེས་བསམས་ཏེ། ཨོཾ་ཏིཥྛ་བཛྲ་ཞེས་བརྗོད་པར་བྱའོ། །ཞེས་སྟོན་པ་ནི་ཀུན་ཏུ་བཟང་པོའི་སེམས་བསྐྱེད་པ་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །དེ་ལས་རྣམ་པ་ནི་ཟླ་བ་གཉིས་ཀྱི་སྟེང་དུ་ཧཱུྃ་ལས། དེ་ལས་དབུས་སུ་རྩེ་ལྔ་པ། །ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །རྣམ་པ་དེའི་རང་གི་ངོ་བོ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཏེ། དེ་ནི་ཤེས་བྱ་ཀུན་ལ་རྟག་མི་ཐོགས། །ཏིང་ངེ་འཛིན་དང་གཟུངས་རྣམས་ཀྱི། །གཏེར་དང་འདྲ་བ་ཁོ་ན་དེ། །སོ་སོར་རྟོག་པའི་ཡེ་ཤེས་སོ། །དེའང་བྱང་ཆུབ་སྤྱོད་པ་ཞེས་བྱ་བ་རྐང་པ་གསུམ་གྱིས་བསྟན་ཏོ། །མངོན་པར་བྱང་ཆུབ་པ་བཞི་པའང་བདག་ཉིད་ཀྱི་ཀུན་ཏུ་བཟང་པོའི་སེམས་དེ་ཉིད་བརྟན་ཞིང་བོགས་དབྱུང་བར་བྱའོ་ཞེས་བསམས་ལ། ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ་ཞེས་བརྗོད་པར་བྱའོ། །དེ་ནས་རྣམ་པ་ནི་རྡོ་རྗེ་དེ་ལས་རྡོ་རྗེ་ཕྲ་མོ་དཔག་ཏུ་མེད་པ་སྤྲོ་བ་དང་བསྡུ་བའི་དམིགས་པ་བྱས་ལ་དེས་དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེའི་དབྱིངས་དེར་ཞུགས་པར་བསམ་པ་ནི་ནམ་མཁའི་ཁམས་ཀྱི་ཞེས་བྱ་བ་ལ་སོགས་པའོ། །རྣམ་པ་དེའི་ངོ་བོ་བྱ་བ་ནན་ཏན་གྱི་ཡེ་ཤེས་ཏེ། བྱ་བ་གྲུབ་པའི་ཡེ་ཤེས་ནི། །ཁམས་གསུམ་ཀུན་ཏུ་སྣ་ཚོགས་ཤིང༌། །དཔག་མེད་བསམ་ཡས་བསྒྲུབ་པ་ཡིས། །སེམས་ཅན་དོན་ཀུན་བསྒྲུབ་པའོ། །ཞེས་སོ། །དེ་ནི་སངས་རྒྱས་ཀུན་གྱི་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །མངོན་པར་བྱང་ཆུབ་པ་ལྔ་པའི་དམིགས་པ་ནི། བདག་ཉིད་མངོན་པར་བྱང་ཆུབ་པ་ཡོངས་སུ་རྫོགས་པས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སངས་རྒྱས་ཀྱི་སྐུར་བསྐྱེད་པར་བྱའོ། །ཞེས་བསམས་ལ། ཨོཾ་ཡ་ཐ་སརྦ་ཏ་ཐཱ་ག་ཏསྟ་ཨ་ཧཾ་ཞེས་བཟླའོ། །དེ་ལས་བདག་ཉིད་རྡོ་རྗེ་སེམས་དཔའི་སྐུར་བསྐྱེད་པར་བྱ་བ་ནི་རྣམ་པའོ། །དེ་དག་ནི་དེ་ལྟར་ཡང་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །རྣམ་པ་དེའི་རང་གི་ངོ་བོ་ནི་ཡེ་ཤེས་ཐམས་ཅད་ཡོངས་སུ་རྫོགས་པ་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཏེ། ཐམས་ཅད་བསྡུས་པའམ་ཡེ་ཤེས་ཐམས་ཅད་ཀྱི་རྒྱུའི་ཕྱིར་ཏེ། ཇི་སྐད་དུ། འཛིན་པའི་ཕྱིར་དང་སེམས་མཉམ་ཕྱིར། །ཡང་དག་ཆོས་རབ་སྟོན་ཕྱིར་དང༌། །བྱ་བ་གྲུབ་པ་ཉིད་ཀྱི་ཕྱིར། །ཡེ་ཤེས་བཞི་པོ་ཡང་དག་འབྱུང༌། །ཞེས་གསུངས་པ་ལྟ་བུའོ། །དེ་ནི་སྐུ་དང་ཞེས་བྱ་བ་ལ་སོགས་པ་སྟེ། འདིས་ནི་མངོན་པར་བྱང་ཆུབ་པ་ལྔ་བསྡུས་ཏེ་བསྟན་པའང་ཡིན་ལ། དེ་ཉིད་ཀྱིས་མངོན་པར་རྫོགས་པར་བྱང་ཆུབ་པ་ཐམས་ཅད་ཡོངས་སུ་རྫོགས་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱང་བསྟན་ཏེ། དེ་ལ་སྐུ་ནི་སེམས་སོ་སོར་རྟོག་པ་ལས་བྱང་ཆུབ་པ་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ་ཡོན་ཏན་ཐམས་ཅད་ཀྱི་རྟེན་བྱེད་པའི་ཕྱིར་སྐུའོ། །གསང་བ་ནི་བྱང་ཆུབ་ཀྱི་སེམས་ལས་བྱང་ཆུབ་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། གསང་བའི་དོན་མཉམ་པ་ཉིད་ཡིན་པས་གསང་བའོ། །དེ་བཞིན་སྤྱོད་ནི་སྤྲོ་བསྡུ་ལས་བྱང་ཆུབ་པ་བྱ་བ་ནན་ཏན་གྱི་ཡེ་ཤེས་བརྩོན་འགྲུས་ཀྱི་སེམས་ཅན་གྱི་དོན་ལ་སྤྱོད་པའོ། །སྤྱོད་ཡུལ་ནི་སྐུ་རྫོགས་པ་ལས་བྱང་ཆུབ་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ་སངས་རྒྱས་ཉག་གཅིག་གི་སྤྱོད་ཡུལ་ཡིན་པས་སམ། ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཀྱི་ལོངས་སྤྱོད་ཀྱི་ཡུལ་ཡིན་པས་སོ། །དེ་ཉིད་རྟོགས་པ་ནི་རྡོ་རྗེ་ལས་བྱང་ཆུབ་པ་སོ་སོར་རྟོག་པའི་ཡེ་ཤེས་ཏེ། འཁོར་འདས་ཀྱི་ཆོས་ཐམས་ཅད་སོ་སོར་རྟོག་པའི་ཕྱིར་རོ། །དེ་ལྟར་མངོན་པར་བྱང་ཆུབ་པ་ལྔ་ནི། སངས་རྒྱས་ཀུན་གྱི་བདག་ཉིད་དགེ་སྟེ། འདས་པ་དང་མ་འོངས་པ་དང་ད་ལྟར་འབྱུང་བའི་སངས་རྒྱས་ཐམས་ཅད་ཚུལ་འདིས་སངས་རྒྱས་ལ། བདག་ཀྱང་ད་ལྟ་ནས་འདི་བསྒོམས་པས་འཚང་རྒྱ་བས་གསང་སྔགས་འབྲས་བུ་ལམ་དུ་བྱེད་ཅེས་བྱ་བ་ལ་སོགས་པའི་དོན་ཏོ། །དེ་ལྟར་དེ་ཡན་ཆད་ནི་དང་པོ་རྣལ་འབྱོར་གྱི་ཏིང་ངེ་འཛིན་ཏེ་ངོ་བོ་ཉིད་ཀྱི་སྐུའོ། །དཀྱིལ་འཁོར་རྒྱལ་མཆོག་བསྟན་པའི་ཕྱིར་ཐབས་དང་ཤེས་རབ་ཀྱི་སྦྱོར་བ་ལས་དེ་བཞིན་གཤེགས་པ་ཐམས་ཅད་འབྱུང་བར་བསྟན་པ་ནི། དེ་ནས་ཡང་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་སྟེ། དོན་ནི་འདི་ཡིན་ཏེ་རྡོ་རྗེ་དང་པདྨ་བྱིན་གྱིས་བརླབ་པ་བྱ་སྟེ། སྙོམས་པར་ཞུགས་པ་ལས་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས་ཏེ་ཞལ་ནས་ཞུགས་ནས་ཐུགས་ཀར་འོད་དུ་ཞུ་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ཡུམ་གྱི་བྷ་གར་བབ་ལ། དེ་ནས་སོ་སོའི་ས་བོན་དུ་བསྐྱེད་ཅེས་བྱ་བའི་དོན་ཏོ། །འདི་ནི་གནས་བསྐྱེད་པའི་རྗེས་ལ་སྦྱར་རོ། །སྟེང་དང་ཞེས་བྱ་བ་ལ་སོགས་པ་རྟེན་གྱི་དཀྱིལ་འཁོར་བསྐྱེད་པ་སྟོན་ཏེ། དང་པོར་མདུན་གྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དེ་སྭ་བྷཱ་ཝ་ལ་སོགས་པའི་སྔགས་ཀྱིས་སྟོང་པར་བསྒོམས་ལ། དེ་ནས་ཧཱུྃ་ཡྃ་ཧཱུྃ་ཞེས་བྱ་བ་ལ་སོགས་པས་རླུང་ནས་བརྩམས་ཏེ་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་པའི་བར་སྔར་བསྟན་པ་བཞིན་ཤེས་པར་བྱ་སྟེ། གཞུང་དུ་མདོར་བསྟན་པ་དང༌། རྒྱས་པར་བཤད་པ་གཉིས་སུ་གནས་ཏེ། ཚིག་གི་དོན་གོ་སླའོ། །བརྟེན་པ་ལྷ་བསྐྱེད་པ་ནི། ཧཱུྃ་གི་སྔགས་ཞེས་བྱ་བ་ལ་སོགས་པ་སྡེ་སྔར་བསྟན་པ་བཞིན་ཡི་གེའི་དཀྱིལ་འཁོར་བསྐྱེད་ལ། དེ་ནས་གཙོ་བོའི་ས་བོན་ཡི་གེ་ཧཱུྃ་རང་གི་ཐུགས་ཀ་ནས་བྱུང་སྟེ། དཀྱིལ་འཁོར་གྱི་དབུས་སུ་བཀོད་ལ་དེར་མངོན་པར་བྱང་ཆུབ་པ་ལྔ་ལས་གཙོ་བོ་བསྐྱེད་པར་བྱའོ། །ཡང་ན་གཙོ་བོའང་འབྱིན་པའི་དཀྱིལ་འཁོར་ལ་ཆོ་ག་གསུམ་གྱི་ཚུལ་གྱིས་བསྐྱེད་ལ་དེའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་བསྐྱེད་པ་ཡིན་ནོ་ཞེས་ཀྱང་གསུངས་ཏེ་སྔ་མ་ཉིད་གཙོ་ཆེའོ། །དེ་ནས་དཀྱིལ་འཁོར་བསྐྱེད་པ་ནི། ཤར་དུ་ནི་རྣམ་པར་སྣང་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྟེ། ས་བོན་ཙམ་ལས་བསྐྱེད་པའམ་ཡང་ན་ཆོ་ག་གསུམ་ལས་བསྐྱེད་པར་བྱའོ། །འདི་དག་གི་སྐུ་མདོག་དང་ཕྱག་མཚན་ལ། རིགས་བཞི་དང་ཡུམ་བཞིའི་ནི་སྔར་གྱི་བརྟག་པ་གཉིས་པ་དངོས་སུ་བཤད་པ་བཞིན་ནོ། །དྲག་མོ་ལ་སོགས་པ་ནི་གཉིས་པའི་གསུམ་པའི་ཕྱག་དྲུག་པའི་སྐབས་སུ་བཤད་པ་བཞིན་ནོ། །ལྷག་མ་ནི་གཞུང་ཉིད་དུ་གསལ་ལོ། །འདི་དག་གི་ས་བོན་ནི་བརྟག་པ་བདུན་པ་དང་བརྒྱད་པའི་སྐབས་སུ་ཤེས་པར་འགྱུར་རོ། །དེ་ལྟར་དམ་ཚིག་པ་བསྐྱེད་ནས་ཡེ་ཤེས་པ་གཞུག་པ་དང༌། སྐྱེ་མཆེད་བྱིན་གྱིས་བརླབ་པ་དང༌། དབང་བསྐུར་ཏེ་སངས་རྒྱས་ལྔའི་ཅོད་པཎ་གྱི་བར་དུ་སྔར་བསྟན་པ་བཞིན་ཁ་བསྐང་ངོ༌། །དེ་ནས་བདག་ཉིད་རྡོ་རྗེ་སེམས་དཔའ་ཕྱག་གཉིས་པར་ལངས་ལ་ལྷ་མོ་བརྒྱད་དང་མེ་ཏོག་ལ་སོགས་པའི་མཆོད་པའི་ཁྱད་པར་ཇི་སྙེད་འབྱོར་པས་མཆོད་པར་བྱའོ། །བརྟག་པ་དགུ་པ་ལས་འབྱུང་བའི་ཚུལ་གྱིས་གཏོར་མའི་ཆོ་གའང་བྱའོ། །སྦྱིན་སྲེག་ཀྱང་བརྟག་པ་བདུན་པ་ལས་འབྱུང་བ་བཞིན་བྱའོ། །དེ་ནས་དམ་ཚིག་གི་དཀྱིལ་འཁོར་ཡིན་ན་བདག་ཉིད་འཇུག་པ་ཇི་ལྟ་བར་བྱའོ། །དེའི་རྗེས་ལ་སློབ་མ་རྗེས་སུ་གཟུང་བར་འདོད་ན་ཡང་རྒྱུད་ཕྱི་མ་ལས་ཆོ་ག་ཤེས་པར་བྱའོ། །དངོས་གྲུབ་ཀྱི་དཀྱིལ་འཁོར་ཡིན་ན་དཀྱིལ་འཁོར་དེའི་སྤྱན་སྔར་ཇི་ལྟར་འདོད་པའི་དངོས་གྲུབ་བསྒྲུབ་པར་བྱའོ། །དེ་ལྟར་རྡུལ་ཚོན་གྱི་དཀྱིལ་འཁོར་ལས་གཞན་ལུགས་མ་དང་བྲིས་སྐུ་ལ་སོགས་པ་ལའང་བརྟེན་ཏེ། བསྒྲུབ་པར་བསྟན་པའི་ཕྱིར། དེ་ལྟར་བཀོད་པ་དང་ཞེས་བྱ་བ་ལ་སོགས་པ་སྟེ་མཚན་མ་དང་མེ་ཏོག་ཚོམ་བུ་ལ་སོགས་པ་ལའང་བརྟེན་ཏེ་བསྒྲུབ་པར་བསྟན་ཏོ། །རྡོ་རྗེ་སེམས་དཔའ་རིགས་བསྡུས་པའི་དཀྱིལ་འཁོར་གྱི་བཤད་པའོ། །གོང་མ་ལྟ་བུ་ཞེས་བྱ་བ་ལ་སོགས་པས་དྲག་པོའི་གདན་ཅན་གྱི་དཀྱིལ་འཁོར་བསྟན་ཏོ། །འདི་བརྗོད་པར་བྱ་བ་ལ་སོགས་པ་གསུམ་ནི་སྔ་མ་བཞིན་ནོ། །རྒྱུད་སྡེ་གཞན་གང་གི་བཤད་པའི་རྒྱུད་ཡིན་ན་མཉམ་སྦྱོར་གྱི་རྟོག་པ་ལྔ་པར་མི་བསྐྱོད་པ་དབུགས་དབྱུང་གི་དཀྱིལ་འཁོར་གྱི་སྐབས་སུ་དྲག་བཅས་དབང་བཅས་ཞེས་བྱ་བ་ལ་སོགས་པ་གསུངས་ཀྱང༌། དེའི་དཀྱིལ་འཁོར་དང་ལྷའི་ས་བོན་ལ་སོགས་པ་མ་གསུངས་པ་ཁ་བསྐང༌། དུར་ཁྲོད་བརྒྱད་ཀྱང་དེར་མ་ཚང་བ་ཁ་བསྐང༌། ཡང་བརྟག་པ་གཉིས་པའི་དང་པོའི་ལེའུ་གསུམ་པར་ཕྱག་གཉིས་པའི་སྒྲུབ་ཐབས་གསུངས་པ་ཡིན་ཡང༌། དེ་ཉིད་འདིར་དྲག་པོའི་གདན་ཅན་དུ་གསུངས་པ་དང༌། དུར་ཁྲོད་བརྒྱད་གསལ་བར་གསུངས་སོ། །འདིའི་མངོན་པར་རྟོགས་པ་ཚོགས་ཀྱི་ཞིང་སྤྱན་དྲང་བ་ནས་བརྩམས་ཏེ་སྲུང་བའི་འཁོར་ལོའི་བར། སྔར་གཉིས་པའི་གསུམ་པར་ཇི་ལྟར་གསུངས་པ་བཞིན་ཁ་བསྐང་ངོ༌། །སྲུང་འཁོར་གྱི་ནང་དུ་ནམ་མཁའ་ཆོས་ཀྱི་འབྱུང་གནས་སུ་བསྒོམ་པར་བྱའོ། །དེའི་ནང་དུ་བྷྲཱུྃ་ཙམ་ཡོངས་སུ་གྱུར་པ་ལས་རྟེན་གྱི་དཀྱིལ་འཁོར་གཞལ་ཡས་ཁང་བསྒོམ་པ་ནི་གོང་མ་ལྟ་བུའི་ཕྱེད་ཀྱིས་བྱ་སྟེ། གོང་མ་བསྡུས་པའི་དཀྱིལ་འཁོར་ནི་འཕར་མ་བཞི་པ་ཡིན་པ་ལས་འདིར་འཕར་མ་གཉིས་པ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་འཕར་མ་གཉིས་པ་ཡིན་ན། ཕྱི་མ་ནི་གོང་མ་ལྟར་གྲུ་བཞི་སྒོ་བཞི་ཡིན་ན་དེའི་ནང་མ་ཇི་ལྟ་བུ་སྙམ་པ་ལ། དེའི་ནང་མ་ཟླ་བ་ཕྱེད་པའི་དབྱིབས་ཞེས་གསུངས་ཏེ་རྡོ་རྗེ་ཅན་གྱི་ཟླ་ཕྱེད་འདྲ་ཞེས་གསུངས་པའི་ཕྱིར་རོ། །ཟླ་བ་ཕྱེད་པ་དེ་ཉིད་ལ་ཐིག་བཞི་བཏབ་པས་ལེ་ཚེ་དགུར་བསྟན་པའི་ཕྱིར་ཀ་བ་བརྒྱད་ཀྱིས་ཉེ་བར་བརྒྱན་ཞེས་གསུངས་སོ། །ཕྱི་རོལ་ཏུ་རི་མོ་བཞིས་བསྐོར་བ། ཞེས་བྱ་བ་ནི་དུར་ཁྲོད་བརྒྱད་ཀྱི་གནས་ཀྱི་རི་མོ་དང༌། རྡོ་རྗེའི་རྭ་བའི་ཕྱི་དང་ནང་གི་རི་མོ་དང༌། མེ་རིའི་རི་མོའོ། །འདི་ལ་ཁ་ཅིག་ན་རེ། རི་མོ་ནི་ཡི་གེ་སྟེ་ཧཱ་ར་ཧཱ་རཱརྡྷཱའོ། །དེས་ན་དཀྱིལ་འཁོར་ལ་དྲྭ་བ་དང་དྲྭ་བ་ཕྱེད་པས་མཚན་པའོ་ཞེས་གསུང་ངོ༌། །དཀྱིལ་འཁོར་དེའི་དབུས་སུ་ནི། །འོག་ནས་འབྱུང་བ་དྲག་བཅས་ཞེས་བྱ་བ་ལ་སོགས་པའི་གདན་གྱི་སྟེང་དུ་ཐོད་པའི་གདན་ནོ། །ལྷ་མོ་རྣམས་ཀྱི་གནས་སུ་ནི་ཇི་སྐད་གསུངས་པའི་གདན་ཏེ། ཟླ་བ་ཕྱེད་པ་ལྟ་བུའི་རླུང་སྟེ་ཐོད་པ་ཉིད་བསམ་པའོ། །དེ་ལྟར་ན་རྟེན་བསྐྱེད་པའོ། །བརྟེན་པ་ལྷ་བསྐྱེད་པ་ནི་སྙིང་པོ་ཚིག་ཙམ་ལས་བསྐྱེད་དེ། དེ་ལ་དབུས་སུ་ཡི་གེ་ཧི་ཞེས་པ་སྟེ་དེ་ཙམ་ལས་བཅོམ་ལྡན་འདས་དྲག་པོའི་གདན་ཅན་འོག་ནས་འབྱུང་བ་ལྟར་ཕྱག་གཉིས་པར་བསྐྱེད་ཅེས་བྱའོ། །ལྷ་མོ་རྣམས་ཀྱང་དེ་བཞིན་དུ་ས་བོན་ཙམ་ལས་བསྐྱེད་ཅེས་བྱ་སྟེ། ཤར་གྱི་རེ་མིག་ལ་ཧྲཱིཿལས་གཽ་རཱིའོ། །ཧོ་ལས་ཙཽ་རཱིའོ། །གི་ལས་བེ་ཏཱ་ལཱིའོ། །ཛི་ལས་གྷསྨ་རཱིའོ། །ཧྃ་ལས་ཤ་བ་རཱིའོ། །ཛ་ལས་ཙཎྜཱ་ལཱིའོ། །མཾ་ལས་པྲ་མོ་ཧཱའོ། །ཧྃ་ལས་པུཀྐ་སཱིའོ། །ཨོཾ་ནི་གླིང་བུ་མའོ། །ཨུཾ་ནི་པི་ཝཾ་མའོ། །ཨེ་ནི་མུ་ཀུནྡའོ། །ཨཻྃ་ནི་རྫ་རྔ་མའོ། །ཛཿནི་རྟ་གདོང་མའིའོ། །ཧཱུྃ་ནི་ཕག་གདོང་མའིའོ། །བྃ་ནི་སེང་གདོང་མའིའོ། །ཧོཿནི་ཁྱི་གདོང་མའིའོ། །འདི་དག་གི་སྐུ་མདོག་དང་ཕྱག་མཚན་ནི་གསུམ་པའི་དང་པོར་ཇི་སྐད་བསྟན་པ་བཞིན་ནོ། །དེའི་ཕྱི་རོལ་དུ་དུར་ཁྲོད་བརྒྱད་ཀྱིས་བརྒྱན་པ་སྟེ། ཤར་དུ་ཧ་རི་བ་ས་ལ། །ལྷ་ཡི་ཚོགས་ནི་ཡང་དག་བྲི། །ཞེས་བྱ་སྟེ་འདིར་ཤིང་དང་ཕྱོགས་སྐྱོང་གསུངས་ཏེ། སྤྱིར་དུར་ཁྲོད་རེ་རེར་ཀླུ་དང༌། སྤྲིན་དང༌། ཆུ་དང༌། མེ་དང༌། མཁའ་འགྲོ་མ་དང༌། མཆོད་རྟེན་དང༌། རོ་དང༌། རྣལ་འབྱོར་པ་སྟེ། བཅུ་བཅུ་གནས་དགོས་པ་ཡིན་ནོ། །ཚིག་གོ་སླའོ། །དྲག་བཅས་ཞེས་བྱ་བ་ལ་སོགས་པས་དྲག་པོའི་གདན་གྱི་ངེས་པའི་ཚིག་སྟེ། ལྷ་ཆེན་བརྒྱད་པོ་མཐའ་དག་གདན་དུ་བྱས་ཤིང་བཏུལ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བུའི་བཅོམ་ལྡན་འདས་དེ་སྐུ་མདོག་ལ་སོགས་པ་ཇི་ལྟ་བུ་ཞེས་བསྟན་པའི་ཕྱིར་ཐབས་དང་ཤེས་རབ་ཅེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །སངས་རྒྱས་སྤྲིན་དང་མཉམ་པ་འདིས། །སྤྲོ་བ་ཡང་ནི་སྦྱིན་པར་བྱ། །ཞེས་བྱ་བ་ནི་བ་སྤུའི་བུ་ག་ནས་སངས་རྒྱས་ཀྱི་འོད་ཟེར་གྱིས་སྤྲུལ་པའི་སྤྲིན་འགྱེད་པ་སྟེ། བཅོམ་ལྡན་འདས་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཞེས་བྱ་བ་ནི་ཡན་ལག་ཡོངས་སུ་རྫོགས་པའི་ཞལ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་དམ་ཚིག་པ་བསྐྱེད་ནས། ཡེ་ཤེས་པ་གཞུག་པ་དང༌། བྱིན་གྱིས་བརླབ་པ་དང༌། དབང་བསྐུར་བ་དང༌། མཆོད་པ་དང༌། བསྟོད་པ་དང༌། བདུད་རྩི་མྱང་བ་ལ་སོགས་པ་སྔ་མ་བཞིན་ཁ་བསྐངས་ཏེ། ཐུན་མཚམས་ཀྱི་བྱ་བ་རྣམས་ཀྱང་སྔ་མ་བཞིན་བྱས་ཏེ་བསྒོམས་ན་དངོས་གྲུབ་ཐོབ་ཅེས་བྱ་བའི་དོན་ཏོ། །བརྟག་པ་གསུམ་པའི་བཤད་པ་རྫོགས་སོ།།  །།དེ་ལྟར་བརྟག་པ་གསུམ་པས་བསྐྱེད་པའི་རིམ་པ་བསྟན་ནས་དེ་དང་རྗེས་སུ་འབྲེལ་བའི་བསྐྱེད་པའི་རིམ་པའི་ཡན་ལག་བཟའ་བའི་དམ་ཚིག་ཞར་ལ་སྤྱོད་པའི་གྲོགས་ངོ་ཤེས་པར་བྱ་བའི་ཐབས་ལ་སོགས་པ་དང་བཅས་ཏེ་བསྟན་པ་ལ་གཉིས་ཏེ། གྲོགས་ངོ་ཤེས་པར་བྱ་བ་དང༌། གྲོགས་དེ་དང་འདུ་བའི་གནས་དང་དུས་ལ་སོགས་པ་བསྟན་པའོ། །དེ་ལ་དང་པོ་གྲོགས་ངོ་ཤེས་པར་བྱ་བ་བརྟག་པ་བཞི་པ་འདིའི་བརྗོད་པར་བྱ་བའི་དོན་ནི་གང༌། རྗོད་བྱེད་ཀྱི་སྒྲ་ནི་གང༌། མངོན་པར་རྟོགས་པ་ནི་གང༌། རྒྱུད་སྡེ་གང་གི་བཤད་པའི་རྒྱུད་ཡིན་སྙམ་ན། བརྗོད་པར་བྱ་བ་ནི་དྲོད་ཐོབ་པའི་རྣལ་འབྱོར་པའི་བརྟུལ་ཞུགས་ཀྱི་སྤྱོད་པ་དང་འབྲེལ་བའི་དབང་དུ་བྱས་ན་སྦས་པའི་དོན་ཡིན་ལ། བསྐྱེད་པའི་རིམ་པའི་ལམ་གྱི་ཡན་ལག་གི་སྤྱོད་པའི་དབང་དུ་བྱས་ནས་སྤྱིའི་དོན་ཡིན་ནོ། །རྗོད་བྱེད་ཀྱི་སྒྲ་ནི་རབ་ཏུ་བྱེད་པ་དང་པོ་བསྡུས་པའི་དོན་གྱི་མན་ངག་གི་བཤད་པ་གཙོ་ཆེ་ལ། རབ་ཏུ་བྱེད་པ་ཕྱི་མ་གསུམ་ལ་ནི་ཡན་ལག་གི་དོན་གཙོ་ཆེ་བའི་གསུམ་ཀ་འཇུག་གོ །མངོན་པར་རྟོགས་པ་ནི་དྲོད་ཐོབ་པའི་རྣལ་འབྱོར་པའི་བརྟུལ་ཞུགས་ཀྱི་སྤྱོད་པ་དང་རྗེས་སུ་འབྲེལ་བའི་དབང་དུ་བྱས་ནས་མཆོག་སྒྲུབ་པའི་མངོན་པར་རྟོགས་པ་ལྔ་ལས་སྤྱོད་པའི་ཡན་ལག་གྲོགས་ངོ་ཤེས་པར་བྱེད་པའི་བརྡ་དང་གྲོགས་ཀྱི་མཚན་ཉིད་དང་རྗེས་སུ་འབྲེལ་པ་གཙོ་ཆེ་གསུང༌། གཙོ་ཆེ་བ་མ་ཡིན་པའི་དབང་དུ་བྱས་ན་སྔར་གྱི་བསྐྱེད་པའི་རིམ་པ་དང་རྗེས་སུ་འབྲེལ་པ་ཅན་དུ་བྱས་ནས་དངོས་གྲུབ་མཐའ་དག་གི་མངོན་པར་རྟོགས་པ་དྲུག་ལས་དམ་ཚིག་དང་སྡོམ་པ་དང་འབྲེལ་ཏེ། དུས་ཁྱད་པར་ཅན་ལ་ཚོགས་ཀྱི་འཁོར་ལོ་བྱེད་པ་ན་དམ་ཚིག་དང་ལྡན་པ་དང་མི་ལྡན་པ་བརྡས་རྣམ་པར་དབྱེ་བ་དང༌། དེར་འདུས་བའི་དུས་སུ་མཁའ་འགྲོ་མ་ངོ་ཤེས་པར་བྱེད་པས། དེའི་མཚན་ཉིད་བསྟན་པ་ཡིན་ནོ། །རྒྱུད་སྡེ་གཞན་གང་གི་བཤད་པའི་རྒྱུད་ཡིན་ཞེ་ན། འདི་ནི་རབ་ཏུ་བྱེད་པ་སོ་སོར་བཤད་པར་བྱ་སྟེ། དེ་ལ་རབ་ཏུ་བྱེད་པ་དང་པོས་ནི། མཁའ་འགྲོ་མ་རྣམས་ཀྱི་དམ་ཚིག་གི་ཕྱག་རྒྱའི་གླུ་ནི་ཧེ་བཛྲའི་རྒྱུད་ཕྱི་མའི་ལེའུ་བཞི་པ་དང་ཆ་མཐུན་པ་ངེས་པ་བསྐྱེད་པས་བཤད་པའི་རྒྱུད་དོ། །མཁའ་འགྲོ་མ་ལྔའི་དམ་ཚིག་གི་ཕྱག་རྒྱ་ནི་གདན་བཞི་པའི་གཞན་གྱི་གདན་གྱི་རབ་ཏུ་བྱེད་པ་བཞི་པར་མདོར་བསྡུས་པས་བཤད་པའི་རྒྱུད་ཡིན་ནོ། །རྡོ་རྗེ་མཁའ་འགྲོའི་ལེའུ་བཞི་བཅུ་བཞི་པར་ཆ་མཐུན་པས་བཤད་པའི་རྒྱུད་དོ། །ཌཱ་ལ་སོགས་པའི་ཡི་གེ་རེ་རེའི་བརྡ་རྣམས་ནི་དཔལ་བདེ་མཆོག་ཉུང་ངུའི་ལེའུ་བཅོ་ལྔ་པ་དང༌། མངོན་བརྗོད་བླ་མའི་སུམ་ཅུ་རྩ་བརྒྱད་པ་དང༌། རྡོ་རྗེ་མཁའ་འགྲོའི་ལེའུ་བརྒྱད་པར་མདོར་བསྡུས་པས་བཤད་པའི་རྒྱུད་ཡིན་ལ། པུ་ལ་སོགས་པའི་ཡི་གེ་ཉི་ཤུ་རྩ་བཞི་ནི་ཨ་བྷི་དྷ་ན་ལེའུ་གསུམ་པར་ཆ་མཐུན་ལ་དེ་གཉིས་ཀྱིས་རྩ་རྒྱུད་དང་མཁའ་འགྲོ་གཉིས་ཀ་དེ་དག་ཏུ་མ་ཚང་བ་ཁ་བསྐང་བས་བཤད་པའི་རྒྱུད་ཡིན། ཡི་གེ་འདུས་པའི་བརྡ་ནི་བདེ་མཆོག་ཉུང་ངུའི་ལེའུ་ཉི་ཤུ་རྩ་བཞི་པ་དང༌། ཨ་བྷི་དྷ་ནའི་ལེའུ་བཞི་བཅུ་རྩ་ལྔ་པ་དང་ཆ་མཐུན་པས་བཤད་པའི་རྒྱུད་དེ། མདོར་ན་རྒྱུད་དེ་དག་ཐམས་ཅད་དུ་བརྡ་འདི་རྣམས་དགོངས་པ་གང་མ་གསུངས་པ་དེར་མ་ཚང་བ་ཁ་བསྐང་ཞིང་མི་གསལ་བ་གསལ་བར་བྱེད་པས་བཤད་པའི་རྒྱུད་ཡིན་ནོ། །སྤྱིའི་དོན་ཏོ། །ཚིག་གི་དོན་ལ་མཁའ་འགྲོ་མའི་དམ་ཚིག་གི་ཕྱག་རྒྱ་རྡོ་རྗེའི་གླུ་བཤད་པ་ལས། སྤྱིར་ཚིག་གི་དོན་མཐའ་ཡས་ཀྱང་སྤྱིའི་དོན་དུ་བཤད་ན། ཀོལླ་ཞེས་བྱ་བ་ནི་གནས་ཏེ་དེའི་བརྡས་ཐབས་སོ། །ཨི་རེ་ཊ་ཅེས་བྱ་བ་ནི་ཀྱེ་ཞེས་བོད་པའོ། །ཋི་ཞེས་ཐ་སྠི་ཏ་ནི་གནས་པའོ། །ཐབས་ལ་གནས་པ་ནི་ཨ་བོ་ལཱ་སྟེ་གསང་བའི་རྡོ་རྗེའོ། །མུམྨུ་ནི་ཞིང་སྟེ་དེའི་བརྡས་རྣལ་འབྱོར་མའོ། །ཎི་རེ་ཀྱི་ཞེས་བོད་པའོ། །ཀཀྐོ་ལཱ་ནི་ཆོས་ཀྱི་འབྱུང་གནས་སོ། །གྷ་ཎེ་ནི་ཚོགས་ཀྱི་དུས་སུ་ཀྲྀ་པི་ཊ་ནི་ཅང་ཏེའུའོ། །ཧོ་བཱཛྫ་ཨི་ནི་དེ་བརྡུང་བར་བྱའོ། །གཞན་ཡང་དུས་དེར་ཀཱ་རུ་ཎ་སྟེ་སྙིང་རྗེའོ། །ཨི་ཀི་ནི་དེས་གནས་པར་བྱ་བའོ། །ཨ་ཨི་ན་ནི་མི་བྱ་བའོ། །གང་མི་བྱ་ན་རོ་ལཱ་སྟེ་རྩོད་པ་དང་ཁ་ཤགས་ལ་སོགས་པ་ཀུ་རེ་ཙམ་གྱི་ཕྱིར་ཡང་མི་བྱའོ། །ཏ་ཧིཾ་ནི་དུས་དེར་རོ། །བ་ལ་ནི་ཤའོ། །ཁཱཛྫ་ཨི་ནི་བཟའ་བར་བྱའོ། །གཱ་ཌྷེཾ་ནི་འབད་པས་སོ། །མ་ཨ་ཎཱ་ནི་ཆང་ངོ༌། །པིཛྫ་ཨ་ཨི་ནི་བཏུང་བར་བྱའོ། །ཧཱ་ལེ་ནི་ཀྱི་གྲོགས་པོ་དག་གོ །ཀཱ་ལིཉྫ་ར་ནི་སྐལ་བ་དང་ལྡན་པ་རྣམས་སོ། །པ་ཎི་ཨ་ཨི་ནི་འོང་དུ་གཞུག་པའོ། །དུནྡུ་ར་ནི་སྐལ་བ་མེད་པའོ། །བཱཛྫི་ཨ་ཨི་ནི་འོང་དུ་མི་གཞུག་པའོ། །གཞན་ཡང་དུས་དེའི་ཚེ་ཙ་ཨུ་ས་མ་ནི་གཞི་མཉམ་སྟེ་དྲི་ཆེན་གྱི་བརྡའོ། །ཀསྠཱུ་རཱི་ནི་གླ་རྩི་སྟེ་དྲི་ཆུའོ། །སིཧླཱ་ནི་དུ་རུ་ཀ་སྟེ་རཀྟའོ། །ཀཱ་པཱུ་ར་ནི་ག་པུར་ཏེ་བྱང་ཆུབ་ཀྱི་སེམས་སོ། །ལཱ་ཨི་ཨ་ཨི་ནི་དེ་རྣམས་ལུས་ལ་བྱུག་པར་བྱའོ། །དེས་གཙང་མི་གཙང་གི་རྟོག་པ་གཞོམ་པ་དང་བར་ཆད་ལས་བསྲུང་བའི་དགོས་པའོ། །གཞན་ཡང་མཱ་ལ་ཏིནྡྷ་ཎཾ་ནི་ཚོད་མའོ། །སཱ་ལིཉྫ་སྟེ་ཤ་ཆེན་ལས་བྱས་པའོ། །ཏ་ཧིཾ་ནི་དུས་དེར་རོ། །བྷ་རུ་ཁཱ་ཨི་ཨ་ཨི་ནི་མང་པོ་བཏུང་བར་བྱའོ། །གཞན་ཡང་ཚོགས་ཀྱི་དུས་དེར་ཕྲེཾ་ཁ་ཎ་ནི་ནང་དུ་འོང་བའོ། །ཁེ་ཊ་ནི་འགྲོ་བ་སྟེ་ཕྱིར་འབྱུང་ཡར་འོང༌། ཀ་རནྟེ་བྱེད་པའི་དུས་སུ། འཇིག་རྟེན་གྱི་ཆུས་འཁྲུད་པ་ལ་སོགས་པ་མི་དགོས་པ་ནི་ཤུདྡྷ་སྟེ་བཀྲུས་པས་དག་པའོ། །ཨ་ཤུདྡྷོ་སྟེ་མ་བཀྲུས་པས་མ་དག་པའོ། །ན་མུ་ནི་ཨ་ཨི་ནི་དེ་ལྟ་བུ་མི་བལྟ་བའོ། །གཞན་ཡང་ནི་རཾ་སུ་ནི་མི་རུས་སོ། །ཨཾ་གེ་ནི་རྒྱན་ནོ། །ཙ་ཌཱ་ཝི་ནི་གདགས་པར་བྱ་བའོ། །ཏ་ཧིཾ་ནི་དུས་དེར་རོ། །ཛ་ས་རཱ་ཝ་ནི་རོའོ། །པ་ཎི་ཨ་ཨི་ནི་དེ་བླངས་ལ་དབུལ་བར་བྱའོ། །མ་ལ་ཨ་ཛེ་ནི་ཚོགས་དེར་འདུ་བའོ། །ཀུནྡུ་རུ་ནི་སྙོམས་འཇུག་བྱེད་པའོ། །ཝཱ་ཊ་ཨི་ནི་དེ་བྱེད་པའི་དུས་སུ། ཌིཎྜི་མ་ནི་གཡུང་མོའོ། །ཏ་ཧིནྣ་བཱཛྫི་ཨ་ཨི་ནི་དེར་རྟོག་པ་མེད་པར་རོལ་ཞེས་བྱ་བའི་དོན་ཏོ། །མཁའ་འགྲོ་མ་ལྔའི་དམ་ཚིག་གི་ངག་གི་བརྡ་ནི་བརྟག་པ་བདུན་པ་ལས་ལུས་ཀྱི་བརྡ་གསུངས་པ་དང་འབྲེལ་པར་བྱའོ། །ཌཱ་ལ་སོགས་པ་ཡི་གེ་རེ་རེའི་བརྡ་ནི་བརྟག་པ་བདུན་པ་ལས་འཆད་པར་འགྱུར་རོ །པུ་ལ་སོགས་པ་ཉི་ཤུ་རྩ་བཞི་ནི་ཡུལ་ཉི་ཤུ་རྩ་བཞིའི་བརྡའོ། །ཡི་གེ་འདུས་པའི་བརྡ་རྣམས་ཀྱང་བརྟག་པ་བདུན་པ་ལས་འཆད་པར་འགྱུར་རོ། །བརྡ་འདི་རྣམས་ཀྱང་དེ་དང་དེར་ཤེས་པ་ཉིད་ཀྱིས་ཀྱང་རུང༌། ཡང་ན་སྔ་མ་སྨྲས་ན་དེའི་འོག་མ་ལ་ནི་ལན་ཏེ། དེ་ལྟར་ཤེས་པ་རྣམས་ནི་དམ་ཚིག་དང་ལྡན་པར་རྣམ་པར་དབྱེ་བར་བྱའོ། །བཞི་པའི་དང་པོའོ།།  །།བཞི་པའི་གཉིས་པ་ནི་བརྗོད་པར་བྱ་བ་ལ་སོགས་པ་གསུམ་ནི་སྔ་མ་བཞིན་ནོ། །རྒྱུད་སྡེ་གཞན་གྱི་གང་ཡིན་ན། །དཔལ་བདེ་མཆོག་ཉུང་ངུའི་ལེའུ་བཅུ་བདུན་པར་མཁའ་འགྲོ་མའི་མཚན་ཉིད་རྣམས་ནི་ཆ་མཐུན་པས་ངེས་པ་བསྐྱེད་པ་ཡིན་ལ། མིང་གི་རྣམ་གྲངས་ལ། རྒྱུད་དེར་འཇིག་རྟེན་ལས་འདས་པའི་མིང༌། ཡ་མི་ནི་དང་སྐྲག་བྱེད་མ། །འདོད་ལྡན་མ་དང་འཇིགས་གཟུགས་མ། །ཀུན་ཏུ་སྤྱོད་མ་མཛེས་མ་དང༌། །བྷ་སུ་ར་དང་བདུན་དུ་བཤད། །ཅེས་པ་དང༌། གཟུགས་ཅན་མ་ལ་སོགས་པ་འཇིག་རྟེན་པའི་མིང་དང་གཉིས་གསུངས་པ་ལས། འདིར་འཇིག་རྟེན་པའི་མིང་ཙམ་གསུངས་པས་མདོར་བསྡུས་པས་བཤད་པའི་རྒྱུད་ཡིན་ནོ། །དེ་ལ་རྡོ་རྗེ་སྙིང་པོས་ཞེས་བྱ་བ་རྐང་པ་གཉིས་ནི་མཉན་པར་གདམས་པའོ། །གཟུགས་ཅན་མ་ལ་སོགས་པ་ནི་མཁའ་འགྲོ་བདུན་ཏེ་སྤྱིར་མཁའ་འགྲོ་སུམ་ཅུ་རྩ་བདུན་གསུངས་པ་མཐའ་དག་མཁའ་འགྲོ་མ་བདུན་པོ་འདིས་བསྡུས་པ་ཡིན་ཏེ། དེ་ལྟར་བདེ་མཆོག་ཉུང་ངུའི་ལེའུ་བཞི་བཅུ་གཅིག་པ་དང༌། རྡོ་རྗེ་མཁའ་འགྲོའི་ལེའུ་བཅོ་བརྒྱད་པ་དང༌། ཨ་བྷི་དྷ་ན་ལེའུ་སོ་དགུ་པ་ལས་ཤེས་པར་ནུས་སོ། །མངོན་པར་ཞེན་པས་ཞེས་བྱ་བ་ལ་སོགས་པ་ནི་སོ་སོའི་མཚན་ཉིད་དེ་གོ་སླའོ། །ཐོད་པ་དགྲ་སྟྭ་ཞེས་བྱ་བ་ལ་སོགས་པ་ནི་མཁའ་འགྲོ་མ་དེ་རྣམས་སོ་སོའི་དཔྲལ་བའམ་སྲིན་ལག་ལ་རི་མོ་ཡོད་པའམ་ཡང་ན་དེ་རྣམས་ཁྱིམ་དུ་འདི་བྲིས་ནས་མཆོད་པས་དེ་དག་གི་མཚན་མའོ། །དེས་ན་ལས་དང་པོ་པའི་རྣལ་འབྱོར་པས་མཁའ་འགྲོ་མ་འདི་དག་མ་རྙེད་ན་འདི་རྣམས་བྲིས་ཏེ་མཆོད་པས་ཀྱང་མཆོད་པར་འགྱུར་རོ་ཞེས་བླ་མའི་མན་ངག་གོ །བཞི་པའི་གཉིས་པའོ།།  །།བཞི་པའི་གསུམ་པའི་བརྗོད་པར་བྱ་བ་ལ་སོགས་པ་གསུམ་ནི་སྔར་བསྟན་ཏོ། །རྒྱུད་སྡེ་གཞན་གང་གི་བཤད་པའི་རྒྱུད་ཡིན་ན། དཔལ་བདེ་མཆོག་ཉུང་ངུའི་ལེའུ་བཅོ་བརྒྱད་པར་མཁའ་འགྲོ་མ་རིགས་དྲུག་དང་སྦྱར་ཏེ་གསུངས། ལེའུ་བཅུ་དགུ་པ་ལས་ལཱ་མཱ་རིགས་དྲུག་དང་སྦྱར་ཏེ་དེ་ལ་བརྡ་དང་བརྡའི་ལན་བསྟན་པ་དང་བཅས་ཏེ་གསུངས་པ་ལས་མཁའ་འགྲོ་མ་དེ་དག་གིས་མཚན་ཉིད་ཙམ་ནི་ཆ་མཐུན་པས་ངེས་པ་བསྐྱེད་པ་ཡིན་ལ། འདིར་ཐམས་ཅད་ལཱ་མཱའི་མཚན་ཉིད་དུ་བཤད་པ་ནི། ཚུལ་མི་འདྲ་བའམ་མི་གསལ་བ་གསལ་བར་བྱེད་པས་བཤད་པའི་རྒྱུད་དོ། །ཡང་འདི་དག་མངོན་བརྗོད་བླ་མའི་ལེའུ་སུམ་ཅུ་རྩ་དགུ་པར་ཙུཾ་བི་ཀས་བསྡུས་པ་དང༌། བཞི་བཅུ་པ་དང་ཞེ་གཅིག་པར་ལཱ་མཱས་བསྡུས་པ་ཞེས་བྱ་བར་བཤད་པ་དེ་ཡང་འདིར་མཚན་ཉིད་ཆ་མཐུན་པས་བཤད་པའི་རྒྱུད་དོ། །གཞན་ཡང་རབ་ཏུ་བྱེད་པ་གསུམ་པོ་འདིས་མཁའ་འགྲོ་མའི་རྒྱུད་ཐམས་ཅད་དུ་གང་དང་གང་དུ་མཁའ་འགྲོ་མའི་མཚན་ཉིད་མ་གསུངས་པར་ཁ་བསྐང་ཞིང་གསུངས་པ་རྣམས་གསལ་བར་བྱེད་པས་བཤད་པའི་རྒྱུད་ཡིན་ནོ། །གཞུང་དུ་དེ་ནས་ལཱ་མཱའི་མཚན་ཉིད་ནི་ཞེས་བྱ་བ་ནས་དེ་ནི་མཁའ་འགྲོ་མའི་ཐེ་ཚོམ་མེད་ཅེས་བྱ་བའི་བར་ཚིགས་བཅད་བཅོ་བརྒྱད་ཀྱིས་ལཱ་མཱའི་མཚན་ཉིད་བརྒྱད་གསུངས་པ་དེ་དག་རིགས་དྲུག་ཏུ་བསྡུ་བ་བསྟན་པའོ། །གང་གི་སྐྲ་ནི་ལི་བ་དང༌། །ཞེས་བྱ་བ་ལ་སོགས་པས་མཁའ་འགྲོ་མའི་མཚན་ཉིད་རྣམ་པ་ལྔ་མཐོང་ན་ཕྱག་རྒྱ་དང་ཕྱག་རྒྱའི་ལན་བྱ་བ་དང་བཅས་ཏེ་བསྟན་ཏོ། །སྤྱིར་མཁའ་འགྲོ་མའི་མཚན་ཉིད་འདི་དག་རྣལ་འབྱོར་པས་ཤེས་པར་བྱས་ལ་ལས་དང་པོ་པས་ཚོགས་ཀྱི་འདུ་བར་འདུ་བའམ། སྤྱོད་པ་བྱེད་པས་ཡུལ་རྣམས་སུ་རྒྱུ་བ་ན་འདི་དག་ངོ་ཤེས་པར་བྱས་ལ་བསྟེན་དུ་རུང་བ་རྣམས་བསྟེན། མི་རུང་བ་རྣམས་མཆོད་པར་བྱའོ། །ཞེས་བྱ་བའི་དོན་ཡིན་ཞེས་གསུངས། ཕྱག་རྒྱ་ཆེན་པོ་ཐིག་ལེ་དང༌། རྡོ་རྗེ་ཕྲེང་བ་ལས་ནི། ཚོགས་ཀྱི་དུས་སུ་ལྷག་མའི་གཏོར་མ་གཏོང་བ་ན། དེའི་ཚེ་མཁའ་འགྲོ་མ་རྣམས་བྱུང་བ་ན་དེའི་མཚན་ཉིད་ངོ་ཤེས་པར་བྱས་ལ་ཕྱག་རྒྱ་དང་ཕྱག་རྒྱའི་ལན་བྱའོ་ཞེས་འབྱུང་སྟེ། འདིར་བླ་མ་ནི་སྤྱིར་ཡུལ་རྣམས་ཀྱི་བུད་མེད་མཁའ་འགྲོ་མ་དང་འབྲེལ་བའི་རིགས་ཀྱི་མཚན་ཉིད་ཙམ་དུ་བཞེད་པས་དེ་བཞིན་དུ་བྱའོ། །བཞི་པའི་གསུམ་པའོ།།  །།དེ་ནས་ཡན་ལག་ཕྱག་རྒྱ་ཡི། །ཞེས་བྱ་བ་ལ་སོགས་པ་བཞི་པ་དངོས་ཀྱི་བརྗོད་པར་བྱ་བ་ལ་སོགས་པ་གསུམ་ནི་སྔ་མ་བཞིན་ནོ། །རྒྱུད་སྡེ་གཞན་གང་གི་བཤད་པའི་རྒྱུད་ཡིན་ན། །བདེ་མཆོག་ཉུང་ངུའི་ལེའུ་ཉི་ཤུ་པར་ཡན་ལག་གི་བརྡ་གཙོར་བྱས་ཏེ་བསྟན། ཉི་ཤུ་གཉིས་པ་ནས་བརྡ་དེ་གཞན་ལ་སྟོན་པ་གཙོར་བྱས་ཏེ་བསྟན། དེ་ཉིད་ནས་ཡན་ལག་དུ་མར་གཙོར་བྱས་ཏེ་བསྟན་པ་རྣམས་འདིར་བསྡུས་ཏེ་གསལ་བར་བྱེད་ལ། ཡང་རྡོ་རྗེ་མཁའ་འགྲོའི་ལེའུ་བདུན་པ་དང༌། ཨ་བྷི་དྷ་ནའི་ལེའུ་ཞེ་གཉིས་པ་ཞེ་གསུམ་པ་ཞེ་བཞི་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་ཏེ་གསལ་བར་བྱེད་པས་བཤད་པའི་རྒྱུད་ཧེ་བཛྲའི་བདུན་པར་ཚུལ་མི་འདྲ་བས་བཤད་པའི་རྒྱུད་དོ། །དེ་ལ་དེ་ནས་ཞེས་མཁའ་འགྲོ་མའི་མཚན་ཉིད་ཀྱི་རྗེས་ལ་བསྟན་པ་ནི། དེ་ལྟར་མཁའ་འགྲོ་མ་མཚན་ཉིད་དང་ལྡན་པར་ངོ་ཤེས་པ་དང༌། དེ་ལ་བརྡ་བྱས་པས་མཁའ་འགྲོ་མ་རྣམས་མཉེས་ནས་རང་གི་གཟུགས་སྟོན་ལ། དེས་བདག་རྗེས་སུ་འཛིན་པར་འགྱུར་ཞིང༌། དེ་དང་སྙོམས་པར་ཞུགས་པ་ལས་བདེ་ཆེན་གྱི་ཏིང་ངེ་འཛིན་སྐྱེད་པར་བྱེད་ལ། ཁ་ཅིག་མཆོད་པ་བྱས་པས་བར་ཆད་སེལ་བར་ཡང་བྱེད་དོ། །ཚིག་གི་དོན་ཕལ་ཆེར་ནི་གོ་སླའོ། །བརྟག་པ་བཞི་པའི་བཤད་པའོ།།  །།དེ་ལྟར་བརྟག་པ་བཞི་པས་གྲོགས་རྣལ་འབྱོར་མ་ངོ་ཤེས་པར་བྱས་ནས་དེ་དང་འདུ་བའི་གནས་ལ་སོགས་པ་བསྟན་པའི་ཕྱིར་དེ་ནས་སྐྱེ་བོ་དམ་པ་ཞེས་བྱ་བ་ལ་སོགས་པ་ལྔ་པའི་རབ་ཏུ་བྱེད་པ་དང་པོ་གསུངས་སོ། །རབ་ཏུ་བྱེད་པ་འདིའི་བརྗོད་པར་བྱ་བའི་དོན་ནི་ལས་དང་པོ་པས་བསྐྱེད་པའི་རིམ་པ་ལ་གནས་པས་ཚོགས་ཀྱི་འཁོར་ལོ་དང་འབྲེལ་བའི་དབང་དུ་བྱས་ནས་བསྐྱེད་པའི་རིམ་པ་སྤྱིའི་དོན་ཡིན་ནོ། །ཡང་བརྟུལ་ཞུགས་ཀྱི་སྤྱོད་པ་དང་འབྲེལ་བའི་དབང་དུ་བྱས་ན་སྦས་པའི་དོན་ཡིན་ཞིང་གནས་ལ་སོགས་པ་ས་བཅུ་རྟོགས་པའི་དབང་དུ་བྱས་ནས་གནས་སྐབས་ཀྱི་མཐར་ཐུག་ཏུའང་འགྱུར་རོ། །རྗོད་བྱེད་ཀྱི་སྒྲ་ནི་མན་ངག་གི་དོན་དང་ཡན་ལག་གི་དོན་གཙོ་ཆེ་བས་འཆད་ཀྱི་ཡི་གེའི་དོན་ཅུང་ཟད་ཀྱང་འཇུག་གོ །མངོན་པར་རྟོགས་པ་ནི་ལས་དང་པོ་དང་འབྲེལ་པའི་དབང་དུ་བྱས་ན་དམ་ཚིག་དང་སྡོམ་པར་ཡང་འགྱུར་ཞིང༌། ཡང་སྤྱོད་པའི་ཡན་ལག་ཏུ་འགྱུར་བས་མཆོག་གི་མངོན་པར་རྟོགས་པ་བཞི་པར་ཡང་འགྱུར་བ་ཡིན་ནོ། །རྒྱུད་སྡེ་གཞན་གང་གི་བཤད་པའི་རྒྱུད་དུ་འགྱུར་ན། ཧེ་བཛྲའི་དང་པོའི་ལེའུ་བདུན་པར་འདུ་བའི་གནས་ཕལ་ཆེར་ཆ་མཐུན་པས་ངེས་པ་བསྐྱེད་ལ། མདོར་བསྟན་གྱི་ས་བཅུ་གཉིས་ཡུལ་སུམ་ཅུ་རྩ་གཉིས་ལ་རྒྱས་པར་སྦྱར་བའི་ངེས་པ་དང་གནས་ལ་སོགས་པ་ས་བཅུ་དང་སྦྱར་བ་མི་གསལ་བ་གསལ་བར་བཤད་པའི་རྒྱུད་ཡིན་ཞིང༌། དུར་ཁྲོད་བརྒྱད་མ་ཚང་བ་ཁ་བསྐང་བས་བཤད་པའི་རྒྱུད་ཡིན་ནོ། །དཔལ་རྡོ་རྗེ་མཁའ་འགྲོའི་ལེའུ་བཅོ་བརྒྱད་པར་ཡུལ་ཉི་ཤུ་རྩ་བཞི་རྒྱས་པར་བཤད་པ་དེ་འདིར་དུར་ཁྲོད་བརྒྱད་དུ་བསྡུས་ཏེ་བཤད་པའི་རྒྱུད་དོ། །གནས་ལ་སོགས་པ་ས་དང་སྦྱར་བ་ནི་མངོན་བརྗོད་བླ་མའི་ལེའུ་ལྔ་བཅུ་རྩ་དྲུག་དང་ཆ་མཐུན་པས་བཤད་པའི་རྒྱུད་དོ། །གཞན་འདུ་བའི་དུས་དང་འདུས་པའི་བྱ་བ་ཧེ་བཛྲ་ཆ་མཐུན་ལ་རྒྱུད་གཞན་དུ་མ་ཚང་བ་ཁ་བསྐང་གིས་བཤད་པའི་རྒྱུད་ཅེས་བྱའོ། །གཞུང་གི་དོན་ལ་གཉིས་ལས། དེ་ནས་ཞེས་བྱ་བ་རྐང་པ་གཉིས་ཀྱིས་བཤད་པར་དམ་བཅའ་བའོ། །དེ་ནས་ཞེས་བྱ་བ་ནི་གྲོགས་ངོ་ཤེས་པར་བྱས་པའི་རྗེས་ལའོ། །སྐྱེ་བོ་དམ་པ་ཀུན་ནི་ཕྱི་དང་ནང་གི་བདག་ཉིད་ཅན་གྱི་གྲོགས་སོ། །དེ་དག་འདུ་བ་ནི་གང་དུ་འདུ་བ་དང༌། གང་གི་ཚེ་འདུ་བ་དང༌། འདུས་པའི་བྱ་བའོ། །དེ་ལ་གང་དུ་འདུ་ན་ཕྱི་དང་ནང་གི་བདག་ཉིད་ཅན་གྱི་ཡུལ་སོ་གཉིས་སོ། །གང་གི་ཚེ་འདུ་བའི་དུས་ནི་ཕྱི་དང་ནང་གི་བདག་ཉིད་ཅན་གྱི་དུས་སུ་འདུས་པའི་བྱ་བའང་དེ་བཞིན་དུ་གཉིས་སོ། །དེ་ལྟར་འདུས་པའི་དགོས་པ་ནི། མཐར་ཐུག་དུ་ས་བཅུ་གཉིས་ཀྱི་རྟོགས་པ་སྐྱེ་བ་ནི་ཐུན་མོང་ངོ༌། །དེ་ལྟ་བུ་དེ་བཤད་པར་བྱ། །ཞེས་བྱ་བའི་དོན་ཏོ། །དོན་དངོས་ལ་བཞི་སྟེ། འདུས་ནས་བཟའ་བ་བཟའ་བའི་ཚུལ་དང༌། འདུ་བའི་གནས་དང༌། འདུ་བའི་དུས་དང༌། འདུས་པའི་བྱ་བའོ། །དང་པོ་ནི་དེ་ལ་ཟས་གཅིག་ཅེས་པ་རྐང་པ་གཉིས་ཏེ། ཕྱི་རོལ་གྱི་འདུ་བའི་དབང་དུ་བྱས་ན། རིགས་ཀྱི་རྣམ་པར་རྟོག་པ་སྤོང་བའི་དབང་དུ་བྱས་ནས་ཟས་གཅིག་ཏུ་ཟ་བ་ཡིན་ལ། རྟོག་པ་སྤོང་བ་རྣམས་ལ་རང་ཉིད་ཇི་ལྟར་བདེ་བའི་དབང་དུ་བྱས་ནས་སྣོད་སོ་སོ་བ་ཉིད་དུ་འགལ་བ་མེད་དོ། །ནང་གི་འདུ་བའི་དབང་དུ་བྱས་ན་ཨ་བ་དྷཱུ་ཏཱིར་འདུ་བ་ནི་ཟས་གཅིག་གམ་རྣམ་པར་རྟོག་པ་དང་བྲལ་བ་ནི་ཟས་གཅིག་གོ །རྟོག་པ་དང་བྲལ་བས་གང་ཡང་འགལ་བ་མེད་པ་ནི་སྣོད་སོ་སོའོ། །གཉིས་པ་འདུ་བའི་གནས་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི་ཀྱེ་ཞེས་བྱ་བ་ནས་བརྗོད་མི་བྱ་ཞེས་པའི་བར་ཏེ། དོན་ནི་འདི་ཡིན་ཏེ། ཕྱིའི་ཡུལ་དུ་ཕྱིན་པས་ནང་གི་ཡུལ་སོ་གཉིས་ཀྱི་རྩ་དང་རླུང་དང་ཐིག་ལེ་དབང་དུ་འདུས་པས་མཐར་ཐུག་ཏུ་ས་བཅུ་གཉིས་ཀྱི་རྟོགས་པ་སྐྱེ་བས་གནས་ལ་སོགས་པ་འདི་ས་བཅུ་གཉིས་ཁོ་ནར་བལྟའི་གཞན་དུ་མི་བལྟ་ཞེས་བྱ་བའི་དོན་ཏོ། །རྒྱས་པར་བཤད་པ་ལ་གཉིས་ཏེ། ཞུས་པ་ནི་ཀྱེ་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པའོ། །ལན་ལ་བཞི་སྟེ། ཡུལ་གྱི་དབྱེ་བ་དང༌། དེ་རྣམས་ལ་དུར་ཁྲོད་བརྒྱད་དང༌། གནས་རྣམ་པའི་རང་བཞིན་དུ་རྒྱས་པར་བཤད་པ་དང༌། དེ་དག་ཐམས་ཅད་ཕྱི་ནང་གཉིས་སུ་བསྟན་པའོ། །དང་པོ་ནི་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་སྟེ། ཚིག་གི་དོན་ནི་གོ་སླའོ། །ནང་གི་ཡུལ་ནི་བརྟག་པ་དྲུག་པ་ལས་འཆད་དོ། །དེ་ནས་གནས་ལ་ཞེས་བྱ་བ་ལ་སོགས་པས་དུར་ཁྲོད་བརྒྱད་འཆད་དེ། དེ་ལ་རྡུལ་བྲལ་ལ་སོགས་པ་བརྒྱད་པོ་འདིས་ནི་མདོར་བསྡུས་ནས་སྟོན་ཏོ། །དཔལ་རྡོ་རྗེ་མཁའ་འགྲོའི་ལེའུ་བཅོ་བརྒྱད་པ་ལས་རྒྱས་པར་སྟོན་པ་དེ་འདིར་བསྡུས་པའོ། །དེ་ལ་རྡུལ་བྲལ་གྱི་ཡུལ་ཞེས་བྱ་བ་ནི་རྡོ་རྗེའི་གདན་ལས་ལྷོ་ཕྱོགས་ཀྱི་རྒྱུད་ན་ཡོད་དེ། དེར་ཞིང་སྐྱོང་བ་ལྷ་མོ་དཔལ་ཆེན་མོའམ་ཕྱི་མོ་ཞེས་བྱ་བ་བྲམ་ཟེའི་རིགས་ལས་བྱུང་བ་གནས་ཏེ་ཙུ་ཏའི་ཤིང་སྟེ་ར་ས་ལི་དང་ཨ་མྲའི་ཤིང་གི་མིང་གི་རྣམ་གྲངས་ཏེ། དེ་ལྟ་བུ་ལ་བརྟེན་ཏེ་གནས་སོ། །དེ་ལྟར་ཡང་དཔལ་རྡོ་རྗེ་མཁའ་འགྲོ་ལས། རྡུལ་བྲལ་དུ་ནི་ཕྱི་མོ་སྟེ། །བ་དན་གྱི་ནི་ཕྱག་རྒྱ་བསྣམས། །ཞི་བའི་གཟུགས་ཅན་ལྷ་མོ་དེ། །ཨ་མྲའི་ཤིང་ལ་བརྟེན་ཏེ་གནས། །ཞེས་སོ། །འདི་ནི་ལྷོ་ཕྱོགས་ཀྱི་དུར་ཁྲོད་ཆེན་པོ་འཇིགས་སྡེ་ཞེས་བྱ་བ་ཡིན་ནོ་ཞེས་གསུང་ངོ༌། །ཀོངྐ་ན་ཞེས་བྱ་བའང་ལྷོ་ཕྱོགས་ཀྱི་མཐའ་མ་ན་ཡོད་དེ། དེ་ཟླ་བའི་སྙིང་པོ་ཞེས་བྱ་བ་ཤ་བ་ལི་དང་བ་གུ་ཙི་ཏ་དང་སོ་མ་རཱ་ཛཱ་ནི་མིང་གི་རྣམ་གྲངས་སོ། །ཁ་ཅིག་ན་རེ་ཨ་ཤྭཏྠ་བྱང་ཆུབ་ཀྱི་ཤིང་ཡིན་ནོ་ཞེས་ཟེར་རོ། །དེར་ལྷ་མོ་མེའི་ཁ་ཞེས་བྱ་བ་རིགས་ངན་ལས་བྱུང་བ་གནས་སོ། །སློབ་དཔོན་ཨིནྡྲ་བྷཱུ་ཏི་ན་རེ་ཨ་ཤྭཏྠའི་ཤིང་ལ་གནས་པ་སྒྱུ་འཕྲུལ་ཆེན་མོའོ། །ཞེས་གསུངས་ཏེ། རྡོ་རྗེ་མཁའ་འགྲོ་ལས། སོ་བ་རར་ནི་མེ་རི་ཁ། །ཤ་བ་མོ་ནི་ཡང་དག་བཤད། །ཞིང་དེར་ལྷ་མོ་ཆེན་མོ་ནི། །ཤལྨ་ལི་ཡི་ཤིང་ལ་གནས། །ཞེས་གསུངས་པ་འདི་ཡིན་པར་བསམ་མོ། །རྒྱུད་དེར་ཀོངྐ་ནའི་མིང་ནི་མི་སྣང་ངོ༌། །འདི་ནི་བྱང་ཕྱོགས་ཚང་ཚིང་འཁྲིགས་པའི་དུར་ཁྲོད་ཅེས་བྱ་བ་ཡིན་ནོ་ཅེས་གསུང་ངོ༌། །ཙ་རི་ཏྲ་ཞེས་བྱ་བའི་ཡུལ་ཡང་ལྷོ་ཕྱོགས་ན་གནས་ཏེ། དེར་ཀརྻ་ཉྫའི་ཤིང་ལ་གནས་པ་ཞིང་སྐྱོང་བྱ་བ་ཀུན་མཛེས་ཞེས་བྱ་བ་རིགས་ངན་ལས་བྱུང་བ་གནས་ཏེ། ཙ་རི་ཏྲ་ཡི་ཡུལ་དུ་ནི། །ཀ་རཱ་ཉྫ་ལ་གནས་པ་ནི། །བྱ་བ་ཀུན་མཛེས་ཞེས་བྱ་བ། །ཤཀྟི་བརྩིགས་པའི་སྐྱེ་གནས་འབྱུང༌། །ཞེས་སོ། །འདི་ནི་མེ་མཚམས་དབང་ཕྱུག་ནགས་ཚལ་གྱི་དུར་ཁྲོད་ཅེས་བྱ་བ་ཡིན་ནོ་ཞེས་གསུང་ངོ༌། །ཨ་ཊ་ཧ་སེ་ཞེས་བྱ་བ་ནི་རྡོ་རྗེའི་གདན་ལ་ཡུལ་ཤར་ཕྱོགས་ཀྱི་རྒྱུད་ན་གནས་ཏེ། དེར་ཀ་དམྤའི་ཤིང་ལ་གནས་པའི་ཞིང་སྐྱོང་ཞི་བའི་གདོང་ཞེས་བྱ་བ་རྒྱལ་རིགས་ཀྱི་སྐྱེ་གནས་ལས་བྱུང་བ་གནས་ཏེ། ཨ་ཊ་ཧ་སེའི་ཡུལ་དུ་ནི། །ཞི་བའི་གདོང་ཞེས་གྲགས་པ་སྟེ། །ལྷ་མོ་རྒྱལ་མོའི་སྐྱེ་གནས་བྱུང༌། །ཀ་དམྤ་ཡི་ཤིང་ལ་བརྟེན། །ཞེས་ཏེ། འདི་ནི་དབང་ལྡན་གྱི་དྲག་ཏུ་དགོད་པ་ཞེས་བྱ་བའི་དུར་ཁྲོད་ཡིན་ནོ། །ཞེས་གསུང་ངོ༌། །ལྷ་མོའི་མཁར་ཞེས་བྱ་བ་འདིའང་ཡུལ་ཤར་ཕྱོགས་བྷ་རེནྡྲ་ཡི་བྱང་ཤར་ན་གནས་ཏེ། དེར་བྷ་ཊ་ཞེས་བྱ་བའམ་པ་ཙ་ཏ་ཡ་ཞེས་བྱ་བའི་ཤིང་ལ་གནས་པ། ཞིང་སྐྱོང་རྣ་འཆུས་མའམ་རྣ་མོ་ཆེ། །ཞེས་བྱ་བ་རྒྱལ་རིགས་ལས་བྱུང་བ་གནས་ཏེ། དེ་བི་ཀོ་ཊར་རྣ་འཆུས་མ། །སྟོབས་པོ་ཆེ་ཡི་སྐྱེ་གནས་འབྱུང༌། །ལྷ་མོ་ལག་ན་མདུང་ཅན་ཏེ། །བྷ་ཊའི་ཤིང་ལ་བརྟེན་ཏེ་གནས། །ཞེས་སོ། །འདི་ནི་བདེན་བྲལ་གྱི་དུར་ཁྲོད་མུན་པ་མི་བཟད་པ་ཞེས་བྱ་བ་ཡིན་ནོ། །ཞེས་གསུང་ངོ༌། །ཧ་རི་ཀེ་ལ་ཞེས་བྱ་བ་ནི་ཡུལ་ཤར་ཕྱོགས་ཀྱི་མཐའ་ན་གནས་ཏེ། དེར་ཧ་རི་གནས་ཏེ་ཧ་རི་ཏ་ཀི་ནི་ཨ་རུ་རའི་ཤིང་གི་མིང་ངོ༌། །ཁ་ཅིག་ནི་ཤི་རི་ཤའམ་སཱ་ལ་ཞེས་ཀྱང་འདོད་དོ། །སློབ་དཔོན་ཨིནྡྲ་བྷཱ་ཏི་ནི་པར་ཀ་ཏའི་ཤིང་ལ་གནས་པ་ཞིང་སྐྱོང་རླུང་ཤུགས་མའོ་ཞེས་གསུང་ངོ༌། །དཔལ་རྡོ་རྗེ་མཁའ་འགྲོ་ལས། ཀྵ་རི་ཀེ་རར་འཇིག་རྟེན་མ། །གཏུམ་མོ་སྔོན་མོ་སྟོབས་ཆེན་མ། །ལྷ་མོ་ཆེན་མོ་རལ་གྲི་ལག །སཱ་ལའི་ཤིང་ལ་ཡང་དག་གནས། །ཞེས་འབྱུང་བ་འདི་ཡིན་པར་སེམས་སོ། །འདི་ནི་ཤར་ཕྱོགས་གཏུམ་དྲག་གི་དུར་ཁྲོད་ཅེས་བྱ་བ་ཡིན་ནོ། །ཞེས་བླ་མ་དམ་པ་གསུང་ངོ༌། །ཨུ་ཌྱན་ཞེས་བྱ་བ་ནི་རྡོ་རྗེ་གདན་ལས་ནུབ་བྱང་གི་ཕྱོགས་ན་གནས་ཏེ། དེར་ཨ་ཤྭ་ཀ་རི་གནས་ཏེ། ཀ་ས་ར་དང་བ་ཀུ་ལ་ཞེས་མིང་གི་རྣམ་གྲངས་སོ། །དེ་ལ་ཞིང་སྐྱོང་ནག་མོ་ཆེན་མོའམ་ལྷ་མོ་ཆེན་མོ་གནས་ཏེ་བྲམ་ཟེའི་རིགས་ལས་བྱུང་བའོ། །དེ་ལྟར་ཡང༌། ཨུ་ཌྱན་ཡུལ་དུ་ལྷ་ཆེན་མོ། །གསང་བའི་སྐྱེ་གནས་ལས་བྱུང་བ། །ལྷ་མོ་ཆེན་མོ་ལྕགས་སྒྲོག་ཐོགས། །ཨ་ཤྭ་ཀ་ཡི་ཤིང་ལ་བརྟེན། །ཞེས་སོ། །འདི་ནི་ནུབ་ཕྱོགས་ཀྱི་དུར་ཁྲོད་འབར་བ་འཁྲུགས་པ་ཞེས་བྱ་བ་ཡིན་ནོ། །ཞེས་གསུང་ངོ༌། །ཛཱ་ལནྡྷ་ར་ཡང་ནུབ་བྱང་ཕྱོགས་ན་གནས་ཏེ། དེར་གསེར་ཤིང་ནི་ད་དུ་རའམ་ཨུདྨ་ཏུ་སྟེ་མིང་གི་རྣམ་གྲངས་སོ། །ཁ་ཅིག་ན་རེ་ཨརྫུ་ན་ཞེས་ཟེར་རོ། །དེར་ཞིང་སྐྱོང་གཏུམ་མོ་ཞེས་བྱ་བ་བྲམ་ཟེ་ལས་བྱུང་བ་གནས་ཏེ། ཛཱ་ལནྡྷ་རར་གཏུམ་མོ་ནི། །ཞི་བའི་སྐྱེ་གནས་ལས་བྱུང་བ། །ལག་ན་ཟངས་གྲི་ཐོགས་ཏེ་འཕྱར། །གསེར་ཤིང་ལ་ནི་བརྟེན་ཏེ་གནས། །ཞེས་འབྱུང་ངོ༌། །འདི་ན་རླུང་དུ་ཀི་ལི་ཀི་ལའི་སྒྲ་སྒྲོགས་པའི་དུར་ཁྲོད་ཅེས་བྱ་བ་ཡིན་ནོ་ཞེས་གསུང་ངོ༌། །དེ་ལྟར་ཡང་དཔལ་རྡོ་རྗེ་མཁའ་འགྲོ་ལས། གནས་ཆེན་པོ་ཉི་ཤུ་རྩ་བཞི་གསུངས་པ་ལས། བརྒྱད་པོ་འདི་ནི་གཙོ་བོ་ཡིན་ནོ། །གལ་ཏེ་ཡུལ་རྣམས་ལ་མང་ཉུང་མི་མཐུན་པ་དུ་མ་རྒྱུད་སྡེ་རྣམས་ན་སྣང་ན་འདི་དག་ཇི་ལྟར་ཐུན་པར་འགྱུར་སྙམ་ན། དེ་ནི་འདི་ལྟར་ཤེས་པར་བྱ་སྟེ། སྤྱིར་འཛམ་བུའི་གླིང་ན་ཡུལ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ན་མུ་སྟེགས་བྱེད་ཀྱི་ལྷ་དང་ལྷ་མོ་ཞིང་སྐྱོང་ཕོ་མོ་དེ་སྙེད་ཅིག་གནས་པ་དེ་རྣམས་ཀྱིས་སེམས་ཅན་རྣམས་སྐྱོང་བར་བྱེད་དོ། །དེ་དག་གདུལ་བར་བྱ་བའི་ཕྱིར་རྡོ་རྗེ་འཆང་ཆེན་པོས་སྤྲུལ་པའི་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་དེ་སྙེད་ཅིག་སྤྲུལ་པ་ཡིན་ཏེ། དཔལ་བདེ་མཆོག་ལས། སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི། །མཁའ་འགྲོ་མས་ནི་ཡོངས་སུ་ཁྱབ། །ཅེས་སོ། །དེ་དག་རེ་རེ་ལའང་འཁོར་བྱེ་བ་ཕྲག་རེ་རེ་དང་བཅས་ཏེ། རྣལ་འབྱོར་མ་ནི་རེ་རེ་ཞིང༌། །འཁོར་ནི་བྱེ་བ་དག་ཏུ་འགྱུར། །ཞེས་སོ། །དེ་རེ་རེ་ལའང་ཉེ་འཁོར་སྟོང་ཉི་ཤུ་རྩ་ལྔ་ལྔ་ཡོད་དེ། དེས་ཡུལ་ཐམས་ཅད་ཡོངས་སུ་ཁྱབ་པ་སྟེ། བདེ་མཆོག་བླ་མའི་གནས་ལ་སོགས། །མཁའ་འགྲོ་མས་ནི་ཐམས་ཅད་ཁྱབ། །ཡེ་ཤེས་ལྡན་པ་རང་གནས་སྐྱེས། །ཡུལ་དང་དུས་སུ་མངོན་པར་སྐྱེ། །དེ་ནི་མཁའ་འགྲོ་མ་ཞེས་བྱ། །རྡོ་རྗེ་དཀྱིལ་འཁོར་གཙོ་མོ་ཡིན། །ཞེས་བྱ་སྟེ། འཁོར་ནི་འཇིག་རྟེན་པའི་མཁའ་འགྲོ་ཡིན་ལ། རྡོ་རྗེའི་གཙོ་མོ་ནི་འདས་པ་སྟེ་འཁོར་རྣམས་ཀྱང་དམ་ཚིག་ལ་བཏགས་པས་བྱང་ཆུབ་སེམས་དཔའི་དགེ་འདུན་ནོ། །དེ་དག་གིས་ཐ་མལ་པའི་བུད་མེད་རྣམས་ཀྱང་བྱིན་གྱིས་བརླབས་ཏེ་ཡུལ་ཐམས་ཅད་ལ་ཁྱབ་པར་གནས་པ་ཡིན་ནོ། །དེ་ལྟར་ཡོངས་སུ་གང་བའི་གནས་རྣམས་སུ་རྣལ་འབྱོར་པས་བཟའ་བ་ལ་སོགས་པའི་བྱ་བ་བྱས་པས་མཁའ་འགྲོ་མ་རྣམས་མཉེས་ཏེ་དངོས་གྲུབ་གསལ་བར་བྱེད་དེ། ཞིང་འདི་རྣམས་ཀྱི་བུ་མོ་གང༌། །དཔའ་བོ་རྣམས་ལ་དངོས་གྲུབ་སྟེར། །རྟག་ཏུ་མཚན་མོ་འཕྱན་པ་དང༌། །རྟག་ཏུ་མཚན་མོ་འདུ་བར་བྱེད། །ཅེས་རྡོ་རྗེ་མཁའ་འགྲོ་ལས་གསུངས་སོ། །དེ་ལྟ་བུའི་ཡུལ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ནི་ཡུལ་བདུན་ཅུ་རྩ་གཉིས་སུ་བསྡུ་ལ། དེའང་ཡུལ་སུམ་ཅུ་རྩ་གཉིས་སུ་བསྡུ་ཞིང༌། དེའང་ཡུལ་ཉི་ཤུ་རྩ་བཞིར་བསྡུ་ཞིང༌། དེའང་བཅུ་གཉིས་སུ། དེའང་བརྒྱད་དུ་བསྡུ་བ་ཡིན་པས། གང་ཟག་གི་ཁམས་དང་བསྟུན་ཏེ་ཁ་ཅིག་ལས་ནི་གཙོ་ཆེ་བར་གང་སྨོས། ཁ་ཅིག་ལ་ནི་གང་སྨོས་ཏེ་དེ་དག་འགལ་བ་ཡོད་པ་མ་ཡིན་ནོ། །དེ་དག་ཀྱང་ཕྱི་དང་ནང་གི་བདག་ཉིད་ཅན་གཉི་གར་ཤེས་པར་བྱའོ། །དེ་ལྟ་བུའི་གནས་དེ་དག་ཀྱང་ལམ་དུ་བྱས་པ་ན་ས་བཅུ་གཉིས་ཀྱི་རྟོགས་པ་འབྱུང་ངོ་ཞེས་བསྟན་པའི་ཕྱིར། གནས་ནི་རབ་ཏུ་དགའ་བའི་ས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་གནས་ནི་འདིར་བརྡའི་སྐད་དོ། །རབ་ཏུ་དགའ་བའི་ས་ནི་ཐུན་མོང་ལ་གྲགས་པའི་མིང་ངོ༌། །ཇི་ལྟར་ན་རབ་ཏུ་དགའ་བ་ཡིན་ཞེ་ན། སངས་རྒྱས་ཀྱི་བྱང་ཆུབ་ལ་ཉེ་བའི་ཕྱིར་དང༌། སེམས་ཅན་གྱི་དོན་ནུས་པ་ལ་རབ་ཏུ་དགའ་བའི་ཕྱིར་ཏེ། མདོ་སྟེ་རྒྱན་ལས། བྱང་ཆུབ་ལ་ནི་ཉེ་བ་དང༌། །སེམས་ཅན་དོན་སྒྲུབ་མཐོང་བ་ལ། །རབ་ཏུ་དགའ་བ་སྐྱེ་འགྱུར་ཏེ། །དེ་ཕྱིར་དགའ་བ་ཞེས་བརྗོད་དོ། །ཞེས་སོ། །དེ་བཞིན་དུ་ཉེ་བའི་གནས་ནི་བརྡའི་སྐད་དོ། །དྲི་མ་མེད་ནི་ཐུན་མོང་གི་མིང་ངོ༌། །ཚུལ་ཁྲིམས་ལ་དྲི་མ་མེད་པས་དྲི་མེད་དེ། འཆལ་ཚུལ་རྩོལ་བའི་དྲི་བྲལ་བས། །དྲི་མ་མེད་པའི་ས་ཞེས་བྱ། །ཞེའོ། །ཞིང་ནི་བརྡའི་སྐད་དོ། །འོད་བྱེད་པ་ནི་ཐུན་མོང་གི་མིང་སྟེ། ཆོས་ཀྱི་སྣང་བ་བྱེད་པས་འོད་བྱེད་དེ། ཆོས་ཀྱི་སྣང་བ་ཆེན་པོ་ནི། །བྱེད་པའི་ཕྱིར་ན་འོད་བྱེད་པ། །ཞེའོ། ཉེ་བའི་ཞིང་ནི་བརྡའི་སྐད་དོ། །འོད་འཕྲོ་བ་ཅན་ནི་ཐུན་མོང་གི་མིང་སྟེ། བྱང་ཆུབ་ཀྱི་ཕྱོགས་ཀྱིས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བསྲེགས་པས་འོད་འཕྲོ་བ་སྟེ། འདི་ལྟར་བྱང་ཆུབ་ཕྱོགས་མཐུན་ཆོས། །རབ་ཏུ་སྲེག་བྱེད་འོད་ལྟ་བུ། །དེ་དང་ལྡན་ཕྱིར་ས་དེ་ནི། །གཉིས་པོ་བསྲེགས་པས་འོད་འཕྲོ་ཅན། །ཞེས་སོ། །ཚནྡོ་ནི་བརྡའི་སྐད་དོ། །མངོན་དུ་གྱུར་པ་ནི་ཐུན་མོང་གི་མིང་སྟེ། མི་གནས་པའི་མྱ་ངན་ལས་འདས་པ་མངོན་དུ་གྱུར་པས་མངོན་དུ་གྱུར་པ་ཞེས་བྱ་སྟེ། ཤེས་རབ་ཕ་རོལ་ཕྱིན་བརྟེན་ནས། །འཁོར་བ་དང་ནི་མྱ་ངན་འདས། །གཉིས་འདིར་མངོན་དུ་གྱུར་པའི་ཕྱིར། །མངོན་དུ་གྱུར་པའི་ས་ཞེས་བྱ། །ཞེའོ། །ཉེ་བའི་ཚནྡོ་ཧ་ནི་བརྡའི་སྐད་དོ། །སྤྱད་དཀའ་བ་ནི་ཐུན་མོང་གི་མིང་སྟེ། སེམས་ཅན་གྱི་སེམས་དང་རང་གི་སེམས་སྨིན་པར་བྱེད་པ་དེ་ཤིན་ཏུ་སྦྱང་དཀའ་བས་སྤྱང་དཀའ་བ་ཞེས་བྱ་སྟེ། སེམས་ཅན་རྣམས་ཡོངས་སྨིན་བྱེད་ཅིང༌། །རང་གི་སེམས་ཀྱང་བསྲུང་བའི་ཕྱིར། །བློ་ལྡན་རྣམས་ཀྱིས་སྦྱང་དཀའ་བ། །དེ་ཕྱིར་སྦྱང་དཀའ་ཞེས་བྱའོ། །ཞེས་སོ། །ཐུན་མོང་ལས་ལྔ་པ་ནི། སྦྱང་དཀའ་ལ་དྲུག་པ་ནི། མངོན་དུ་གྱུར་པ་ཞེས་འབྱུང་ངོ༌། །འདུ་བ་ནི་བརྡའི་སྐད་དོ། །རིང་དུ་སོང་བ་ནི་ཐུན་མོང་གི་མིང་སྟེ། སྦྱོར་བ་མཐར་ཕྱིན་པས་ལམ་རིང་དུ་བགྲོད་པའི་ཕྱིར་རིང་དུ་སོང་བ་ཞེས་བྱའོ། །དེ་ལྟར་ཡང༌། བགྲོད་པ་གཅིག་དང་འབྲེལ་པའི་ཕྱིར། །རིང་དུ་སོང་བའི་སར་འདོད་དོ། །ཞེས་སོ། །ཉེ་བའི་འདུ་བ་ནི་བརྡའི་མིང་ངོ༌། །མི་གཡོ་བ་ནི་ཐུན་མོང་གི་མིང་སྟེ། མཚན་བཅས་དང་མཚན་མེད་ཀྱི་ཤེས་པས་མི་གཡོ་བ་སྟེ། འདུ་ཤེས་གཉིས་ཀྱིས་མི་གཡོའི་ཕྱིར། །མི་གཡོ་བ་ཞེས་ངེས་པར་བརྗོད། །ཅེས་སོ། །དུར་ཁྲོད་ནི་བརྡའི་སྐད་དོ། །ལེགས་པའི་བློ་གྲོས་ནི་ཐུན་མོང་གི་མིང་ངོ༌། །བློ་གྲོས་མཆོག་ཏུ་གྱུར་བ་ཞེས་བྱ་སྟེ། སོ་སོ་ཡང་དག་རིག་བློ་བཟང༌། །ས་དེ་ལེགས་པའི་བློ་གྲོས་ཡིན། །ཞེས་སོ། །ཉེ་བའི་དུར་ཁྲོད་ནི་བརྡའི་མིང་ངོ༌། །ཆོས་ཀྱི་སྤྲིན་ནི་ཐུན་མོང་གི་མིང་སྟེ། ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོས་ནམ་མཁའ་ཐམས་ཅད་ཁྱབ་པའི་ཕྱིར་ཏེ། སྤྲིན་བཞིན་གཉིས་ཀྱིས་ནམ་མཁའི་ཆོས། །ཁྱབ་པའི་ཕྱིར་ནི་ཆོས་ཀྱི་སྤྲིན། །ཞེས་བྱའོ། །དེ་ལྟར་ས་བཅུ་བཤད་ནས་གོང་མདོར་བསྟན་དུ་འདི་རྣམས་ས་ནི་བཅུ་གཉིས་ཏེ་ཞེས་གསུངས་པ་ལ་འཐུང་གཅོད་ནི་བཅུ་གཅིག་པ་ཀུན་ཏུ་འོད་དཔེ་མེད་པའོ། །ཉེ་བའི་འཐུང་གཅོད་ནི་བཅུ་གཉིས་པ་ཡེ་ཤེས་ཆེན་པོའོ། །དེ་གཉིས་འདིར་ཅིའི་ཕྱིར་མ་སྨོས་ཤེ་ན། ཕ་རོལ་ཏུ་ཕྱིན་པ་དང་འཁོར་ལོ་སྡོམ་པ་དང་ལུང་སྒོ་བསྟུན་ཙམ་གྱི་ཕྱིར་རོ། །ས་རྣམས་ཀྱི་མིང་དང་ངེས་པའི་ཚིག་བཤད་ཟིན་ཏོ། །ས་དེ་དག་ནི་རང་གི་ངོ་བོ་དང༌། གནས་བསྟན་པའི་ཕྱིར་ཕ་རོལ་ཕྱིན་བཅུ་ཞེས་གསུངས་ཏེ། ས་དང་པོ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དེ་བཞིན་དུ་ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་དང༌། བསམ་གཏན་དང༌། ཤེས་རབ་དང༌། ཐབས་དང༌། སྟོབས་དང༌། སྨོན་ལམ་དང༌། ཡེ་ཤེས་སོ། །དེ་བཞིན་དུ་དང་པོ་ལ་ནི་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བའི་ཏིང་ངེ་འཛིན་ཞེས་བྱ་བ་ལ་སོགས་པ་མང་སྟེ་འདིར་མི་སྤྲོའོ། །ས་རྣམས་ལ་ཞེས་བྱ་བ་ལ་ཅིའི་ཕྱིར་ས་ཞེས་བྱ་ཞེ་ན། སེམས་ཅན་དཔག་ཏུ་མེད་པ་འཇིགས་པ་མེད་པར་བྱ་བ་ལ་འགྲོ་ཞིང་རྟེན་པ་དང་ལྡན་པའི་ཕྱིར་ས་ཞེས་བྱ་སྟེ། འབྱུང་པོ་དཔག་མེད་འཇིགས་མེད་ཕྱིར། །དཔག་ཏུ་མེད་པ་དེ་དག་ལ། །ཕྱི་ཕྱིར་གོང་དུ་བགྲོད་ལྡན་ཕྱིར། །དེ་དག་ཉིད་ནི་སར་འདོད་དོ། །ཞེས་བྱ་བ་གསུངས་སོ། །དེ་ལྟ་བུའི་ས་དེ་དག་ཀྱང་ཐོབ་པ་རྣམ་པ་བཞི་སྟེ། ས་ཐོབ་པ་ནི་མོས་པ་དང༌། །སྤྱོད་པ་དག་ལ་འཇུག་པ་དང༌། །རྟོགས་པའི་ཕྱིར་དང་ས་རྣམས་ནི། །གྲུབ་པའི་སྒོ་ནས་རྣམ་པ་བཞི། །ཞེས་གསུངས་ཏེ། དེ་ལ་མོས་པ་ཐོབ་པ་ནི་ཐོས་བསམ་ལས་བྱུང་བས་འདི་ལྟ་བུའི་གནས་ལ་སྤྲོ་བ་སྐྱེས་པ་ནི་མོས་པ་ཐོབ་པའོ། །སྤྱོད་པ་ནི་ཕ་རོལ་ཏུ་ཕྱིན་པའི་ལུགས་ཀྱིས་ཆོས་སྤྱོད་བཅུ་དང་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ལ་སོགས་པ་ལ་སྤྱོད་པའོ། །བསྐྱེད་པའི་རིམ་པ་བས་ནི་ཡུལ་སུམ་ཅུ་རྩ་གཉིས་བསྒོམས་པ་དང༌། ཡུལ་དེ་དག་ཏུ་ཚོགས་ཀྱི་འཁོར་ལོ་ལ་སོགས་པའི་སྤྱོད་པའོ། །  རྗེས་མ། >>

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*