རྫོགས་པའི་རིམ་པ་བས་ནི་ནང་གི་ཡུལ་ལ་སྤྱོད་པའོ། །རྟོགས་པ་ནི་དེ་གསུམ་ཀས་ཀྱང་དོན་དམ་པ་རྟོགས་པའོ། །གྲུབ་པ་ནི་འཇིག་རྟེན་གྱི་ཁམས་བརྒྱ་བསྒུལ་བ་དང་སྦྱིན་པ་བརྒྱ་འགྱེད་པ་ལ་སོགས་པའོ། །དེ་ལ་སེམས་པ་དང་རྟོགས་པ་དང་གྲུབ་པ་གསུམ་ནི་ཐེག་པ་ཐུན་མོང་དང་མཐུན་ནོ། །སྤྱོད་པ་ནི་སོ་སོ་རང་གི་སྤྱོད་པ་སྟེ་མི་འདྲ་བར་ཤེས་པར་བྱའོ། །ཞར་ལས་འོངས་པའོ། །ཕྱི་དང་ནང་དུ་བསམ་པར་བྱ་ཞེས་པ་ནི་བསྐྱེད་པའི་རིམ་པ་བས་ཕྱི་རོལ་དུ་འདོད་པ་ལྟར། རྫོགས་པའི་རིམ་པ་བས་ནང་དུ་སྒྲོ་འདོགས་གཅོད་པའོ། །འདུ་བའི་དུས་ནི་རྣལ་འབྱོར་མའི་ཞེས་བྱ་བ་ལ་སོགས་པ་སྟེ། ཕྱིའི་དུས་ནི་གོ་སླའོ། །ནང་གི་དུས་ལ་རྣལ་འབྱོར་མ་ནི་རྩ་རྣམས་སོ། །ལེགས་འདུ་བ་ནི་རྩ་དང་རླུང་དང་བྱང་ཆུབ་ཀྱི་སེམས་རྣམས་ཨ་ཝ་དྷཱུ་ཏཱིར་འདུ་བའོ། །དེའི་ཉིན་པར་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ། །ཇི་ལྟར་ཉིན་པར་ལ་ལྷན་ཅིག་སྐྱེས་ཞེས་བྱ་ཞེ་ན་དྷཽ་ཞེས་པ་ལ། དྷཽ་སྭརྒ་ནི་མཐོ་རིས་སོ། །དྷཽ་སུ་ཀ་ནི་བདེ་བའོ། དྷཽ་སཾ་ཀ་ནི་སྨོད་པ་སྟེ་མཐོ་རིས་ལ་སྨོད་པའི་བདེ་བ་ནི་ལྷན་སྐྱེས་སོ། །དེ་ཉིད་གང་ཞེ་ན་ཡི་དྭགས་ཏེ། པྲེ་ཏ་ནི་པྲ་ཨེ་ཏ་སྟེ་རྣམ་པར་རྟོག་པའི་སྲོག་སོང་བའོ། །ཟླ་ཕྱེད་བཅུ་བཞི་ན་ཉི་ཤུ་དགུ་ཟླ་བ་ཅུང་ཟད་དང་བཅས་པ་དང་འདྲ་བར་དགའ་བྲལ་གྱི་དགའ་བ་བདེ་བ་ཅུང་ཟད་དང་བཅས་པའོ། །བརྒྱད་པ་བརྒྱད་གང་བ་ལྟར་ཐབས་ཤེས་རབ་ཀྱི་བྱང་སེམས་འབྱུང་བ་བཞི་བཞིས་གང་བའི་དུས་སུ་ཞེས་བྱ་བའི་དོན་ཏོ། །ཡང་ན་བརྒྱད་གང་བ་ལྟར་དགའ་བ་བཅུ་དྲུག་པ་རྫོགས་པའི་དུས་སོ། །འདུས་པའི་བྱ་བ་བསྟན་པའི་ཕྱིར། རྒྱལ་མཚན་ཞེས་བྱ་བ་ལ། ཕྱིའི་བྱ་བ་ནི་གོ་སླའོ། །ནང་གི་བྱ་བ་ནི་བདེ་སྟོང་སྐྱེད་ཅིང་དེའི་རྣལ་འབྱོར་བསྒོམ་པ་སྟེ། རྒྱལ་མཚན་ནི་རིགས་བདག་དང་རྩའི་སྣར་བྱང་སེམས་འཛོམ་པ་རྒྱལ་མཚན་དང་འདྲ་བའོ། །མཚོན་བསྣུན་ནི་རྣམ་རྟོག་གི་སྲོག་གཅོད་པས་སོ། །སྐྱེ་བ་བདུན་པ་ནི་བདུད་རྩི་ལྔ་དང་དགའ་བྲལ་དང་ལྷན་སྐྱེས་སོ། །གསད་པ་ནི་རྣམ་རྟོག་གསད་པའོ། །དེ་གང་གིས་གསད་ན་བརྒྱབ་པ་ལ་སོགས་པས་སམ་ཞེ་ན། སྙིང་རྗེ་སྐྱེད་པ་སྟེ་ཀཱ་རུ་ནི། ཀ། སུ་ཀ་སྟེ་བདེ་བ། རུ་ནི་རུ་ཙོ་སྟེ་བྲལ་བ་སྟེ། བདེ་བ་རྡུལ་དང་བྲལ་བས་གསད་ཀྱི་དེ་མེད་པར་མི་འགྲུབ་བོ། །དེ་དག་གིས་ཅི་བྱེད་ན་ཇི་ལྟར་བདག་སྟེ། བདག་དང་གཞན་དུ་ཞེན་པའི་རྟོག་པ་བཟའ་འོ། །དེ་ལྟར་གནས་ན་དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར་ཞེས་བྱ་བའི་དོན་ཏོ། །བརྟག་པ་ལྔ་པའི་རབ་ཏུ་བྱེད་པ་དང་པོའི་བཤད་པའོ།། །།དེ་ལྟར་ཕྱི་དང་ནང་གི་བདག་ཉིད་ཅན་གྱི་འདུ་བའི་གནས་དང་དུས་ལ་སོགས་པ་བསྟན་ནས། ནང་གི་འདུ་བ་དེ་དག་ཐོབ་པར་བྱེད་པ་རྫོགས་པའི་རིམ་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་གསང་བའི་པདྨ་ཞེས་བྱ་བ་ལ་སོགས་པས་རྫོགས་པའི་རིམ་པ་དག་པ་རྣམ་པ་གསུམ་གསུངས་སོ། །དེ་ལ་རབ་ཏུ་བྱེད་པ་འདིའི་བརྗོད་པར་བྱ་བའི་དོན་ནི་གང༌། རྗོད་བྱེད་ཀྱི་སྒྲ་ནི་གང༌། མངོན་པར་རྟོགས་པ་ནི་གང༌། རྒྱུད་སྡེ་གཞན་གང་གི་བཤད་པའི་རྒྱུད་ཡིན་སྙམ་ན། འདིའི་བརྗོད་པར་བྱ་བའི་དོན་ནི་ལྷ་སོ་སོའི་དག་པ་རྣམས་བསྐྱེད་པའི་རིམ་པ་སྤྱིའི་དོན། རང་རིག་པའི་དག་པ་རྣམས་སྦས་པའི་དོན། དེ་ལས་ཀྱང་རང་བྱིན་བརླབ་ཀྱི་སྦས་པ་མདོར་བསྟན་གྱི་སྐབས་སུ་དཀྱིལ་འཁོར་འཁོར་ལོ་ཅུང་ཟད་ཀྱང་འཇུག དེའི་ཞར་ལ་ཕན་ཡོན་གྱི་ཚུལ་གྱིས་མཐར་ཐུག་པའང་ཅུང་ཟད་འཇུག དེ་བཞིན་ཉིད་ཀྱི་དག་པ་ཕ་རོལ་ཏུ་ཕྱིན་པ་དང་སྤྱིར་ཡང་འགྲོ་བ་ཡིན་ནོ། །ཆ་ལུགས་ཀྱི་མན་ངག་ཡན་ལག་ལ་སོགས་པ་གསུམ་ཀ་འཇུག་གོ །དེ་ལྟར་གདམས་ངག་དྲུག་གིས་བསྟན་པར་མ་ཟད། རབ་ཏུ་བྱེད་པ་འདི་ལ་དག་པ་གསུམ་གྱིས་ཀྱང་སྟོན་ཏེ། རབ་ཏུ་བྱེད་པ་སྟོད་འདིས་མཉམ་གཞག་གི་དུས་ཀྱི་དག་པ་གསུམ་སྟོན་ལ། སྨད་ཀྱིས་རྗེས་སྤྱོད་ཀྱི་དུས་ཀྱི་དག་པ་གསུམ་སྟོན་ཏོ། །དེ་ལ་མཉམ་གཞག་གི་གསུམ་ནི་ཡེ་ཤེས་ཀྱི་ཚོགས་དེ་བཞིན་ཉིད་ཀྱི་དག་པ། བསྐྱེད་རིམ་ལྷ་སོ་སོའི་དག་པ་རྫོགས་པའི་རིམ་པ་རྣམ་པ་ལྔ་རང་རིག་པའི་དག་པའོ། །རྗེས་སྤྱོད་ཀྱི་དག་པ་གསུམ་ནི་དེ་ལྟར་སོ་སོར་རྟོག་པ་ཙམ་ལ་བྱ་སྟེ། འདི་ལ་དག་པ་དགུར་འགྱུར་ཏེ་འོག་ནས་འཆད་པར་འགྱུར་རོ། །གཞན་ཡང༌། གནས་བཞི་མཉམ་པར་གནས་ན་ནི། །ཞེས་བྱ་བ་འདིས་ལམ་བསྐྱེད་རྫོགས་མཐའ་དག་གནས་པ་བཞི་དང་ལྡན་པར་བསྟན་ཏེ། བསྐྱེད་པའི་རིམ་པ་ལ་གནས་པ་བཞི། རང་བྱིན་བརླབ་ལ་གནས་པ་བཞི། དཀྱིལ་འཁོར་གྱི་འཁོར་ལོ་ལ་གནས་པ་བཞི་དང་ལྡན་པར་བསྟན་ཏོ། །དེ་ལྟར་ཐབས་ཀྱི་རྒྱུད་ལ་གནས་པ་བཞི་ཡོད་པ་དེ་ནི་རྒྱུའི་རྒྱུད་གནས་པ་བཞིར་གནས་པའི་སྒོ་ནས་ཡིན་ལ། དེས་འབྲས་བུའི་རྒྱུད་གནས་པ་བཞིར་འགྲུབ་བོ་ཞེས་བྱ་བས་རྒྱུད་གསུམ་ཀ་འཆད་པའང་ཚིག་འདིས་སྟོན་པ་ཡིན་ནོ། །འདིའི་མངོན་པར་རྟོགས་པ་ནི་མཆོག་གི་དངོས་གྲུབ་ཀྱི་མངོན་པར་རྟོགས་པ་ཡིན་ལ། དེ་ལའང་ལྔ་ལས་རྫོགས་པའི་རྟེན་བསྐྱེད་པའི་རིམ་པ་དང༌། དེ་ལ་བརྟེན་ཏེ་རྫོགས་པའི་རིམ་པ་བསྒོམ་པ་གཉི་ག་སྟོན་ཏོ། །ཞར་ལས་ཕན་ཡོན་གྱི་ཚུལ་གྱིས་འབྲས་བུ་ཅུང་ཟད་ཀྱང་སྟོན་ཏོ། །རྒྱུད་སྡེ་གཞན་ལ་ཇི་ལྟར་ཕན་འདོགས་པ་ཡིན་ན། དཔལ་རྡོ་རྗེ་གདན་བཞི་པའི་གསང་བའི་གདན་གྱི་རབ་ཏུ་བྱེད་པ་བཞི་པར་ཕན་འདོགས་པར་བྱེད་དེ། དེའང་ཞུས་པ་ཆ་མཐུན། ལན་མདོར་བསྟན་པ་མི་གསལ་བ་གསལ་བར་བྱེད། རྒྱས་པར་བཤད་པ་ལས་བསྐྱེད་པ་མཐུན། རྫོགས་རིམ་སྤྱི་བོ་སྤྱི་མེད་ལ་སོགས་པ་ཤླཽ་ཀ་གསུམ་རབ་ཏུ་བྱེད་པ་དེར་མ་ཚང་བ་ཁ་བསྐང༌། བསྟན་བཅོས་ཚད་མ་ལ་སོགས་པ་ཤེས་བྱེད་ཀྱི་ཐབས་ནས་བརྩམས་ཏེ་རབ་ཏུ་རྒྱས་པར་བཤད་པ་འབྲས་བུ་གྲུབ་པའི་རྟགས་ཀྱི་བར་དུ་ཐམས་ཅད་ཆ་མཐུན་པས་ངེས་པ་བསྐྱེད། ཡང་ངེས་བརྗོད་བླ་མར་ཡང་མཚན་ཉིད་བསྟན་བཅོས་མན་ཆད་དང་རྟགས་བརྒྱད་དང་བཅས་པ་ཆ་མཐུན་ནོ། །དེ་ནས་རྗེས་སྤྱོད་ཀྱི་དག་པ་རྒྱུད་དེར་མཆོད་རྟེན་གྱི་དག་པའི་ཚུལ་དུ་གསུངས་པ་འདི་དང་ཚུལ་མི་འདྲ་བས་བཤད་པའི་རྒྱུད་ཡིན་ཞིང༌། རྗེས་སྤྱོད་ཀྱི་དག་པ་གསུམ་དཔལ་ཧེ་བཛྲ་དང་ཆ་མཐུན། ལྷའི་དག་པ་ཙམ་རྣལ་འབྱོར་མ་ཀུན་སྤྱོད་དང་མཁའ་འགྲོ་ལེའུ་དང་པོ་དང་ཡང་བསྟུན་ཏེ་གསལ་བར་བྱེད་དོ། །མདོར་ན་རྒྱུད་གསུམ་པོ་དེ་བསྡེབས་ཏེ་མི་གསལ་བ་གསལ་བར་བྱེད་པ་བཤད་པའི་རྒྱུད་ཡིན་ལ། སྤྱིར་གནས་པ་བཞི་དང༌། དག་པ་གསུམ་གྱི་རྣལ་འབྱོར་བླ་ན་མེད་པའི་རྒྱུད་མཐའ་དག་གི་བཤད་པའི་རྒྱུད་དུའང་འགྱུར་བ་ཡིན་ནོ། །སྤྱིའི་དོན་ཏོ། །གཞུང་གི་དོན་ལ་གཉིས་ཏེ། མཉམ་གཞག་གི་དག་པ་གསུམ་དང༌། གནས་པ་བཞི་བསྒོམ་པ་དང༌། རྗེས་སྤྱོད་ཀྱི་དག་པ་གསུམ་བསྒོམ་པའོ། །དང་པོ་ལ་གཉིས་ཏེ། ཞུས་པ་དང༌། དེའི་ལན་ནོ། །དང་པོ་ནི་གསང་བའི་པདྨ་ཞེས་བྱ་བ་ལ་སོགས་པ་ཤླཽ་ཀ་གཅིག་གོ །དེ་ལ་ཞུ་བའི་ཚིག་བསྐྱེད་པའི་རིམ་པ་ལ་ཞུ་བ་སྦྱར་ན། དེ་ལ་གསང་བའི་པདྨ་ནི་རྟེན་གྱི་དཀྱིལ་འཁོར་ཏེ། ཕྱི་ཆོས་ཀྱི་འབྱུང་གནས་ཀྱིས་བསྒྲིབས་པས་ན་གསང་བའི་ཕྱིར་རོ། །མཚན་ཉིད་ནི་དེར་མཚོན་པར་བྱ་བས་ན་བརྟེན་པ་ལྷའོ། །ཡེ་ཤེས་ནི་ཡེ་ཤེས་ཀྱི་བདག་ཉིད་དུ་གྱུར་པ་སྟེ། ཡུམ་ཡེ་ཤེས་ཀྱི་མཁའ་འགྲོ་མའོ། །སེམས་ནི་ཡབ་རྣལ་འབྱོར་ནམ་མཁའ་འོ། །འདྲེས་པ་ནི་དེ་གཉིས་སྙོམས་པར་ཞུགས་པའོ། །རྫོགས་པའི་བྱང་ཆུབ་ནི་དེ་ལྟ་བུའི་ཡབ་ཡུམ་མངོན་པར་བྱང་ཆུབ་པ་ལས་རྫོགས་པའི་ཚུལ་ཅི་ཞེས་བྱ་བ་ནི་ཞུ་བའི་དོན་ཏོ། །ཚིག་དེ་དག་རྫོགས་པའི་རིམ་པའི་རང་བྱིན་བརླབ་ཀྱི་ཞུ་བ་ལ་སྦྱར་ན། གསང་བའི་པདྨ་ནི་ལྟེ་བ་སྤྲུལ་པའི་སྣ་ཚོགས་མདུད་པའོ། །མཚན་ཉིད་ནི་དེར་མཚོན་པར་བྱེད་པ་རང་བྱུང་གི་ཡེ་ཤེས་སོ། །ཡེ་ཤེས་ནི་བྱང་ཆུབ་ཀྱི་སེམས་གཞིར་གནས་པའོ། །སེམས་ནི་ཡས་ཕབ་པའོ། །འདྲེས་པ་ནི་ལྟེ་བར་དེ་གཉིས་འདྲེས་པའོ། །རྫོགས་པ་ནི་ལྟེ་བར་རོ། །བྱང་ཆུབ་པ་ནི་དེར་རང་བྱུང་བའོ། །རིམ་པ་ནི་འཁོར་ལོ་བཞིའི་རིམ་པ་ལས་བྱུང་བ་དེ་ཞུ་བ་ཞེས་བྱ་བའི་དོན་ཏོ། །དཀྱིལ་འཁོར་འཁོར་ལོ་ལ་སྦྱར་ན་གསང་བའི་པདྨ་ནི་ཆོས་ཀྱི་འབྱུང་གནས་སོ། །མཚན་ཉིད་ནི་ཞུ་བ་དེ་ལྷན་སྐྱེས་ཀྱི་ཡེ་ཤེས་སོ། །ཡེ་ཤེས་ནི་ཤེས་རབ་ཀྱི་བྱང་ཆུབ་ཀྱི་སེམས་སོ། །སེམས་ནི་ཐབས་ཀྱིའོ། །འདྲེས་པ་ནི་དབང་གནས་སུའོ། །རྫོགས་པ་ནི་དབང་གི་གནས་དེ་ཉིད་དུ་རིགས་ཀྱི་བདག་པོའི་ཁ་དང་རྩ་མཛེས་པའི་སྤྱི་བོར་རོ། །བྱང་ཆུབ་ཀྱི་རིམ་པ་ནི། དགའ་བ་བཞིའི་རིམ་པས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བསྐྱེད་པའོ། །དེ་ལྟར་ན་དེ་དག་བརྗོད་པར་བྱ་བའི་དོན་སྤྱི་དང་སྦས་པ་གཉིས་སུ་རྗོད་བྱེད་ཀྱི་སྒྲ་ཡན་ལག་གི་དོན་དང་མན་ངག་གི་དོན་གྱིས་བཤད་པའོ། །ལན་ལ་གསུམ་སྟེ། མདོར་བསྟན་པ་དང༌། ཅུང་ཟད་ཙམ་གྱིས་རྒྱས་པར་བཤད་པ་དང༌། རབ་ཏུ་རྒྱས་པར་བཤད་པའོ། །དང་པོ་ནི་གནས་བཞི་ཞེས་རྐང་པ་གཉིས་ཏེ། དེ་ལ་རྐང་པ་དང་པོས་ནི་བསྐྱེད་པའི་རིམ་པ་བསྒོམ་པ་བསྟན་ལ། ཕྱི་མས་ནི་རྫོགས་པའི་རིམ་པ་བསྒོམ་པའོ། །ཡང་ན་གནས་པ་བཞིས་ལམ་མཐའ་དག་བསྡུས་པར་བསྟན་ཏོ། །དེའང་སྔར་ཞུས་པའི་སྐབས་བཞིན་རིམ་པ་གཉི་ག་ལ་སྦྱར་ན། དེ་ལ་གནས་བཞི་ནི་ཚད་མེད་པ་བཞིའོ། །དེ་ལྟར་ཚད་མེད་པ་བཞི་སྔོན་དུ་སོང་ནས་རྫོགས་བྱང་རིམ་པ་ནི་མངོན་པར་བྱང་ཆུབ་པ་ལྔ་ལས་རྡོ་རྗེ་འཛིན་པ་ཡབ་ཡུམ་བསྐྱེད་པའོ། །དེའང་གནས་བཞི་སྟེ། དམ་ཚིག་སེམས་དཔའ་བསྐྱེད་པ་གོང་བུར་གནས་པ། དེའི་ཐུགས་ཀར་ཡེ་ཤེས་སེམས་དཔའི་ས་བོན་ཧཱུྃ་ཆུ་རུ་གནས་པ། དེ་ལ་ཡེ་ཤེས་སེམས་དཔའ་གཟུགས་སུ་གནས་པ། ཏིང་ངེ་འཛིན་སེམས་དཔའ་གཟུགས་ལས་འདས་པར་གནས་པ་སྟེ། དེ་ལྟ་བུ་ལས་རྫོགས་པར་བསྒོམ་པའོ། །བསྐྱེད་རིམ་མོ། །ཡང་དེ་དག་རང་བྱིན་བརླབ་པ་ལ་སྦྱར་ན་གནས་པ་བཞིས་ནི་འཁོར་ལོ་བཞི་ལས་འབྱུང་བ་བཞིའི་ཐིག་ལེའི་གནས་པ་ཡིན་ལ། ཡང་དེ་དག་གི་ཐིག་ལེ་བཞིར་གནས་པ་དང་ཕབ་པ་འདྲེས་པ་གོང་བུར་གནས་པ། དེའི་རང་རིག་པ་ཆུར་གནས་པ། བདེ་བ་གཟུགས་སུ་གནས་པ། མི་རྟོག་པ་གཟུགས་ལས་འདས་པར་གནས་པའོ། །དེ་ལྟར་ན་སྤྱི་བོ་ལ་སོགས་པའི་འཁོར་ལོ་བཞིའི་རིམ་པས་རྫོགས་པ་ནི་བདེ་སྟོང་དབྱེར་མེད་ཀྱི་ཏིང་ངེ་འཛིན་ཏོ། །ཡང་ཚིག་དེ་དག་དཀྱིལ་འཁོར་འཁོར་ལོ་ལ་སྦྱར་ན། ཐབས་དང་ཤེས་རབ་སྙོམས་པར་ཞུགས་པའི་འདྲེས་པ་ནི་གོང་བུར་གནས་པ། དེའི་རང་རིག་པ་ཆུ། བདེ་བ་གཟུགས། མི་རྟོག་པ་གཟུགས་ལས་འདས་པར་གནས་པ། དེ་ལྟར་དེ་དག་དགའ་བ་བཞིའི་རིམ་གྱིས་རྫོགས་པས་ན་རྫོགས་བྱང་རིམ་པའོ། །དེའི་བདེ་སྟོང་དབྱེར་མེད་ནི་རྡོ་རྗེ་འཛིན་ནོ། །དེ་དག་ནི་ཐབས་ཀྱི་རྒྱུད་དོ། །འབྲས་བུའི་རྒྱུད་ལ་སྦྱར་ན། ལོངས་སྤྱོད་རྫོགས་པའི་སྐུ་གོང་བུར་གནས་པ། ཆོས་སྐུ་ཆུ་རུ་གནས་པ། སྤྲུལ་སྐུ་གཟུགས་སུ་གནས་པ། ངོ་བོ་ཉིད་ཀྱི་སྐུ་གཟུགས་ལས་འདས་པར་གནས་པའོ། །དེ་ལྟར་ན་སྐུ་བཞི་མངོན་པར་རྫོགས་པར་བྱང་ཆུབ་པའི་རྡོ་རྗེ་འཛིན་པ་ནི་སྟོང་པ་དང་སྙིང་རྗེ་གཉིས་སུ་མེད་པའོ། །ཡང་བཞི་པོ་དེ་དག་རྒྱུའི་རྒྱུད་ལས་ཤེས་པར་བྱ་སྟེ། འདིར་ཚིག་ཏུ་སྦྱར་བ་ནི། བླ་མ་མི་གསུང་བས་མི་བརྗོད་དོ། །དེ་ལྟར་དེ་དག་གིས་རྒྱུད་གསུམ་དུ་ཡན་ལག་དང་མན་ངག་གི་བཤད་པ་ཡིན་ནོ། །རྒྱས་པར་བཤད་པ་ལ་ལྔ་སྟེ། དེ་བཞིན་ཉིད་ཀྱི་དག་པ་ཡེ་ཤེས་ཀྱི་ཚོགས་དང༌། དེའི་སྔོན་དུ་གནས་ཁྱད་པར་ཅན་དུ་གནས་ཏེ་བསོད་ནམས་ཀྱི་ཚོགས་བསག་པ་དང༌། རྫོགས་རིམ་རང་རིག་པའི་དག་པ་བསྒོམ་པའི་ཚུལ་དང༌། དེའི་རྟེན་བསྐྱེད་པའི་རིམ་པ་བསྒོམ་པའི་ཚུལ་དང༌། དེ་དག་ཤེས་བྱེད་ཁྱད་པར་ཅན་གང་ལ་བརྟེན་ཏེ་ཤེས་པར་བསྟན་པའོ། །དེ་ལ་གཞུང་དུ་དང་པོར་ཡེ་ཤེས་ཚོགས་གསུངས་ཀྱང༌། དང་པོར་ཡིད་དང་ཞེས་ཤླཽ་ཀ་གཅིག་སྦྱར་ཏེ། གནས་ཁྱད་པར་དུ་གནས་པ་རྐང་པ་གཉིས་ཀྱིས་བསྟན་ཏོ། །དེའི་ཞར་ལ་ཚོགས་ཀྱི་ཞིང་སྤྱན་དྲངས་ཏེ་མཆོད་པ་རྒྱུན་བཤགས་བྱའོ། །དེ་ནས་སྙིང་རྗེ་ཕན་པ་ཞེས་གཉིས་དངོས་སུ་སྨོས་ཀྱང་དགའ་བ་དང་བཏང་སྙོམས་ཤུགས་ལས་ཤེས་པར་བྱས་ལ་ཚད་མེད་པ་བཞི་བསྒོམ་མོ། །དེ་ནས་མཉམ་ཉིད་སེམས་ཞེས་རྐང་པ་གཉིས་སྦྱར་ཏེ། ཆོས་ཅན་ཁམས་བཅོ་བརྒྱད་རང་བཞིན་གྱིས་དག་པར་ཤེས་པར་བྱས་ལ། དག་པ་གསུམ་གྱི་སྔགས་བརྗོད་པས་སྟོང་པ་ཉིད་བསྒོམ་པ་བསྟན་ཏོ། །དེ་དག་ནི་སྤྱིའི་དོན་དུ་ཡན་ལག་གི་བཤད་པའོ། །དེའི་རྗེས་ལ་རྫོགས་རིམ་གསུངས་ཀྱང་སྔོན་ལ། དེའི་རྟེན་བསྐྱེད་པའི་རིམ་པ་འབྱུང་བས། འོག་ཏུ་ཆུའི་ཁམས་དང་ཞེས་བྱ་བ་ལ་སོགས་པ་སྦྱར་ཏེ། ཆུ་ཁམས་ནི་ཡབ་རྣལ་འབྱོར་ནམ་མཁར་བསྐྱེད་པའོ། །མེ་ཁམས་ནི་ཡུམ་ཡེ་ཤེས་མཁའ་འགྲོ་མར་བསྐྱེད་པའོ། །རོ་གཅིག་པ་ནི་ཡབ་ཡུམ་ཞལ་སྦྱོར་བའོ། །དེ་ལྟ་བུའི་སངས་རྒྱས་གཟུགས་བརྙན་དུ་བསྐྱེད་པ་ཞེས་བྱ་སྟེ། སྤྱི་དོན་དུ། མན་ངག་གི་དོན་གྱིས་བཤད་པའོ། །དེ་ལྟར་ལྷར་བསྐྱེད་ནས་རང་རིག་པའི་དག་པ་བསྒོམ་པར་བསྟན་པའི་ཕྱིར། སྤྱི་བོ་མེད་ཅེས་བྱ་བ་ལ་སོགས་པར་སྦྱར་ཏེ་འདི་དག་གི་འཁོར་ལོ་བཞི་རྩ་གསུམ་དེ་ལ་གནས་པའི་ཁམས་དྭངས་མ་དང་བཅས་པ་ཞིག་སྟོན་ཏེ། དེ་ལ་སྤྱི་བོ་མེད་པ་ནི་ཧཾ་མགོ་བཅད་པ་ལྟ་བུ་སྟེ་བདེ་ཆེན་གྱི་འཁོར་ལོའོ། །སྤྱི་བོ་ནི་ཨོཾ་རིང་པོ་སྣ་ལྡན་གྱི་ཡི་གེ་ཡིན་པས་མགོ་བསྲིངས་པ་ནི་སྤྱི་བོའོ། །སྒྲ་ནི་ཨ་ཝ་དྷཱུ་ཏཱི་ཡིན་ལ་མཐའ་ནི་དེའི་ཡ་མཐའ་སྟེ་ཧཱུྃ་ངམ་ཡང་ན་མཐའ་ནི་ཆ་སྟེ་ཧཱུྃ་ནི་ཆོས་ཀྱི་འཁོར་ལོའོ། །གསང་བའི་པདྨ་ནི་ལྟེ་བ་སྤྲུལ་པའི་འཁོར་ལོའོ། །ཆ་ནི་ཤེས་རབ་ཨཱ་ལི་ཡིན་པས་ཡི་གེ་བཅུ་དྲུག་གཡོན་སྐོར་དུ་དགོད་པའོ། །སྣ་ཚོགས་ནི་ཐབས་ཀཱ་ལི་སོ་གཉིས་གཡས་སྐོར་དུ་དགོད་པའོ། །ཡིག་འབྲུ་རྣམས་ཏེ་དེ་ལྟར་ལྟེ་བ་ལ་ཡི་གེ་དྲུག་ཅུ་རྩ་བཞི་དགོད་པ་ལྟར་འཁོར་ལོ་གཞན་ལའང་དགོད་ཅེས་བྱའོ། །སྟན་ནི་བཤང་སྒོའི་རླུང་དང་སུམ་མདོའི་མེ་སྟེ། རྒྱུད་ཕྱི་མ་ལས། སྟན་ནི་གཡོ་བ་རྣམས་ལ་གནས། །ཞེས་འབྱུང་བའི་ཕྱིར་རོ། །སྐུ་གསུང་ཐུགས་ནི་འབར་བ་དང༌། འཛག་པའི་ལམ་རྩ་གསུམ་ཡ་སྣ་སྤྱི་བོ་མ་སྣ་ལྟེ་བ་ལ་གཏད་དེ་གནས་པ་དེ་སྟོན་ཏོ། །ཆོས་ཀྱི་དབྱིངས་ནི་རྣམ་པར་འབྱེད། །ཅེས་བྱ་བ་ལ་ཆོས་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དོ། །དེ་དག་གི་དབྱིངས་ནི་རྒྱུ་སྟེ་ལྟེ་བའི་ཨྃ་ངོ༌། །དེ་ཇི་ལྟར་ན་རྒྱུ་ཡིན་ཞེ་ན། ལུས་སྐྱེད་ཅིང་སྨིན་པར་བྱེད་པའི་ཕྱིར་ཏེ། དཔེར་ན་བྷྲཱུྃ་གྱིས་གཞལ་ཡས་ཁང་བསྐྱེད་པ་བཞིན་ཏེ། རྒྱུད་ཕྱི་མ་ལས། ཆོས་ཀྱི་དབྱིངས་ནི་བྷྲཱུྃ་དུ་བརྗོད། །ཅེས་གསུངས་སོ། །དེ་རྣམ་པར་འབྱེད་པ་ནི་ཙཎྜཱ་ལཱིའི་མེས་སོ། །དེ་ལས་ཅིར་འགྱུར་ཞེ་ན། བསྡུས་ནས་ཞེས་སྨོས་ཏེ། གཞིར་གནས་པ་དང་ཡས་ཕབ་པ་ལ་སོགས་པའི་ཚུལ་བཞི་ནི་གོང་དུ་བརྗོད་པ་བཞིན་ནོ། །དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་འབྱུང་བ་བཞིའི་བདག་ཉིད་དུ་བསྟན་པའི་ཕྱིར་ཆུའི་ཁམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆུ་དང་མེ་ནི་དངོས་སུ་བསྟན་ལ། ས་རླུང་ནི་ཤུགས་ལས་ཤེས་སོ། །དེ་ལྟ་བུ་དེ་འབར་འཛག་གིས་མངོན་དུ་བྱས་པ་ལ་སངས་རྒྱས་གཟུགས་བརྙན་ལ་སོགས་ཏེ་བདུད་རྩི་དང་དབང་པོའི་དྭངས་མ་རྣམས་ཀྱང་མངོན་དུ་བྱེད་ཅེས་བྱ་བའི་དོན་ཏོ། །ཐབས་དང་ཤེས་རབ་བདག་ཉིད་སྦྱོར་ནི་ཙཎྜཱ་ལཱིའི་སྐབས་སུ་གཉིས་ལ་བྱའོ། །ཡང་ཚིག་དེ་དག་གིས་དཀྱིལ་འཁོར་འཁོར་ལོའི་གནས་པ་བཞིའང་ཤེས་པར་བྱ་སྟེ། ཞིབ་ཏུ་སྦྱར་བ་མི་གསུང་བས་མི་བརྗོད་དོ། །འདི་དག་གི་ཉམས་སུ་བླང་བ་ནི་རྒྱས་པར་བཤད་པའི་སྐབས་སུ་འཆད་པར་འགྱུར་རོ། །དེ་ལྟ་བུའི་གནས་དེ་དག་ཤེས་པར་བྱེད་པའི་ཐབས་ནི་བསྟན་བཅོས་ཞེས་བྱ་བ་ལ་སོགས་པ་ཤླཽ་ཀ་གཅིག་སྟེ་ལུང་ནི་རྒྱུད་སྡེ་ཚད་མའོ། །དེ་མ་ཉམས་པའི་བརྒྱུད་པ་ནི་བསྟན་བཅོས་ཚད་མའོ། །དེའི་གནད་མ་འཁྲུལ་བར་སྟོན་པ་ནི་སློབ་དཔོན་ཚད་མ་སྟེ་གསུམ་གྱིས་ཤེས་པར་འགྱུར་ཞེས་བྱ་བའི་དོན་ཏོ། །རབ་ཏུ་རྒྱས་པར་བཤད་པ་ནི་སྔར་གྱི་མཚན་ཉིད་ཅེས་བྱ་བ་ལ་སོགས་པ་སྟེ། དོན་ནི་སྔར་མདོར་བསྟན་གྱི་སྐབས་སུ་བཤད་པ་བཞིན་ཏེ། ཚོགས་གཉིས་སྔོན་དུ་སོང་ནས་གནས་པ་བཞིས་ལྷའི་བསྐྱེད་པ་བྱས་ལ་རྫོགས་པའི་རིམ་པ་རང་རིག་པའི་དག་པ་བསྒོམ་པ་ལས་བརྟག་པ་བརྒྱད་ཀྱི་རིམ་པ་ལས་འབྲས་བུ་འགྲུབ་པར་འགྱུར་ཞེས་བྱ་བ་སྟོན་པར་བྱེད་དོ། །འདིར་གཞུང་གི་དོན་ལ་ལྔས་ཤེས་པར་བྱ་སྟེ། ཐོག་མར་དེ་བཞིན་ཉིད་ཀྱི་དག་པས་དག་པར་བྱ་བ་དང༌། དེ་ནས་ལྷའི་དག་པ་རང་བྱིན་གྱིས་བརླབ་པ་དང་བཅས་པའི་ཚུལ་དང༌། དེ་ལ་བརྩད་པའི་སྐྱོན་སྤང་བ་དང༌། ཤེས་བྱེད་ཁྱད་པར་ཅན་ལས་ཤེས་པའི་རང་རིག་པའི་དག་པ་རྒྱས་པར་བཤད་པ་དང༌། བསྒོམས་པ་ལས་འབྲས་བུ་གྲུབ་པའི་རྟགས་དང་བཅས་པའོ། །དང་པོ་ནི་སྔར་གྱི་ཞེས་བྱ་བ་ལ་སོགས་པ་སྟེ། སྔར་གྱི་མཚན་མ་ནི་བརྟག་པ་དང་པོའི་རབ་བྱེད་དང་པོར་གཟུགས་ཀྱི་ཁམས་ནི་ཞེས་བྱ་བ་ལ་སོགས་པས་རབ་ཏུ་གཞིག་པའོ། །དེས་དག་པར་བྱས་པ་ལ་སྔགས་ཀྱིས་བརྟན་པར་བྱས་ལ་དེས་ལུས་ཀྱི་དྲི་མ་བཀྲུས་པའོ། །དེའི་སྔོན་དུ་བསོད་ནམས་ཀྱི་ཚོགས་བསགས་པ་འགྲོ་བ་ཡིན་པས་ཡན་ལག་བདུན་དང་ཚད་མེད་བཞི་སྔོན་དུ་བཏང༌། དེ་ནས་ཡེ་ཤེས་ཀྱི་ཚོགས་བསག་པ་འདི་བྱའོ། །དེའི་རྗེས་ལ་ལྷའི་དག་པ་བསྒོམ་པ་ནི། རྫོགས་པའི་ཞེས་བྱ་བ་ལ་སོགས་པ་སྟེ། འདི་ལ་བཞི། དམ་ཚིག་པ་བསྐྱེད་པ་གོང་བུར་གནས་པ་དང༌། སྙིང་གར་ས་བོན་དགོད་པ་གོ་འཕང་དུ་ཆུར་གནས་པ་དང༌། དེ་ལ་ཡེ་ཤེས་པ་བསྐྱེད་པ་གཟུགས་སུ་གནས་པ་དང༌། དེ་ལ་ཏིང་ངེ་འཛིན་སེམས་དཔའ་བསྒོམ་པ་གཟུགས་ལས་འདས་པར་གནས་པ་བསྒོམ་པའོ། །དང་པོ་ནི་རྫོགས་པའི་བྱང་ཆུབ་སྟེ། དེ་ལྟར་སྟོང་པའི་ངང་ལས་པྃ་ལས་པདྨ་ཨ་ལས་ཟླ་བའི་སྟེང་དུ་མངོན་པར་བྱང་ཆུབ་པ་ལྔ་ལས་བསྐྱེད་དོ་ཞེས་སྟོན་པ་ནི། རྫོགས་པའི་བྱང་ཆུབ་ཅེས་རྐང་པ་གཉིས་སོ། །དེ་ལས་ལྷ་ཉིད་གང་བསྐྱེད་ཅེ་ན། ཡེ་ཤེས་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་སྟེ། ཡུམ་འབའ་ཞིག་གམ་ཡང་ན་ཡབ་རྣལ་འབྱོར་ནམ་མཁའ་དང་བཅས་པ་བསྒོམ་པ་ནི་གོང་བུར་གནས་པའོ། །གོ་འཕང་དུ་གནས་པ་ནི་ཆུ་ཤིང་མེ་ཏོག་ཅེས་རྐང་པ་གཉིས་ཏེ། བདག་གི་ཐུགས་ཀར་ཟླ་བའི་དབུས་སུ་ཧཱུྃ་བསྒོམ་པ་སྟོན་ཏོ། །འདི་ལ་བརྟེན་ཏེ་ཙཎྜཱ་ལཱིའི་རྣལ་འབྱོར་བདུན་པ་བླ་མས་འཆད་པར་འགྱུར་རོ། །གཟུགས་སུ་གནས་པ་ནི་ཧཱུྃ་དེ་ཡོངས་སུ་གྱུར་པ་ལས་ཡེ་ཤེས་སེམས་དཔའ་མཚོན་གང་བ་བསྒོམ་པ་ནི་ལངས་ནས་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །བཞི་པ་གཟུགས་ལས་འདས་པར་གནས་པ་ནི་ཡེ་ཤེས་སེམས་དཔའ་དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་བསྒོམ་པ་སྟེ། དེ་ནི་དེའི་དབུས་སུ་ཞེས་བྱ་བ་ཡེ་ཤེས་སེམས་དཔའི་ཐུགས་ཀར་རོ། །རྣམ་ཤེས་ནི་ཐབས་ཀྱི་བདག་ཉིད་ཧའོ། །ཡེ་ཤེས་ནི་ཤེས་རབ་ཀྱི་བདག་ཉིད་ཨུ་དང་ཨཱྃ་སྦྱར་བ་སྟེ་ཧཱུྃ་བསྒོམ་ཞེས་བྱ་བའི་དོན་ཏོ། །དེ་ལས་གཞན་ཅི་བསྒོམ་ཞེ་ན། དང་པོར་ཤར་གྱི་འདབ་མ་ལ། །ཞེས་བྱ་བ་ལ་སོགས་པ་སྟེ། མི་བསྐྱོད་པ་ནི་ཨ་ཐུང་ངུའོ། །རིན་ཆེན་ས་བོན་ནི་ཨཱ་རིང་པོའོ། །འོད་དཔག་མེད་ཀྱི་ས་བོན་ནི་ཨཱྃ་ངོ༌། །དོན་ཡོད་ནི་ཨཿའོ། །དེ་དག་བསྡུས་ཏེ་བསྟན་པ་ནི་དབྱངས་ཀྱི་དང་སོགས་ཏེ་དང་པོ་གཉིས་དང་ཐ་མ་གཉིས་སོ། །ཟླ་བ་ཐིག་ལེ་ཇི་བཞིན་ནི་དེ་ཐམས་ཅད་ལ་ཟླ་ཚེས་ཐིག་ལེ་དང་བཅས་པའོ། །ཞེས་བྱའོ། །ཡང་ན་རིགས་ལྔའི་ས་བོན་ནི་བྷྲཱུྃ་ཨཱཾ་ཛྲཱིཾ་ཁཾ་ཧཱུྃ་ཞེས་བྱ་བ་དེ་ཉིད་དུའང་བཤད་པར་བྱའོ། །མཚམས་སུ་མ་ནིང་བཞི་དགོད་དེ་དེ་ལྟར་ན་ཡི་གེ་དགུ་དགོད་པའོ། །དེའི་དབུས་སུ་ཞེས་བྱ་བ་ནི་ཡེ་ཤེས་སེམས་དཔའི་ཐུགས་ཀར་རོ། །དེ་ལྟར་ཡི་གེ་དགུ་བསྒོམ་པ་ནི་གཟུགས་ལས་འདས་པར་གནས་པའོ། །འདི་ལ་ཙཎྜཱ་ལཱིའི་རྣལ་འབྱོར་བརྒྱད་པ་ནི་བླ་མའི་ཞལ་ལས་ཤེས་སོ། །བརྩད་པའི་སྐྱོན་སྤང་བ་ལ་གསུམ་སྟེ། རྒོལ་བ་དགོད་པ་དང༌། དེའི་ལན་གདབ་པ་དངོས་དང༌། ཞར་ལ་བསྒོམས་པ་ལས་འབྲས་བུ་འགྲུབ་པར་བསྟན་པའོ། །དང་པོ་ནི་སེམས་ལ་ཞེས་བྱ་བ་ཤླཽ་ཀ་གཅིག་སྟེ། དོན་དམ་པར་ཆོས་ཐམས་ཅད་ཅིར་ཡང་མ་གྲུབ་པ་ཡིན་པས་གང་ལྟར་ཡང་བསྒོམ་དུ་མེད་པ་ཡིན་ན། དེ་ལ་ས་བོན་གྱི་ཡི་གེ་དང་ལྷ་བསྐྱེད་པའི་རྣལ་འབྱོར་ཅི་སྟེ་མི་བཏུབ་བོ་ཞེས་དྲི་བའོ། །དེའི་ལན་ནི་བཅོམ་ལྡན་ཞེས་བྱ་བ་ལ་སོགས་པ་སྟེ། དོན་དམ་པར་སྙིང་པོ་མེད་ཀྱང་ཀུན་རྫོབ་ཏུ་ལྷའི་རྣམ་པ་མི་འགལ་བའི་འབྲས་བུ་འབྱུང་བའི་དཔེ་ནི་སྙིང་པོ་མེད་པ་ཞེས་བྱ་བ་རྐང་པ་གཉིས་སོ། །དེ་ཉིད་དོན་ལ་སྦྱར་བ་ནི་འབྲས་བུ་རྣམ་ཤེས་ཞེས་བྱ་བ་ལ་སོགས་པ་སྟེ་ཚིག་གི་དོན་གོ་སླའོ། །དེ་ལྟ་བུའི་ལམ་བསྒོམས་པ་ལས་འབྲས་བུ་འབྱུང་བར་བསྟན་པ་ནི་དེ་དབུས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་དེ་བཞིན་ཉིད་ཀྱི་དག་པ་ཅིར་ཡང་མ་གྲུབ་པ་ལས་ནི་ལྷའི་དག་པ་བསྐྱེད་ལ། ལྷ་དེའི་དབུས་ཏེ་དེའི་ངོ་བོ་ནི་སྟོང་པ་ཉིད་དེ་རང་རིག་པའི་དག་པ་བསྒོམ་པ་རྣལ་འབྱོར་པས་གཟུང་ངོ༌། །ཇི་ལྟར་མཚན་ཉིད་དེ་མཚོན་པར་བྱེད་པའི་ཐབས་སོ། །ཤེས་ནའང་ཞེས་བྱ་བ་ནི་ཐབས་སྤྲོས་པ་དང་བཅས་པ་ལྟ་བུར་སྣང་ནའང་མི་འགལ་ཞེས་བྱ་བའི་དོན་གྱི་ཕྱིར་ཡང་ཞེས་སྨོས་ཏེ། ཇི་ལྟར་མི་འགལ་ན་མཉམ་ཉིད་ཡེ་ཤེས་སེམས་ཀྱིས་ཏེ། མཚོན་བྱེད་དེ་ལ་བརྟེན་ནས་མཚོན་བྱ་གཉིས་མེད་ཀྱི་ཡེ་ཤེས་རྟོགས་པས་སོ། །དེས་ན་བྱང་ཆུབ་ཀྱི་ལམ་མཐོང་བར་འགྱུར་ཞེས་བྱ་བའི་དོན་ཏོ། །བཞི་པ་ཤེས་བྱེད་ཁྱད་པར་ཅན་གང་ལས་ཤེས་ཏེ་རང་རིག་པའི་དག་པ་ཅི་ཞིག་བསྒོམ་པ་ལ་ལྔ་སྟེ། གང་ལ་བརྟེན་ཏེ་བསྒོམ་པ་དང༌། བསྒོམ་པའི་ཚུལ་དངོས་དང༌། ཐབས་དེ་ལྟ་བུ་སྟོན་པའི་གཞུང་ངམ་ཤེས་བྱེད་ཁྱད་པར་དུ་འཕགས་པར་བསྟེན་པ་དང༌། ཆོས་ཐམས་ཅད་ཀྱི་རྩ་བ་ཡིད་ཡིན་པར་བསྟན་པ་དང༌། དེ་བས་ན་ཡིད་ཀྱི་བཟླས་པས་འགྲུབ་པར་བསྟན་པའོ། །དང་པོ་ནི་བླ་མའི་ཞེས་པ་ཤླཽ་ཀ་གཅིག་གིས་ཏེ་གོ་སླའོ། །གཉིས་པ་ལ་བཞི་སྟེ། བདེ་ཆེན་འཁོར་ལོ་ལས་ཐིག་ལེ་འཛག་པའི་རྣལ་འབྱོར་དང༌། སྙིང་གའི་ཧཱུྃ་ལས་སྒོ་བཅུའི་ཐིག་ལེ་དབབ་པ་དང༌། སྙིང་གའི་ཧཱུྃ་ལས་སྒོ་མཐའ་དག་གི་ཐིག་ལེ་དབབ་པ་དང༌། སྙིང་གར་ཚངས་བུག་གི་ཐིག་ལེ་དབབ་པའི་རྣལ་འབྱོར་རོ། །དང་པོ་ནི། འདི་ཡི་བསྒོམ་པ་ཐམས་ཅད་ཀྱི། །ཞེས་བྱ་བ་ཤླཽ་ཀ་ཕྱེད་དང་གཉིས་ཀྱིས་སྟོན་ཏོ། །གཉིས་པ་ནི་སྙིང་གི་ས་བོན་པད་དབུས་ཞེས་བྱ་བ་ཤླཽ་ཀ་གཉིས་ཀྱིས་སྟོན་ཏོ། །གསུམ་པ་ནི་སྐྲའི་རྩེ་མོ་ཞེས་པ་ཤླཽ་ཀ་ཕྱེད་དང་གཉིས་ཀྱིས་བསྟན་ཏོ། །བཞི་པ་ནི། སྙིང་ལ་ཚངས་པའི་སྒོ་ཡི་ནི། །ཞེས་པ་ཤླཽ་ཀ་གཅིག་གིས་བསྟན་ཏེ། བླ་མའི་མན་ངག་བརྩོན་པ་ཡིས། །ཞེས་བྱ་བ་ནི་བླ་མའི་ཞལ་ལས་རྙེད་པའི་གནད་ཀྱི་གདམས་ངག་གིས་ཤེས་པར་བྱས་པ་དེ་ལྟར་བསྒོམ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་ཐིག་ལེའི་རྣལ་འབྱོར་བཞི་པོ་འདི་དག་གིས་ཉམས་སུ་བླང་བའང་བླ་མའི་ཞལ་ལས་བཙལ་བར་བྱའོ། །གསུམ་པ་དེ་ལྟར་གནད་སྟོན་པ་འདི་ཤེས་བྱེད་ཁྱད་པར་དུ་འཕགས་པར་བསྟན་པ་ནི། ལམ་གྱི་ཕྱི་རོལ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་གསུམ། ལམ་གཞན་དམན་པ་ཡིན་པ་དང༌། འདི་མཆོག་ཡིན་པ་དང༌། དེས་ན་འདི་བསྒོམ་པར་བསྟན་པའོ། །དང་པོ་ནི་འདི་སྙམ་དུ་རྟོགས་ཏེ། དེ་ལྟར་སེམས་ཀྱི་དམིགས་པ་ཐིག་ལེ་ལ་གཏད་པ་ལ་སོགས་པ་ཅི་བྱ་ཐ་སྙད་གཏན་ལ་འབེབས་པའམ། མཚན་ཉིད་གཏན་ལ་འབེབས་པ་ལ་སོགས་པ་འདི་དག་མཆོག་ཡིན་ནོ་སྙམ་པ་ལ་ཕྱི་རོལ་ལམ་གྱི་བསྟན་བཅོས་ཀྱང་མ་ཡིན་ཞེས་སྨོས་ཏེ། ཕྱི་རོལ་ནི་རྣལ་འབྱོར་པས་ཕྱི་རོལ་པ་སྒྲ་དང་མཚན་ཉིད་ལ་སོགས་པའོ། །མ་ཡིན་པ་ནི་དེ་ཁོ་ན་རྟོགས་པ་མ་ཡིན་པའོ། །ཇི་ལྟར་མ་ཡིན་སྙམ་ན་རིང་བར་གྱུར་པ་སྟེ། བསྐལ་པ་བསམ་གྱིས་མི་ཁྱབ་པ་ཐོགས་སོ། །ཅིའི་ཕྱིར་རིང་སྟེ་ལམ་དེ་དག་ལས་གནས་ལུགས་ལ་སོགས་པ་མང་དུ་བསྟན་ཏོ་སྙམ་པ་ལ། མང་དུ་བསྟན་པ་ནི་བདེན་ཏེ་བསྟན་བཅོས་ཏེ་ལོ་རྒྱུས་སོ། །དེ་རྙེད་སླའང་སྦྱོར་བ་སྟེ་གནད་ཀྱི་གདམས་ངག་མེད་ཅེས་བྱ་བའི་དོན་ཏོ། །གཉིས་པ་ལམ་འདི་མཆོག་ཡིན་པ་ན། རྣལ་འབྱོར་པ་ཡི་ཐབས་ཀྱིས་ནི། །ཞེས་བྱ་བ་ལ་སོགས་པ་སྟེ། དེས་ན་དེ་ཁོ་ན་ཉིད་རྟོགས་པར་བྱེད་པའི་ཐབས་གཉིས་ཏེ། དཔེ་དང་སྤྱིའི་རྣམ་པ་ཙམ་སྟོན་པ་དང༌། དེ་རྟོགས་པའི་གནད་སྟོན་པའོ། །དཔེར་ན་རྒྱ་མཚོ་ཆེན་པོ་སྟོན་པ་ལ་ཆུ་མང་བ་ཞེས་བྱ་བ་ལ་སོགས་པ་སྟོན་པ་དང༌། ལམ་འདི་ནས་སོང་ཤིག་ཅེས་བྱ་བའི་གནད་སྟོན་པའོ། །དང་པོ་ནི་མཚན་ཉིད་ཀྱི་བསྟན་བཅོས་སོ། །གཉིས་པ་ནི་རྣལ་འབྱོར་གྱི་བསྟན་བཅོས་ཞེས་བྱ་བའི་དོན་ཏོ། །གསུམ་པ་དེས་ན་འདི་བསྒོམ་པར་བསྟན་པ་ནི་མཉམ་གཞག་ཅེས་རྐང་པ་གཉིས་ཏེ། སེམས་མི་གཡོ་ཞིང་འཚེ་བ་མེད་པར་སྒོམས་ཞེས་བྱ་བའི་དོན་ཏོ། །དེ་ལྟར་སེམས་མཉམ་པར་གཞག་པ་ཉིད་ལ་དགོས་པ་ཅི་ཡོད་སྙམ་པ་ལ། བཞི་པ་ཆོས་ཐམས་ཅད་ཀྱི་རྩ་བ་ཡིད་ཡིན་པའི་ཕྱིར་རོ་ཞེས་སྟོན་པ་ནི། ཡིད་ནི་ཞེས་བྱ་བ་ཤླཽ་ཀ་ཕྱེད་དང་གཉིས་ཀྱིས་སྟོན་ཏེ། དེ་ལ་ཡིད་ནི་ཆོས་རྣམས་ཀྱི་སྔོན་དུ་འགྲོ་ཞེས་བྱ་བ་ནི་དགེ་བའམ་མི་དགེ་བ་ཅི་བྱེད་ཀྱང་ཡིད་མ་སོང་བར་ལས་སུ་འགྱུར་བ་མེད་དེ། དགེ་བའམ་ཡང་ན་མི་དགེ་བའི། །ལས་ནི་སེམས་ཀྱིས་བྱས་པ་ཡིན། །ཞེས་བཤད་པ་ལྟ་བུའོ། །དེ་ལྟར་ལས་བྱེད་པ་དེ་རང་བཞིན་གྱིས་མ་དག་ན་སྦྱང་དུ་མི་རུང་བ་ཞིག་ན་ཡིད་ནི་དག་ཅེས་སོ། །དེ་ལ་ཡིད་རྟོགས་ན་ཐམས་ཅད་ཐོགས་པ་མེད་པར་འགྲུབ་པས་ཡིད་ལྟར་མགྱོགས་སོ། །དེས་ན་ཐམས་ཅད་ཡིད་ལས་བྱུང༌། །ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་ཡིད་ཀྱི་བཟླས་པས་འགྲུབ་པར་བསྟན་པའི་ཕྱིར། སྙིང་གར་སེམས་བསྒོམ་ཞེས་བྱ་བ་ལ་སོགས་པའང་གལ་ཏེ་འདོད་ན་ཞེས་རང་གི་ཡིད་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འདོད་ནའོ། །དེ་ཉིད་ནི་སྙིང་གར་སེམས་བསྒོམ་སྡོམ་པ་སྟེ་རྣམ་པར་རྟོག་པ་དང་བྲལ་བའོ། །དེ་འདོད་ན་བཟླས་ཞེས་བྱ་བའི་དོན་ཏོ། །གལ་ཏེ་བཟླས་པ་ཉིད་ཇི་ལྟར་བྱ། །ཨོཾ་ཨཱཿཧཱུྃ་ལ་སོགས་པ་བྱའམ་ཞེ་ན། རྒྱུར་གྱུར་པའི་ས་བོན་ནི། །ཡིད་དེ་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་རྩ་བའི་ཕྱིར་རོ། །དེ་ཉིད་ནི་དཔྱད་པ་སྟེ། རྟོག་པས་མི་རྟོག་སྟེ་ཇི་ལྟར་དཔྱད་པ་དེ་ལྟར་རྟོགས་པར་འགྱུར་བའི་ཕྱིར་རོ། །དེས་ན་ལུང་ལས་ཀྱང༌། གང་ཕྱིར་ཡིད་ཀྱིས་མི་བསྒོམ་ཞེས་གསུངས་སོ། །འོ་ན་ཡིད་ཉིད་ལ་དཔྱད་ཅིང་བསྒོམ་སྙམ་པ་ལ་འབྲས་བུ་རྒྱུའི་ས་བོན་ཞེས་སྨོས་ཏེ། འབྲས་བུ་ནི་ཡིད་ལས་བྱུང་བའི་ཕྱིར་རོ། །རྒྱུའི་ས་བོན་ནི་ཡང་དེ་ཉིད་ཀྱིས་ཡིད་ཀྱི་རྟོག་པ་སྐྱེད་པར་བྱེད་པ་ཉིད་ཀྱིས་རྒྱུའི་ས་བོན་ནོ། །དེ་རྣམས་ཀྱི་དེ་ཉིད་ནི་ཡིད་ཡིན་ཏེ་རྟོགས་པར་མི་ནུས་སོ། །འོ་ན་གལ་ཏེ་ཡུལ་དང་ཡུལ་ཅན་ལས་རྣམ་པར་གྲོལ་བ་དེ་ལས་རང་བྱང་ཆུབ་པ་དགོས་ལ་བྱང་ཆུབ་པ་དེ་རྣམས་ལས་གྲོལ་བའི་བཟླས་པ་དགོས་པས་ནམ་ཡང་མི་གྲོལ་ལམ་སྙམ་ན། བདེན་མོད་ཡིད་ཉིད་ལ་ཆེད་དུ་གཏད་པ་བཙན་ཐབས་དང་ཆེད་དུ་གཏད་པས་མི་བསྒོམ་ཞེས་བྱའི། གང་ལའང་མི་རྟོག་བཞིན་ཡུལ་ཉིད་ལ་བསྒོམ་པའི་མཆོག་ཡིན་ཏེ། ལུང་ལས་ཀྱང༌། གང་ཕྱིར་ཡིད་ཀྱིས་མི་བསྒོམ་པར། །འགྲོ་བ་ཐམས་ཅད་བསྒོམ་པར་བྱ། །ཞེས་གསུངས་སོ། །དེའི་ཕྱིར་གཟུགས་སོགས་ཞེས་རྐང་པ་གཉིས་སྨོས་སོ། །གལ་ཏེ་མི་རྟོག་ན་ལྷ་དེ་ལྟར་འགྱུར་ཡང༌། མི་རྟོག་པ་ཉིད་གང་གིས་སྐྱེད་སྙམ་པ་ལ། ནང་གི་བཟླས་པ་ཉིད་ཀྱིས་སྐྱེད་པར་བྱེད་དོ་ཞེས་བསྟན་པའི་ཕྱིར་སྤྱི་བོ་སྤྱི་མེད་ཅེས་བྱ་བ་ལ་སོགས་པ་རྐང་པ་དྲུག་གསུངས་ཏེ། འདི་ནི་མདོར་བསྟན་གྱི་སྐབས་སུ་འཁོར་ལོ་བཞི་གསུངས་པ་དེའི་རྒྱས་པར་བཤད་པ་སྟེ། འདིའི་ཉམས་སུ་བླང་བ་ཙཎྜཱ་ལཱིའི་རྣལ་འབྱོར་བཅུ་པ་སྟེ། བླ་མ་ལས་རྙེད་པར་འགྱུར་རོ། །དེ་ལྟ་བུ་དེ་ཡིད་ཀྱི་བཟླས་པ་ཞེས་བྱ་སྟེ། ཡིད་རྟོགས་པའི་ཐབས་ཡིན་པ་དང༌། འཁོར་བར་བྱེད་པའི་ཕྱིར་བཟླས་པ་ཡིན་གྱི་དེ་ལ་ཕྱི་རོལ་གྱི་ཨ་ཧྃའུ་ལ་སོགས་པའི་ངག་རྣམ་པར་སྤང་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རང་རིག་པའི་དག་པ་རྒྱས་པར་བཤད་ནས། ལྔ་པ་དེ་དག་ལས་འབྲས་བུ་གྲུབ་པ་རྟགས་དང་བཅས་པ་བསྟན་པ་ནི། ངེས་པར་རྟག་ཏུ་གོ་འཕང་གནས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལ་གཉིས་ལས་འབྲས་བུ་དངོས་ཆོས་ཀྱི་སྐུའི་མཚན་ཉིད་བསྟན་པ་ནི་རྐང་པ་དྲུག་གོ །དེ་རྟགས་བརྒྱད་ཀྱི་རིམ་པ་ལས་གྲུབ་པར་བསྟན་པ་ནི། དང་པོ་མཚན་མ་ཞེས་བྱ་བ་ལ་སོགས་པ་ཤླཽ་ཀ་བཞི་གསུངས་ཏེ། ཚིག་གི་དོན་གོ་སླའོ། །རྟགས་འདི་རྣམས་ལ་སློབ་དཔོན་ཨིནྡཱ་བྷཱུ་ཏིས་དང་པོས་ནི་དམྱལ་བའི་གནས་སྦྱངས། གཉིས་པས་ཡི་དྭགས། གསུམ་པས་དུད་འགྲོ། བཞི་པས་འདོད་ཁམས། ལྔ་པས་གཟུགས་ཞེས་བྱ་བར་གསུངས་སོ། །ད་ལྟར་མཉམ་པར་གཞག་པའི་དུས་ཀྱི་དག་པ་གསུམ་བསྟན་ནས། རྗེས་སྤྱོད་ཀྱི་དག་པ་གསུམ་བསྟན་པའི་ཕྱིར་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་མཉམ་གཞག་གི་དུས་ཀྱི་དག་པ་གསུམ་བསྒོམས་ལ། དེ་ནས་རྗེས་སྤྱོད་ལ་འདི་ལྟར་སྤྱད་པ་གཞུག་པར་བྱ་ཞེས་བྱ་བའི་དོན་ཏོ། །དེ་ལ་སྤྱིར་དག་པ་ཞེས་བྱ་བ་ནི་དེའི་ངོ་བོ་ཉིད་ཡིན་པ་ལ་དག་པར་གཞག་སྟེ། དཔེར་ན་དེ་བཞིན་ཉིད་ཀྱི་དག་པ་ལྟ་བུའོ། །དྲི་མ་ཞིག་དག་པ་ལ་དག་པར་གཞག་སྟེ། ཐ་མལ་པ་སྦྱངས་པ་ལྟ་བུའོ། །དེའི་མཚོན་བྱེད་ལ་དག་པར་གཞག་སྟེ། ཕྱག་ནི་དག་པ་སྟོང་པ་ཉིད་ལྟ་བུའོ། །དེའང་འདིར་དག་པ་དགུར་ཤེས་པར་བྱ་སྟེ། རྒྱུའི་རྒྱུད་ཀྱི་དག་པ་གསུམ། ཐབས་ཀྱི་རྒྱུད་ཀྱི་གསུམ། འབྲས་བུའི་རྒྱུད་ཀྱི་གསུམ་མོ། །དང་པོ་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དེ་ལྟ་བུ་ཡིན་པ་ནི་དེ་བཞིན་ཉིད་ཀྱི་དག་པ། ལུས་ཞལ་ཕྱག་གི་རྣམ་པར་གྲུབ་པ་ནི་ལྷ་སོ་སོའི་དག་པ། ཅིར་སྣང་ཐམས་ཅད་རང་གི་སེམས་ལས་མ་གཏོགས་པའི་སྣང་བ་མེད་པ་ནི་རང་རིག་པའི་དག་པའོ། །ལམ་གྱི་དག་པ་གསུམ་ནི་རྟོགས་པའི་ལྟ་བ་དེ་བཞིན་ཉིད་ཀྱི་དག་པ། བསྐྱེད་རིམ་ལྷ་སོ་སོའི་དག་པ། རྫོགས་རིམ་རང་རིག་པའི་དག་པའོ། །འབྲས་བུའི་རྒྱུད་ཀྱི་དག་པ་གསུམ་ནི། ཆོས་སྐུ་དེ་བཞིན་ཉིད་ཀྱི་དག་པ། གཟུགས་སྐུ་གཉིས་ལྷ་སོ་སོའི་དག་པ། ངོ་བོ་ཉིད་ཀྱི་སྐུ་རང་རིག་པའི་དག་པའོ། །དེ་ལྟར་དགུའོ། །གལ་ཏེ་ལམ་གྱི་དག་པ་གསུམ་དང་མཉམ་གཞག་གི་དག་པ་ལ་ཁྱད་མེད་དོ་སྙམ་ན། བདེན་མོད། རྗེས་སྤྱོད་ཀྱི་དག་པ་ཞེས་བྱ་བ་ནི། དེ་ལྟར་དག་པ་དགུ་པོ་ཐམས་ཅད་ལམ་གྱི་དག་པའི་སྟེང་དུ་དྲིལ་ནས། དཔེར་ན་ལམ་བསྐྱེད་རིམ་ལྟ་བུས་ཀྱང་སྦྱང་གཞི་ནི་འདི་ལྟར་སྦྱོང༌། འབྲས་བུ་ཐོབ་བྱ་ནི་འདི་ལྟར་ཐོབ། རྟོགས་དོན་ནི་འདི་ལྟར་རྟོགས་ཞེས་ལྷག་མཐོང་གི་དོན་ལ་བསྐྱེད་པ་ལ་རྗེས་སྤྱོད་ཀྱི་དག་པ་ཞེས་བྱའོ། །སྤྱིའི་དོན་ཏོ། །གཞུང་ལ་བརྒྱད་དེ། མཉན་པར་གདམས་པ་དང༌། དེ་བཞིན་ཉིད་ཀྱི་དག་པ་དང༌། ལྷའི་དག་པ་མདོར་བསྟན་པ་དང༌། དག་པ་དགོས་པའི་འཐད་པ་མདོར་བསྟན་པ་དང༌། རང་རིག་པའི་དག་པ་མཆོག་ཏུ་བསྟན་པ་དང༌། དག་པ་དགོས་པའི་འཐད་པ་རྒྱས་པར་བཤད་པ་དང༌། ལྷའི་དག་པ་རྒྱས་པར་བཤད་པ་དང༌། མ་དག་པའི་སྐྱོན་དང་དག་པའི་ཕན་ཡོན་བསྟན་པའོ། །དང་པོ་ནི་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་རྐང་པ་གཉིས་སོ། །གཉིས་པ་ནི་ངེས་པར་ཞེས་བྱ་བ་རྐང་པ་གཉིས་སོ། །གསུམ་པ་ནི་ཕྱི་ནས་ཞེས་བྱ་བ་རྐང་པ་གཉིས་སོ། །བཞི་པ་ནི་ལུས་ཅན་རྣམས་ཀྱི་ཞེས་བྱ་བ་ཤླཽ་ཀ་གཅིག་སྟེ། འདི་ལྟར་མ་དག་པ་ཅིག་དག་པར་བྱ་བར་མི་ནུས་ཏེ། སོལ་བ་ནག་པོ་བདར་ཡང་དཀར་པོར་མི་འགྱུར་རོ་ཞེས་བྱ་བའི་སྐྱོན་སྤང་བ་ནི་རང་བཞིན་གྱིས་དག་པར་སྟོན་པ་རྐང་པ་གསུམ་མོ། །འོ་ན་དག་ན་དག་པ་དོན་མེད་དོ་ཞེས་བྱ་བའི་སྐྱོན་སྤོང་བ་རྐང་པ་གཅིག་གོ །ལྔ་པ་ནི་རང་རིག་པ་རྐང་པ་གཉིས་སོ། །དྲུག་པ་གོང་དུ་བསྟན་པའི་དག་པ་དགོས་པའི་འཐད་པ་རྒྱས་པར་བཤད་པ་ནི་ཡུལ་གྱི་དངོས་པོ་ཞེས་བྱ་བ་ལ་སོགས་པའོ། །བདུན་པ་ལྷ་སོ་སོའི་དག་པ་དངོས་རྒྱས་པར་བཤད་པ་ནི། གཟུགས་ནི་སངས་རྒྱས་ཞེས་བྱ་བ་ལ་སོགས་པའོ། །བརྒྱད་པ་ནི་འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྟེ། མ་དག་ན་སྲིད་པར་འགྱུར་ཏེ། དངོས་པོ་བདེན་པར་འཛིན་པ་ལས་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་ལ་སོགས་པ་ལས་རིམ་གྱིས་སྲིད་པར་སྐྱེ་བར་འགྱུར། དག་པར་བྱས་ན་རྒྱུ་མངོན་ཞེན་མ་སྐྱེས་པས་འབྲས་བུ་ལས་རྒྱུ་འབྲས་འགགས་པས་མྱ་ངན་ལས་འདས་པ་འཐོབ་ཅེས་བྱ་བའི་དོན་ཏོ། །རྣམ་པར་དག་པ་ནི་མཉམ་རྗེས་གཉིས་སུའོ། །ལྔ་པའི་རབ་ཏུ་བྱེད་པ་གཉིས་པའི་བཤད་པའོ།། །།དེ་ལྟར་རང་བྱིན་གྱིས་བརླབ་པ་བསྒོམས་པས་དྲོད་ཐོབ་པར་འགྱུར་བའི་རྣལ་འབྱོར་པ་རྣམས་ཀྱིས་སྤྱོད་པས་ནི་མི་རྟོག་པའི་ཏིང་ངེ་འཛིན་གོང་ནས་གོང་དུ་བསྐྱེད་དོ་ཞེས་བྱ་བ་འདིས་བསྟན་པའི་ཕྱིར། དེ་ནས་སྤྱོད་པས་ཞེས་བྱ་བ་ལ་སོགས་པའི་རབ་ཏུ་བྱེད་པ་གཉིས་གསུངས་སོ། །དེ་ལ་རབ་ཏུ་བྱེད་པ་འདི་གཉིས་ཀྱི་བརྗོད་པར་བྱ་བའི་དོན་ནི་གང༌། རྗོད་བྱེད་ཀྱི་སྒྲ་ནི་གང༌། མངོན་པར་རྟོགས་པ་ནི་གང༌། རྒྱུད་སྡེ་གཞན་གང་གི་བཤད་པའི་རྒྱུད་དུ་འགྱུར་བ་ཡིན་ན། དེ་ལ་བརྗོད་པར་བྱ་བའི་དོན་ནི་ཐབས་གཉིས་ལ་བརྟེན་པའི་སྦས་པ་སྟེ། སྦས་པའི་ཡེ་ཤེས་གསལ་བར་བྱེད་པའི་ཕྱིར་རོ། །རྗོད་བྱེད་ཀྱི་སྒྲ་ནི་སྐབས་ཀྱི་སྟོབས་ཀྱིས་གསུམ་ཀ་འཇུག་གོ །མངོན་པར་རྟོགས་པ་ནི་ཐབས་ཀྱི་རྒྱུད། དེ་ལས་ཀྱང་མཆོག་གི་མངོན་པར་རྟོགས་པ། དེ་ལ་ལྔ་ལས་རིམ་པ་གཉིས་ལ་གནས་པས་དྲོད་ཐོབ་ནས་སྤྱོད་པ་སྤྱད་པ་ཞེས་བྱ་བ་བཞི་དང་འབྲེལ་ལོ། །དེ་ལ་སྤྱིར་སྤྱོད་པ་ལ་རྣམ་པར་གཞག་པ་དྲུག་གིས་ཤེས་པར་བྱ་སྟེ། སྤྱོད་པ་བྱེད་པའི་གང་ཟག་དང༌། སྤྱོད་པ་རང་གི་ངོ་བོ་དང༌། སྤྱོད་པའི་རབ་ཏུ་དབྱེ་བ་དང༌། སོ་སོའི་མཚན་ཉིད་དང༌། སྤྱོད་པ་གཉིས་ཀྱི་དགོས་པ་དང༌། སྤྱོད་པ་སྤྱད་པའི་དུས་དང་བསྒྲུབ་པའི་རིམ་པ་དང་བཅས་པའོ། །དང་པོ་ནི་སྤྱིར་མཆོག་གི་དངོས་གྲུབ་ཁོ་ན་འདོད་པ་དང༌། སེམས་ཉམས་ཀྱི་དྲོད་སྐྱེས་པ་དང༌། ཁྱད་པར་དུ་སྤྱོད་པ་ལ་བརྟེན་ཏེ་འགྲུབ་པར་འདོད་པ་ཞེས་བྱ་བ་ཡིན་ཏེ། ཅུང་ཟད་དྲོད་ནི་ཐོབ་པ་ན། །གལ་ཏེ་སྤྱོད་པ་བྱེད་འདོད་པས། །གལ་ཏེ་འགྲུབ་འགྱུར་འདོད་ཡོད་ན། །འདིས་ནི་སྤྱོད་པ་སྤྱད་པ་ཉིད། །ཅེས་བཤད་དོ། །གཉིས་པ་སྤྱོད་པ་ཞེས་བྱ་བ་རང་གི་ངོ་བོ་ནི། ནང་དུ་དེ་ཁོ་ན་ཉིད་ཀྱི་རྟོགས་པ་དང་ལྡན་ནས་ཕྱི་རོལ་ཏུ་ལུས་ངག་གཡོ་ཞིང་རྒྱུ་བའི་ཁྱད་པར་ཞེས་བྱ་བ་ཡིན་ཏེ། འཇིག་རྟེན་པའི་སྤྱོད་པ་ནས་བསྐྱེད་རིམ་གྱི་བར་གྱིས་སྤྱོད་པ་ལས་ཁྱད་པར་དུ་གྱུར་པ་ཡིན་ནོ། །མདོར་ན་རྫོགས་པའི་རིམ་པ་ལ་བརྟན་པ་ཆེར་ཐོབ་པའི་དམ་ཚིག་ཡིན་ཏེ། དམ་ཚིག་སངས་རྒྱས་མཛད་པ་གང༌། །ཞེས་འཆད་པར་འགྱུར་རོ། །གསུམ་པ་སྤྱོད་པ་དེ་ལ་དབྱེ་ན་གཉིས་ཏེ། ཨ་ཝ་དྷཱུ་ཏཱིའི་སྤྱོད་པ་དང༌། ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་ཞེས་ཀྱང་བྱ། ཀུན་འདར་གྱི་སྤྱོད་པ་དང༌། ཀུན་ཏུ་བཟང་པོའི་སྤྱོད་པ་ཞེས་ཀྱང་བྱ། རྒྱལ་བུ་གཞོན་ནུའི་སྤྱོད་པ་དང༌། རྒྱལ་ཚབ་ཆེན་པོའི་སྤྱོད་པ་ཞེས་ཀྱང་བྱ་སྟེ། དེལྟར་གཉིས་སུ་འདི་ཉིད་ལས། །དཔལ་ལྡན་རྡོ་རྗེ་སེམས་དཔའ་ལས། །ཨ་ཝ་དྷཱུ་ཏཱིའི་སྤྱོད་པ་གསུངས། །ཞེས་གསུངས་ནས། ཡང་ནི་ཕྱོགས་ལས་རྣམ་རྒྱལ་བརྩམ་ཞེས་བྱ་བ་ལ་སོགས་པ་གསུངས་པས་ཤེས་སོ། །བཞི་པ་སྤྱོད་པ་སོ་སོའི་མཚན་ཉིད་ནི། བཟའ་བྱ་དང་བཟའ་བྱ་མ་ཡིན་པ་གཉིས་མེད་ཅེས་བྱ་བ་ལ་སོགས་པ་གཉིས་སྤངས་པས་ན་གཉིས་སྤངས་ཞེས་བྱ་ལ། དེ་ཉིད་ལ་འཇིག་རྟེན་པ་ཐམས་ཅད་སྐྲག་པར་བྱེད་པས་ཀུན་འདར་ཞེས་བྱ། སྨྱོན་པ་དང་འདྲ་བས་སྨྱོན་པའི་བརྟུལ་ཞུགས་ཞེས་བྱ། རྒྱལ་བུ་གཞོན་ནུ་ལྟར་ཅི་ཐོད་ཐོད་བྱེད་པས་རྒྱལ་བུ་གཞོན་ནུའི་སྤྱོད་པ་ཞེས་བྱའོ། །སྤྱོད་པ་གཉིས་པ་ནི་རྣལ་འབྱོར་པའི་རྟགས་བཟུང་ནས་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བས་ཕྱོགས་ལས་རྣམ་པར་རྒྱལ་བ་ཞེས་བྱ། ཀུན་ཏུ་བཟང་པོར་རྟོགས་པས་ཀུན་ཏུ་བཟང་ཞེས་བྱ། རྒྱལ་ས་ཟིན་པ་དང་འདྲ་བས་རྒྱལ་ཚབ་ཆེན་པོའི་སྤྱོད་པ་ཞེས་བྱའོ། །རིག་མའི་གྲོགས་ལ་བརྟེན་པས་རིག་པའི་བརྟུལ་ཞུགས་ཞེས་བྱའོ། །ལྔ་པ་སྤྱོད་པ་དེའི་དགོས་པ་ནི་བཞི་སྟེ། རང་གི་རྟོགས་པ་བརྟན་ནམ་གཡོ་བརྟག་པའི་དགོས་པ་དང༌། མཚན་མ་དང་རྣམ་རྟོག་སྤང་བའི་དགོས་པ་དང༌། ཕྱི་ནང་གི་ཡུལ་དང་གྲོགས་དབང་དུ་བྱ་བའི་དགོས་པ་དང༌། སེམས་ཅན་རྗེས་སུ་གཟུང་བའི་དགོས་པའོ། །དང་པོ་ནི་ཧེ་བཛྲ་ལས་གསུངས་པ། ཡིད་ནི་བརྟན་ནམ་གཡོའམ་ཅི། །རང་གི་སེམས་ནི་སོ་སོར་བརྟག །ཅེས་གསུངས་ཏེ། འདི་ནི་སྤྱོད་པ་དང་པོའི་དགོས་པའོ། །གཉིས་པ་ནི་འདི་ཉིད་ལས། དེ་བས་རྟོག་པའི་དྲྭ་གཞོམ་ཕྱིར། །ཞེས་གསུངས་ཏེ། འདི་ནི་སྤྱོད་པ་གཉིས་གའི་དགོས་པའོ། གསུམ་པ་ནི། བསྒྲུབ་པར་གྲགས་པ་མ་ལུས་པ། །ཀུན་བཟང་མཚུངས་པ་མེད་ལས་འགྲུབ། །ཅེས་བྱ་བ་དང༌། བཞི་པ་ནི། སེམས་ཅན་རྗེས་སུ་གཟུང་བའི་རྒྱུར། །བློ་ལྡན་ཆེན་པོས་རྒྱུ་བར་བྱ། །ཞེས་གསུངས་ཏེ། གཉིས་པོ་འདི་ནི་སྤྱོད་པ་ཕྱི་མའི་དགོས་པའོ། །དྲུག་པ་དུས་དང་སྒྲུབ་པའི་རིམ་པ་ནི། སྤྱིར་དྲོད་ཐོབ་ནས་སྤྱོད་པ་སྤྱད་ཀྱི་དེའི་གོང་དུ་མི་སྤྱོད་དོ། །དེ་ལ་དྲོད་ནི་སེམས་ཉམས་ཀྱི་དྲོད་བརྟགས་ཏེ། དེ་ལ་དྲོད་གསུམ་མོ། །དྲོད་ཆུང་ངུ་འཇིག་རྟེན་གྱི་ཆོས་བརྒྱད་ཀྱི་མགོ་སྙོམས་པ། འབྲིང་དེའི་སྟེང་དུ་ཚར་གཅད་རྗེས་གཟུང་གང་རུང་ཅིག་ནུས་པ། ཆེན་པོ་གཉི་ག་ནུས་པའོ། །དེ་ལྟར་དྲོད་གསུམ་ལས་སྒྲུབ་པའི་རིམ་པ་ནི་འདི་ཡིན་ཏེ། དང་པོར་བླ་མ་ལས་ལུང་ཐོབ་ནས། ཐམས་ཅད་རྩྭ་དང་འདྲ་བར་བོར་ཏེ་རིམ་པ་གཉིས་ཀྱི་དོན་བསྒོམ་ཞིང༌། ལས་དང་པོ་པའི་དམ་ཚིག་དང་སྡོམ་པ་ལ་བསླབ་པར་བྱའོ། །དེས་རིམ་པ་གཉིས་ཟུང་དུ་མ་ཆུད་ན་སྟོབས་ཀྱི་བསྒྲུབ་པ་བྱའོ། །སེམས་ཀྱི་མཐུ་རྙེད་ནས་རོལ་བ་དང་བཅས་པས་ཟླ་བ་ཕྱེད་དུ་བརྟུན་པར་བྱའོ། །དེ་ནས་གསང་བའི་སྤྱོད་པས་ཉམས་སད་ཅིང་བསྒྲུབ་པར་བྱའོ། །དེ་བརྟན་ན་དྲོད་ཆུང་ངུ་སྟེ་དེའི་ཚེ་སྨྱོན་པའི་བརྟུལ་ཞུགས་བྱའོ། །དྲོད་འབྲིང་ཐོབ་ནས་ཨ་ཝ་དྷཱུ་ཏཱི་ནི་འཇིག་རྟེན་པའི་མངོན་དུ་སྤྱད་ན། ཀུན་བཟང་གསང་སྟེ་བསྒྲུབ་པ་ཟླ་བ་གཅིག་ཏུ་སྤྱད་པས་ལུང་བསྟན་པ་འབྱུང་ངོ༌། །ལུང་བསྟན་པའི་ཕྱག་རྒྱ་ལ་བརྟེན་ཏེ་ཕྱོགས་ལས་རྣམ་པར་རྒྱལ་བས་ཟླ་བ་གཅིག་སྤྱད་དོ། །དེའི་རྗེས་ལ་ཞག་བདུན་དུ་ཉེ་བའི་རྒྱུ་བསྒྲུབས་པས་འབྲས་བུ་འགྲུབ་པར་འགྱུར་རོ་ཞེས་བྱ་བ་ནི་མངོན་པར་རྟོགས་པའི་རིམ་པའོ། །རྒྱུད་སྡེ་གཞན་གང་གི་བཤད་པའི་རྒྱུད་ཡིན་ན། ཧེ་བཛྲའི་དང་པོའི་ལེའུ་དྲུག་པ་དང༌། ཕྱི་མའི་གཉིས་པ་དང༌། གསུམ་པ་ལས་སྤྱོད་པ་གསུངས་པ་དེ་དག་མི་གསལ་བ་གསལ་བར་བྱེད། མ་ཚང་བ་ཁ་སྐོང་བར་བྱེད་པས་བཤད་པའི་རྒྱུད་ཡིན་ཏེ། དེའང་སྤྱོད་པ་བྱེད་པའི་རྟེན་གྱི་གང་ཟག་གསལ་བར་བཤད། སྤྱོད་པའི་ཆེ་བའམ་དགོས་པ་འཁོར་བའི་རྒྱ་མཚོ་ལས་སྒྲོལ་བར་བྱེད་པའི་ཐབས་ལ་སོགས་པའི་ཚུལ་གྱིས་གསལ་བར་བཤད། སྤྱོད་པའི་རབ་ཏུ་དབྱེ་བ་ཀུན་འདར་ལ་སོགས་པའི་མིང་གི་རྣམ་གྲངས་དང་བཅས་ཏེ་མ་ཚང་བ་ཁ་བསྐངས་ཏེ་བཤད། སྤྱོད་པའི་ངོ་བོའམ་མཚན་ཉིད་ལ་བརྟན་པ་ཐོབ་པའི་དམ་ཚིག་ཡིན་ནོ་ཞེས་བསྟན་ཏེ། སེམས་ཀྱི་ཁྱད་པར་དང་ལུས་ངག་གི་ཁྱད་པར་ལ་སོགས་པའི་ཚུལ་གྱིས་རབ་ཏུ་གསལ་བར་བཤད་དེ། དེའང་གནས་ཀྱི་ཁྱད་པར། དུས་ཀྱི་ཁྱད་པར། སྣོད་ཀྱི་ཁྱད་པར། གོས་ཀྱི་ཁྱད་པར། རྒྱན་གྱི་ཁྱད་པར། བསམ་པའི་ཁྱད་པར། བཟའ་བའི་ཁྱད་པར་ཞེས་བྱ་བ་ལ་སོགས་པའི་ཚུལ་གྱིས་བཤད་དོ། །ཡང་གྲོགས་ཀྱི་ཁྱད་པར་ཡང་དེ་མཉེས་པར་བྱ་བ་ལ་སོགས་པའི་ཚུལ་གྱིས་རྒྱས་པར་བཤད་དོ། །དེ་ལྟར་ཧེ་བཛྲ་མ་ཟད་དེ་འདུས་པ་ལ་སོགས་པའི་རྣལ་འབྱོར་བླ་ན་མེད་པའི་རྒྱུད་མཐའ་དག་གི་སྤྱོད་པ་འདིས་སྟོན་པར་བྱེད་དེ། གང་ཞིག་རྒྱུད་དུ་མ་གསུང་པ་རྣམས་སུ་འདིས་ཁ་བསྐངས་ལ། གསུང་པ་རྣམས་སུ་མི་གསལ་བ་གསལ་བར་བྱེད་པས་བཤད་པའི་རྒྱུད་དེ། བླ་མེད་ཀྱི་རྒྱུད་ལ་སྤྱོད་པ་དགོས་ལ་དེ་ལ་འདི་ལས་གསལ་བའི་རྒྱུད་གཞན་མི་བཞུགས་སོ། །དེས་ན། ཀུན་གྱི་བཤད་པའི་རྒྱུད་ཡིན་ནོ། །ཞེས་བྱ་བའི་དོན་ཏོ།། །།གཞུང་གི་དོན་ལ་གཉིས་ཏེ། རབ་ཏུ་བྱེད་པ་གསུམ་པས་སྤྱོད་པ་བྱེད་པས་བསམ་པའི་ཁྱད་པར་བསྟན་པའི་སྒོ་ནས་སྤྱོད་པའི་མཚན་ཉིད་མདོར་བསྟན་པ་དང༌། རབ་ཏུ་བྱེད་པ་བཞི་པས་སྤྱོད་པ་སྒྲུབ་པའི་རིམ་པ་བསྟན་པའི་སྒོ་ནས་གཙོར་སྤྱོད་པའི་ལུས་ངག་གི་ཀུན་ཏུ་སྤྱོད་པ་ཉིད་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། དགོས་པ་ཁྱད་པར་ཅན་དང་ལྡན་པའི་སྒོ་ནས་བཤད་པར་དམ་བཅའ་བ་དང༌། དོན་དངོས་སོ། །དང་པོ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་ཤླཽ་ཀ་གཉིས་དང་རྐང་པ་གཅིག་སྟེ། འདི་ལའང་བཞི་སྟེ། དང་པོ་རྐང་པ་གཉིས་ཀྱིས་ནི་དགོས་པ་དང་ལྡན་པའི་བཤད་པར་དམ་བཅའ་བ་དངོས་སོ། །དེ་ལྟར་སྤྱོད་པས་རྟོག་པ་འཇིག་པར་བྱེད་པ་ཉིད་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པ་ལ་དེ་ཁོ་ན་ཉིད་ཀྱི་སྤྱོད་པ་ལས་གཞན་གོང་ན་མེད་པའི་ཕྱིར་ཏེ། འདིས་གཉིས་སྤངས་སུ་བྱེད་པའི་ཕྱིར་རོ། །དེ་ཇི་ལྟར་གཉིས་སྤངས་བྱེད་སྙམ་པ་ལ། སྤྱོད་པ་དངོས་ནི་གང་ཞིག་སྤང་ནི་དེ་ཉིད་ལས་ཏེ། ནང་དུ་དེ་ཁོ་ན་ཉིད་ཀྱི་རྟོགས་པ་དང་ལྡན་ཞིང་ཕྱི་རོལ་ཏུ་ཡན་ལག་མེད་པ་སྟེ་འཛིན་མེད་དུ་སྤྱོད་ལ། དེ་ཉིད་སྙིང་པོ་དོན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕྱིར་རོ། །དེ་ལྟར་སྤྱོད་པའི་གང་ཟག་དེ་སུ་ཡིན་ན། རྫོགས་པའི་བྱང་ཆུབ་རྣམས་གནས་པའི་རྒྱལ་བའི་སྲས་ཞེས་བྱ་བ་འདིས་བསྟན་ཏོ། །དོན་དངོས་ལ་གཉིས་ཏེ། ཕན་ཡོན་བསྟན་པའི་སྒོ་ནས་སྤྱོད་པ་བྱ་བར་གདམས་པ་དང༌། སྤྱོད་པ་ཇི་ལྟར་སྤྱོད་པའི་ཚུལ་དངོས་སོ། །སྔ་མ་ལ་ལྔ་སྟེ། འཁོར་བའི་རྒྱ་མཚོ་ལས་སེམས་ཀྱི་ནོར་བུ་བླང་བའི་ཐབས་ཡིན་པ་དང༌། བདེ་ཆེན་གྱི་དངོས་གྲུབ་ཀྱི་ལམ་འདི་ཁོ་ན་ཡིན་པ་དང༌། དེས་ན་གྲོལ་བར་འདོད་པས་བསྟེན་པར་གདམས་པ་དང༌། འཇིག་རྟེན་པ་ཐམས་ཅད་ཀྱིས་མཆོད་པར་འགྱུར་བ་དང༌། སྡིག་པ་དང་བྲལ་ཞིང་ལམ་མྱུར་བ་ཡིན་པར་བསྟན་པའོ། །དང་པོ་ནི་སྐྱེ་བའི་རྒྱ་མཚོ་ཞེས་ཤླཽ་ཀ་གཉིས་ཀྱིས་བསྟན་ཏེ། དཔེར་ན་རྒྱ་མཚོ་ལས་ཚོང་པས་ནོར་བུ་ལེན་པ་དང་འདྲ་བར་འཁོར་བའི་རྒྱ་མཚོ་ལས་རང་གི་སེམས་ཀྱི་ནོར་བུ་ཐབས་འདིས་བླང་ཞེས་བྱ་བའི་དོན་ཏོ། །གཉིས་པ་ནི་རྡོ་རྗེ་འཛིན་པ་ཞེས་ཤླཽ་ཀ་གཅིག་སྟེ། རྟོག་པ་སྤོང་ཞིང་ཡོན་ཏན་ཐོབ་བྱེད་ཀྱི་ཐབས་འདི་ཁོ་ན་མཆོག་ཅེས་བྱ་བའི་དོན་ཏོ། །གསུམ་པ་དེས་ན་ལམ་འདི་བསྟེན་པར་གདམས་པ་ནི་མཁས་མཆོག་ཅེས་བྱ་བ་རྐང་པ་གཉིས་སོ། །བཞི་པ་ནི་ལྷའི་དགྲ་ཞེས་བྱ་བ་ལ་སོགས་པ་སྟེ། འདིས་གྲོལ་བར་ཐོབ་ལ་དེས་ན་ཐབས་ཀྱིས་མཆོད་པར་འགྱུར་ཞེས་བྱ་བའི་དོན་ཏོ། །ལྔ་པ་ནི་སྡིག་པ་འཇིག་བྱེད་ཅེས་བ་རྐང་པ་གསུམ་གྱིས་བསྟན་ཏོ། །སྤྱོད་པ་དངོས་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། ཨ་ཝ་དྷཱུ་ཏཱིའི་སྤྱོད་པ་བསྟན་པ་དང༌། ཀུན་བཟང་བསྟན་པའོ། །དང་པོ་ལ་བཞི་སྟེ། གང་གིས་སུའི་དོན་དུ་ཅི་གསུང་པ་དང༌། གསུངས་པ་དེ་ཇི་ལྟར་སྤྱད་པ་དང༌། དེ་ལས་འབྲས་བུ་འབྱུང་བའི་ཚུལ་དང༌། དུས་ནམ་ཇི་ལྟར་སྤྱད་པའོ། །དང་པོ་ནི་དཔལ་ལྡན་ཞེས་རྐང་པ་གསུམ་གྱིས་རིམ་པ་བཞིན། གང་གི་སུའི་དོན་དུ་ཅི་གསུངས་པ་སྟོན་ཏེ། སུའི་དོན་ཡིན་འགྲོ་བ་སྟེ། དྲོད་ཆུང་ངུ་ཐོབ་པའི་རྣལ་འབྱོར་པའོ། །ཕན་པ་ནི་དེའི་རྟོགས་པ་བརྟན་གཡོ་བརྟག་པའི་ཕྱིར་རོ། །ཅི་གསུངས་ན་ཨ་ཝ་དྷཱུ་ཏཱི་སྟེ། གཉིས་སྤངས་སམ་ཀུན་འདར་ཞེས་བྱ་བ་གཉི་གར་བཤད་དུ་རུང་ངོ༌། །དེ་ཇི་ལྟར་སྤྱད་ན་དེ་ལྟར་མཆོག་ཏུ་ཞེས་རྐང་པ་བཞིའོ། །དེ་ལས་འབྲས་བུ་ནི་རྒྱུ་མཐུན་འབྲས་བུ་སྟེ། རྒྱུ་རྟོག་མེད་དུ་སྤྱད་པས་འབྲས་བུ་རྟོག་པ་ལ་གྲོལ་བ་ཐོབ་ཅེས་བྱ་བའི་དོན་ཏོ། །དེ་དང་པོར་ནམ་གྱི་དུས་སུ་སྤྱད་ན། བསྒོམ་པ་ནུབ་པ་སྟེ་དེ་ནི་བདག་གི་རྟོགས་པ་འདི་བརྟན་པར་འགྱུར་རོ་སྙམ་པའི་དུས་སུ་བསྡུས་ལ་སྟེ། བསམ་གཏན་བཤོལ་ལ་མཚན་མོ་ཕྱིར་བྱུང་ལ་བྱིས་པ་ལྟར་ཅི་ཐོད་ཐོད་སྤྱད་དེ་དེས་རྟོགས་པ་མི་བརྟན་ན་སླར་ཡང་བསྒོམས་ལ། བརྟན་ན་གསང་སྤྱོད་ཉིད་བྱ་ཞེས་བྱ་བའི་དོན་ཏོ། །ཀུན་བཟང་མདོར་བསྟན་པ་ནི་སྣ་ཚོགས་འདུལ་བའི་ཞེས་བྱ་བ་ལ་སོགས་པ་ཤླཽ་ཀ་གཉིས་ཏེ། དྲོད་འབྲིང་དང་ཆེན་པོ་ཐོབ་ནས་རྣལ་འབྱོར་པའི་རྟགས་གཟུང་བའི་སྤྱོད་པ་བྱ་བ་ཞེས་བྱ་བའི་དོན་ཏོ། །རྒྱས་པར་བཤད་པ་ལ་ལྔ་སྟེ། སྤྱོད་པའི་སྔོན་དུ་བྱ་བ་ཇི་ལྟར་བྱས་ལ་སྤྱོད་པ་བྱ་བར་བསྟན་པ་དང༌། སྤྱོད་པའི་བསམ་པའི་སྒོ་ནས་ཀུན་བཟང་གི་སྤྱོད་པ་རྒྱས་པར་བཤད་པ་དང༌། སྤྱོད་པ་ལ་གནས་པའི་བསྲུང་བའི་དམ་ཚིག་དང༌། བཟའ་བ་དང་བསྟེན་པའི་དམ་ཚིག་གི་སྒོ་ནས་ཀུན་འདར་གཙོར་བཤད་པ་དང༌། དམ་ཚིག་གཞུང་བསྡུས་ཏེ་བསྟན་པའོ། །དང་པོ་ནི་དཔལ་ལྡན་ཞེས་པ་ཤླཽ་ཀ་གཅིག་སྟེ། བདག་སྤྱོད་པ་ལ་འགྲོ་བའི་དུས་སུ་དངོས་སུ་བླ་མ་བཞུགས་ན་དེ་ལ་ཕྱག་བཙལ་ཏེ་འགྲོ། མི་བཞུགས་ན་ལྷ་དང་བླ་མ་སྤྱན་དྲངས་ཏེ། དེ་ལ་ཕྱག་བཙལ་ལ་དེ་ནས་བདུན་པོ་རྣམ་པར་དག་པ་གཞན་དང་ཚད་མེད་པ་དང་སྟོང་པར་བསྒོམས་ལ། དེ་ནས་བསྐྱེད་རྫོགས་ཟུང་འཇུག་གི་ལྷར་བསྐྱེད་ལ་སྤྱད་ཅེས་བྱ་བའི་དོན་ཏོ། །གཉིས་པ་བསམ་པ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི་གནས་ཞེས་བྱ་བར་རྐང་པ་དྲུག་སྟེ་གོ་སླའོ། །རྒྱས་པར་བཤད་པ་ལ་དྲུག་སྟེ། ཡང་དག་པའི་ལྟ་བ་གནས་པར་བྱ་བ་དང༌། བསམ་གཏན་གྱི་སྒྲིབ་པ་དང་བྲལ་བར་བྱ་བ་དང༌། འཇིག་རྟེན་གྱི་སྦྱོར་བ་ལས་ཕྱིར་ཕྱོགས་པར་བྱ་བ་དང༌། སྟོང་པ་དང་སྙིང་རྗེ་ཟུང་འཇུག་ལ་གནས་པར་བྱ་བ་དང༌། བསམ་པ་ཁྱད་པར་ཅན་གྱིས་སྤྱད་ན་ཚེ་འདི་ཉིད་ལ་འགྲུབ་པར་བསྟན་པ་དང༌། བསམ་པ་ཁྱད་པར་ཅན་ལ་གནས་ཏེ་ཐམས་ཅད་ལ་ལོངས་སྤྱོད་པར་གདམས་པའོ། །དང་པོ་ནི་ཡང་དག་ལྟ་བ་ཞེས་བྱ་བ་རྐང་པ་དྲུག་སྟེ། དེ་ལ་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ནི་ལས་རྒྱུ་འབྲས་ལ་ཡིད་ཆེས་པ་ཡིན་ལ། འཇིག་རྟེན་ལས་འདས་པའི་ཡང་དག་པའི་ལྟ་བ་ནི་བདེན་པ་གཉིས་ལ་གནས་པ་སྟེ། དེ་ལ་དོན་དམ་པར་གང་དུའང་མི་འཛིན་པ་ནི་བརྟན་པའི་སེམས་ནི་ཞེས་བྱ་བ་རྐང་པ་གཅིག་གོ །ཀུན་རྫོབ་སྒྱུ་མ་ལྟ་བུར་གནས་པ་ནི་ཕུང་པོ་ཁམས་སོགས་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །གཉིས་པ་ནི་སྒྲིབ་པ་ཀུན་ལས་ཞེས་བྱ་བ་སྟེ། སྙོམ་དང་གཉིད་དང་འགྱོད་པ་དང༌། །དགོད་དང་ཐེ་ཚོམ་ཞེས་བྱ་བ། །སྒྲིབ་པ་ལྔ་པོ་སངས་རྒྱས་དང༌། །བྱང་ཆུབ་སེམས་དཔའ་མི་བཞེད་དོ། །ཞེས་གསང་བ་གྲུབ་པ་ལས་གསུངས་པ་ལྟ་བུའོ། །གསུམ་པ་ནི་འཚོ་བར་དབང་ཕྱུག་ཅེས་བྱ་བ་རྐང་པ་གསུམ་མོ། །བཞི་པ་ནི་རྟག་ཏུ་ཞེས་བྱ་བ་ཤླཽ་ཀ་གཉིས་ཏེ། སེམས་སྤྲོས་པ་དང་བྲལ་བ་ལ་བཞག་ཅེས་བྱའོ། །འོ་ན་ལམ་མི་འགྲུབ་སྙམ་པ་ལ་ཕ་རོལ་ཕྱིན་དྲུག་སྟེ། དེ་ཉིད་ལ་ཕར་ཕྱིན་དྲུག་ཚང་སྟེ། རྡུལ་ཙམ་ཡང་མི་འཛིན་པས་སྦྱིན་པ། ཉེས་པས་མ་གོས་པས་ཚུལ་ཁྲིམས། དེ་ཉིད་རྟོག་པ་ལ་མི་སྐྲག་པས་བཟོད་པ། རྒྱུན་དུ་མི་འབྲལ་བས་བརྩོན་འགྲུས། དེ་ལ་རྟོག་པས་མི་གཡེང་བས་བསམ་གཏན། དེ་ཉིད་རྟོགས་པས་ཤེས་རབ་ཅེས་བྱ། དེ་ལྟར་དྲུག་ལ་གནས་ཀྱང་སེམས་ཅན་དོན་མེད་ན་མི་འགྲུབ་སྙམ་པ་ལ། སེམས་ཅན་དོན་ལེགས་ནུས་ཞེས་བྱའོ། །འོ་ན་སེམས་ཅན་ཡོད་དམ་ཞེ་ན། ཅང་མི་རྟག་ཅེས་སྦྱར་ཏེ། མི་རྟོག་པ་ཉིད་དུ་སེམས་ཅན་གྱི་དོན་བྱེད་པ་ནི་ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་ཞེས་བྱའོ། །ལྔ་པ་ནི་ཐབས་དང་ཤེས་རབ་ཅེས་བྱ་བ་ཤླཽ་ཀ་གཅིག་སྟེ། རྐང་པ་དང་པོས་ནི་ཟུང་འཇུག་གི་རྣལ་འབྱོར་བསྟན་ཏོ། །གཉིས་པས་ནི་འཇིག་རྟེན་སྤང་བ་བསྟན་ཏོ། །གསུམ་པས་ནི་རྣམ་རྟོག་སྤང་བ་བསྟན་ཏེ། བཞི་པས་ནི་དེ་ལྟར་གནས་ན་ལུས་འདི་ཉིད་ལ་འགྲུབ་པར་བསྟན་ཏོ། །དྲུག་པ་ལ་གསུམ་ལས། སྒྱུ་མ་ལྟ་བུའི་བསམ་པས་བསྟེན་པ་ནི། རྟོག་པ་ཀུན་ལས་ཞེས་ཤླཽ་ཀ་གཅིག་གོ །གཉིས་པ་འཇིགས་པ་མེད་པས་བསྟེན་པ་ནི་ཆོས་ཀྱི་དབྱིངས་ལས་ཞེས་ཤླཽ་ཀ་གཅིག་གོ །གསུམ་པ་དེ་ལྟར་བསྟེན་པའི་འཐད་པ་ནི་ལོངས་སྤྱོད་རྫོགས་དོན་ཞེས་ཤླཽ་ཀ་གཅིག་སྟེ། །རྡོ་རྗེ་སེམས་དཔའ་སྤྲུལ་པ་ནི་དབང་ཕྱུག་གི་སྤྲུལ་པ་ལྟ་བུ་མ་ཡིན་ཏེ། ཐམས་ཅད་རང་གི་སེམས་གཉིས་མེད་ཡེ་ཤེས་ཀྱི་སྤྲུལ་པ་ཡིན་པས་རང་གི་སེམས་རྟོགས་པའི་རྣལ་འབྱོར་པས་རྟོགས་པ་མཆོག་ཏུ་བྱ་བའི་ཕྱིར་ལོངས་སྤྱད་པར་བྱ་ཞེས་བྱ་བའི་དོན་ཏོ། །སྤྱོད་པ་ལ་གནས་པའི་བསྲུང་བའི་དམ་ཚིག་ཅེས་བྱ་བ་ནི་དེ་ཁོ་ན་ཉིད་ཀྱི་རྟོགས་པ་དང་འགལ་བ་རྣམས་སྤོང་བའོ། །འདི་ལ་གསུམ། སྤང་བར་བྱ་བའི་དམ་ཚིག་དངོས་དང༌། དེ་གཞན་དུ་བསྟེན་པར་གསུངས་པ་དང་མི་འགལ་བ་དང༌། ཐམས་ཅད་སྤང་བའི་འཐད་པ་བསྟན་པའོ། །དང་པོ་ནི་ཡེ་ཤེས་མཐའ་ཡས་ཞེས་བྱ་བ་ལ་སོགས་པ་ཤླཽ་ཀ་ཕྱེད་དང་གསུམ་མོ། །དེའི་དོན་ཡང་མཆོག་ཏུ་འཛིན་པའི་ཚུལ་གྱིས་མི་བྱ། དེ་ཁོ་ནའི་འགལ་རྐྱེན་དུ་འགྲོ་ན་མི་བྱ་ཞེས་བྱ་བ་ཡིན་གྱི་གཏན་བཀག་པ་ནི་མ་ཡིན་ཏེ། བདག་བྱིན་བརླབ་པའི་རིམ་གནས་ཏེ། །མཆོད་རྟེན་རྣམས་ལ་ཕྱག་མི་བྱ། །བདག་བྱིན་བརླབ་པའི་རིམ་ཉིད་ཀྱིས། །ཡང་ན་ཀུན་ལ་ཕྱག་བྱའོ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །གཉིས་པ་ནི་དེ་ལྟར་ཕྱག་ལ་སོགས་པ་མི་བྱེད་ན། བཅོམ་ལྡན་འདས་ཀྱི་མཆོད་རྟེན་ལ་གུས་པར་ཕྱག་བྱ་བ་ལ་སོགས་པ་གསུངས་པ་དེ་ཇི་ལྟར་ཡིན་སྙམ་པ་ལ་དཔལ་ལྡན་རྡོ་རྗེ་མགོན་པོས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཁོ་ན་ཉིད་མ་གཏོགས་པ་ལྷག་པར་མོས་པ་དང་བཅས་པ་རྣམས་དྲང་བའི་ཕྱིར་གསུངས་ཏེ་དེ་དག་གིས་ཀྱང་དེ་ཁ་ན་ཉིད་རྟོགས་ནས་ཅི་དགོས། རྟོག་པ་མེད་ན་འགྲུབ་པར་འགྱུར་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །གསུམ་པ་དེའི་འཐད་པ་ནི་རྟོག་པས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཞིག་ཆེད་དུ་གཏད་ཅིང་སྤྱོད་པ་དེ་རྣམས་ནི་རྟོག་པ་ཡིན་ལ། རྟོག་པས་ཡང་དངོས་པོ་ལ་མངོན་པར་ཞེན་པ་ལ་སོགས་པའི་སྒོ་ནས་འཁོར་བར་འགྱུར་ལ། རྟོག་པ་མེད་ན་སྲིད་པའི་རྒྱུའི་རྩ་བ་སྤངས་པ་དེའི་ཕྱིར་གྲོལ་བར་འགྱུར་བས། དེའི་ཕྱིར་རྟོག་མེད་ཀྱི་དམ་ཚིག་གང་ཡིན་པ་དེ་གོམས་པར་བྱ་ཞེས་བྱ་བའི་དོན་ཏོ། །བཟའ་བ་དང་བསྟེན་པའི་དམ་ཚིག་གི་སྒོ་ནས་ཀུན་འདར་གྱི་སྤྱོད་པ་རྒྱས་པར་བཤད་པ་ལ་བཞི་སྟེ། བསམ་པའི་ཁྱད་པར་དང༌། བཟའ་བའི་དམ་ཚིག་ཇི་ལྟར་སྤྱད་པ་དང༌། གཉིས་སྤངས་ཀྱི་སྤྱོད་པ་གཞན་ཇི་ལྟར་སྤྱད་པ་དང༌། དེ་ལྟར་བྱས་པའི་ཕན་ཡོན་ནོ། །དང་པོ་ནི་གང་གིས་ཞེས་བྱ་བ་རྐང་པ་ལྔའོ། །གཉིས་པ་ནི་ཁྱི་དང་ཞེས་བྱ་བ་ལ་སོགས་པ་ཤླཽ་ཀ་ཕྱེད་དང་བཞིས་དངོས་སུ་བསྟེན་པ་བསྟན་ལ། གལ་ཏེ་དེ་དག་དངོས་སུ་མེད་ན་ཇི་ལྟར་བྱ། འབད་རྩོལ་གྱིས་བཙལ་ན་འགལ་བར་མི་འགྱུར་རམ་ཞེས་དོགས་པ་བསལ་བའི་ཕྱིར་གང་གི་ཚེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཀྱིས་བཟང་ངན་ལ་སོགས་པའི་རྟོག་པ་སྤངས་ཏེ་བཟའ་བར་བྱ་ཞེས་བྱ་བའི་དོན་ཏོ། །གསུམ་པ་ནི་དེ་ཁོ་ནའི་སྒྲུབ་པ་པོའི་ཞེས་བྱ་བ་ལ་སོགས་པ་སྟེ། སྐུ་དང་གསུང་དང་ཐུགས་མཉམ་པར་འགྱུར་རོ། །ཞེས་བྱ་བས་ནི་དེ་ལྟར་སྟོན་པའི་ཕན་ཡོན་བསྟན་ཏོ། །དམ་ཚིག་གཞུང་བསྡུས་ཏེ་བསྟན་པ་ལ་དགུ་ལས། བཏུང་བ་བཏུང་བའི་ཚད་བསྟན་པ་ནི། ཇི་ལྟ་ཇི་ལྟར་ཞེས་བྱ་བ་ལ་སོགས་པའོ། །དམན་པས་ཤིན་ཏུ་སྒེག་པ་ཞེས་བྱ་བ་ནི་དཀའ་ལས་ཀྱི་མ་བཙལ་བ་དུར་ཁྲོད་ཀྱི་མེ་ཏོག་ལ་སོགས་པའོ། །རིགས་དང་བཅས་པ་དང་ཞེས་བྱ་བ་ལ་སོགས་པ་ནི་ཐམས་ཅད་མཉམ་པ་ཉིད་དུ་བལྟ་བའོ། །གླེགས་བམ་ཞེས་བྱ་བ་ལ་སོགས་པ་ནི་ལས་དང་པོ་པའི་སྤྱོད་པ་སྤང་བའོ། །བརྫུན་དུ་སྨྲ་བ་དང་ཞེས་བྱ་བ་ལ་སོགས་པས་ནི་དགོངས་ཏེ་གསུངས་པའི་དམ་ཚིག་བཞི་དང༌། རྩ་ལྟུང་བཅུ་པ་ཡང་སྤང་བ་སྟེ། མ་བྱིན་པར་ལེན་པ་ཁ་བསྐང་ངོ༌། །འདི་རྣམས་ལ་སྒྲ་ཇི་བཞིན་པ་ནི་སེམས་ཅན་གྱི་དོན་དུ་འགྱུར་ན་དེ་རྣམས་ཉིད་བསྟན་པ་ཡིན་ལ། ཇི་བཞིན་མ་ཡིན་པ་ནི་རྣམ་རྟོག་གསད་པ་ལ་སོགས་པ་བཞིའོ། །གལ་ཏེ་དེ་ལྟར་ཐམས་ཅད་མི་བྱ་ན་སློབ་དཔོན་ལའང་གུས་པར་མི་བྱའམ་སྙམ་པ་ལ། དེ་མ་ཡིན་ཏེ། གུས་པར་བྱ་དགོས་པར་སྟོན་པ་ནི་རྒྱལ་བས་མཆོད་པའི་སློབ་དཔོན་ཞེས་བྱ་བ་ལ་སོགས་པ་སྟེ། ཡེ་ཤེས་ཀྱི་དམ་ཚིག་ནི་གཉིས་ཏེ། སློབ་དཔོན་དང༌། སེམས་ཅན་ནོ། །དེ་གཉིས་ཇི་ལྟར་ཡེ་ཤེས་ཀྱི་དམ་ཚིག་ཡིན་ཞེ་ན། སེམས་ཅན་ལ་བརྟེན་ཏེ་བླ་ན་མེད་པའི་བྱང་ཆུབ་ཏུ་འགྱུར་བས་སེམས་ཅན་མི་སྤང་ཞེས་བྱ་བ་དང༌། ཡང་དག་པའི་ཡེ་ཤེས་སྐྱེད་པར་མཛད་པས་ན་བླ་མ་དམ་པ་མི་སྤང་ཞེས་བྱ་བ་ཡིན་ཏེ། འདི་ནི་རྒྱུད་ཀྱི་རྒྱལ་པོ་མཐའ་དག་ལས་གསུངས་སོ། །དེ་ལས་གཞན་སྤུན་ལ་གུས་པར་བྱ་བར་བསྟན་པའི་ཕྱིར་རྡོ་རྗེ་སྤུན་ལ་ཞེས་སྨོས་སོ། །ལམ་གཞན་ནས་མི་བཙལ་བར་བསྟན་པའི་ཕྱིར་གང་ཞིག་བྱིན་པ་དེ་ཞེས་སྨོས་ཏེ། སྒྲོ་འདོགས་ཆོད་པས་གྲུབ་པར་བསྟན་པའི་དོན་ཏོ། །འཇིག་རྟེན་གྱི་བློ་དོར་བ་ནི་སྤུན་དང་བུ་དང་ཞེས་བྱ་བ་ལ་སོགས་པ་སྟེ། བླ་ན་མེད་པའི་བྱང་ཆུབ་ལ་སེམས་ངེས་པར་བྱས་པས་ནི་འགྲུབ་པར་འགྱུར་རོ་ཞེས་བྱ་བ་འདི་བསྟན་ཏོ། །སྤྱོད་པ་འཁྱུད་པ་ནི་གསང་སྤྱོད་དམ་འདིར་བསྟན་པའི་སེམས་འདི་དང་མི་འབྲལ་བར་བྱ་ཞེས་བྱ་བའི་དོན་ཏོ། །ལྔ་པའི་རབ་ཏུ་བྱེད་པ་གསུམ་པའི་བཤད་པའོ།། །།སྤྱོད་པ་སྒྲུབ་པའི་རིམ་པའི་སྒོ་ནས་བརྟུལ་ཞུགས་ཀྱི་ལུས་ངག་གི་སྤྱོད་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། བཤད་པར་དམ་བཅའ་བ་དང༌། དོན་དངོས་སོ། །དང་པོ་ནི་དེ་ནས་ཞེས་བྱ་བ་ཤླཽ་ཀ་གཅིག་སྟེ། རིང་གནས་ཤེས་པ་ནི་དེ་ཁོ་ན་ཉིད་ཀྱི་རྟོགས་པ་དང་ལྡན་པ་སྟེ། རྡོ་རྗེ་ཡོ་གི་སྟེ་མ་ཕྱེད་པའི་རྣལ་འབྱོར་ཕ་རོལ་ཕྱིན་མཆོག་གི་སྤྱོད་པ་བྱེད་པའི་གང་ཟག་ཅེས་བྱ་བའི་དོན་ཏོ། །དོན་དངོས་ལ་གསུམ་སྟེ། ཐོག་མར་ཀུན་འདར་གྱི་སྤྱོད་པ་ཇི་ལྟར་སྤྱད་པའི་ཚུལ་དང༌། དེ་ལ་བརྟེན་ཏེ་ཀུན་བཟང་གི་སྤྱོད་པ་གསང་སྟེ་བསྒྲུབ་པ་དང༌། སྤྱོད་པ་གཉི་ག་འཇིག་རྟེན་པའི་མངོན་དུ་སྤྱད་པའི་ཚུལ་བསྟན་པའོ། །དང་པོ་ལ་གཉིས་ཏེ། ཐོག་མར་གསང་བའི་སྤྱོད་པ་ལ་བརྟེན་ཏེ་དྲོད་ཐོབ་པ་བསྐྱེད་ཅིང་བརྟན་པར་བྱ་བ་དང༌། དེ་ནས་སྨོན་པའི་བརྟུལ་ཞུགས་ཀྱིས་འཇིག་རྟེན་པའི་མངོན་དུ་སྤྱད་པའོ། །སྔ་མ་ལ་དྲུག་སྟེ། གཉིས་སྤངས་ཀྱི་སྤྱོད་པ་དངོས་དང༌། སྤྱོད་པ་སྤྱད་པའི་དུས་དང༌། གནས་དང༌། གང་ཟག་གང་གིས་ཇི་ལྟར་སྤྱད་པའི་ཚུལ་དང༌། སྤྱོད་པའི་དགོས་པ་ཐུན་མོང་བ་དང༌། དེ་ལྟ་བུ་ལ་གནས་ཏེ་དྲོད་བརྟན་པར་བྱ་བའི་ཐབས་དངོས་སོ། །དང་པོ་ནི་མཁའ་འགྲོ་མ་སོགས་ཞེས་ཚིག་རྐང་ལྔ་དང༌། ཕྲུ་ཆག་ཅེས་སྣོད་ཀྱི་ཁྱད་པར་དང་བཅས་པ་བསྟན་ཏོ། །གཉིས་པ་དུས་ལ་ཤིན་ཏུ་གསང་བར་ནི། མཚན་མོའི་དུས་སུ་སྟེ་ཉིན་པར་རྒྱལ་རིགས་ལ་སོགས་པ་ཟླ་དང་མཐུན་པའི་སྤྱོད་པ་བྱས་ལ། མཚོན་མོའི་དུས་སུ་རྒྱུ་ཞེས་བྱ་བའི་དོན་ཏོ། །གསུམ་པ་གནས་གང་དུ་རྒྱུ་ཞེ་ན། བཞི་མདོ་དང་ནི་ཞེས་རྐང་པ་དྲུག་གིས་བསྟན་ཏོ། །འདིར་ཧེ་བཛྲ་ལྟར་བཤད་ཚུལ་གཉིས་སྦྱར་བ་ནི་མ་ཐོས་སོ། །བཞི་པ་གང་ཟག་ནི་ཅུང་ཟད་ཅེས་ཤླཽ་ཀ་གཅིག་གོ །ལ་པ་སྤྱོད་པ་གཉི་གའི་ཐུན་མོང་གི་དགོས་པ་ནི་སེམས་ཅན་ཞེས་རྐང་པ་གཉིས་སོ། །གལ་ཏེ་སེམས་ཅན་རྗེས་སུ་གཟུང་བ་ཀུན་བཟང་གི་སྤྱོད་པའི་དགོས་པར་བཤད་པ་མ་ཡིན་ནམ་ཞེ་ན། དེ་ནི་གཙོ་ཆེ་བ་ལ་བསམ་གྱི་སེམས་ཅན་གྱི་དོན་ནི་ཐེག་པ་ཆེན་པོ་མཐའ་དག་གི་ལམ་གྱི་དགོས་པ་ཡིན་ནོ། །དྲུག་པ་དེ་ལྟ་བུ་ལ་གནས་ཏེ་དྲོད་ཐོབ་པ་བརྟན་པར་བྱ་བའི་ཐབས་ལ་གཉིས་ཏེ། ཐབས་དངོས་དང༌། དེ་གནས་ཁྱད་པར་ཅན་དུ་གནས་ཏེ་བསྒྲུབས་ན་འགྲུབ་པར་བསྟན་པའོ། །དང་པོ་ནི་ཞེན་པ་མེད་པ་ཞེས་བྱ་བ་ལ་སོགས་པས་ཙཎྜཱ་ལཱིའི་རྣལ་འབྱོར་ཏེ། ཨྃ་ལས་གཏུམ་མོ་སྦར་བས་འཁོར་ལོ་གོང་མ་རྣམས་ཀྱི་ཡི་གེ་ཞེན་ཐོགས་མེད་པར་བསྲེག་པའམ། ཡང་ན་ཙཎྜཱ་ལཱི་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ལ་ཞེན་རྟོག་མེད་པའོ། །ཁ་དོག་ཅན་ནི་ཝརྞ་སྟེ་ཡི་གེ་ལ་འགྲོ་ལ་ཡི་གེ་དང་ལྡན་པ་ནི་སྤྲུལ་པའི་འཁོར་ལོ་སྟེ། དེ་ལ་ཨཱ་ལི་ཀཱ་ལི་དང་ལྡན་པས་སོ། །རྟག་སྒྲིབ་ནི་དེར་མངོན་དུ་བྱས་པའི་ཙཎྜཱ་ལཱིའི་ཡེ་ཤེས་ཀྱི་རྣམ་རྟོག་ལ་སྒྲིབ་པའོ། །བ་སྤུའི་ཁུང་བུའི་རྩེ་བུ་ག་ནི་ཙཎྜཱ་ལཱིའི་མི་སྣ་ཁུང་ནས་ཕྱུང་ནས་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀར་ཞུགས་པའམ། ཡང་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་བདུད་རྩི་སྣ་ཁུང་ནས་འཇུག་པའོ། །འཇམ་པའི་རྡོ་རྗེར་རང་གྱུར་ནི་རྟོག་པའི་རྩུབ་པ་དང་བྲལ་བའོ། །དེས། །དཀྱིལ་འཁོར་ལ་ནི་རབ་ཏུ་བརྟག །ཅེས་པ་བྱང་ཆུབ་ཀྱི་སེམས་ལེན་ཅིང་འཛིན་པར་བྱེད་པས་དཀྱིལ་འཁོར་རོ། །འདི་ལ་ཙཎྜཱ་ལཱི་རྣལ་འབྱོར་བཅུ་གཅིག་པའི་ཉམས་སུ་བླང་བ་ནི་བླ་མའི་ཞལ་ལས་རྙེད་པར་འགྱུར་རོ། །དེ་ལྟ་བུའི་ཐབས་དེ་གང་དུ་བསྒོམ་ཞེ་ན། པདྨའི་ཚལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གོ་སླའོ། །དེ་ལྟར་ཀུན་འདར་གྱི་སྤྱོད་པ་གསང་སྟེ་བསྒྲུབས་ནས། དྲོད་འབྲིང་སྐྱེས་པའི་དུས་སུ་ཀུན་འདར་གྱི་སྤྱོད་པ་འཇིག་རྟེན་པའི་མངོན་དུ་སྤྱད་པ་ལ་གསུམ་སྟེ། སྤྱོད་པ་དངོས་དང༌། གནས་དང༌། བསམ་པའོ། །དང་པོ་ནི་ཇི་ལྟར་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟ་བུའི་སྤྱོད་པ་དེ་བདག་གི་གནས་སུ་བྱས་ན་སེམས་ཅན་རྣམས་ཀྱིས་དཔྱད་པར་མི་འགྱུར་རམ་ཞེས་དོགས་པ་བསལ་བའི་ཕྱིར་གཞན་གྱི་ཡུལ་ཞེས་བྱ་བ་ལ་སོགས་པ་སྟེ། རང་གི་ཡུལ་ལས་བྱུང་ལ་ངོ་མི་ཤེས་པར་བརྫུས་ཏེ་སྤྱད་ཅེས་བྱ་བའི་དོན་ཏོ། །དེ་ལྟར་སྤྱོད་པའི་བསམ་པ་ནི་དེར་གནས་ཤེས་རབ་ཅན་ཞེས་རྐང་པ་གཉིས་གསུངས་སོ། །དེ་ལྟར་ཀུན་འདར་གྱི་སྤྱོད་པ་འཇིག་རྟེན་པའི་མངོན་དུ་སྤྱད་པའི་ཚེ་དེ་ལ་རྟེན་ཏེ་ཀུན་བཟང་གསང་ནས་བསྒྲུབ་པ་ལ་བཞི་སྟེ། སྔ་མ་ལ་བརྟེན་ཏེ་སྒྲུབ་པའི་ཚུལ་དང༌། སྤྱོད་པའི་དགོས་པ་དང༌། ངེས་པའི་ཚིག་དང༌། སྤྱོད་པའི་གྲོགས་བཙལ་བའི་ཚུལ་བསྟན་པའོ། །དང་པོ་ནི་དེ་ལྟར་བྱས་ནས་ཞེས་དེ་ལ་བརྟེན་ཏེའོ། །ཡང་ནི་ཞེས་བྱ་བ་སྤྱོད་པ་གཉིས་པ་ཞེས་བྱ་བའི་དོན་ཏོ། །གཉིས་པ་དེའི་དགོས་པ་ནི་སྒྲིབ་པ་ཀུན་ཞེས་ཤླཽ་ཀ་གཅིག་གོ །ངེས་པའི་ཚིག་ནི་གཟུང་དང་ཞེས་ཤླཽ་ཀ་གཅིག་གིས་བསྟན་ཏོ། །བཞི་པ་གྲོགས་ལ་གཉིས་ཏེ། གྲོགས་བཙལ་བ་དངོས་དང༌། གྲོགས་ལ་བརྟེན་པའི་ཕན་ཡོན་བསྟན་པའོ། །དང་པོ་ནི། དེ་ལྟར་རེ་ཞིག་གནས་བྱས་ནས། །ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་ན་གསང་བའི་སྤྱོད་པ་ཟླ་བ་གཅིག་བྱས་པ་དང༌། ལུང་བསྟན་པའི་ཕྱག་རྒྱ་ཚུལ་འདི་དགུག་པ་སྟེ། ཧེ་བཛྲ་ལས། ཟླ་བ་གཅིག་ཏུ་གསང་ལ་སྤྱོད། །ཇི་སྲིད་ཕྱག་རྒྱ་མ་རྙེད་པར། །གནང་བ་རྙེད་འགྱུར་སྔགས་པ་ལ། །རྣལ་འབྱོར་མ་ཡིས་བསྟེན་པར་བྱ། །ཞེས་གསུངས་པ་དང་དགོངས་པ་གཅིག་གོ །ཡང་ན་སྤྱིར་ཕྱག་རྒྱ་བཞི་སྟེ། དང་པོ་ནས་གོམས་པའི་ཕྱག་རྒྱ་ནུས་པས་བཀུག་པའི་ཕྱག་རྒྱ། ལུང་བསྟན་པའི་ཕྱག་རྒྱ། རྟོགས་པ་མཉམ་པའི་ཕྱག་རྒྱ་བཞི་ལས། འདི་ནུས་པས་བཀུག་པ་ལ་བརྟེན་པའོ། །དེ་ལྟར་ལྷའི་བུ་མོ་ལ་སོགས་པ་བཀུག་པ་ལ་དགོས་པ་ཅི་ཡོད་སྙམ་པ་ལ་ཉེ་བར་དགོས་པ་ཞེས་ཤླཽ་ཀ་གཅིག་གསུངས་སོ། །སྤྱོད་པ་གཉི་ག་འཇིག་རྟེན་པའི་མངོན་དུ་སྤྱད་པ་ལ་བཞི་སྟེ། ཞེན་མེད་དང་འཇིགས་མེད་ཀྱི་སྒོ་ནས་ཀུན་འདར་གྱི་སྤྱོད་པ་སྤྱད་པའི་ཚུལ་དང༌། རྒྱལ་ཚབ་ཆེན་པོའི་གྲོགས་དང་རྒྱན་ལ་སོགས་པའི་བསྟན་པ་དང༌། སྤྱོད་པའི་རྒྱན་ལ་སོགས་པའི་དགོས་པའམ་དག་པ་བསྟན་པ་དང༌། བསམ་པའི་ཁྱད་པར་རམ་དམ་ཚིག་བསྡུས་ཏེ་བསྟན་པའོ། །དེ་ལ་དང་པོ་ནི་ལུས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྟེ། འདི་རྣམས་ཧེ་བཛྲ་ཀུན་བཟང་ལ་གཙོ་ཆེར་སྦྱར་ན་འདིར་ཀུན་འདར་དུ་མི་རུང་ངོ་སྙམ་ན། བདེན་མོད་སྤྱོད་པ་གཉི་གའང་འཇིག་རྟེན་གྱི་མངོན་དུ་སྤྱོད་པ་ཞེས་བྱས་ཀྱང་གཉིས་འཛིན་སྤངས་པའི་ཆ་ཙམ་ལ་བསམ་སྟེ་ཀུན་འདར་དུ་གདགས་ཀྱི། དོན་ལ་རྟོགས་པ་མཆོག་ཏུ་གྱུར་པས་དེའི་དུས་སུ་ཀུན་ཏུ་བཟང་པོར་རྟོགས་པས་ཀུན་བཟང་འབའ་ཞིག་ལས་མི་འཇུག་གོ །དེ་ལྟར་ནའང་གཉིས་སྤངས་པས་ཨ་ཝ་དྷཱུ་ཏཱིའི་ཡིན་པས་བླ་མ་གོང་མའི་བཀའ་མི་ཉམས་པར་བྱས་ལ་འདི་དག་ཨ་ཝ་དྷཱུ་ཏཱིར་བཤད་ཀྱང་འགལ་བ་མེད་དོ། །འདི་ལ་བཞི་སྟེ། ལུས་སྦྱིན་པའི་སྤྱོད་པ་དང༌། གཉིས་སྤངས་ཀྱི་སྤྱོད་པ་དངོས་དང༌། གང་ལའང་འཇིགས་པར་མི་བྱ་བ་དང་སྙིང་རྗེའི་བཏུང་བ་བཏུང་གི་གཞན་གྱིས་མི་བཟི་བར་བྱ་བའོ། །དང་པོར་ནི་ལུས་ཀྱི་སྦྱིན་པ་ཞེས་བྱ་བ་སྟེ། བདག་སྐལ་ལྡན་རྣམ་དཔྱད་དེ་མགོ་བྱིན་ཡང་མགོ་བསྐྱེད་ནུས་ན། ལུས་ཀྱི་སྦྱིན་པ་བྱིན་ནས་ནི། །ཕྱི་ནས་སྤྱོད་པ་སྤྱད་དོ། །བདག་སྐལ་མིན་རྣམ་དཔྱད་དེ་མགོ་ལ་སོགས་པས་བསྐྱེད་མི་ནུས་ནི་དེ་ཕྱིར་སྦྱིན་པ་སྦྱིན་མི་བྱའོ། །འོ་ན་ཁས་བླངས་པ་ལས་མི་འགལ་ལམ་ཞེ་ན། མི་འགལ་ཏེ་བདག་གི་ལུས་སེམས་ཅན་ཐམས་ཅད་ལ་བྱིན་པས་དེའི་ནང་ནས་ཁྱོད་རང་གང་དབང་བ་ཁྱེར་ཅིག་ཅེས་བྱིན་པས་འགལ་བ་ཅི་ཡོད་དེ། གཉིས་སྤངས་ཀྱི་སྤྱོད་པ་དངོས་ནི་བཟའ་བཅའ་ཞེས་བྱ་བ་ལ་སོགས་པ་སྟེ་གང་ལའང་ཞེན་པར་མི་བྱ་བའི་དོན་ཏོ། །གསུམ་པ་གང་ལ་ཡང་འཇིགས་པར་མི་བྱ་བ་ནི་ངེས་པར་སྔོན་དུ་ཞེས་བྱ་བ་སྟེ། ཐམས་ཅད་དེ་ཁོ་ནའི་རྟོགས་པའི་བྲན་ཡིན་པའི་ཕྱིར་རོ། །བཞི་པ་སྙིང་རྗེ་བཏུང་ཞིང་གཞན་གྱིས་མི་བཟི་བ་ནི་སེམས་ཅན་ཀུན་གྱི་ཞེས་བྱ་བ་ལ་སོགས་པའོ། །རྒྱལ་ཚབ་ཀྱི་སྤྱོད་པའི་རྒྱན་ལ་སོགས་པའི་བསྟན་པ་ལ་ལྔ་ལས། བཤད་པར་དམ་བཅའ་བ་དགོས་པ་དང་བཅས་པ་ནི་ཡང་ནི་ཞེས་བྱ་བ་སྔ་མ་ལ་ལྟོས་པས་སོ། །རྒྱལ་ཚབ་ཆེ་ནི་རྒྱལ་ས་ཟིན་པའི་སྤྱོད་པ་དང་འདྲ་བའི་ཕྱིར་རོ། །དེའི་དགོས་པ་ནི་དངོས་གྲུབ་མཐའ་སྟེ་ཕྱག་རྒྱ་ཆེན་པོ་གྲུབ་པའི་ཕྱིར་དང་དེས་སེམས་ཅན་འདྲེན་པ་ནི་དགོས་པའོ། །གཉིས་པ་སྤྱོད་པ་དེའི་རྒྱན་ནི་སྒོམ་པ་པོ་ཞེས་བྱ་བ་ལ་སོགས་པའོ། །གསུམ་པ་དེའི་བཟའ་བ་ནི། བཟའ་བ་མི་འཆི་བཅུ་ཕྱེད་དེ། །བདུད་རྩི་ལྔ་བཟའ་ཞེས་བྱ་བའི་དོན་ཏོ། །བཞི་པ་དེའི་རྣལ་འབྱོར་ནི་ཧེ་རུ་ཀ་སྦྱོར་ཏེ་བསྐྱེད་རྫོགས་གཉི་གའིའོ། །ལྔ་པ་གྲོགས་ལ་གསུམ་སྟེ། གྲོགས་ཀྱི་མཚན་ཉིད་དང༌། དེ་སྦྱང་བའི་ཚུལ་དང༌། དེ་མཉེས་པར་བྱེད་པའི་ཐབས་བསྟན་པའོ། །དང་པོ་ནི་ཤིན་ཏུ་བཞིན་བཟང་ཞེས་ཤླཽ་ཀ་གཉིས་སོ། །དེ་སྦྱོང་བ་ནི་བྱང་ཆུབ་ས་བོན་ཞེས་བྱ་སྟེ། སྨོན་འཇུག་དང༌། གསང་བ་དང་ཤེས་བར་ཡེ་ཤེས་དང༌། བཞི་པའི་བྱང་ཆུབ་ཀྱི་ས་བོན་བཅུག་པ་སྟེ། བརྟག་པ་གཉིས་པའི་དང་པོ་ལས་བཤད་ཟིན་ཏོ།། །།དེ་མཉེས་པའི་ཐབས་ནི་གང་ཚེ་རྡོ་རྗེ་མཆོག་ལྡན་ཞེས་བྱ་བ་ལ་སོགས་པ་རྐང་པ་དྲུག་སྟེ་གོ་སླའོ། །རྒྱན་ཆ་ལ་སོགས་པའི་དགོས་པའམ། དག་པ་ལ་བདུན་ལས། རྒྱན་དྲུག་ཁ་ཊྭཱཾ་ག་དང་བཅས་པའི་དགོས་པ་ནི། འཁོར་ལོ་ཞེས་བྱ་བ་རྐང་པ་དྲུག་གོ །བཟའ་བཏུང་དགོས་པ་དང་བཅས་པ་ནི་སྨན་ནི་ཞེས་བྱ་བ་ཤླཽ་ཀ་གཅིག་གོ །མི་འབྲལ་བའི་དམ་ཚིག་གཟུང་བའི་ཚུལ་བསྟན་པ་ནི་རྐུན་མའི་ཞེས་རྐང་པ་གཉིས་ཀྱིས་སྟོན་ཏོ། །མགོ་རྒྱན་གྱི་དགོས་པནི་སངས་རྒྱས་ལྔའི་ཞེས་ཤླཽ་ཀ་གཅིག་གིས་བསྟན་ཏོ། །སྐ་རགས་དང་མཆོད་ཕྱིར་ཐོགས་པ་དགོས་པ་དང་བཅས་པ་ནི་ཐབས་དང་ཤེས་རབ་ཅེས་པ་ཤླཽ་ཀ་གཅིག་གིས་བསྟན་ཏོ། །ཅང་ཏེའུ་དགོས་པ་དང་བཅས་པ་ནི་ཅང་ཏེའུ་ཞེས་རྐང་པ་གཉིས་སོ། །གལ་ཏེ་རྒྱུད་འདི་ཅང་ཏེའུ་བཟླས་པར་བཤད། ཧེ་བཛྲ་ལས། ཐབས་ཀྱི་གཟུགས་ཅན་ཅང་ཏེའུ་ཉིད། །ཅེས་བཤད་ལ། བདེ་མཆོག་ལས་ནི་ཤེས་རབ་ཌཱ་མ་རུའི་སྒྲ་ཞེས་བཤད་པ་ཇི་ལྟར་མི་འགལ་ལམ་སྙམ་ན། མི་འགལ་ཏེ་སྤྱིར་མཚོན་བྱེད་ཀྱི་དཔེ་གཅིག་གིས་མཚོན་བྱའི་དོན་དམ་དུ་མ་སྟོན་པ་མི་འགལ་ཏེ་ཡོན་ཏན་གྱི་ལྟོས་པས་གཞག་པ་ཡིན་ཏེ། ཅང་ཏེའུའི་སྒྲ་དེ་གང་ལས་ཀྱང་མ་བྱུང་བར་སྟོན་པས་ཤེས་རབ་ཡིན་ལ། དེ་ཉིད་སྟོང་ཉིད་རྟོགས་པའི་ཐབས་ཡིན་པས་ཐབས་སུ་བསྟན་ཏོ། །སྒྲ་དེས་རྣམ་རྟོག་ལས་ཡིད་སྐྱོབ་པས་བཟླས་པར་བསྟན་པ་ལ་འགལ་བ་ཡོད་པ་མ་ཡིན་ནོ། །རྡོ་རྗེ་བཟླས་དང་ཞེས་རྐང་པ་གཉིས་པོ་འདིས་ནི་རྡོ་རྗེ་དང་ཐོད་པ་བཟུང་བའི་དགོས་པ་ཡང་སྟོན་ཏོ། །རྡོ་རྗེ་ནི་གཉིས་མེད་ཡེ་ཤེས་ཡིན་པས་བཟླས་བསྒོམ་ཡིན་ལ། ཐོད་པ་ཅན་དུ་བདག་འགྱུར་ནི་བདག་རང་གིས་བདེ་བ་བསྐྱར་ཞེས་བྱ་བའི་དོན་ཏོ། །ཡང་ན་དེ་ལྟར་བཟླས་བསྒོམ་དུ་འགྱུར་བ་ནི་རྡོ་རྗེ་ཐོད་པ་ཡོད་ན་འགྱུར་ཞེས་བྱ་སྟེ། རྡོ་རྗེ་ནི་གཉིས་མེད་ཡེ་ཤེས་ཡིན་ལ། ཐོད་པ་ནི་ཀ་པཱ་ལ་སྟེ་ཀ་ནི་སུ་ཀ་བདེ་བ། པཱ་ལ་ནི་སྐྱོང་བ་སྟེ་བདེ་སྐྱོང་གིས་འགྱུར་ཞེས་བྱའོ། །བསམ་པའི་ཁྱད་པར་རམ་དམ་ཚིག་བསྡུས་ཏེ་བསྟན་པ་ལྔ་ལས། དང་པོ་ཉོན་མོངས་པ་ལ་སོགས་པ་སྤང་བ་ནི་བསྒོམ་དང་ཞེས་རྐང་པ་གསུམ་མོ། །རྣལ་འབྱོར་ལ་གནས་པ་ནི་ཧེ་རུ་ཀ་ཞེས་རྐང་པ་དང་པོས་རྫོགས་རིམ་ལ་གནས་པས་ཕྱི་མས་ནི་བསྐྱེད་རིམ་ལ་གནས་པར་བསྟན་ཏོ། །རིགས་ཀྱི་རྟོག་པ་སྤངས་ཏེ་རིགས་ཐམས་ཅད་གཅིག་ཏུ་བསྡུས་པ་ནི་རིགས་ལྔ་ཞེས་བྱ་བ་ལ་སོགས་པ་སྟེ་མི་རྟོག་པའི་ཕྱིར་ཞེས་བྱའོ། །བསམ་གཏན་གྱི་སྒྲིབ་པ་སྤང་བ་ནི་གཉིད་ཅེས་བྱ་བ་འདིས་མཚོན་ཏོ། །ཐེ་ཚོམ་མེད་པར་ཞེས་བྱ་བ་འདིས་ནི་སྤྱོད་པ་ཉིད་ལ་ཐེ་ཚོམ་སྤངས་ཏེ་སྤྱད་པར་བྱས་ནས་འགྲུབ་པར་འགྱུར་ཞེས་བྱ་བའི་དོན་ཏོ། །སྤྱོད་པ་ནི་རབ་ཏུ་བྱེད་པ་ཕྱི་མ་གཉིས་ལས་མིང་བཏགས་སོ། །བརྟག་པ་ལྔ་པའི་བཤད་པ་རྫོགས་སོ།། །།དེ་ལྟར་བརྟག་པ་ལྔ་པས་སྤྱོད་པ་བསྟན་ཏེ། ཐོག་མར་རྫོགས་པའི་རིམ་པའི་དེ་ཁོ་ན་ཉིད་བསྒོམས་པས་སྤྱད་དོ་ཞེས་བསྟན་པའི་ཕྱིར་རམ། ཡང་ན་སྤྱོད་པ་ལ་གནས་པ་དེས་མཆོག་གི་དངོས་གྲུབ་ཀྱི་དོན་དུ་ཨཱ་ལིའི་བདག་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བསྟན་པའི་ཕྱིར་བརྟག་པ་དྲུག་པ་གསུངས་སོ། །དེ་ལ་བརྟག་པ་དྲུག་པ་མཐའ་དག་གི་བརྗོད་པར་བྱ་བའི་དོན་ནི་གང༌། རྗོད་བྱེད་ཀྱི་སྒྲ་ནི་གང༌། མངོན་པར་རྟོགས་པ་ནི་གང༌། རྒྱུད་སྡེ་གཞན་ལ་ཇི་ལྟར་ཕན་འདོགས་པའི་བཤད་པའི་རྒྱུད་ཡིན་ན། དེ་ལ་བརྗོད་པར་བྱ་བའི་དོན་ནི་སྦས་པའི་དོན་དེ་ལས་ཀྱང་གཙོར་རང་བྱིན་བརླབ་ཀྱི་སྦས་པ་ཡིན་ལ། དེའི་ཞར་ལ་དཀྱིལ་འཁོར་འཁོར་ལོའི་ཐབས་ཅུང་ཟད་སྟོན་ཏེ། མདོར་ན་གསང་བ་ཆོས་ཀྱི་དཀྱིལ་འཁོར་གསུམ་མངོན་དུ་བྱེད་པ་རླུང་དང་བཅས་པའི་བཞི་ཀ་གསལ་བར་སྟོན་ཏོ། །རྗོད་བྱེད་ཀྱི་སྒྲ་ནི་གསུམ་ཀ་འཇུག་ཀྱང་ཡི་གེ་བཅུ་དྲུག་ཡི་གེ་གཙོ་ཆེ། རླུང་མན་ངག་གཙོ་ཆེ། གཞན་ཡན་ལག་གི་དོན་གཙོ་ཆེ་བས་འཆད་དོ། །མངོན་པར་རྟོགས་པ་ནི་གཞུང་བཤད་པའི་གོ་རིམ་གི་དབང་དུ་བྱས་ན་སྤྱོད་པའི་རྗེས་ལ་བཞུགས་པས་ཉེ་བའི་རྒྱུར་འབྲེལ་ལ། སྤྱིར་བསྐྱེད་པའི་རིམ་པའི་རྗེས་ལ་ལྷ་ཡེ་ཤེས་སུ་རྟོགས་པའི་རྫོགས་པའི་རིམ་པ་དང་ཡང་འབྲེལ་ལོ། །འོ་ན་དེ་གཉིས་མི་འགལ་ལམ་ཞེ་ན། མི་འགལ་ཏེ། རྫོགས་པའི་རིམ་པའི་དོན་དམ་གཅིག་ཉིད་མངོན་རྟོགས་གསུམ་དུ་སྐྱེ་སྟེ། དང་པོར་ཐོས་བསམ་གྱི་སྒྲོ་འདོགས་ལུས་ལ་བཅད་པ་ན་རྟོགས་པའི་ལྟ་བར་འགྱུར་ལ། བར་དུ་རྫོགས་པའི་རིམ་པ་ཡིན་ལ། མཐར་ཉམས་སུ་བླང་བ་ནི་ཉེ་བའི་རྒྱུ་ཞེས་སྐབས་གསུམ་དུ་སྔར་བཤད་པ་བཞིན་ནོ། །རྒྱུད་སྡེ་གཞན་གང་གི་བཤད་པའི་རྒྱུད་ཡིན་ན། རབ་ཏུ་བྱེད་པ་དང་པོ་ལས་དོན་དང་པོར་ཁམས་ཀྱི་དོན་བཤད་པ་ལས་ཡི་གེ་བཅུ་དྲུག་གི་བཤད་པ་འདི་ནི་མཆོག་ཐུན་མོང་གཉིས་ཀའི་གླེང་གཞི་མཐའ་དག་གི་བཤད་པའི་རྒྱུད་ཡིན་ནོ། །དེའང་སྤྱིར་རྣལ་འབྱོར་མའི་གླེང་གཞི་ལ་རྒྱུད་ཁ་ཅིག་ཏུ་མཐར་ཐུག་བཤད། འདིར་ཡང་རྒྱུད་ཕྱི་མས་མཐར་ཐུག་ཏུ་བཤད། ཁ་ཅིག་གིས་བསྐྱེད་རིམ་དུ་བཤད། རྡོ་རྗེ་མཁའ་འགྲོའི་ལེའུ་བཞི་བཅུ་གཉིས་པར་བཅུད་ལེན་དུ་བཤད་དེ། མདོར་ན་བཤད་ཚུལ་དུ་མར་བཤད་པ་ལས། འདིར་སྦས་པའི་དོན་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་བཤད་པས་ཁ་ཅིག་ཏུ་མི་གསལ་བ་གསལ་བར་བྱེད། ཁ་ཅིག་ཏུ་ཚུལ་མི་འདྲ་བས་བཤད་པའི་རྒྱུད་ཡིན་ནོ། །དེའང་ཡི་གེ་བཅུ་དྲུག་གིས་ཁམས་བཅུ་དྲུག་ཏུ་བཤད། ཡང་ཡི་གེ་གསུམ་ལས་ཡི་གེ་ལྔར་བྱས་པའི་ཚིག་བཅུ་གཉིས་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་དང་སྙིང་ག་ཆོས་ཀྱི་འཁོར་ལོ་བཅུ་བཞིར་རྩ་ཡི་གེའི་དབྱིབས་སུ་གྲུབ་པའི་ནང་ན་ནད་འདུ་བ་བཞི་སྐྱེད་པ་གནས་སོ་ཞེས་བས་བྷ་གའི་དཀྱིལ་འཁོར་དང་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་གཉིས་སུ་གསལ་བར་བཤད་དོ། །ཡང་སྒྲའི་ཚུལ་ལས་ཞེས་བྱ་བ་ལ་སོགས་པས་དེ་མངོན་དུ་བྱེད་པའི་རྒྱུ་བསྟན་པ་ནི། དཔལ་བདེ་མཆོག་ཉུང་ངུའི་ལེའུ་དང་པོར་ཚིག་ཆ་མཐུན་ལ། སྦས་དོན་དུ་བཤད་པས་གསལ་བར་བྱེད་ཅིང༌། དེ་བཞིན་དུ། སྔགས་བཟླས་བསམ་གཏན་ལ་སོགས་ལྡན། །རྒྱུད་ལས་གསུངས་པ་ཉན་པར་གྱིས། །ཞེས་བྱ་བའང༌། ཉུང་ངུར་རིགས་ལྡན་མ་མཆོད་པས་མཉན་པར་གདམས་པ་ཡིན་ཏེ་འདིས་སྦས་དོན་དུ་གསལ་བར་བཤད། རྩ་གཉིས་སྐྱེ་གནས་ཞེས་བྱ་བ་ལ་སོགས་པས་ལྷ་མོ་བཞིས་ཞུས་པའི་རྒྱུད་ལས་གོས་དཀར་མོས་ཞུས་པ་དང་ཆ་མཐུན་པས་བཤད་པའི་རྒྱུད་ཡིན་ལ། ཡང་གོང་དུ་རྣལ་འབྱོར་མའི་གླེང་གཞིས་བསྟན་པའི་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཉིད་ལམ་གཉིས་པོ་འདི་ལ་བརྟེན་ཏེ་བྱང་ཆུབ་ཀྱི་སེམས་བཅུ་དྲུག་གཉིས་སུ་འགྱུར་གཉིས་གསུམ་ལྔ་གསུམ་དེ་ལས་དྲུག་གི་སྒོ་ནས་ལུས་གྲུབ་བོ་ཞེས་དཀྱིལ་འཁོར་གསུམ་དུ་རྒྱུད་གཉིས་གཅིག་ཏུ་བསྡེབས་ཏེ། མི་གསལ་བ་གསལ་བར་བྱེད་པས་བཤད་པའི་རྒྱུད་དོ། །སྟེང་གི་སྒོ་དང་ཞེས་བྱ་བ་ལ་སོགས་པ་དེ་མངོན་དུ་བྱེད་པ་རླུང་བསྟན་པ་ནི། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་དང༌། རྡོ་རྗེ་ཕྲེང་བ་དང༌། རྡོ་རྗེ་མཁའ་འགྲོའི་ལེའུ་བཅུ་པ་ལ་སོགས་པར་རླུང་གསུངས་པའི་དེ་ལ་འདིར་འགྲོ་འོང་གི་སྒོ་གསལ་བར་བཤད། མིང་དང་གྲངས་དང་རང་གི་ངོ་བོ་ལ་སོགས་པ་མདོར་བསྡུས་ཏེ་བཤད་པའི་རྒྱུད་ཡིན་ནོ། །ཡང་རླུང་འདིས་གོང་དུ་བསྟན་པའི་ཁམས་ལས་ལུས་མངོན་དུ་བྱེད་པ་ཉིད་ཀྱང་འདིའི་དབང་གིས་གྲུབ་པ་ཡིན་ནོ་ཞེས་སྟོན་པ་གོང་དུ་སྟོན་པའི་རྒྱུད་རྣམས་དང་ཕྱོགས་གཅིག་ཏུ་བསྡེབས་ནས་མི་གསལ་བ་གསལ་བར་བྱེད་པས་བཤད་པའི་རྒྱུད་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལྷ་མོས། །ཞེས་བྱ་བ་ལ་སོགས་པ་དཔྱིད་ཀྱི་ཐིག་ལེ་ཞེས་བྱ་བ་རྡོ་རྗེའི་ལུས་ཀྱི་གནས་ལུགས་བསྟན་པས་ལུས་ལ་ཕྱི་རོལ་གྱི་ཆོས་ཐམས་ཅད་གཏན་ལ་འབེབས་ཏེ། འདི་ནི་དཔལ་བདེ་མཆོག་གི་རྒྱུད་མཐའ་དག་དང༌། ཀྱེའི་རྡོ་རྗེའི་རྒྱུད་མཐའ་དག་དང༌། མདོར་ན་རྣལ་འབྱོར་མའི་རྒྱུད་ཅེས་བྱ་བ། ནང་ལུས་དང་བྷ་ག་དང་བྱང་ཆུབ་སེམས་དང་རླུང་གི་གནས་ལུགས་སྟོན་པ་མཐའ་དག་གི་བཤད་པའི་རྒྱུད་ཡིན་ཏེ། སོ་སོའི་ཐད་ཀའི་དོན་ནི་གཞུང་སོ་སོའི་སྐབས་ཉིད་དུ་ཤེས་པར་བྱའོ། །མདོར་ན་གསང་འདུས་ཀྱི་བཤད་པའི་རྒྱུད་ཟབ་མོ་སྟོན་པ་རྣམས་དང༌། བདེ་མཆོག་མའི་རྒྱུད་དེ་ཟབ་མོ་སྟོན་པ་མཐའ་དག་ཏུ་རང་གི་ལུས་འགྲུབ་པར་བྱེད་པའི་བྱང་ཆུབ་ཀྱི་སེམས་དེ་ལམ་གང་ནས་ཚུལ་ཇི་ལྟར་འགྲུབ་པ། དེ་རླུང་གི་དབང་གིས་མངོན་དུ་བྱེད་པ་དེ་ལས་གྲུབ་པའི་ལུས་ཀྱི་གནས་ལུགས་ལ་ཆོས་ཐམས་ཅད་བསྡུས་ལ། དེ་ལྟར་རང་ལ་གནས་པ་བཞིན་ལམ་དུའང་རང་གི་ལུས་ཉིད་ལ་བརྟེན་ཏེ་ཏིང་ངེ་འཛིན་སྐྱེ། འབྲས་བུ་ཡང་དེ་བཞིན་དུ་འགྲུབ་ཅེས་བྱ་བར་ཕྱོགས་གཅིག་ཏུ་བསྡེབས་ཏེ་གསལ་བར་སྟོན་པས་དེ་མཐའ་དག་གི་བཤད་པའི་རྒྱུད་དུ་འགྱུར་བ་ཡིན་ནོ། །སྤྱིའི་དོན་ཏོ།། །།གཞུང་གི་དོན་ལ་གསུམ་སྟེ། ཞུས་པ་སྤྱིར་བསྟན་པ་དང༌། མཉན་པར་གདམས་པ་དང༌། ལན་བསྟན་པའོ། །དང་པོ་ནི་ལྷ་ལགས་ཞེས་བྱ་བ་ལ་སོགས་པ་སྟེ། ཟག་བཅས་ཀྱི་ལུས་བཅོམ་པ་དང༌། ཟག་མེད་ཀྱི་བདེ་བ་ལ་ལོངས་སྤྱོད་པས་ལྷ་སྟེ་རྡོ་རྗེ་འཛིན་པའོ། །དེ་ལ་གང་ཉན་པར་འཚལ་ན་རང་བྱིན་བརླབ་སྟེ། རང་ནི་རང་གི་ལུས་སོ། །དེ་བྱིན་གྱིས་རློབ་པ་ནི་ལུས་གཏན་ལ་ཕབ་ནས་དེ་ལ་རང་བྱུང་ཡེ་ཤེས་བསྐྱེད་པ་དེ་ཅི་ལགས་སོ། །དེ་སྟོན་པའི་རྗོད་བྱེད་དེ་གསང་བ་ལ་སོགས་པ་སྟེ། རྣལ་འབྱོར་མའི་གླིང་གཞི་སྟེ། དེ་ལ་སྤྱི་དང་མཐར་ཐུག་པར་སྔར་གསུངས་ན། རང་བྱིན་བརླབ་ཀྱི་སྐབས་སུ་ནང་དུ་དགོངས་པ་ཇི་ལྟར་ལགས་ཞེས་ཞུས་པའོ། །མཉན་པར་གདམས་པ་ལ་གཉིས་ལས། མཉན་པར་གདམས་པ་དངོས་ནི། རྡོ་རྗེ་སེམས་དཔའ་རྐང་པ་གཉིས་སོ། །གཉིས་པ་རྒྱུད་ཐམས་ཅད་ཀྱི་རྗོད་བྱེད་དང་བརྗོད་བྱ་ཐུན་མོང་བར་བསྟན་པ་ནི་ཐམས་ཅད་རྒྱུད་རྐང་པ་གཉིས་སོ། །ལན་ལ་གསུམ། ཤེས་བྱའི་དཀྱིལ་འཁོར་བཞི་གཏན་ལ་དབབ་པ་དང༌། དེ་ལས་བྱུང་བའི་ཡེ་ཤེས་དང༌། དེ་རྟོགས་པར་བྱེད་པའི་ཐབས་སོ། །དང་པོ་ལ་གསུམ། དཀྱིལ་འཁོར་བཞི་མདོར་བསྟན་པ་དང༌། དཀྱིལ་འཁོར་བཞི་རྒྱས་པར་བཤད་པ་དང༌། དཀྱིལ་འཁོར་གཉིས་ཤིན་ཏུ་རྒྱས་པར་བཤད་ཅིང་ཁམས་དང་རླུང་ཅུང་ཟད་བཤད་པའོ། །དང་པོ་ནི་ཨེའི་ཞེས་པ་ཤླཽ་ཀ་གཅིག་གོ །འདི་ལ་གསུམ་སྟེ། རང་བྱིན་བརླབ་བསྐྱེད་པའི་གནས་དང༌། རང་བྱིན་བརླབ་ཀྱི་ངོ་བོ་དང༌། དེ་སྐྱེད་པར་བྱེད་པའི་རྒྱུའོ། །དང་པོ་ནི་ཨེའི་རྣམ་པ་སྟེ་གོང་དུ་བརྟག་པ་དང་པོར་གསུངས་པ་སྟེ། རང་གི་ལུས་གྲུབ་པའི་གནས་ནི་ཤེས་རབ་ཀྱི་ཆོས་འབྱུང་ཨེར་གྲུབ་པ་ཡིན་ལ། རང་དེ་བྱིན་གྱིས་བརླབ་པ་མངོན་དུ་བྱ་བའི་གནས་ནི་ལྟེ་བའི་ཨེར་མངོན་དུ་བྱེད་པའོ། །ཞར་ལ་མཐར་ཐུག་གི་ཨེའང་ཤུགས་ལས་ཤེས་ཏེ། དེ་ལྟར་ན་གནས་སོ། །གཉིས་པ་རང་བྱིན་བརླབ་ཀྱི་ངོ་བོ་ནི་གནས་ཀྱི་མཚན་ཉིད་མི་གསལ་བ་སྟེ། དེ་ལ་རང་ནི་གནས་ཀྱི་མཚན་ཉིད་དེ་རྡོ་རྗེའི་ལུས་དབང་པོ་སྐྱོན་མེད་ཀྱི་གནས་ལུགས་འགྲུབ་པ་འདིའོ། །རང་དེས་བྱིན་གྱིས་རློབ་པ་ནི་མཚན་ཉིད་མི་གསལ་བ་སྟེ། རང་གི་རྡོ་རྗེ་ལུས་ཀྱི་གནས་ལུགས་ལ་ཇི་སྙེད་ཡོད་པའི་ཆོས་ཇི་ལྟ་བ་བཞིན་དུ་བསྡུ་བ་དེ་བླ་མའི་མན་ངག་མེད་ན་མི་རྟོགས་པས་མི་གསལ་བའོ། །ཡང་ན་དེ་ལ་རང་བྱུང་ཡེ་ཤེས་གནས་པ་དེ་མི་རྟོགས་པས་མི་གསལ་བའོ། །རང་བྱུང་ཡེ་ཤེས་སྐྱེད་པའི་ཐབས་ལུས་ལ་གནས་ཀྱང་མན་ངག་མེད་ན་མི་རྟོགས་པས་མི་གསལ་བའོ། །འདིས་ནི་དཔྱིད་ཀྱི་ཐིག་ལེ་ཞུས་པ་ནས་བརྩམས་ཏེ། བརྟག་པ་དྲུག་པ་རྫོགས་པའི་བར་གྱི་མདོར་བསྟན་པར་འགྱུར་ཏེ། ནང་གི་སྦྱིན་སྲེག་ལ་སོགས་པ་ཐམས་ཅད་ཀྱང་ལུས་གཏན་ལ་དབབ་པའི་དོན་ཡིན་པས། དེ་དག་གིའང་ལུས་རྣམ་གཞག་གོ །དེ་ལྟ་བུའི་རང་དང་དེ་བྱིན་གྱིས་བརླབ་པ་དེ་འགྲུབ་པའི་རྒྱུ་གང་ཞེ་ན། འགྲོ་དང་ཞེས་སྨོས་ཏེ། འདི་ལ་གསུམ། རྒྱུ་གང་གིས་མངོན་དུ་བྱེད། ལམ་གང་ནས་མངོན་དུ་བྱེད། གང་གི་དབང་གིས་མངོན་དུ་བྱེད་ཅིང་གྲུབ་པའོ། །དེ་ལ་དང་པོ་ནི་གནས་དེར་རྒྱུ་གང་ཞིག་གིས་རང་གི་ལུས་དང་རང་བྱིན་བརླབ་མངོན་དུ་བྱེད་སྙམ་པ་ལ་ཁམས་དང་ཞེས་གསུངས་ཏེ། རྒྱས་པར་ཕྱེ་ན་ཁམས་དྭངས་མ་བཅུ་དྲུག དེ་ལས་བསྡུས་པས་ཕ་ལས་སྐྱེས་པ་གསུམ་དང་མ་ལས་སྐྱེས་པ་གསུམ་སྟེ་དྲུག་པོ་དང༌། ཡང་བསྡུས་པས་བདུད་རྩི་ལྔ། དེ་ལས་ཀྱང་བསྡུས་པས་ཉི་ཟླ་གཉིས་སུ་བསྡུས་པ་རྣམས་སོ། །དེས་ནི་ཡི་གེ་བཅུ་དྲུག་གི་མདོར་བསྟན་པར་འགྱུར་རོ། །གཉིས་པ་དེ་དག་ལམ་གང་ནས་མངོན་དུ་བྱེད་སྙམ་ན། སེམས་ཀྱི་རྟག་འགྲོ་བ་ཞེས་པ་སྟེ། ཐུགས་ཀྱི་སྒོ་སྟེ་རྩ་རོ་རྐྱང་གཉིས་ལ་བརྟེན་ཏེ་འགྲུབ་པར་འགྱུར་ཞེས་བྱ་སྟེ། འདིས་ནི་སྐྱེ་གནས་དབུས་སུ་རྩ་གཉིས་ཏེ་ཞེས་བྱ་བ་ལ་སོགས་པའི་མདོར་བསྟན་པའོ། །གལ་ཏེ་དེ་ལས་བྱང་ཆུབ་ཀྱི་སེམས་བདུད་རྩི་ལྔ་དང་དྲུག་ལ་སོགས་པ་བསྟན་པས་འདིར་རྩ་གཉིས་བསྟན་པའི་རྒྱས་བཤད་དུ་མི་འགྱུར་སྙམ་ན། དེ་ནི་རྩ་གཉིས་པོ་འདི་ལས་འདི་དག་འབྱུང་ཞེས་པ་རྩའི་ཞར་ལས་བྱུང་བ་ཡིན་ནོ། །གསུམ་པ་དེ་དག་ཏུ་གང་གི་དབང་གིས་མངོན་དུ་བྱེད་སྙམ་པ་ལ། འགྲོ་དང་རྗེས་སུ་འོང་བ་ཉིད་ཅེས་བྱ་སྟེ། རོ་མའི་ནུས་པས་རླུང་གྱེན་ལ་འགྲོ་བ་དང༌། རྐྱང་མའི་ནུས་པས་རླུང་ནང་དུ་འོང་བ་དང༌། ཤུགས་ལས་བསྟན་པ་གནས་པ་ཞེས་བྱ་བ་སྟེ། གསུམ་པོ་འདིས་མངོན་དུ་བྱེད་ཅེས་བྱ་བ་སྟེ། འདིས་ནི་སྟེང་གི་སྒོ་དང་ཞེས་བྱ་བ་ལ་སོགས་པའི་མདོར་བསྟན་པའོ། །དེ་ལྟར་ན་དེ་དག་གིས་འདི་སྐད་སྟོན་པར་འགྱུར་ཏེ། གནས་གང་དུ་མངོན་དུ་བྱེད་པ་དང༌། ལམ་གང་ནས་མངོན་དུ་བྱེད་པ་གཉིས་ཀྱིས་ནི་ལུས་ཀྱི་དཀྱིལ་འཁོར་དང༌། བྷ་གའི་དཀྱིལ་འཁོར་བསྟན་ཏོ། །གང་ཞིག་གིས་མངོན་དུ་བྱེད་པས་ནི་བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར་བསྟན་ལ། རླུང་ནི་དེ་མངོན་དུ་བྱེད་པའོ། །དེ་དག་ཀྱང་ལམ་དུ་མ་བྱས་པའི་དབང་དུ་བྱས་ནས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལས་རང་གི་ལུས་འགྲུབ་པར་བྱེད་པའི་རྒྱུ་ཡིན་ལ། ལམ་དུ་བྱས་པའི་ཚེ་བྱང་ཆུབ་ཀྱི་སེམས་དེ་ཉིད་རང་བྱུང་གི་ཡེ་ཤེས་ཆོས་བཞི་ལྡན་ཞུ་བ་དང་བདེ་བ་དང་མི་རྟོག་པ་དང་རང་རིག་པ་གསལ་བར་མངོན་དུ་བྱས་པས་འབྲས་བུ་མཐར་ཐུག་སངས་རྒྱས་ཀྱི་སྐུ་གསུམ་འགྲུབ་པར་བྱེད་དོ། །ཞེས་ཅིག་ཅར་དུ་གཏན་ལ་ཕབ་པ་ཡིན་ནོ། །ཚིག་འདི་དག་གིས་ཙཎྜཱ་ལཱིའི་རྣལ་འབྱོར་བཅུ་གཉིས་པ་འཁོར་ལོ་གཅིག་ལ་བརྟེན་པ་ཞེས་བྱ་བའང་བསྟན་ཏེ་བླ་མས་འཆད་པར་འགྱུར་རོ། །དཀྱིལ་འཁོར་བཞི་རྒྱས་པར་བཤད་པ་ལ་གསུམ་སྟེ། གང་གི་བདག་ཉིད་ཀྱིས་མངོན་དུ་བྱེད་པ་ཁམས་བདུད་རྩིའི་དཀྱིལ་འཁོར་ཁམས་ཀྱི་དོན་རྒྱས་པར་བཤད་པ་དང༌། ལམ་གང་ནས་མངོན་དུ་བྱེད་པ་རྩ་དང༌། ཡི་གེའི་དཀྱིལ་འཁོར་སེམས་ཀྱི་རྟག་འགྲོ་བའི་རྒྱས་པར་བཤད་པ་དང༌། གང་གི་དབང་གིས་མངོན་དུ་བྱེད་པ་རླུང་གི་དཀྱིལ་འཁོར་འགྲོ་དང་རྗེས་སུ་འོང་བ་ཉིད་ཀྱི་དོན་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། ཞུས་པ་དང༌། ལན་བསྟན་པའོ། །དང་པོ་ནི་ཁམས་དང་ཞེས་པ་རྐང་པ་གཅིག་གོ །ལན་ལ་གསུམ་སྟེ། ཡི་གེ་བཅུ་དྲུག་གི་སྒོ་ནས་ཁམས་བཅུ་དྲུག་ཏུ་བཤད་པ་དང༌། ཡི་གེ་གསུམ་ལས་ལྔར་བྱས་པས་ནད་འདུ་བ་བཞི་བསྐྱེད་པ་ལུས་ལ་ཇི་ལྟར་གནས་པ་དང༌། དེ་དག་གང་ལ་བརྟེན་ཏེ་མངོན་དུ་བྱེད་པའི་ཚུལ་བསྟན་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། །ཞེས་བྱ་བ་ལ་སོགས་པ་སྟེ། རྣལ་འབྱོར་མའི་གླེང་གཞི་ཡི་གེ་བཅུ་དྲུག་པོ་འདིས་སྦས་པའི་དོན་གྱི་དབང་དུ་བྱས་ན་ཁམས་བཅུ་དྲུག་ཏུ་བསྟན་ཏོ། །ཞེས་བྱ་བའི་དོན་ཏེ་ཚིག་གི་དོན་ཕལ་ཆེར་ནི་རྟོགས་པར་སླའོ། །མདོར་བསྡུ་ན་བྱང་ཆུབ་སེམས་ཀྱི་རང་བཞིན་ལས་ཞེས་བྱ་བ་ནི་ཀུན་རྫོབ་ཀུནྡ་ལྟ་བུ་སྟེ་དོན་དམ་པའི་རྟེན་བྱེད་པས་བྱང་ཆུབ་ཀྱི་སེམས་སོ། །ཆ་ཞེས་བྱ་བ་ནི་ཨཱ་ལི་སྟེ་དེའི་བརྡའང་བདེ་བ་བསྟན་ཏེ་འགྱུར་བ་ནི་ཀཱ་ལི་སྟེ། དེའི་བརྡས་རྟེན་ཞུ་བའོ། །དེའི་ཕྱིར་ཞུ་བདེ་མི་ཕྱེད་པ་ཞེས་བྱ་བའི་དོན་ཏོ། །གཉིས་པ་འདུ་བ་བཞི་བསྐྱེད་པའི་འཁོར་ལོ་བསྟན་པ་ལ་གསུམ་སྟེ། ཚིགས་ཆེན་བཅུ་གཉིས་ཀྱི་འཁོར་ལོ་དང༌། མགྲིན་པའི་འཁོར་ལོ་དང༌། སྙིང་གའི་འཁོར་ལོ་གཏན་ལ་དབབ་པའོ། །དང་པོ་ནི་རང་བཞིན་ཞེས་བྱ་བ་ལ་སོགས་པ་སྟེ། ཡང་གླེང་གཞི་དེའི་ཐོག་མའི་ཡི་གེ་ར་ཧ་སྱེ་ཞེས་བྱ་བ་འདི་ལུས་ལ་གནས་པ་སྟེ། འདི་ལྟར་ར་ནི་མེའི་ས་བོན་ཡིན་པས་མེའི་ཁམས་མཚོན་ལ། མེ་ཤས་ཆེ་བ་ན་ཁྲག་སྐྱེ་བ་ཡིན་ལ། ཁྲག་ཤས་ཆེ་བས་མཁྲིས་པ་འབྱུང་བའི་ཕྱིར་མཁྲིས་པ་བསྟན་ཏོ། །མཚན་ཉིད་གཅིག་འདོད་ཅེས་བྱ་བ་ནི་སྱེའི་འགྲེང་བུ་ཨེ་གུད་དུ་ཕྲལ་བས་དེ་ནི་ཨེ་ཀ་སྟེ་གཅིག་ཡིན་ལ། གཅིག་པ་ནི་རླུང་མཁྲིས་བད་ཀན་འདུས་པས་གཅིག་པ་ནི་འདུས་པའི་ནད་དོ། །སྱེ་ཞེས་པ་ནི་བད་ཀན་ལས་ཏེ་ས་དངོས་གྱིས་བད་ཀན་བསྟན་ལ། ཡས་དེ་ལས་རྡུལ་དང་ཆུ་རྒྱུས་འབྱུང་བ་བསྟན་ཏེ། མདོར་ན་སྱེ་ནི་བད་ཀན་ནོ། །མགོན་པོ་ནི་རྒྱུ་བའོ། །ཡང་ན་མགོན་པོ་ནི་དེ་དག་གི་གཙོ་བོར་གྱུར་པ་ཞེས་བྱ་སྟེ་དེ་རྣམས་ལ་དབང་བྱེད་པའི་ཕྱིར་རླུང་ངོ༌། །དེ་ནི་ཧས་བསྟན་ཏེ་ཧ་དང་ཡ་ནི་ཧ་ཡ་སྟེ་འགྲོ་མགྱོགས་སོ། །དེ་བས་ན་ར་ཧ་ས་ཡ་ཨེ་ཞེས་བྱ་བ་ཡི་གེ་ལྔ་པོ་འདིས་ནི་ནད་འདུ་བ་བཞི་དང་ལུས་ཡང་དག་པར་སྐྱེད་པར་བྱེད་པས་རུས་པའི་མཚམས་སུ་ཡང་དག་བཏབ་སྟེ། ཚིག་ཆེན་བཅུ་གཉིས་ལ་གནས་ཞེས་བྱ་བའི་དོན་ཏོ། །འདིས་ཙཎྜཱ་ལཱི་བཅུ་གསུམ་པ་བསྟན་པ་ནི་བླ་མའི་མན་ངག་ལས་ཤེས་པར་བྱའོ། །གཉིས་པ་ནི་དེ་ལྟར་ཚིགས་གཞན་ན་མི་གནས་སམ་སྙམ་པ་ལ་རྐན་དུ་ཞེས་སྨོས་ཏེ། ལོངས་སྤྱོད་ཀྱི་འཁོར་ལོ་ལའང་གནས་ཏེ། མགྲིན་པ་མེའི་རང་བཞིན་ཡིན་པས་ར་གནས་ལ། དེ་བཞིན་དུ་དེ་ནས་ས་བོན་བཞིའང་གནས་ཏེ། དེར་ཟས་ལ་རེག་པས་ཧ། དེར་བད་ཀན་སོགས་པས་ན་ས། རླུང་གིས་ཁ་ཟས་ཕུལ་བས་ཡ། དེས་ཐམས་ཅད་ལ་ཁྱབ་པས་ཨེའོ། །དེ་ལྟར་མགྲིན་པ་ན་ལས་བཞི་པོ་དེ་བྱེད་པས་ཡི་གེ་དེ་དག་གནས་ཞེས་བྱ་བའི་དོན་ཏོ། །གསུམ་པ་ཆོས་ཀྱི་འཁོར་ལོ་ནའང་གནས་པར་བསྟན་པ་ནི། དང་པོ་རེ་མིག་ཞེས་སྨོས་ཏེ་དང་པོའི་རེ་མིག་ནི་གནས་རྣམས་ཀྱི་གཙོ་བོར་གྱུར་བའི་ཕྱིར་དང་པོ་སྟེ་སྙིང་གའོ། །དེར་ས་བོན་ལྔ་གནས་ཏེ་ནད་འདུ་བ་བཞིའམ་འབྱུང་བ་བཞི་བསྐྱེད་པའི་ཕྱིར་རོ། །ལྔའི་ནང་ནས་ཧ་ནི་རྣམ་པར་ཤེས་པའི་རྟེན་ཡིན་པའི་ཕྱིར་ཧཱུྃ་གི་རྣམ་པར་གནས་སོ་ཞེས་སྟོན་པ་ནི་དབྱངས་ཀྱི་དྲུག་ལྡན་པ་སྟེ་ཨཱུ་རིང་པོས་ཞབས་སུ་བཏགས་པའོ། །རྣམ་པར་ཤེས་པ་ནི་དེ་ལ་ཐིག་ལེ་དང་བཅས་པ་འདིས་རྣམ་པར་ཤེས་པའི་རྟེན་བྱེད་པའོ། །དེ་བས་ན་ཧ་ཡི་རྣམ་པ་ཐམས་ཅད་དུ། །སངས་རྒྱས་ཀུན་དང་མཉམ་སྦྱོར་ཏེ། །ཧཱུྃ་དེ་ནི་རྟེན་བྱང་ཆུབ་ཀྱི་སེམས་སངས་རྒྱས་ཀུན་གྱིས་གང་ལ། དེ་ལ་བརྟེན་པ་བདེ་སྟོང་དང་བཅས་པ་དེ་ལམ་དུ་བྱས་པ་དང༌། མ་བྱས་པའི་བྱེ་བྲག་གིས་བདེ་བ་དང་སྡུག་བསྔལ་ཐམས་ཅད་ལ་ཁྱབ་ཅེས་བྱ་བའི་དོན་ཏོ། །གསུམ་པ་དེ་གང་ལ་བརྟེན་ཏེ་མངོན་དུ་བྱེད་སྙམ་ན་སྒྲའི་ཚུལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་སྒྲ་ནི་ནཱ་དའོ། །ད་ནི་ལིར་བསྒྱུར་བས་ན་ལི་སྟི་རྩའོ། །ཚུལ་ནི་དེ་ལས་ཨ་ཤད་ལྟ་བུའི་རྣམ་པར་གྲུབ་པ་སྟེ་མདོར་ན་ལྟེ་བའི་ཨྃ་ངོ༌། །དེ་ལས་བྱུང་བ་སྟོན་ཏེ་ཐ་མལ་པའི་དུས་སུ་ལུས་གྲུབ་པའི་རྩ་བ་ནི་ལྟེ་བ་ཡིན་པས། དེ་ལས་རྩ་གསུམ་ལ་སོགས་པ་ཐམས་ཅད་རིམ་གྱིས་རྒྱས་པས་དེ་ལས་བྱུང་ལ། ལམ་དུ་བྱས་པ་ནའང་ལྟེ་བའི་གནས་སུ་གཏུམ་མོ་མངོན་དུ་བྱས་པ་ལས་འབྱུང་ཞེས་པའོ། །དེ་གང་གི་སྤྱོད་པའམ་སྤྱོད་ཡུལ་ཡིན་སྙམ་ན་དམ་ཚིག་སྤྱོད་པ་ཡིན་ཏེ། དམ་ཚིག་ནི་མི་འདའ་བ་ཡིན་ལ་དེ་རྣམས་བསྐྱེད་པ་ལས་མི་འདའ་བ་སྤྱོད་ཡུལ་ཏེ་རྒྱུའི་གནས་སྐབས་སུའང་ཟག་བཅས་ཀྱི་ལུས་སྐྱེད་པ་ལས་མི་འདའ་ལ། ལམ་ལ་སོགས་པར་ཡང་ཡེ་ཤེས་བསྐྱེད་པ་ལས་མི་འདའ་བས་ན་ངོ་བོ་ཉིད་ཀྱི་དེ་ལྟར་སྤྱོད་པའི་སྤྱོད་ཡུལ་ཞེས་བྱའོ། །ཡང་ན་དམ་ཚིག་ནི་དབང་པོ་རྣམས་ཀྱིས་ཡུལ་རྣམས་སྤྱོད་པ་ལས་མི་འདའ་བས་ན་དམ་ཚིག་སྤྱོད་པའོ། །དེ་སྤྱད་པས་བྱང་ཆུབ་ཀྱི་སེམས་རྒྱས་པས། རྒྱུ་དང་ལམ་གྱི་གནས་སྐབས་ཐམས་ཅད་དུ་སྐྱེད་པར་བྱེད་ཅེས་དགོངས་སོ། །ཡང་ན་དེ་རྣམས་ལ་བརྟེན་ནས་ཏིང་ངེ་འཛིན་སྐྱེ་བ་ནི་བཟའ་བསྲུང་གི་དམ་ཚིག་ལ་སྤྱོད་པའི་རྣལ་འབྱོར་པའི་སྤྱོད་ཡུལ་ལོ་ཞེས་ཀྱང་བྱར་རུང་ངོ༌། །དེ་ལྟར་ཁམས་རབ་ཏུ་བསྡུ་བའི་དེ་ཁོ་ན་ཉིད་འདི་ནི་བླ་མའི་མན་ངག་མེད་ན་འཇིག་རྟེན་གསུམ་དུའང་རྙེད་པར་དཀའ་འོ། །དེ་ལྟ་བུ་དེ་སྔ་མ་མེད་པ་མ་ཡིན་ནམ་སྙམ་པ་ལ་ཐོག་མ་དབུས་མཐར་གནས་ཏེ། རྒྱུ་དང་ལམ་འབྲས་བུ་ཐམས་ཅད་དུ་ཁམས་ཀྱི་དོན་འདི་གནས་སོ་ཞེས་བྱ་བའི་དོན་ཏོ། །དེའི་དཔེ་ནི་བསྲུབ་བྱ་དང་སྲུབ་བྱེད་ཅེས་བྱ་སྟེ། ཞུ་བ་དང་བདེ་བ་ངོ་བོ་ཉིད་ཀྱིས་གནས་ཀྱང་སྲུབ་བྱེད་ཀྱི་སྦྱོར་བ་ལ་མ་བརྟེན་པར་མི་རྟོགས་པ་བཞིན་དུ། འདི་ཐོག་མ་དབུས་མཐར་གནས་ཀྱང་བླ་མའི་མན་ངག་ལ་མ་བརྟེན་པར་མི་རྟོགས་ལ་ཐབས་ལ་བརྟེན་ན་རྟོགས་པར་འགྱུར་ཞེས་བྱ་བའི་དོན་ཏོ། །ད་ནི་སྤྱི་དོན་གཉིས་པ་སེམས་ཀྱི་རྟག་འགྲོ་བ་ཞེས་བྱ་བའི་དོན་རྩ་གཉིས་ཀྱི་བྱེད་པའི་ལས་དང་བཅས་ཏེ་རྒྱས་པར་སྟོན་ཏོ། །འདི་ལ་གཉིས་ཏེ། མཉན་པར་གདམས་པ་དང༌། དོན་དངོས་སོ། །དང་པོ་ནི་སྔགས་བཟླས་ཞེས་བྱ་བ་ལ་སོགས་པ་སྟེ། འདིས་བདེ་མཆོག་ཉུང་ངུའི་ལེའུ་དང་པོའི་དོན་དང༌། ལྷ་མོ་བཞིས་ཞུས་པའི་རྒྱུད་ཀྱི་དོན་གསལ་བར་བྱ་བའི་ཕྱིར། སྔགས་བཟླས་བསམ་གཏན་ལ་སོགས་ལྡན། །རྒྱུད་ལས་གསུངས་པ་མཉན་པར་གྱིས། །ཞེས་གསུངས་ཏེ། ཕྱི་རོལ་གྱི་སྔགས་ཀྱི་བཟླས་པ་དང་བསམ་གཏན་ལ་སོགས་པས་མཆོག་ཐུན་མོང་གི་དངོས་གྲུབ་བསྐྱེད་པར་བྱེད་པ་ཡིན་ན། དེ་འདིར་ནང་དོན་དུ་ལྡན་ཞིང་བཟླས་པ་འཁོར་བར་བྱེད་པ་སྟེ། ཞེས་པའམ། སྔགས་སྐྱོབ་པའི་དོན་ནམ། བསམ་གཏན་མི་འགྱུར་བར་བྱེད་པ་ལ་སོགས་པའི་དོན་དེ་ལམ་དུ་བྱས་པ་དང་མ་བྱས་པ་གཉི་ག་ལ་རང་གི་ལུས་འདི་ཉིད་གནས་སོ་ཞེས་བྱ་བའོ། །རྒྱུད་ལས་གསུངས་པ་ནི་རྒྱུད་སྡེ་རྣམས་སུ་གསང་བ་ལ་སོགས་པའི་གླེང་གཞིའང་ཕྱི་རོལ་དུ་ཕུན་སུམ་ཚོགས་པ་ལ་སོགས་པར་བཤད་ལ། ཕུན་སུམ་ཚོགས་པ་དེ་ལས་བྱུང་བའི་ཆོས་སྔགས་ལ་སོགས་པས་ཀྱང་དངོས་གྲུབ་འགྲུབ་པ་ཕྱི་རོལ་དུ་བཤད་ན། དེ་ལ་གསང་བ་ལ་སོགས་པའང་བྱང་ཆུབ་ཀྱི་སེམས་སུ་སྔར་བཤད་པ་ཡིན་ལ་དེ་བཞིན་དུ་རྒྱུད་དེ་ལས་གསུངས་པའི་སྔགས་ལ་སོགས་པའང་ནང་ལུས་ལ་གནས་ལ། ཕྱི་རོལ་གྱི་སྔགས་བཟླས་པ་ལ་སོགས་པས་དངོས་གྲུབ་གྲུབ་པ་དེ་འདིར་ལམ་དུ་བྱེད་པ་དང་མ་བྱས་པའི་བྱེ་བྲག་གི་བདེ་སྟོང་གི་ཏིང་ངེ་འཛིན་ནམ་ལུས་ཀྱི་གོང་བུ་འགྲུབ་པའི་ཚུལ་དེ་ཉོན་ཅིག་ཅེས་བྱ་བའི་དོན་ཏོ། །དོན་དངོས་ལས་རྩ་གཉིས་ལས་ལམ་དུ་མ་བྱས་པའི་དུས་སུ་ཐིག་ལེ་གཉིས་བརྒྱུད་པས་ལུས་ཀྱི་གོང་བུ་ཞེས་རྡོ་རྗེའི་ལུས་འགྲུབ་པའི་རྒྱུར་དངོས་སུ་སྟོན་ལ། ཤུགས་ལས་ལམ་དུ་བྱས་པའི་དུས་སུ་བདེ་ཆེན་གྱི་ཡེ་ཤེས་མངོན་དུ་བྱེད་པར་འགྱུར་ཞེས་བསྟན་པར་རིག་པར་བྱའོ། །དཀྱུས་སུ་དོན་དྲུག་སྟེ་རྩ་གཉིས་ལ་སེམས་གཉིས་ཀྱིས་འདུས་པ་བསྟན་པ་དང༌། སྐུ་གསུང་ཐུགས་གསུམ་གྱིས་འདུས་པ་དང༌། སྡུད་པའི་རྒྱུ་དང༌། བདུད་རྩི་ལྔའི་རང་བཞིན་དུ་བསྟན་པ་དང༌། ཕ་མའི་སྒོ་ནས་ཁམས་དྲུག་གིས་བསྡུ་བ་དང༌། དེས་ན་སེམས་ཀྱི་སྒོ་ལ་བརྟེན་ནས་ལུས་འགྲུབ་པར་བསྟན་པའོ། །དང་པོ་ནི་རྩ་གཉིས་ཞེས་བྱ་བ་ལ་སོགས་པ་སྟེ། སྐྱེ་གནས་ཀྱི་དབུས་ནི་ཀཀྐོ་ལའི་དབུས་ཏེ། དེའི་ནང་ནས་སོར་གཉིས་ཀྱི་ཚད་ཙམ་གྱི་སྐྱེ་གནས་ཀྱི་སྒོའི་གཡས་གཡོན་གཉིས་སུ་གནས་ལ། གཡས་པས་ནི་དབུ་མའི་ཡར་རྩེ་སྨིན་མཚམས་ན་བྱང་ཆུབ་ཀྱི་སེམས་ཟླ་བ་བཟུང་བ་སྟེ་གནས་སོ། །གཡོན་པས་ནི་དབུ་མའི་མར་རྩེ་གསང་གནས་ན་ཁྲག་བཟུང་སྟེ་གནས་སོ་ཞེས་པའོ། །འོ་ན་ཀྱེའི་རྡོ་རྗེའི་རྒྱུད་ལས། རྐྱང་མ་མི་བསྐྱོད་འབབ་པ་སྟེ། །ཞེས་གསུངས་པ་ཇི་ལྟར་དྲང་སྙམ་ན། རྩ་གཉིས་ལས་མེད་ན་བདེན་མོད་ཀྱི་གཡས་གཡོན་གཉི་ག་ལ་རྩ་གཉིས་གནས་ཏེ། གཡས་པ་ལས་ནི་དྲི་ཆེན་དང་རཀྟ་འཕེན་ཅིང་འཛིན་པའི་རྩའོ། །གཡོན་པ་ལས་ནི་དྲི་ཆུ་དང་ཁུ་བ་འཕན་ཅིང་འཛིན་པར་བྱེད་པའི་རྩ་གཉིས་སུ་གནས་སོ་ཞེས་བླ་མ་གསུང་ངོ༌། །དེའི་ཕན་ཚུན་བསྡུ་བ་ནི་དེ་ལྟར་ན་རྩ་གཉིས་ལས་ཐིག་ལེ་གཉིས་བསྡུས་པའོ། །ཆོས་ཀྱི་དབྱིངས་བསྡུས་པ་ནི། ཐིག་ལེ་གཉིས་པོ་དེས་ཆོས་ཏེ་ཕུང་པོ་ལ་སོགས་པའོ། །དབྱིངས་ནི་དེ་དག་འགྲུབ་པའི་རྒྱུ་བསྡུས་པའོ། །ཞེས་པའོ། །གཉིས་པ་ནི་སྙིང་སྟོབས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་ན་ལུས་འགྲུབ་པར་བྱེད་པའི་རྒྱུ་འདི་ཙམ་ཞིག་ཡིན་པ་ལ། མུ་སྟེགས་གྲངས་ཅན་རྣམས་ཀྱི་རྡུལ་མུན་པ་སྙིང་སྟོབས་ཞེས་བྱ། བདེ་སྡུག་བཏང་སྙོམས་ཞེས་བྱ་བར་གསང་བ་དེའང་འདི་ཡིན་ནོ་ཞེས་གཏན་ལ་དབབ་པ་དང༌། དེ་ཉིད་ལུས་ངག་ཡིད་གསུམ་འདུས་པ་ཉིད་དུ་གཏན་ལ་དབབ་པ་སྟེ། རྩ་གཉིས་ལས་ཁུ་ཁྲག་འདུས་པ་ནི་རྡུལ་དང་ངག་དང༌། སྙིང་སྟོབས་དང་ལུས་ཏེ་འདུས་པ་ཡིན་ལ། དེ་དག་དང་སྲིད་པ་བར་དོའི་སེམས་མུན་པའི་རང་བཞིན་འདྲེས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། དེ་ནས་འདྲེ་བར་བྱེད་པའི་རྒྱུ་ནི་གང་ཡིན། གང་གི་དུས་སུ་འདྲེས་སྙམ་ན། གསུམ་པ་འདྲེ་བའི་རྒྱུ་ནི་རྡོ་རྗེ་པདྨོ་ཞེས་རྐང་པ་གཉིས་སྨོས་སོ། །བཞི་པ་བདུད་རྩི་ལྔའི་རང་བཞིན་དུ་བསྟན་པ་ནི། བཤང་གཅི་ཞེས་བྱ་བ་ལ་སོགས་པ་སྟེ། བདུད་རྩི་གཉིས་པོ་དེ་ལས་ཕུང་པོ་ལྔའི་རང་བཞིན་གྱི་བདུད་རྩི་ལྔར་གྱུར་ཅིང་འདུས་ལ་རྡོ་རྗེ་ཅན་དེ་རྒྱལ་བ་ལྔའི་རང་བཞིན་གྱི་ཕུང་པོ་ལྔ། ཆོས་ཉིད་རྡོ་རྗེ་འཆང་ཆེན་པོ་དང་དྲུག་གི་ངོ་བོ་ཡིན་ནོ་ཞེས་བྱ་བའོ། །ལྔ་པ་དྲུག་གིས་བསྡུས་པ་ནི་རུས་པ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་ཁུ་ཁྲག་གཉིས་ལ་ལུས་རགས་པ་འདི་ཇི་ལྟར་འགྲུབ་ན། ཕ་དང་མའི་དབྱེ་བས་དྲུག་ཡིན་ནོ་ཞེས་པ་ནི་རུས་པ་ཞེས་པ་ལ་སོགས་པའོ། །མདོར་ན། ལུས་ནི་འདིར་འདུས་སོ་ཞེས་པ་ནི་གོང་བུའི་བསྡུ་བ་ཞེས་བྱ་བ་ལ་སོགས་པའོ། །དྲུག་པ་དེས་ན་སེམས་ཀྱི་སྒོ་གཉིས་ལ་བརྟེན་ཏེ་འདུས་སོ་ཞེས་སྟོན་པ་ནི་རྩའི་ཀུན་སྤྱོད་ཅེས་བྱ་བ་ཚིགས་སུ་བཅད་པ་གཅིག་གོ །ད་ནི་སྤྱི་དོན་གསུམ་པ་གང་གི་དབང་གིས་མངོན་དུ་བྱེད་པ་སྟེ། འགྲོ་དང་རྗེས་སུ་འོང་བ་ཉིད། །ཅེས་བྱ་བའི་རྒྱས་པར་བཤད་པ་རླུང་གི་རྣམ་པར་གཞག་པ་སྟོན་ཏོ། །འདིས་ནི་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་དང༌། རྡོ་རྗེ་ཕྲེང་བ་དང༌། རྡོ་རྗེ་མཁའ་འགྲོའི་བཤད་པའི་རྒྱུད་དུའང་འགྱུར་བ་ཡིན་ནོ། །འདི་ལ་དོན་གཉིས་ཏེ། སྔ་མ་དང་མཚམས་སྦྱར་བའི་སྒོ་ནས་སྒོའམ་ལམ་གང་ན་རླུང་རྒྱུ་བའི་ཚུལ་བསྟན་པས་རླུང་གི་མདོར་བསྟན་པ་དང༌། གང་ཞིག་གང་གི་རྣམ་པར་སྒོ་གང་ནས་འགྲོ་འོང་བྱེད་པའི་ཚུལ་རྒྱས་པར་བཤད་པའོ། །སྔ་མ་ལ་བཞི་ལས། གོང་དུ་བསྟན་པའི་རྩའི་སྒོའི་གནས་ལུགས་ནི་སྟེང་གི་སྒོ་དང་ཞེས་རྐང་པ་གཅིག་གོ །སྒོ་གཉིས་ཀྱི་བྱེད་པའི་ལས་བསྟན་པས་དེ་ལ་རླུང་གནས་པར་བསྟན་པ་ནི། འོག་གི་ཞེས་བྱ་བ་ལ་སོགས་པ་ཤླཽ་ཀ་གཅིག་གོ །དེ་ལྟར་སྒོའི་ལས་བསྟན་པ་དེས་ན་སྒོ་དེ་ལ་རླུང་གནས་པས་ལས་བྱེད་པར་རྟོགས་ནས་སྲོག་གི་རླུང་མངོན་སུམ་དུ་གཏན་ལ་དབབ་པ་ནི་དེའི་ཞེས་རྐང་པ་གཉིས་སོ། །དེ་ལ་གནས་པའི་རླུང་གི་ངོ་བོ་ཉིད་རབ་ཏུ་དབྱེ་བ་དང་བཅས་པ་ནི་སྟེང་གི་སྒོར་ནི་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏོ། །བསྡུས་པའི་དོན་ཏོ། མཚམས་སྦྱར་བ་དང་ཚིག་གི་དོན་ནི། གོང་དུ་ཁམས་བཅུ་དྲུག་ཀྱང་བསྟན། དེ་དག་ལས་ལུས་གྲུབ་པར་ཡང་བསྟན། དེ་ཡང་རྩའི་ཀུན་སྤྱོད་ཉིད་གསུངས་པ་ཞེས་པས་རྩ་གཉིས་ལ་བརྟེན་ཏེ་གྲུབ་པར་གསུངས་ན། ཅི་དེ་དག་རྩའི་ཀུན་སྤྱོད་ཙམ་གྱིས་མངོན་དུ་བྱེད་དམ་འོན་ཏེ་རྒྱུ་གཞན་ཡང་ཡོད་སྙམ་པ་ལ། རྩའི་ཀུན་སྤྱོད་ལ་བརྟེན་ཏེ་རླུང་གི་སྒོ་ནས་ལུས་བསྐྱེད་ཅིང་འཕེལ་བར་ཡང་བྱེད་ལ། ལམ་དུ་བྱས་པ་ན་ཏིང་ངེ་འཛིན་སྐྱེ་བར་ཡང་བྱེད་དོ་ཞེས་བསྟན་པའི་ཕྱིར། སྟེང་གི་སྒོ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་སྤྱིར་སྟེང་སྒོ་དང་འོག་སྒོ་ལ་རྣམ་གྲངས་མང་སྟེ། སྣའི་སྒོ་ལ་སྟེང་སྒོ་དང༌། བཤང་ལམ་ལ་འོག་སྒོར་བྱས་པ་དང༌། སྤྱི་གཙུག་ལ་སྟེང་སྒོ་དང༌། སྨིན་མཚམས་ལ་འོག་སྒོར་བྱས་པ་དང༌། རྩ་གཡས་པ་ལ་སྟེང་སྒོ་དང༌། གཡོན་པ་ལ་འོག་སྒོར་བྱས་པ་དང༌། རླུང་ལྡང་བ་ལ་སྟེང་སྒོ་དང༌། འཇུག་པ་ལ་འོག་སྒོར་བྱས་པ་དང༌། སྲོག་གི་རླུང་ལ་སྟེང་སྒོ་དང༌། ཐུར་སེལ་གྱི་རླུང་ལ་འོག་སྒོར་བྱས་པ་ལ་སོགས་པ་དབྱེ་བ་མང་དུ་ཡོད་པ་ལས་འདིར་རྩ་གཉིས་ལ་བྱའོ། །དེའང་གོང་དུ་རྩའི་ཀུན་སྤྱོད་ཅེས་གསུངས་པ་དང་འབྲེལ་ཅན་དུ་བྱས་ལ། རྩ་དེ་གཉིས་ཀྱི་སྒོ་ཇི་ལྟར་གནས་ཞེས་དྲིས་པ་ལ། རྩ་རོ་མ་ནི་ཁ་གྱེན་ལ་བལྟས་པས་སྟེང་སྒོ་ཡིན་ལ། རྐྱང་མཐུར་དུ་བལྟས་པས་འོག་སྒོ་ཞེས་བྱའོ། །དེ་ལྟར་སྒོའི་གནས་ལུགས་བསྟན་ནས་གཉིས་པོ་སྒོ་དེ་གཉིས་ཀྱི་ལས་ཇི་ལྟར་བྱེད་སྙམ་པ་ལ་འོག་གི་སྒོ་ནས་ཞེས་སྨོས་སོ། །དེ་ལ་བཤད་ཚུལ་གཉིས་ཏེ། ཐ་མལ་པའི་ལུས་ཀྱི་གནས་ལུགས་ལ་སྦྱར་ཏེ་བཤད་པ་དང༌། རྣལ་འབྱོར་པས་ལམ་དུ་བྱས་པ་ལ་སྦྱར་ཏེ་བཤད་པའོ། །དང་པོ་ལའང་གཉིས་ཏེ། ཐོག་མར་ལུས་གྲུབ་པ་ལའང་སྦྱར་བ་དང༌། ད་ལྟ་ལུས་གནས་པ་ལ་སྦྱར་བའོ། །དང་པོ་ནི་ཐོག་མར་མངལ་གྱི་གནས་སྐབས་སུ་ཁྲག་དང་ཁུ་བ་འདྲེས་པའི་ནང་དུ་རྣམ་པར་ཤེས་པ་བརྒྱལ་བའི་ཚེ། དང་པོར་སྲོག་གི་རླུང་གནས་པ་ལ་བརྟེན་ཏེ་རྩ་ཨ་ཝ་དྷཱུ་ཏཱིའི་ཆ་ཤད་ལྟ་བུ་གྲུབ་ལ། དེ་ནས་ཡང་ང་དང་བདག་ཏུ་འཛིན་པའི་རྣམ་པར་རྟོག་པ་སྐྱེ་བ་དེ་སྲོག་གི་རླུང་ནང་དུ་འཇུག་པ་ལ་ཞོན་ཏེ། རྩ་གཡོན་པ་ཐུར་དུ་ཁ་བལྟས་པ་གྲུབ་པ་ནི་འོག་གི་སྒོའོ། །དེས་ནི་རྣམ་པར་ཤེས་པ་སྟེ་ང་དང་བདག་ཏུ་འཛིན་པའི་སྒོ་ནས་རྣམ་པར་ཤེས་པ་སོ་བར་བྱེད་སྐྱེད་པར་བྱེད་པས་ན་གཡོན་པ་ལ་གཟུང་བའི་ཆ་ཞེས་བྱའོ། །ཡང་སྲོག་གི་རླུང་གྱེན་དུ་ལྡང་བ་ལ་ཞོན་ཏེ་གཟུང་བའི་རྣམ་པར་རྟོག་པ་སྐྱེས་ཏེ། དེའི་དབང་གིས་རྩ་གཡས་རོ་མ་ཁ་གྱེན་ལ་བལྟས་པ་གྲུབ་པ་ནི་སྟེང་གི་སྒོའོ། །དེ་དབྱིངས་ཉིད་དོ་ཞེས་བྱ་སྟེ། དེ་ལ་དབྱིངས་ནི་དྷཱ་ཏུ་ཞེས་བྱ་བ་ཁམས་ལ་འགྲོ། རྒྱུ་ལ་འགྲོ། དབྱིངས་ལ་འགྲོ་བའོ། །དེ་ལ་ཁམས་ཞེས་བྱ་བ་སྟེ། རྩ་གཡས་པ་ལ་བརྟེན་ཏེ་ཁམས་དྭངས་མ་ཅུ་དྲུག་ལ་སོགས་པ་ལུས་འཕེལ་བར་བྱེད་རྒྱས་པར་བྱེད་པས་རྣམ་པར་ཤེས་པ་རྟེན་དུ་བྱེད་ལ། དེས་ན་རྒྱུ་ཞེས་ཀྱང་བྱ་སྟེ། འོག་སྒོས་རྣམཔར་ཤེས་པ་གནས་པར་བྱེད་པ་ཉིད་ཀྱི་རྒྱུའང་གཡས་པའི་ཁམས་ཀྱིས་བྱེད་པའོ། །དེ་ལྟར་ན་ལུས་གྲུབ་པ་དེའང་རྩ་ནི་ཐམས་ཅད་མཉམ་སྦྱོར་ལས་གྲུབ་ཅེས་བྱ་སྟེ། དེའང་མཉམ་སྦྱོར་ལས་རྩ་ཐམས་ཅད་ཅེས་བྱ་སྟེ། མཉམ་པར་སྦྱོར་བ་ནི་མཉམ་པར་འདུས་པའམ་མཉམ་པའི་རྣལ་འབྱོར་ཏེ། ཐབས་དང་ཤེས་རབ་ཀྱི་རང་བཞིན་གྱི་རྩ་གཉིས་ལ་རླུང་གིས་དབང་བྱས་པའི་འདུས་པ་ནི་མཉམ་པར་འདུས་པའོ། །དེ་ལས་རྩ་ཐམས་ཅད་དེ་ཨ་ཝ་དྷཱུ་ཏཱི་ལས་གཉིས་པོ་གྲུབ་ལ། གཉིས་པོ་ལས་སུམ་ཅུ་རྩ་གཉིས་གྲུབ་ལ། དེ་ལས་བརྒྱ་ཉི་ཤུ་དང༌། དེ་ལས་སྟོང་ཕྲག་བརྒྱད་ཅུ་གྲུབ་པ་ནི་རྩ་ཐམས་ཅད་ཅེས་བྱའོ། །དེ་ལྟར་ན་རྣལ་འབྱོར་པ་ནི་ཐབས་དང་ཤེས་རབ་ཀྱི་རང་བཞིན་ཡིན་ལ། འཇུག་པར་བྱ་བ་ནི་རྩ་དང་རླུང་དང་བྱང་ཆུབ་ཀྱི་སེམས་ལས་ལུས་གྲུབ་པའི་འཇུག་པ་ནི་དེ་ལྟ་བུ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བུའི་འཇུག་པ་དེ་ཉིད་ད་ལྟ་ལུས་གནས་པ་ལ་སྦྱར་ན། འོག་གི་སྒོས་ནི་རྣམ་པར་ཤེས། །ཞེས་བྱ་བ་ནི་འོག་སྒོ་ནི་རྩ་གཡོན་རྐྱང་མ་ཡིན་ལ། དེའི་ནུས་པས་རླུང་ནང་དུ་འཇུག་པ་དང༌། དེ་ཐུར་དུ་རྒྱུས་པས་ཁམས་སྙིགས་མ་ཐམས་ཅད་འཛག་པར་བྱེད་ལ། དེ་རྣམ་པར་ཤེས་ཏེ་ཤེས་པ་སྐྱེ་ཞིང་འཆིང་བར་བྱེད་དེ། ཇི་སྐད་དུ། ཧ་ཞེས་བྱ་བའི་དབུགས་ཀྱིས་ནི། །དབང་པོའི་ལམ་ནས་འཛག་པར་བྱེད། །གང་དེས་སྐྱེ་དང་བཅིངས་ལ་གནས། །ར་ཞེས་ང་རྒྱལ་གྱིས་བཅིངས་ཏེ། །རིགས་སུ་བཟུང་བས་ཕུང་དཀྲོལ་བྱེད། །དེ་བས་བདག་འཛིན་རྣམ་པར་སྤངས། །ཞེས་འབུམ་ཕྲག་ལྔ་པའི་ཀྱེའི་རྡོ་རྗེ་ལས་གསུངས་པ་ལྟ་བུའོ། །སྟེང་གི་སྒོས་ནི་དབྱིངས་ཉིད་དོ་ཞེས་བྱ་བ་ལ། སྟེང་སྒོ་ནི་གཡས་རོ་མ་ཡིན་ལ། དེའི་ནུས་པས་རླུང་ཕྱིར་འབྱུང་ལ། དེའི་དབང་གིས་དབྱིངས་ཉིད་དོ་ཞེས་བྱ་བ་རྒས་པའམ་ཟད་པའམ་འཆི་བར་བྱེད་པའོ། །དེ་ལྟར་ཡང༌། ལུས་ཅན་ཀུན་གྱི་ཁམས་རྣམས་ཀུན། །ཧ་ཞེས་སྲོག་རླུང་ཕྱིར་འབྱུང་བས། །རྒ་ཤི་དེ་ཡི་དབང་གིས་འབྱུང༌། །དེ་ཕྱིར་རྒ་ཤི་མེད་ལ་འབད། །ཅེས་འབུམ་ཕྲག་ལྔ་པ་ལས་གསུངས་སོ། །གལ་ཏེ་གོང་དུ་ལུས་སྐྱེ་བའི་སྐབས་སུ་སྟེང་སྒོའི་ཁམས་བཅུ་དྲུག་པོས་ལུས་རྒྱས་པའམ་རྣམ་ཤེས་ཀྱི་རྟེན་ཁམས་ཡིན་ནོ་ཞེས་བཤད་པ་དང༌། མི་འགལ་ལམ་ཞེ་ན་མི་འགལ་ཏེ། གཡས་པས་ཁམས་རྒྱས་པར་བྱེད་པ་ཉིད་ཀྱིས་ཟད་པར་བྱེད་པའང་ཡིན་ཏེ། རླུང་གིས་མེ་འབར་བ་རྒྱས་པར་བྱེད་པ་ན། དེ་ཉིད་ཀྱིས་ཤིང་ཟད་པས་མེའང་ཞི་ཞིང་ཟད་པའམ། གྲོད་པ་རླུང་གིས་བུས་པ་ན་དེ་རྒྱས་པར་བྱེད་ཅིང་དེ་ཉིད་ཀྱིས་གས་ཏེ་རལ་བར་བྱེད་པ་བཞིན་ནོ། །དེས་ན་རྩ་ནི་ཐམས་ཅད་ཅེས་བྱ་བ་ནི་ལུས་ཀྱི་རྩ་སྟོང་ཕྲག་བརྒྱད་ཅུ་མ་ལུས་པའོ། །མཉམ་སྦྱོར་བ་ཞེས་བྱ་བ་ནི་ཐབས་དང་ཤེས་རབ་ཟུང་དུ་ཆུད་པ་ལ་བྱ་སྟེ། རྩ་གཡོན་པའི་མཐུས་རྩ་ཐམས་ཅད་ནས་ཁམས་དྭངས་མ་འབབ་པ་སྒོ་བཅུར་འདུས་ལ། དེ་ལས་བབ་པ་རྐྱང་མར་འདུས་པར་བྱེད་དོ། །དེས་འཛག་པར་བྱེད་པ་དང་སྐྱེ་བ་དང་འཆིང་བར་བྱེད་དོ། །ཡང་རྩ་གཡས་པའི་མཐུས་རྩ་ཐམས་ཅད་ནས་ཁམས་རྒྱས་ཤིང་ཟད་པར་ཡང་བྱེད་དོ། །དེས་ན་རྩ་ཐམས་ཅད་མཉམ་པའི་རྣལ་འབྱོར་རོ། །དེས་ན་ཐབས་དང་ཤེས་རབ་ཀྱི་རྣལ་འབྱོར་གྱི་རྩ་ཐམས་ཅད་དུ་འཇུག་ཅེས་བྱ་བའི་དོན་ཏོ། །དེ་ལྟར་ཐ་མལ་པའི་འཇུག་པ་བསྟན་ནས། དེ་ཉིད་རྣལ་འབྱོར་པས་ལམ་དུ་བྱས་པ་ལ་སྦྱར་ན་འོག་གི་སྒོ་ནི་གཡོན་པ་ལ་ལ་ནཱའོ། །རྣམ་པར་ཤེས་པ་ནི་དེ་ལས་རྣམ་པར་ཤེས་པའི་རྟེན་ཁམས་དྭངས་མ་བྱང་ཆུབ་ཀྱི་སེམས་འབེབས་པའོ། །སྟེང་གི་སྒོ་ནི་རྩ་གཡས་ར་ས་ནཱའོ། །དབྱིངས་ཉིད་དོ་ནི་དེ་ནས་ཙཎྜཱ་ལཱིའི་མེ་སྦར་བས་སྲེག་པར་བྱེད་པའམ། མེ་སྦར་བ་དེས་གཡོན་ནས་འབེབས་བའི་རྒྱུ་བྱེད་པས་ན་དྷཱ་ཏུ་སྟེ་རྒྱུའོ། །དེས་ན་རྩ་ནི་ཐམས་ཅད་ནི་ལུས་ཀྱི་རྩ་རྣམས་སོ། །མཉམ་པར་ནི་དབུ་མར་རམ་ལྟེ་བར་རོ། །རྣལ་འབྱོར་ནི་གཡས་གཡོན་གཉིས་ཟུང་དུ་ཆུད་པའོ། །དེ་ལྟ་བུ་རྣལ་འབྱོར་པས་འཇུག་པ་ནི་རྩ་ཨ་ཝ་དྷཱུ་ཏཱིར་འཇུག་པར་བྱེད་པའི་རྣལ་འབྱོར་ཏེ། ཙཎྜཱ་ལཱིའི་རྣལ་འབྱོར་བཅོ་ལྔ་པ་བླ་མ་ལས་ཤེས་པར་འགྱུར་རོ། །དེ་ལྟར་སྒོ་གཉིས་ཀྱི་ལས་བསྟན་པ་དེས་རླུང་གིས་ལས་བྱེད་པར་རྟོགས་ནས་སྲོག་རླུང་དེ་མངོན་སུམ་དུ་གཏན་ལ་དབབ་པའི་ཕྱིར་དེའི་ལུས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་ཞེས་བྱ་བ་ནི་དེ་ལྟར་རྩ་ལས་བསྒྲུབ་པའི་ལུས་དེའིའོ། །སྟེང་སྒོ་ནི་སྣའི་སྒོ་སྟེ། རྡོ་རྗེ་ཕྲེང་བ་ལས་ཀྱང༌། སྟེང་གི་སྣ་ཡི་སྒོ་ལ་ཡང༌། །ངེས་པར་འབྱུང་བ་ཡིན་པར་བཤད། །ཅེས་སོ། །འོ་ན་གོང་དུ་སྟེང་གི་སྒོ་ནི་ཞེས་རྩ་གཡས་ན་བྱས་ན་འདིར་ཡང་གཡས་ཉིད་མ་ཡིན་ནམ་སྙམ་པ་ལ་མ་ཡིན་ཏེ། འདི་རྩ་གཡས་ལ་བྱས་ན་འོག་མས། འབྱུང་དང་རྔུབ་པ་གཉི་ག་ཡང༌། །གཙོ་བོ་དམ་པ་ཡི་ནི་སྒོ། །ཞེས་རྩ་གཉི་ག་ལ་སྲོག་རླུང་རྒྱུ་ན། འདིར་སྟེང་ཁོ་ན་ལ་སྲོག་རླུང་བཤད་པ་འགལ་བའི་ཕྱིར་རོ། །དེས་ན་གོང་མའི་ཚིག་འཕྲོ་ཆག་ཡིན་པས་དམིགས་ཀྱིས་བསལ་བར་བྱ་བའི་ཕྱིར་དེའི་ལུས་ཀྱི་སྟེང་སྒོ་ཞེས་སྨོས་སོ། །གང་ལའང་ཞེས་བྱ་བ་ནི་བསྡུ་བ་སྟེ། གང་དུ་རྩ་གཉིས་ཀྱི་སྟེང་སྒོ་ལ་རླུང་རྒྱུ་བར་ཤེས་ནས། ཅི་རྩ་གཉིས་ཁོ་ན་ལ་ཡོད་དམ། དེ་ལས་གཞན་པ་ལའང་ཡོད་སྙམ་པ་ལའང་ཞེས་སྣ་སྒོ་ལའང་སྲོག་རླུང་གནས་ཞེས་བསྡུ་བའོ། །རྡོ་རྗེ་ཅན་ནི་སྲོག་རྩོལ་གྱི་རླུང་ངོ༌། །རྟག་རྒྱུན་བཞུགས་ནི་སྲོག་རླུང་རྒྱུ་བ་དེ་ཉིད་མགོན་པོ་བཞིའི་རླུང་དུ་རྒྱུན་དུ་སྣ་ནས་རྒྱུ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བུའི་རླུང་དེ་ཉིད་རབ་ཏུ་དབྱེ་བ་དང་བཅས་པ་བསྟན་པའི་ཕྱིར་ཏེ་ངག་གི་སྒོར་ནི་ཞེས་སྨོས་ཏེ། སྟེང་སྒོ་ནི་སྣའི་སྒོ་དེར་རོ། །དེ་སྲོག་རླུང་རྒྱུ་བ་ན་སྦྱོར་བ་གསུམ་སྟེ། འཇུག་གནས་ལྡང་གསུམ་དུ་རྒྱུ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་སྣ་ཁོ་ན་ནས་རྒྱུའི་བུ་ག་གཞན་ནས་མི་རྒྱུའམ་སྙམ་པ་ལ་སྒོ་དགུ་རྣམས་ཀྱིས་ཡོངས་སུ་བསྐོར་ཏེ། སྒོ་དགུ་ནས་འཁོར་གྱི་ཚུལ་གྱིས་རྒྱུ་བའོ། །ཇི་ལྟར་ན་སྣ་གཙོ་བོ་ཡིན་ལ་གཞན་དག་འཁོར་ཡིན་སྙམ་ན། རྣམ་པར་རྟོག་པའི་རླུང་གཉིས་ནི། །སྣ་ཡི་བུ་ག་ལས་ནི་འབྱུང༌། །ཞེས་བཤད་པ་ལྟ་བུའོ། །དེས་ན་སྣ་ནས་སྲོག་གི་རླུང་རྒྱུ་བ་ནི་གཙོ་བོ་ཡིན་ལ། གཞན་དག་ནི་འཁོར་རོ། །གལ་ཏེ་སྣའང་སྒོ་དགུར་འདུས་པས་ཇི་ལྟར་སྒོ་དགུས་བསྐོར་ཞེ་ན། སྣ་ནས་སྲོག་རླུང་རྒྱུ་བ་ནི་གཙོ་བོ་ཡིན་ལ། སྣ་རང་གི་དྲི་རླུང་རྒྱུ་བ་འཁོར་ཡིན་པས་འགལ་བ་མེད་དོ། །ཡང་ན་བྷ་གའི་སྒོ་དེ་སྒོ་བཅུ་ཡིན་པས་སྒོ་དགུས་བསྐོར་བ་མི་འགལ་ལོ། །ཡང་ན་སྟེང་སྒོ་ནི་སྲོག་གི་རླུང་ཡིན་ཏེ་རྡོ་རྗེ་ཕྲེང་བ་ལས། སྟེང་དང་འོག་ཏུ་ཁ་བལྟས་ནས། །སྲོག་དང་ཐུར་སེལ་རྒྱུ་བར་བྱེད། །ཅེས་སོ། །སྒོར་ནི་ཞེས་བྱ་བ་དེ་སྒོས་ནི་ཞེས་གཉིས་པར་བཅོས་ལ་སྲོག་རླུང་དེས་སྦྱོར་བ་གསུམ་དུ་རྒྱུ་བ་དེའི་ཚེ། སྒོ་དགུ་རྣམས་ཀྱིས་ཡོངས་སུ་བསྐོར་ཏེ་རླུང་ལྷག་མ་དགུ་རང་རང་གི་གནས་ན་རྒྱུ་བའི་དོན་ཏོ། །འདིས་ནི་རླུང་གི་དབྱེ་བའང་སྟོན་ཏོ། །གླེགས་བམ་ཁ་ཅིག་ལས། སྟེང་འོག་འཁྲུལ་འཁོར་གསུམ་ཞེས་འབྱུང་བ་དེ་གླེགས་བམ་ཉུང་བའི་ཕྱིར་དང༌། འོག་སྒོ་སྐབས་འདིར་སྨོས་པ་ལ་དགོས་པ་མེད་པའི་ཕྱིར་དེ་ནི་མ་ཡིན་ནོ། །སྤྱིར་རླུང་གི་རྣམ་པར་གཞག་པ་ཤེས་པར་འདོད་ན་ལྔས་རིགས་པར་བྱ་སྟེ། སྤྱིར་རླུང་ཞེས་བྱ་བ་རང་གི་ངོ་བོ་གང་ཡིན་པ་དང༌། རླུང་དེའི་རབ་ཏུ་དབྱེ་བ་དང༌། བྱེད་པའི་ལས་དང༌། རླུང་རྒྱུ་བའི་ཚུལ་རྣམ་པར་གཞག་པ་དང༌། ལམ་དུ་བྱས་པ་ན་ཇི་ལྟར་འགྱུར་བའོ། །དང་པོ་རླུང་གི་ངོ་བོ་ནི་འབྱུང་བ་ཆེན་པོའི་ཁོངས་སུ་འདུ་བའི་རླུང་ཉིད་ཡིན་ལ། དེའང་ཕྱིའི་འབྱུང་བ་མ་ཡིན་ཏེ་ནང་གི་འབྱུང་བའོ། །དེ་སྣ་ཚོགས་བྱེད་པ་ཐམས་ཅད་ཀྱི་རྩ་བར་གྱུར་པ་ཡིན་ཏེ། དེ་ནི་མགོན་པོར་བརྗོད་པའི་རླུང༌། །ཧ་ནི་ཀུན་དུ་འགྲོ་བར་བརྗོད། །ཅེས་བཤད་དོ། །ཡང་དེ་རྣམ་པར་ཤེས་པའི་རྟེན་དུ་གྱུར་པའང་ཡིན་ནོ། །གཉིས་པ་རླུང་དེ་ལ་དབྱེ་བ་གསུམ་སྟེ། རླུང་གི་ངོ་བོའི་སྒོ་ནས་དབྱེ་བ་དང༌། རྒྱུ་ཚུལ་གྱི་སྒོ་ནས་དབྱེ་བ་དང༌། བྱེད་པའི་ལས་ཀྱི་སྒོ་ནས་དབྱེ་བའོ། །དང་པོ་ལ་དྲུག་སྟེ། ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་དང་རྣམ་པར་ཤེས་པའི་རླུང་ཞེས་བྱ་སྟེ། འདི་ཉིད་ལས། དབང་ཆེན་དང་ནི་དེ་བཞིན་ཆུ། །མེ་ཉིད་དང་ནི་རླུང་ཉིད་དང༌། །འཁོར་ལོ་སེམས་ཀྱི་ཀུན་སྤྱོད་པ། །ཞེས་པ་དང༌། རྣམ་སྣང་ལ་སོགས་སངས་རྒྱས་རྣམས། །ཞེས་སོ། །གཉིས་པ་རླུང་རྒྱུ་ཚུལ་གྱི་སྒོ་ནས་དབྱེ་ན་གཉིས་ཏེ། ཡེ་ཤེས་ཀྱི་རླུང་ཞེས་བྱ་བ་གནས་པ་རྒྱུ་བ་མེད་པའི་བདག་ཉིད་ཅན་དང༌། ལས་ཀྱི་རླུང་ཞེས་བྱ་བ་ལྡང་འཇུག་རྒྱུ་བའི་བདག་ཉིད་ཅན་དེ། རྟག་ཏུ་ནུབ་དང་རབ་རྒྱུ་བ། །སེམས་ཅན་ཀུན་ལ་ཀུན་འགྲོ་བའོ། །ཞེའོ། །གསུམ་པ་བྱེད་པའི་ལས་ཀྱི་སྒོ་ནས་དབྱེ་ན་བཅུར་གནས་ཏེ། སྲོག་དང་ཐུར་སེལ་གྱེན་རྒྱུ་དང༌། །ཁྱབ་དང་མཉམ་གནས་ཞེས་བྱ་དང༌། །ཀླུ་དང་རུས་སྦལ་རྩངས་པ་དང༌། །ལྷས་བྱིན་དང་ནི་གཞུ་ལས་རྒྱལ། །ཞེས་བྱ་སྟེ། སྟེང་གི་སྒོར་ནི་སྦྱོར་བ་གསུམ། །སྒོ་དགུ་རྣམས་ཀྱིས་ཡོངས་སུ་བསྐོར། །ཞེས་བྱ་བའི་དོན་ཡིན་ནོ། །རླུང་དེ་རྣམས་ལས་ཕན་ཚུན་གང་དང་གང་འབྲེལ་བ་ནི་གཞན་དུ་ཤེས་པར་བྱའོ། །གསུམ་པ་རླུང་དེ་དག་གི་བྱེད་པའི་ལས་ནི། སྤྱིའི་ལས་དང༌། སོ་སོའི་ལས་སོ། །དེ་ལ་སྤྱིའི་ལས་རྣམ་པར་ཤེས་པའི་རྟེན་བྱེད་པ་ཡིན་ཏེ། ཧ་ནི་དབྱངས་ཀྱི་དྲུག་ལྡན་པ། །རྣམ་པར་ཤེས་པ་ཡོངས་སུ་གྲགས། །ཞེས་སོ། །རྒྱུད་གཞན་ལས། འདི་ནི་རླུང་ཁམས་ཆེན་པོ་སྟེ། །རྣམ་ཤེས་གསུམ་གྱི་བཞོན་པ་ཡིན། །ཞེས་སོ། ཡང་འདིས་ལུས་བསྐྱེད་པ་དང༌། འཕེལ་བ་ལ་སོགས་པ་ཐམས་ཅད་ཀྱི་བྱ་བའང་བྱེད་དེ། ཧ་ཡིས་རྣམ་པ་ཐམས་ཅད་དུ། །སངས་རྒྱས་ཀུན་དང་མཉམ་པར་སྦྱོར། །ཞེས་འབྱུང་བས་སོ། །དེ་ལ་དང་པོ་ལུས་སྐྱེ་བའི་དུས་སུ་མའི་མངལ་དུ་རྣམ་པར་ཤེས་པ་རླུང་ལ་ཞོན་ཏེ་ཞུགས་པས་རླུང་གནས་པ་ལ་བརྟེན་ནས་རྣམ་པར་ཤེས་པ་བརྒྱལ་ལོ། །དེ་ཡེ་ཤེས་ཀྱི་རླུང་གི་བདག་ཉིད་ལ་གནས་སོ། །དེ་ནས་སྲོག་རླུང་ནས་བརྩམས་ཏེ་རླུང་བཅུ་རིམ་གྱིས་སྐྱེས་པས་ལུས་རྒྱས་པར་བྱེད་དོ། །ད་ལྟ་གནས་པའི་དུས་སུ་རླུང་རྒྱུས་པས་ལུས་མི་རུལ་བར་འཛིན་པར་བྱེད། ལྡང་བ་དང་འཇུག་པའི་སྒོ་ནས་སེམས་རྣམ་པར་རྟོག་པ་སྣ་ཚོགས་སུ་སྐྱེད་པར་བྱེད་དོ། །ཡང་ལམ་དུ་བྱས་པ་ནའང་རྣལ་འབྱོར་གྱི་ལས་བྱེད་དོ། །དེ་བཞིན་དུ་འཆི་ཁའི་དུས་སུའང་རླུང་རྣམས་རིམ་གྱིས་འགགས་ཏེ་འཆི་བར་འགྱུར་ཞེས་བྱ་བའི་དོན་ཏོ། །དེས་ན་བདེ་དང་སྡུག་བསྔལ་གྱིས། །ལྷན་ཅིག་སྐྱེས་པ་གྲུབ་པའི་གནས། །ཞེས་གསུངས་སོ། །བཞི་པ་རླུང་རྒྱུ་བའི་ཚུལ་ལ་དྲུག་སྟེ། རླུང་རྒྱུ་བ་ཞེས་བྱ་བ་གང་ཡིན་པ་དང༌། དེ་རླུང་གང་ཡིན་པ་དང༌། ཚུལ་ལམ་རྣམ་པ་ཇི་ལྟར་རྒྱུ་བ་དང༌། གནས་དང་ལམ་གང་ནས་རྒྱུ་བ་དང༌། གྲངས་དུ་ཞིག་རྒྱུ་བ་དང༌། གྲངས་དེ་ལྟར་འོང་བའི་རྒྱུ་མཚན་བསྟན་པའོ། །དང་པོ་ནི་སྤྱིར་རླུང་རྣམས་རང་རང་གི་གནས་ན་རང་རང་གི་ལས་བྱེད་པ་ཉིད་ཀྱང་རླུང་རྒྱུ་བ་ཞེས་བྱ་བ་ཡིན། འདིར་རེ་ཞིག་སྲོག་གི་ནུས་པས་སྲོག་དང་རྩོལ་བའི་རྒྱུ་བའི་དབྱེ་བས་འཇུག་པ་དང་གནས་པ་དང་ལྡང་བར་རྒྱུ་བ་ལ་བྱ་སྟེ། གསུམ་ཉིད་སྦྱོར་བ་རྣམ་པ་གསུམ། །རྣམ་གསུམ་དབྱེ་བས་རྣམ་པར་གནས། །ཞེས་སོ། །གཉིས་པ་དེ་ལྟར་རྒྱུ་བ་དེ་ཉིད་གོང་གི་དབྱེ་བ་གསུམ་ལས་གང་ཡིན་ཞེ་ན། རང་གི་ངོ་བོའི་སྒོ་ནས་དབྱེ་བ་དྲུག་དང༌། རྒྱུ་བའི་སྒོ་ནས་དབྱེ་བ་གཉིས་དང༌། ལས་ཀྱི་སྒོ་ནས་དབྱེ་བ་བཅུ་ལས་སྲོག་གི་ལས་ཁོ་ན་ཡིན་ནོ། གལ་ཏེ་དམ་པ་ཁ་ཅིག་ཐུར་སེལ་ལ་སོགས་པ་ལའང་རྒྱུའོ། །ཞེས་གསུང་ངོ་སྙམ་ན། དེ་རྣམས་རང་རང་གི་གནས་ནས་རང་རང་གི་ལས་བྱེད་ལ་རྒྱུ་བ་ཞེས་བྱ་བའི་སྣའི་སྒོར་རྒྱུ་བ་ནི་སྲོག་ཁོ་ན་ཡིན་ཏེ། སྣ་ཡི་སྒོ་ཡི་རྒྱུན་ལས་ནི། །སྲོག་དང་རྩོལ་བའི་རྒྱུ་བ་དག །དུས་ཀུན་དུ་ནི་རྒྱུ་བ་ནི། །སྲོག་ཅེས་བྱ་བ་ཡིན་པར་བཤད། །ཅེས་པ་དང༌། སྨིན་མའི་དབུས་སུ་སྲོག་གི་རླུང༌། །དེ་ལྟར་གཅིག་པུའང་གསུམ་དུ་བཤད། །ཅེས་སོ། །དེས་ན་སྣ་སྒོ་ལས་རླུང་གི་རླུང་རྒྱུ་ཞེས་བྱ་བ་དང༌། ཐུར་སེལ་ཡང་རླུང་རླུང་ཡིན་ཞེས་བྱ་བ་འདི་ལ་ནོར་བ་ཡིན་གྱི། དེ་ལྟ་མ་ཡིན་ན་ལས་སོ་སོར་བསྟན་པ་དོན་མེད་པ་དང༌། ཐུར་སེལ་ཡང་གྱེན་སེལ་དུ་འགྱུར་བའི་སྐྱོན་ཡོད་དོ། །གསུམ་པ་རླུང་དྲུག་དང་རྒྱུ་ཚུལ་གཉིས་པོ་ཇི་ལྟར་རྒྱུ་ཞེ་ན། དེ་ལ་རྣམ་ཤེས་གྱི་རླུང་ནི་ཡེ་ཤེས་ཀྱི་རླུང་ཡིན་ལ། དེའང་ཡེ་ཤེས་ཀྱི་རླུང་ནི་ཁ་ཅིག་ལས་མི་རྒྱུ་བར་བཤད། དུས་ཀྱི་འཁོར་ལོ་ལས་ཆ་རེ་རྒྱུ་བར་བཤད་ཀྱང༌། རྡོ་རྗེ་ཕྲེང་བ་ལས། ཐུན་བཞིའི་མཚམས་སུ་རྒྱུ་བར་བཤད་པས་འདིའང་དེ་དང་མཐུན་ཏེ། འཁོར་ལོ་བཞི་ཡི་རབ་དབྱེ་བས། །ཐུན་བཞིར་བྱིན་གྱིས་བརླབ་པ་དང༌། །རྡོ་རྗེ་སེམས་དཔའི་གཟུགས་ཀྱིས་ནི། །འདིར་ནི་ཇི་ལྟར་བདེ་བར་རོལ། །ཞེས་འབྱུང་བས་སོ། །ཡང་ནམ་མཁའི་རླུང་ཡང་དུས་ཀྱི་དཀྱིལ་འཁོར་ལོ་ལས་ཆ་རེ་རྒྱུ་བར་བཤད། རྡོ་རྗེ་ཕྲེང་བ་ལས། ད་ལྟ་ཁྱབ་པའི་ཚུལ་གྱིས་རྒྱུ། དངོས་སུ་འཆི་བའི་དུས་སུ་རྒྱུ་བར་བཤད། རྒྱུད་འདིའང་དེ་དང་དགོངས་པ་མཐུན་ཏེ། རྣམ་སྣང་ལ་སོགས་སངས་རྒྱས་རྣམས། སྟེང་གི་སྒོར་ནི་གཡོ་ཞིང་གནས། །ཞེས་གསུངས་པ་ལྔ་ཀ་རྒྱུ་བ་ཡིན་ལ། ཡང༌། རླུང་ལ་སོགས་པའི་དབྱེ་བ་ཡིས། །རྟག་ཏུ་འགྲོ་བས་རླུང་རྣམས་བཞི། །ཞེས་གསུངས་པས་བཞིའང་ཡིན་ནོ། །དེས་ན་ལས་གྱི་རླུང་གི་རྒྱུ་བ་ནི་བཞི་ཁོ་ན་ཡིན་ནོ། །དེའང་ཁ་དོག་རྣམ་པ་ལ་རྒྱུ་ཚུལ་བཞིའི་སྒོ་ནས་རྒྱུ་སྟེ། སྟེང་དང་ངོས་དང་བྲང་འོག་འགྲོ། །ཞེས་འཆད་པར་འགྱུར་རོ། །བཞི་པ་གནས་དང་ལམ་གང་ནས་རྒྱུ་ཞེ་ན། སྤྱིར་ཡེ་ཤེས་ཀྱི་རླུང་རྩ་ཨ་ཝ་དྷཱུ་ཏཱིའི་མར་སྣའི་ཨ་ཐུང་བྷ་གའི་དཀྱིལ་འཁོར་གྱི་དབུས་ལ་གནས་ལ། དེ་རྩ་གཉིས་ཀྱི་དབང་གིས་སྲོག་དང་རྩོལ་བར་བྱུང༌། དེ་འཁོར་ལོ་བཞི་ལས་དེ་སྙིང་གའི་རྩ་འདབ་བཞི་ལས་འབྱུང་བ་བཞིར་བྱས་ནས། དེ་འཁོར་ལོ་བཞིའི་རྩ་འདབ་རྣམས་ལ་རིམ་པ་བཞིན་དུ། ཡུལ་ཉི་ཤུ་རྩ་བཞི་ལ་སོགས་པ་ནས་བྱུང་སྟེ། སྲོག་གི་རླུང་གི་དབང་བྱས་ནས་སྣའི་བུ་ག་ནས་རྒྱུ་བ་ཡིན་ནོ། །ལྔ་པ་སྣ་བུག་ནས་གྲངས་དུ་ཞིག་རྒྱུ་ཞེ་ན། ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་སྟེ། །ཐོག་མར་འབྱུང་དང་རྔུབ་པའི་གྲངས། །ཉི་ཁྲི་དང་ནི་ཆིག་སྟོང་དང༌། །དེ་བཞིན་གྲངས་ནི་བརྒྱ་ཕྲག་དྲུག །ཉིན་དང་མཚན་མོར་ངེས་པར་རྒྱུ། །ཞེས་གསུངས་པ་ལྟ་བུའོ། །དྲུག་པ་གྲངས་དེ་ལྟར་འོང་བས་ཕྱི་རོལ་ཇི་ལྟ་བར་ནང་ལུས་ལ་གནས་པ་སྟེ། ཕྱི་རོལ་དུ་དབྱུག་པ་ཆུ་ཚོད་བྱེད་པ་དང་འཕོ་བ་དང་ཉིན་ཞག་ལ་སོགས་པའི་དབྱེ་བ་ཡོད་པ་ལྟར་ནང་ལའང་གནས་པའི་དབང་གིས་འབྱུང་ངོ༌། །དེའང་ཡུལ་ཉི་ཤུ་རྩ་བཞིའི་དབང་གིས་མགོན་པོའི་རླུང་ཉི་ཤུ་རྩ་བཞིར་ཞག་གཅིག་རྒྱུ་ལ། མགོན་པོ་རེ་རེའང་འཁོར་ལོ་བཞིའི་དབང་གིས་ལྷ་མོ་བཞི་བཞི་དང་ལྡན་ཏེ། ས་རླུང་ཉི་བརྒྱ་ཉི་ཤུ་རྩ་ལྔ། དེ་བཞིན་དུ་ཆུ་དང་མེ་དང་རླུང་རྒྱུ་བ་དགུ་བརྒྱ་པ་རེ་མགོན་པོའོ། །མགོན་པོ་བཞི་བཞིའང་ལྟེ་བའི་རྩ་འདབ་དང་སྣ་སྒོའི་དབྱེ་བས་འཕོ་བ་གཉིས་གཉིས་དང་ལྡན་ཏེ། གཡོན་དང་གཡས་དང་གཉིས་ཀ་དང༌། །དལ་བར་རྒྱུ་དང་རྣམ་བཞིར་འགྱུར། །ཐུན་ཕྱེད་ཀྱི་ནི་དུས་དག་ཏུ། །ལས་ནི་གཉིས་གཉིས་ཉེ་བར་གནས། །ཞེས་པས་ཐུན་ཕྱེད་ནི་འཕོ་བ་ཕྱེད་དོ། །དགུ་བརྒྱ་ཕྲག་གཅིག་གཡས་ཁོ་ན་ནས་རྒྱུ་བ་ནི་མེ་རླུང༌། གཡོན་ཁོ་ནའི་རྒྱུ་བ་ནི་རླུང་གི་རླུང་གཉི་ག་ནས་རྒྱུ་བ་ནི་སའི་རླུང་དལ་ཞིང་རྒྱུ་བ་མི་ཚོར་བ་ནི་ཆུ་རླུང་སྟེ། དེ་ལྟར་བཞི་ནི་འཕོ་བ་གཉིས་སོ། །དེ་ལ་རླུང་སུམ་སྟོང་དྲུག་བརྒྱའོ། །དེ་ལྟ་བུ་ལན་དྲུག་གིས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའོ། །རྡོ་རྗེ་ཕྲེང་བ་དང༌། དུས་འཁོར་དང༌། རྡོ་རྗེ་མཁའ་འགྲོའི་ལུགས་སོ། །ཧེ་བཛྲའི་ལུགས་ཀྱི་ལྟེ་བའི་རྩ་འདབ་ཀྱི་དབང་གིས་དབྱུག་པ་དྲུག་ཅུ་རྩ་བཞི་ཡིན་ལ། དབྱུག་པ་རེ་ལ་རླུང་སུམ་བརྒྱ་སུམ་ཅུ་རྩ་ཕྱེད་དང་བརྒྱད། དབྱུག་པ་གཉིས་ཀྱིས་ཆུ་ཚོད་གཅིག་སྟེ་སྤྱི་བོའི་རྩ་འདབ་ཀྱི་དབང་གིས་སོ། །དེ་རེ་རེ་ལ་ལྷ་མོའི་རླུང་བརྒྱ་དྲུག་ཅུ་རྩ་བརྒྱད་དང་བཞི་ཆ་བ་ཚན་པ་བཞི་རྒྱུ་སྟེ་བཞི་འཁོར་ལོ་བཞིའི་དབང་གིས་སོ། །དེས་དྲུག་བརྒྱ་བདུན་ཅུ་རྩ་ལྔ་མགོན་པོའི་རླུང་ངོ༌། །མགོན་པོའི་རླུང་ཆུ་ཚོད་གཉིས་གཉིས་འཕོ་བ་རེ་རེ་མགྲིན་པའི་རྩ་འདབ་ཀྱི་དབང་གིས་སོ། །དེ་གཉིས་གཉིས་ཀྱི་ཐུན་ཕྱེད་པ་རེ་སྟེ་སྙིང་གའི་རྩ་འདབ་ཀྱི་དབང་གིས་སོ། །དེ་གཉིས་གཉིས་ཐུན་ཆེ་བ་རེ་སྙིང་གའི་ནང་གི་འདབ་མའི་དབང་གིས་ཏེ། དེ་ལྟར་ནའང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའོ། །སྤྱི་དོན་ལྔ་པ་ལམ་དུ་བྱས་ན་ཇི་ལྟར་འགྱུར་ཞེ་ན། དང་པོ་ཁོ་ནར་རླུང་བཟུང་བས་རྣམ་པར་ཤེས་པ་ཟིན་ཏེ་དེའི་རྟ་ཡིན་པའི་ཕྱིར་རོ། །ཡང་དེ་ཉིད་བགྲང་བས་བཟླས་པར་འགྱུར་བས་སྒྲིབ་པ་ཟད་པར་བྱེད། སེམས་ཟིན་པའི་དབང་གིས་ཏིང་ངེ་འཛིན་སྣ་ཚོགས་སྐྱེད་པར་ཡང་བྱེད་དོ། །ཡང་རླུང་རྣམ་པ་བཞི་གསལ་བའི་ཚེ་ཕྲིན་ལས་བཞི་འགྲུབ་པར་བྱེད། མཐར་ལས་ཀྱི་རླུང་འགགས་ཏེ་ཡེ་ཤེས་ཀྱི་རླུང་མངོན་དུ་འགྱུར་བར་བྱེད་དེ། སེམས་མེད་སྐྱེས་བུ་མེད་ཅེས་བྱ་བ་ལ་སོགས་པ་འཆད་པར་འགྱུར་རོ། །དེ་ལྟར་རླུང་མདོར་བསྟན་ནས་གང་ཞིག་གང་གི་རྣམ་པས་སྒོ་གང་ནས་འགྲོ་འོང་བྱེད་པ་དེ་རྒྱས་པར་སྟོན་ཏོ། །འདི་ལ་གཉིས་ལས། ཞུས་པ་ནི་ཀྱེ་ཞེས་བྱ་བ་ལ་སོགས་པ་སྟེ། ཡེ་ཤེས་ཀྱི་རླུང་དང་ལས་ཀྱི་རླུང་གི་རང་གི་ངོ་བོ་ནི་ཇི་ལྟར་རྒྱུ། ལས་ཀྱི་རླུང་གི་རང་གི་ངོ་བོ་ནི་གང༌། དེའང་སྒོ་ནི་གང་ནས་རྒྱུ། རྒྱུ་བ་དེ་ཉིད་གང་གི་ནུས་པས་རྒྱུ་བ་ཡིན། ཞེས་ཞུས་པའི་དོན་ཏོ། །འདིའི་ལན་ལ་གསུམ་སྟེ། སྤྱིར་རླུང་གི་རང་བཞིན་སྦྱོར་བ་གསུམ་དུ་བསྟན་པ་དང༌། དེ་སྒོ་གང་ནས་ཇི་ལྟར་འགྲོ་ཞིང་འོང་བའི་ཚུལ་རྒྱས་པར་བསྟན་པ་དང༌། འགྲོ་འོང་གི་དབང་གིས་ཇི་ལྟར་མངོན་དུ་བྱེད་པའམ་རླུང་གི་ལས་བསྟན་པའོ། །དང་པོ་ནི། གསུམ་ཉིད་སྦྱོར་བ་གསུམ་ཞེས་བྱ་སྟེ། འཇུག་པ་དང༌། གནས་པ་དང༌། ལྡང་བ་དང་གསུམ་མོ། །དེ་ལ་གནས་པ་ནི་ཡེ་ཤེས་ཀྱི་རླུང་སྟེ། ཤེས་རབ་ཀྱི་བདག་ཉིད་དོ། །ལྡང་འཇུག་སྲོག་རྩོལ་ནི་ལས་ཀྱི་རླུང་ཐབས་ཀྱི་བདག་ཉིད་དོ། །དེ་ལྟར་ཡང༌། ཀུན་གྱི་ནང་ན་རྣམ་རྟོག་མེད། །རྣམ་པར་རྟོག་པའི་རླུང་གཉིས་ནི། །ལུས་ལ་རྟག་ཏུ་འབྱུང་བར་བྱེད། །གསུམ་ལས་རྣལ་འབྱོར་པ་ཡིས་རྟོགས། །ཞེས་བྱ་བ་དང༌། སློབ་དཔོན་འཕགས་པས་ཀྱང༌། འཇུག་པ་དང་ནི་གནས་པ་དང༌། །ལྡང་བ་ཡི་ནི་རིམ་གྱིས་ཀྱང༌། །ཤེས་རབ་ཐབས་ཀྱི་གཞིར་གནས་ཏེ། །སྔགས་ཀྱི་ཡན་ལག་མ་ཉམས་བཟླས། །ཞེས་གསུངས་པ་ལྟ་བུ་སྟེ། དེ་ལྟར་ན་གསུམ་པོ་འདི་ནི་རླུང་ཐམས་ཅད་ཀྱི་རྩ་བ་ཡིན་ནོ། །གཉིས་པ་སྒོ་གང་ནས་ཇི་ལྟར་འགྲོ་འོང་བྱེད་པ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་ནི་སྐུ་གསུང་ཐུགས་ཞེས་རྐང་པ་གཉིས་ཏེ། དེ་ལྟ་བུའི་རླུང་དེ་ལམ་མམ་སྒོ་གང་ནས་རྒྱུ་ཞེ་ན། སྐུའི་སྒོ་དགུ་ལས་རྒྱུ་བ་ནི་ཐ་མ་སྟེ། རགས་ཤིང་རྟོགས་སླ་བའི་ཕྱིར་རོ། །གསུང་གི་སྒོ་བཞི་ལས་རྒྱུ་བ་ནི་འབྲིང་པོ་སྟེ། དེ་བས་རྟོགས་དཀའ་ཞིང་རྟོགས་ན་དེ་ལས་དོན་ཆེ་བས་སོ། །ཐུགས་ཀྱི་སྒོ་གཉིས་ལས་རྒྱུ་བ་ནི་དམ་པ་ཉིད་དེ་རྟོགས་པ་ཤིན་ཏུ་དཀའ་ཞིང་རྟོགས་ཤིང་དབང་དུ་གྱུར་ན་དོན་ཤིན་ཏུ་ཆེ་བའི་ཕྱིར་རོ། །པཎྜི་ཏ་ནཱ་རོ་པ་ལ་སོགས་པ་ན་རེ་འཁོར་བའི་རྒྱུ་ཁོ་ན་ཡིན་པས་ཐ་མ། འཁོར་འདས་གཉིས་ཀའི་ཡིན་པས་འབྲིང༌། མྱ་ངན་ལས་འདས་པའི་ཡིན་པས་རབ། ཅེས་གསུངས་ཏེ་ཧ་ཅང་མི་འགྲིག་གོ །དེ་ལྟར་མདོར་བསྟན་ནས་དེ་ལྟ་བུའི་སྒོ་གསུམ་པོ་ཉིད་རྒྱས་པར་བཤད་པ་ལ་གསུམ་སྟེ། སྐུའི་སྒོ་དགུ་ནས་སྦྱོར་བ་གསུམ་གྱི་རླུང་ཇི་ལྟར་རྒྱུ་བ་དང༌། གསུང་གི་སྒོ་བཞིས་དཀྱིལ་འཁོར་བཞིའི་རྣམ་པས་སྦྱོར་བ་གསུམ་ལ་གནས་པར་བསྟན་པ་དང༌། ཐུགས་ཀྱི་སྒོ་གཉིས་ཀྱི་སྦྱོར་བ་གསུམ་ཉིད་སྲོག་རྩོལ་གྱིས་དབང་བྱེད་པར་བསྟན་པའོ། །དང་པོ་ནི་ཀ་བ་གཅིག་ཅེས་བྱ་བས་སྐུའི་གནས་ལུགས་བསྟན་ཏེ། ཀ་བ་གཅིག་ནི་ལུས་ཀྱི་ཀ་བ་རྩ་ཨ་ཝ་དྷཱུ་ཏཱི་དབུས་ན་གནས་སོ། །སྒོ་དགུ་ནི་འོག་ཏུ་སྦྱར་ལ་བུ་ག་དགུ་ཞེས་བྱ་སྟེ་མིག་ལ་སོགས་པ་དགུའོ། །དེ་ལྟ་བུའི་ཁང་པ་ན་ལྷ་གང་ཡོད་ཅེ་ན། སྦོམ་པོ་ལྔ་སྟེ། ཕུང་པོ་ལྔ་རྒྱལ་བ་ལྔའོ། །དེ་ལྟ་བུའི་སྐུའི་སྒོ་ནས། རླུང་ཇི་ལྟར་རྒྱུ་ཞེ་ན། དགུའི་རྣམ་པ་སྟེ་བུ་ག་དགུ་ནས་རླུང་ལྡང་འཇུག་གི་ཚུལ་དུ་རྒྱུ་ཞེས་བྱའོ། །ཁ་ཅིག་ན་རེ་ཁ་སྣ་མ་གཏོགས་པའི་བུ་ག་གཞན་ནས་ཡན་ལག་གི་རླུང་ཕྱིར་འབྱུང་བ་འབའ་ཞིག་ལས་ནང་དུ་འཇུག་པའི་བྱ་བ་མི་བྱེད་ལ། ཡན་ལག་གི་རླུང་འཆིང་བ་དེའི་ཚེ་རླུང་གྲུབ་པར་འགྱུར་རོ་ཞེས་ཟེར་རོ། །ཡང་ན་སྒོ་དགུ་ཞེས་བྱ་བ་འདིས་རླུང་གི་རྣམ་པར་དབྱེ་བ་བཅུ་བསྟན་ཏེ། ཀ་བ་གཅིག་ནི་རླུང་རྣམས་ཀྱི་རྩ་བ་སྲོག་རླུང་ཡིན་ལ། དེ་ལས་སྐྱེས་པའི་རླུང་དགུ་ནི་སྒོ་དགུ་ཡིན་ལ། སྲོག་ཉིད་དང་བཅུའོ། །སྦོམ་པོ་ལྔ་ནི་རླུང་ལྔ་པོ་ཉིད་ཀྱང་ཁམས་ལྔར་འདུས་པ་སྟོན་ཏེ། འདི་དག་གི་མཚན་ཉིད་ནི་འོག་ནས་བཤད་པར་བྱའོ། །གཉིས་པ་གསུང་གི་སྒོ་ཞེས་བྱ་བའི་གོ་བ་ནི། དེ་ལྟར་བུ་ག་དགུ་ནས་རྒྱུ་བའམ་ལས་དགུ་བྱེད་པའི་རླུང་རང་གི་ངོ་བོ་སྟོན་པ་དང༌། རང་གི་ངོ་བོ་དེའི་གནས་པའི་ལམ་སྟོན་པ་ནི་གསུང་གི་སྒོ་ཞེས་བྱའོ། །འདི་ལ་ལྔ་སྟེ། གསུང་གི་སྒོའི་མིང་བསྟན་པ་དང༌། དེའི་ཞར་ལས་རླུང་རང་གི་ངོ་བོ་རྒྱུ་བ་དང༌། རྒྱུ་བ་མེད་པའི་བདག་ཉིད་ཅན་དུ་བསྟན་པ་དང༌། རླུང་ལམ་དུ་བྱས་པས་སྒོ་བཞི་འགགས་པས་མངོན་དུ་འགྱུར་བའི་ཚུལ་དང༌། སྒོ་བཞིའི་རང་གི་ངོ་བོ་དང༌། རྒྱུ་བའི་ཚུལ་བསྟན་པའོ། །དང་པོ་ནི་སེམས་དང་ཞེས་བྱ་བ་ལ་སོགས་པ་གསུང་གི་སྒོའི་མིང་སྟོན་ཏོ། །དེ་ལ་སེམས་ཞེས་བྱ་བའི་བརྡས་བཅིངས་པ་ཞེས་བྱ་བའི་རླུང་སྟོན་ཏེ། ཁ་དོག་སེར་པོ་གནས་ལྟེ་བ་ན་གནས་པ། ས་རླུང་དེ་ཉིད་སྣའི་བུ་ག་ནས་རྒྱུ་བའི་དུས་སུ་སྣའི་བུ་ག་གཉིས་ཀ་ནས་རྒྱུ་བ་ཡིན་ཏེ། གཉིས་ཀ་ལས་ནི་འབྱུང་བའི་ཁམས། །གསེར་གྱི་མདོག་ཏུ་སྣང་བ་སྟེ། །དབང་ཆེན་གྱི་ནི་དཀྱིལ་འཁོར་ཉིད། །རིན་ཆེན་མགོན་པོའི་རྒྱུ་བའོ། །ཞེས་སོ། །སྐྱེས་བུ་ཞེས་བྱ་བ་བརྡའི་མིང་གིས་དལ་བར་རྒྱུ་བ་ཞེས་བྱ་བ་ཆུའི་རླུང་སྟོན་ཏོ། །དེ་ནི་གནས་ཀྱི་གཙོ་བོ་སྙིང་ག་ན་གནས་པ་ཁ་དོག་དཀར་པོའོ། །ཆུ་རླུང་སྣ་ལས་རྒྱུ་བའི་དུས་སུ་སྣ་གཉིས་ཀ་ལས་དལ་ཞིང་རྒྱུ་བ་མི་ཚོར་བར་རྒྱུ་བ་སྟེ། དལ་ཞིང་རྒྱུ་བ་མེད་པའི་ཁམས། །ཆུ་ཡི་དཀྱིལ་འཁོར་ཉིད་ཡིན་ཏེ། །དག་པའི་ཤེལ་ལྟར་སྣང་བ་འདི། །རྡོ་རྗེ་མགོན་པོའི་རྒྱུ་བའོ། །ཞེས་སོ། །སྐྱེས་བུ་ཅན་ཞེས་བྱ་འི་བརྡའི་མིང་གི་རླངས་པ་ཞེས་བྱ་བ་མེའི་རླུང་སྟོན་ཏོ། །འདི་ནི་ཁ་དོག་དམར་པོ་མགྲིན་པ་ན་གནས་པའོ། །མེའི་རླུང་འདི་སྣ་ལས་རྒྱུ་བ་ན་སྣ་གཡས་ནས་རྒྱུ་སྟེ། གཡས་པ་ནས་ནི་འབྱུང་བའི་ཁམས། །མེ་ཡི་དཀྱིལ་འཁོར་ཉིད་ཡིན་ཏེ། །ཁ་དོག་དམར་ཞིང་གསལ་བ་འདིས། །པདྨའི་མགོན་པོའི་རྒྱུ་བའོ། །ཞེས་སོ། །ཁྱད་པར་ཞེས་བྱ་བའི་བརྡའི་མིང་གིས་མྱུར་བ་ཞེས་བྱ་བ་རླུང་གི་རླུང་བསྟན་ཏེ། དེའི་ཁ་དོག་ལྗང་སེར་གསང་གནས་ཀྱི་འཁོར་ལོ་ལ་གནས་པའོ། །རླུང་གི་རླུང་སྣའི་བུ་ག་ལས་རྒྱུ་བའི་དུས་སུ་སྣ་གཡོན་པ་ལས་རྒྱུ་སྟེ། གཡོན་པ་ལས་ནི་བྱུང་བའི་ཁམས། །རླུང་གི་དཀྱིལ་འཁོར་ཞེས་བྱ་བ། །ལྗང་སེར་དག་ཏུ་སྣང་བ་དེ། །ལས་ཀྱི་མགོན་པོའི་རྒྱུ་བའོ། །ཞེས་གསུངས་སོ། །རྣལ་འབྱོར་པའི་དོན་ཞེས་པའི་བརྡས་ནམ་མཁའི་རླུང་བསྟན་ཏོ། །འདི་ནི་ཁ་དོག་སྣ་ཚོགས་ལུས་ཐམས་ཅད་ལ་ཁྱབ་ཅིང་གནས་སོ། །འདི་སྣའི་བུ་ག་ལས་ནི་ད་ལྟ་འོད་ཀྱི་ཁྱབ་པའི་ཚུལ་ལས་དངོས་སུ་རྒྱུ་བ་མེད་དེ། གང་འཆི་བའི་དུས་སུ་རླུང་འདི་རྒྱུ་བར་ཟད་དོ། །དེ་ལྟར་ཡང༌། རྡོ་རྗེ་ཕྲེང་བ་ལས། ལུས་ཀུན་ལ་ནི་གནས་པའི་རླུང༌། །བྱ་བ་ཀུན་ལ་འཇུག་པའོ། །འདི་ནི་རྣམ་སྣང་ངོ་བོ་སྟེ། །འཆི་བའི་དུས་ལས་འབྱུང་བར་འགྱུར། །ཞེས་གསུངས་པ་ལྟ་བུའོ། །དེ་ལྟར་ན་སྣའི་བུ་ག་ནས་བཞི་རྒྱུ་བས་རླུང་གི་སྒོ་བཞི་ཡིན་ཞིང་སྤྱིར་རླུང་ལྔ་ཁོ་ན་ཡིན་ཏེ། གསང་བ་ཆེན་པོ་ཁ་དོག་ལྔ། །ཕུང་པོ་ལྔ་ཡི་རང་ངོ་བོ། །དེ་ནི་ཡེ་ཤེས་ལྔ་དག་པ། །རླུང་ལྔ་རུ་ནི་རྒྱུ་བར་བྱེད། །ཅེས་སོ། །གལ་ཏེ་ཡེ་ཤེས་ཀྱི་རླུང་ཞེས་བྱ་བ་དྲུག་པའང་ཡོད་པ་མ་ཡིན་ནམ་ཞེ་ན། ཡོད་དེ་དེ་ནི་འདིར་རེ་ཞིག་མ་སྨོས་ཏེ། འདིར་ལས་ཀྱི་རླུང་ད་ལྟ་བའི་དབང་དུ་བྱས་སོ་ཞེས་བསྟན་པའི་ཕྱིར། རྟག་པར་རྒྱུན་དུ་དུས་ཀུན་དུ། །འགྲོ་དང་འོང་བའི་ཁྱད་པར་ལས། །ཞེས་སྨོས་ཏེ། སྲོག་དང་རྩོལ་བའི་རྒྱུ་བ་ནི་ལྔ་པོ་འདི་ཡིན་ནོ་ཞེས་བྱའོ། །འོ་ན་ལྔ་ཀ་རྒྱུ་ན་ནམ་མཁའི་རླུང་མི་རྒྱུའོ་ཞེས་བཤད་པ་སྙམ་ན། སྣ་ལས་ད་ལྟ་མི་རྒྱུ་བའང་རང་གི་གནས་ན་ལས་བྱེད་པའི་རྒྱུ་དང་འཆི་བའི་དུས་སུ་རྒྱུ་བ་ཡོད་པས་དེ་ཙམ་ལ་དགོངས་སོ། །འོ་ན་ཡེ་ཤེས་ཀྱི་རླུང་ཡང་ཐུན་མཚམས་སུ་རྒྱུ་བར་བཤད་དོ་སྙམ་ན། དེ་ནི་རྒྱུ་བ་མེད་པ་ཉིད་ལ་རྒྱུ་བ་ཞེས་བྱ་བའི་རྒྱུ་བ་ཡིན་ན་ལས་ཀྱི་རླུང་དུ་འགྱུར་རོ། །སྣའི་བུ་ག་ལ་རླུང་རྟག་ཏུ་རྒྱུ་བ་བཞི་ཡིན་པར་བསྟན་པའི་ཕྱིར་གཅིག་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྐང་པ་མེད་པ་ལ་སོགས་པ་བཞིའི་བརྡས་ས་ལ་སོགས་པ་བཞིའི་རིམ་པ་བཞིན་བསྟན་ཏོ། །དེས་ན་རྟག་ཏུ་འགྲོ་བ་རླུང་རྣམ་པ་བཞི་ཞེས་པ་ནི་ནམ་མཁའ་མ་བཏོགས་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རླུང་བཞི་བསྟན་ནས་ཡེ་ཤེས་ཀྱི་རླུང་དང་ལས་ཀྱི་རླུང་གི་དབྱེ་བ་བསྟན་པའི་ཕྱིར་རམ་ལས་ཀྱི་རླུང་ཉིད་ལ་སྲོག་དང་རྩོལ་བའི་རླུང་དུ་དབྱེ་བ་བསྟན་པའི་ཕྱིར་སེམས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་ཀྱི་གནས་པ་ནི་རླུང་ངོ༌། །རྣམ་པ་གཉིས་ཏེ་ནུབ་པ་ནི་རྒྱུ་བ་མེད་པའི་ཐིམ་པ་དང༌། རབ་ཏུ་རྒྱུ་བ་ནི་ལྡང་འཇུག་བྱེད་པའོ། །དེ་ཉིད་བསྟན་པའི་ཕྱིར་རྟག་ཏུ་ནུབ་སྟེ་ཡེ་ཤེས་ཀྱི་རླུང་ངོ༌། །རབ་ཏུ་རྒྱུ་བ་ནི་ལས་ཀྱི་རླུང་ངོ༌། །དེ་ལྟར་རླུང་གཉིས་ནི་སེམས་ཅན་ཀུན་ལ་འགྲོ་བ་ནི་གནས་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བུའི་ལས་ཀྱི་རླུང་ལམ་དུ་བྱས་པས་ལམ་ཀྱི་རླུང་འགགས་ཏེ་ཡེ་ཤེས་ཀྱི་རླུང་མངོན་དུ་འགྱུར་བར་བསྟན་པ་ནི་དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་ནི་ལས་ཀྱི་རླུང་ངོ༌། །གང་ཞིག་མི་རིགས་ནི་སྲོག་རྩོལ་གྱི་རྣམ་རྟོག་སྤངས་ཏེ་བསྒོམས་པ་ན་ཞེས་བྱ་སྟེ། ཡང་དག་རྣལ་འབྱོར་སྟོབས་ཀྱིས་ནི། །སྲོག་དང་རྩོལ་བའི་རྣམ་རྟོག་རྣམས། །ཀུན་ནས་རབ་ཏུ་སྤངས་ནས་ནི། །རླུང་གི་དེ་ཁོ་ན་ཉིད་རྒྱུ། །ཞེས་གསུངས་སོ། །དེ་བསྒོམས་པས་ཅིར་འགྱུར་ཞེ་ན། སེམས་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནི་ས་རླུང་ལ་སོགས་པ་རྣམས་རིམ་པ་བཞིན་ཨ་ཝ་དྷཱུ་ཏཱིའི་གནས་སུ་འགག་པ་སྟེ། དེའང་ཡུལ་ཉི་ཤུ་རྩ་བཞིའི་རིམ་གྱིས་དགུ་བརྒྱ་པ་ཕྲག་རེ་རེ་རིམ་པ་བཞིན་འགག་གོ་ཞེས་གསུང་ངོ༌། །སེམས་མེད་ལ་སོགས་པས་རླུང་རིམ་པ་བཞིན་འགགས་པ་ལ་བརྟེན་ཏེ་གཉིས་སུ་མེད་པའི་ཡེ་ཤེས་མངོན་དུ་གྱུར་ཞེས་ཚིག་ལྷག་མ་ཁོ་ནས་དབྱུང་ངོ༌། །དེ་ལྟར་ཡང༌། རླུང་རྣམས་ཐམས་ཅད་འགགས་པ་ན། །སྐྱེས་པ་དེ་ཉིད་རྟོགས་པའོ། །ཞེས་སོ། །དེ་ལྟར་ཡང་རླུང་འགགས་པ་ལ་རླུང་བསྒོམ་དགོས་ན་རླུང་ཉིད་བཞི་པོ་གང་ཞེས་དྲིས་པ་ལ་བསྟན་པའི་ཕྱིར། མེ་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། མེ་རླུང་དགུ་བརྒྱ་རྒྱུ་བ་ནི་པདྨའི་མགོན་པོའོ། །རླུང་དང་ཞེས་པ་དེ་བཞིན་དུ་དགུ་བརྒྱ་ནི་ལས་ཀྱི་མགོན་པོའོ། །ས་རླུང་དགུ་བརྒྱ་ནི་རིན་ཆེན་མགོན་པའོ། །ཆུ་རླུང་དགུ་བརྒྱ་ནི་རྡོ་རྗེ་མགོན་པོའོ། །འཁོར་ལོ་སེམས་ཀྱི་ཀུན་སྤྱོད་པ། །ཞེས་པ་འདི་རྒྱུ་བའི་གནས་དང་ལམ་བསྟན་ཏེ། སྙིང་གའི་རྩ་བཞི་ལས་འབྱུང་ཞིང་སྣ་ལས་རྒྱུ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བུའི་མགོན་པོ་རེ་རེའང་ལྷ་མོ་བཞི་བཞི་དང་ལྡན་པར་བསྟན་པའི་ཕྱིར་ཏེ་སྟེང་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་པདྨ་མགོན་པོ་ལྟ་བུ་རྒྱུ་བའི་དུས་སུའང་སྟེང་སྟེ་མེའི་རླུང་དམར་པོ་སྟེང་དུ་སོར་བཞི་ཉིས་བརྒྱ་ཉི་ཤུ་རྩ་ལྔ་རྒྱུ། མེའི་རླུང་གི་རླུང་ངོས་སུ་སོར་དྲུག་ལྗང་སེར་ཉིས་བརྒྱ་ཉི་ཤུ་རྩ་ལྔ་རྒྱུ། མེའི་ས་རླུང་དྲང་པོ་ཐད་ཀར་སོར་བཅུ་དྲུག་ཏུ་དེ་ཙམ་རྒྱུ། མེའི་ཆུ་རླུང་འོག་ཏུ་སོར་བཅུ་གཉིས་དཀར་པོར་དྲངས་ཏེ་དེ་ཙམ་རྒྱུ་སྟེ་དགུ་བརྒྱའོ། །དེ་བཞིན་དུ་མགོན་པོ་གཞན་ལའང་ཤེས་པར་བྱའོ། །སོར་གྱི་ཚད། དུས་ཀྱི་འཁོར་ལོ་ལས་ནི་ས་ལ་སོར་བཅུ་གཉིས། ཆུ་ལ་བཅུ་གསུམ། མེ་ལ་བཅུ་བཞི། རླུང་ལ་བཅོ་ལྔ། ནམ་མཁའ་ལ་བཅུ་དྲུག་རྒྱུ་བར་གསུངས་སོ། །བདག་གི་རྣམ་པར་རྟོག་པས་ཀྱང་རྐང་མེད་ཅེས་བྱ་བ་ལ་སོགས་པས་ཀྱང་དུས་འཁོར་དང་འདྲ་བར་ཚད་བསྟན་སེམས་སོ། །ཐུགས་ཀྱི་སྒོ་བསྟན་པའི་ཕྱིར་ཟླ་བ་ཉི་མ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཐུགས་ཀྱི་སྒོ་ཞེས་བྱ་བ་ནི་སེམས་གཟུང་བ་དང་འཛིན་པའི་དབང་གིས་རྩ་གཉིས་གྲུབ་ལ། རྩ་གཉིས་ཀྱི་སྒོའི་དབང་གི་རླུང་ལྡང་བ་དང་འཇུག་པ་བྱེད་དོ། །ཞེས་སྟོན་པ་ཡིན་ནོ། །འདི་ལ་ལྔ་སྟེ། སྒོའི་རང་གི་ངོ་བོ་དང༌། སྒོའི་བྱེད་པའི་ལས་དང༌། དེས་ན་སྒོ་དེ་མཆོག་ཏུ་བསྔགས་པ་དང༌། སྒོའི་བྱེད་པའི་ལས་ཀྱི་ཁྱད་པར་དང༌། སྒོ་དེ་ནས་རྒྱུ་བའི་རླུང་གི་ངོ་བོ་གང་ཡིན་པ་བྱེད་པའི་ལས་དང་བཅས་ཏེ་བཤད་པའོ། །དང་པོ་ནི་ཟླ་བ་ཞེས་བྱ་བའི་བརྡས་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་བསྟན་ལ། ཐིག་ལེ་དབབ་པའི་རྩ་ནི་གཡོན་པ་ལ་ལ་ནཱའོ། །ཉི་མ་ནི་རཀྟ་ཡིན་ལ་དེ་དབབ་པ་ནི་གཡས་ར་ས་ནཱའོ། །དེ་ལྟར་རྩ་གཉིས་པོའི་དབྱེ་བ་དེ་ནི་ཡིད་དེ། སེམས་གཟུང་བ་དང་འཛིན་པ་གཉིས་སུ་ཤར་བའི་དབང་གིས་རྩ་གཉིས་པོ་དེ་བྱུང་བས་ཡིད་དང་བཅས་ཞེས་བྱའོ། །དེ་ནི་སྒོ་གསུམ་པ་སྟེ། དང་པོ་ནི་ཕྱིའི་བུ་ག་གཉིས་པ་ནི་འཁོར་ལོ་ལས་རླུང་རང་གི་ངོ་བོའི་སྒོ། །གསུམ་པ་ནི། རླུང་དེ་ལྡང་འཇུག་བྱེད་པའི་སྒོ་ཞེས་བྱ་བའི་དོན་ཏོ། །གཉིས་པ་སྒོ་དེས་བྱེད་པའི་ལས་ཅི་བྱེད་ཅེ་ན། རྔུབ་དང་སྟེ་ནང་དུ་འཇུག་པ་ནི་རྐྱང་མའི་དབང་གིས་སོ། །འབྱུང་བ་སྟེ་ཕྱིར་ལྡང་བ་ནི་རོ་མའི་དབང་གིས་སོ། །གསུམ་པ་ནི། དེ་ལྟར་ལྡང་འཇུག་བྱེད་པའི་ལམ་ནི་སྒོའི་དམ་པ་ཞེས་བྱ་སྟེ། འདིའི་དབང་གིས་རྣམ་པར་རྟོག་པ་སྣ་ཚོགས་སུ་བྱེད་པའི་ཕྱིར་དང༌། འདི་ཟིན་ན་སེམས་ཟིན་ཅིང་རྟོག་པ་མེད་པར་འགྱུར་བའི་ཕྱིར་ཏེ། ཇི་སྐད་དུ། སྲོག་དང་རྩོལ་བ་ཡང་དག་སྦྱོར། །རྟོག་པ་རྣམས་ཀྱི་གྲངས་སྟེར་བ། །རྟོག་པ་དང་བཅས་རྣལ་འབྱོར་པས། །རྟོག་པ་དང་བྲལ་རླུང་ཆེན་ཐོབ། །ཅེས་གསུངས་པ་ལྟ་བུའོ། །དེ་ལྟ་བུའི་དམ་པ་ནི་སྟེང་སྟེ་རྩ་གཡས་པ་སྟེང་དུ་ཁ་བལྟས་ཏེ་སྤྱི་གཙུག་གསེར་གྱི་སྒོ་ལ་གཏད་ཅིང་ངོ༌། །འོག་ནི་སྨིན་མཚམས་གནད་འབྱེད་པ་ནས་བརྩམས་ཏེ་རྩ་གཡོན་པ་ལྟེ་བར་གཏད་པའོ། །བཞི་པ་དེ་ལྟ་བུའི་སྒོ་ནས་རླུང་རྣམས་རྒྱུས་པས་ལས་ཅི་བྱེད་སྙམ་པ་ལ་འོག་གི་སྒོ་ནས་ཞེས་པ་ལ་སོགས་པ་རྐང་པ་གཉིས་གསུངས་ཏེ། ཐོག་མར་ལུས་གྲུབ་པ་དང་གནས་པ་དང་ལམ་དུ་བྱས་པ་གསུམ་གྱི་ཚུལ་གྱིས་བཤད་ཟིན་ཏོ། །ལྔ་པ་དེ་ནས་རྒྱུ་བའི་རླུང་ཇི་ལྟ་བུ་ཞེ་ན། རྣམ་སྣང་ལ་སོགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རླུང་ལྔ་སྟེང་དུ་ཡང་དག་རྒྱུ། །འོད་ལྔ་སངས་རྒྱས་རྣམས་སུ་བསྒོམ། །ཞེས་བཤད་པ་ལྟ་བུ་སྟེ། རྣམ་སྣང་ལ་སོགས་ཞེས་ལྔར་གསལ་ཡང་འོད་ལྔ་དང་ལྡན་པའི་རླུང་བཞི་པོ་རྒྱུ་བ་ཡིན་གྱི། རྣམ་སྣང་རྒྱུ་བ་ནི་མ་ཡིན་ནོ། །དེ་ལྟ་བུའི་རླུང་ལྔ་པོ་རིགས་ལྔ་ཡིན་པར་བཤད་ཟིན་ཏོ། །དེ་ལྟ་བུའི་སངས་རྒྱས་རྣམས་ལུས་ལ་ཇི་ལྟར་རྒྱུ་སྙམ་པ་ལ། སྟེང་གི་སྒོར་ནི་ཞེས་པ་སྟེ། རྩ་གཡས་པའི་མཐུས་ཐམས་ཅད་ཕྱོར་འགྲོ་བར་བྱེད་པས་ན་གཡོ་ཞེས་བྱའོ། །དེ་རྣམས་འོག་ཏུ་རྩ་གཡོན་པའི་སྒོའི་ནུས་པས་རྣམ་པར་གནས་ཏེ་ནང་དུ་འཇུག་པའོ། །དེ་ལྟར་ལུས་ལ་གནས་པ་ལྟར་རྣལ་འབྱོར་པས་ཉམས་སུ་བླང་ངོ་ཞེས་བསྟན་པའི་ཕྱིར་ཏེ། སྟེང་གིས་གཤེགས་སུ་གསོལ་ཞེས་གསུངས་སོ། །དེ་ལྟ་བུའི་ཚུལ་གྱིས་སེམས་གཟུང་བ་དང་འཛིན་པའི་དབང་གིས་རྟག་ཏུ་འགྲོ་ཞེས་བྱའོ། །རླུང་གི་རྣལ་འབྱོར་འདི་དག་ལ་བརྟེན་ཏེ་ཙཎྜཱ་ལཱིའི་རྣལ་འབྱོར་བཅུ་དྲུག་པ་བླ་མས་སྟོན་པར་འགྱུར་རོ། །འགྲོ་འོང་གི་དབང་གིས་མངོན་དུ་བྱ་བ་སྟོན་པ་དུས་གསུམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རླུང་ལུས་ལ་ཇི་ལྟར་རྒྱུ་ན་དུས་གསུམ་སྟེ། ལྡང་འཇུག་གནས་པ་གསུམ་དུའོ། །གང་རྒྱུ་ན་སངས་རྒྱས་ཏེ་མགོན་པོའི་རླུང་ངོ༌། །དེ་རེ་རེ་ལ་ལྷ་མོ་དང་ལྡན་པས་ན་མ་མོའོ། །དེ་རེ་རེ་ལའང་རྩའི་དབང་གིས་གྲངས་ཐ་དད་པས་ན་མཁའ་འགྲོ་རྣལ་འབྱོར་ཞེས་བྱའོ། །དེ་ལྟ་བུའི་རླུང་གི་ལས་བསྟན་པ་ནི་འཇུག་པ་སྟེ་ནང་དུ་རྒྱུ་བའི་དུས་སུ་ཡོན་ཏན་ཏེ། རང་གི་ལས་རྩོམ་པའམ་གཞན་དག་འདྲི་བ་ཡིན་ཀྱང་དགེ་བར་འགྱུར་རོ། །ལྡོག་པ་སྟེ་ཕྱིར་ལྡང་བའི་དུས་སུ་སྐྱོན་ཏེ། མི་དགེ་བར་འགྱུར་ཏེ་རྣལ་འབྱོར་པ་སེམས་ལས་སུ་རུང་བའི་ནང་གི་དུས་སྦྱོར་ཞེས་བྱ་བའི་དོན་ཏོ། །དེས་གྲུབ་པའི་དོན་ནི་བདེ་དང་ཞེས་བྱ་བ་ལ་སོགས་པ་དེ་ཉིད་བསྟན་ཏོ། །ཡང་ན་འདི་དག་གིས་སློབ་དཔོན་རྒྱལ་པོ་ཨིནྡྲ་བྷཱུ་ཏིས་གསུངས་པའི་དབང་དུ་བྱས་ན་སྐུའི་སྒོ་དགུས་ནི་རླུང་རྣམ་པར་འབྱེད་པ་བཅུ་བསྟན་ལ། སེམས་དང་ཞེས་བྱ་བས་སྔར་ལྟར་རླུང་ལྔ་བསྟན། སེམས་ཀྱི་གནས་པས་ལས་དང་ཡེ་ཤེས་ཀྱི་རླུང་དུ་དབྱེ་བ་གསུངས། དེ་ལྟར་ཞེས་བྱ་བས་ཉམས་སུ་བླང་བའི་ཚུལ་བསྟན། ཟླ་བ་ཉི་མ་ཞེས་བྱ་བ་ལ་སོགས་པས་སྲོག་དང་རྩོལ་བའི་རླུང་བསྟན། རྣམ་སྣང་ཞེས་བྱ་བ་ཤླཽ་ཀ་གཉིས་ཀྱིས་རྩའི་སྒོ་ལ་བརྟེན་ཏེ་རླུང་ཇི་ལྟར་རྒྱུ་ཞིང་སྐྱེ་བའི་ཚུལ་བསྟན་ཏོ། །འཇུག་པ་དང་ནི་ཞེས་བྱ་བས་དུས་སྦྱོར་བསྟན་ཏོ། །ལྷན་ཅིག་སྐྱེས་པ་ཞེས་བྱ་བས་རླུང་གི་གནས་ལུགས་བསྟན་ཏོ། །དེ་ལ་རླུང་བཅུ་པོ་ནི་ཀ་བ་གཅིག་ཅེས་བྱ་བས་ནོར་ལས་རྒྱལ་གྱི་རླུང་ཞེས་བྱ་བ་ལུས་ཐམས་ཅད་ཀྱི་རྟེན་བསྟན་ཏོ། །སྒོ་དགུས་ནི་རླུང་ལྷག་མ་དགུའོ། །དེ་ལ་དགུའི་རྣམ་པ་ནི་བྱེད་པའི་ལས་དགུ་བྱེད་པས་རླུང་སོ་སོར་བཞག་སྟེ། དེ་ལ་རྩ་བའི་རླུང་དང་པོ་སྲོག་གིས་ནི་ལུས་སེམས་མི་འབྲལ་བར་བྱེད་ཅིང་སྣ་སྒོར་རླུང་རྒྱུ་བའི་ལས་བྱེད་དེ། ཐུར་སེལ་གྱིས་ཕྱི་ས་ལ་སོགས་པ་ཐུར་དུ་འཕེན་པའི་ལས་བྱེད། མཉམ་གནས་ཀྱིས་ཁ་ཟས་འཇུ་བ་ལ་སོགས་པ་དང༌། རོལ་ལུས་ཁྱབ་པའི་ལས་བྱེད། གྱེན་རྒྱུས་སྨྲ་བ་དང་དགོད་པ་ལ་སོགས་པའི་ལས་བྱེད། ཁྱབ་བྱེད་ཀྱིས་འདེགས་པ་ལ་སོགས་པའི་ལས་བྱེད་དེ། འདི་ནི་བླ་མའི་གསུངས་ཏེ་རྡོ་རྗེ་ཕྲེང་བའི་ལུགས་སོ། །དེ་བཞིན་དུ་ཡན་ལག་གི་རླུང་ཡང་མིག་ལ་སོགས་པའི་སྒོ་ནས་བྱུང་སྟེ། གཟུགས་རིག་པ་ལ་སོགས་པའི་ལས་བྱེད་དོ། །ཞེས་གསུང་ངོ༌། །དཔལ་དུས་ཀྱི་འཁོར་ལོ་ལས་ནི། སྲོག་གིས་སྟོབས་བྱེད་ཉི་ཟླའི་ལམ་འགྲོ་ཐུར་སེལ་ཐུར་དུ་འབྱིན་ལ་རོ་རྣམས་མ་ལུས་ལུས་ལ་ཁྱེར་བ་མཉམ་གནས་ཀྱིས། །གྱེན་དུ་རྒྱུ་བས་ལུས་བསྐྱེད་པ་ནི་ཁ་དང་ལག་པ་རྐང་པ་རྣམས་དང་གླུ་དང་གར་བྱེད་པ། །ཁྱབ་བྱེད་ནད་རྣམས་སྐྱེད་པར་བྱེད་དེ་རང་བཞིན་ཡོན་ཏན་དབང་གིས་ལུས་འཁྱོག་པ་ཡང་དེ་བཞིན་ནོ། །ཀླུ་ཡི་སྒྲོགས་པ་ཉིད་དེ་ལག་པ་དང་ནི་རྐང་པ་བསྐུམ་པ་གསལ་བར་རླུང་ནི་རུས་སྦལ་གྱིས། །ཁྲོ་བ་དང་ནི་འཁྲུག་པ་མ་ལུས་རླུང་ནི་རྩངས་པ་ཡིན་ལ་ལྷས་བྱིན་གྱིས་ནི་གསལ་བར་བྱེད། །ལུས་ལ་དེ་ཉིད་ལྔ་པོ་བྲལ་བར་གྱུར་གྱི་བར་དུ་མི་བདག་རླུང་ནི་ནོར་ལས་རྒྱལ། །ཞེས་གསུངས་སོ། །ནོར་ལས་རྒྱལ་གྱིས་ལས་ནི་ཀ་བ་གཅིག་སྟེ་དེ་ལྟར་རླུང་བཅུའོ། །རླུང་བཅུ་པོ་དེ་དག་ལྔ་ཡིན་པར་བསྟན་པ་ནི་སེམས་དང་གསུངས་ཏེ། སྲོག་འཛིན་ཆུ་ལ་མཉམ་གནས་ས། །རྒྱལ་བྱེད་ནམ་མཁའ་ཉིད་ཡིན་ཏེ། །ཐུར་སེལ་རླུང་ལ་གྱེན་རྒྱུ་མེ། །ཡན་ལག་རླུང་རྣམས་འདྲེས་པའོ། །ཞེས་པའམ། རྒྱུ་བ་ས་ལ་མཉམ་རྒྱུ་ཆུ། །ཡང་དག་རྒྱུ་བ་མེ་ཡིན་ཏེ། །རབ་རྒྱུ་ཆུ་ལ་དེས་རྒྱུ་བ། །དེ་ནི་འདྲེས་པ་ཉིད་ཡིན་ནོ། །ཞེས་བདག་གི་བླ་མ་བཞེད་དོ། །དུས་ཀྱི་འཁོར་ལོ་ལས་ནི། ཐུར་སེལ་ཞེས་བྱ་རྣམ་པ་གསུམ་ནི་ཡེ་ཤེས་ཁམས་སུ་འགྱུར་ལ་སྲོག་རླུང་ཡང་ནི་སྟོང་པའོ། །རླུང་ལས་ཡང་ནི་མཉམ་གནས་ཡིན་ལ་སླར་ཡང་མེ་ནི་གྱེན་རྒྱུ་ཁྱབ་བྱེད་ཉིད་ནི་ཆུ་ཡིན་ནོ། །ཀླུ་ནི་ས་ཡིན་དེ་ནས་རུས་སྦལ་དང་ནི་རྩངས་པའི་རླུང་དང་ལྷ་སྦྱིན་དང་ནི་ནོར་ལས་རྒྱལ། །བཞི་པོ་རླུང་དང་མེ་དང་ཆུ་དང་ས་རྣམས་ལ་ནི་རིམ་གྱིས་ཡང་ནི་འབྱུང་བར་འགྱུར། །ཞེས་ཁམས་དྲུག་ཏུ་གསུངས་ཏེ། སྤྱིར་རེ་རེ་ལའང་འབྱུང་བ་ལྔ་ལྔ་ཡོད་པས། རྡོ་རྗེ་ཕྲེང་བ་འབའ་ཞིག་ལས་ཀྱང༌། སྲོག་རླུང་སྟོང་ཉིད་ཡེ་ཤེས་མིང༌། །ཞེས་པ་དང༌། སྲོག་རླུང་མི་བསྐྱོད་པར་བཤད། མི་བསྐྱོད་པ་ཆུ་ཡིན་པ་ལ་སོགས་པ་དུ་མར་གསུངས་པས་འགལ་བ་ཅི་ཡོད། དེ་ལྟ་བུའི་རླུང་ལ་ལས་ཀྱི་རླུང་དང་ཡེ་ཤེས་ཀྱི་རླུང་དུ་དབྱེ་བ་དང་རླུང་ཉམས་སུ་བླང་བའི་ཚུལ་དང་སྲོག་རྩོལ་གྱི་རླུང་རྒྱུ་བའི་ཚུལ་ནི་གོང་དུ་བཤད་པ་དང་འདྲའོ། །ཡང་རླུང་བཅུ་པོ་དེ་དག་གང་ལ་གནས་ཤིང་འབྱུང་བ་དེ་བསྟན་པའི་ཕྱིར་རྣམ་སྣང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཡེ་ཤེས་ཀྱི་རླུང་ནི་ཨ་ཝ་དྷཱུ་ཏཱི་ལ་གནས་ལ། དེ་བདག་ཏུ་འཛིན་པའི་སྒོ་ནས་སྙིང་གར་སྲོག་གི་རླུང་གནས་སོ། །དེ་རྩ་གཉིས་ཀྱི་སྒོ་ནས་རླུང་གཉིས་སུ་འགྲོ་སྟེ། སྟེང་དང་འོག་གི་དབྱེ་བ་ཡིས། །སྲོག་གི་རླུང་ནི་གཉིས་སུ་འགྲོའོ། །དེའང་རྩའི་སྒོ་ནས་རྩ་བའི་རླུང་ལྔར་འགྱུར་ཏེ་འཁོར་ལོ་སོ་སོ་ལ་གནས་སོ། །ཡང་དེ་ལས་རྩའི་སྒོ་ནས་ཡན་ལག་གི་རླུང་ལྔ་རྩ་དང་བཅས་པ་ཐུར་དུ་སོང༌། དེ་འཁོར་ལོ་བཞི་ལ་རིམ་པ་བཞིན་ཁྱབ་ནས་དབང་པོའི་སྒོ་ནས་བྱུང་སྟེ། ཡུལ་སོ་སོ་ལ་དམིགས་པར། རྒྱུ་བ་ནི་མཁའ་འགྲོ་རྣལ་འབྱོར་མ་མོ་རྣམས་ཞེས་བྱ་བའི་བར་གྱིས་བསྟན་ཏོ། །དུས་སྦྱོར་བསྟན་པ་ནི་འཇུག་དང་ནི་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟ་བུའི་རླུང་དེ་ཇི་ལྟར་གནས་སྙམ་ན། ལྷན་ཅིག་སྐྱེས་པ་གྲུབ་པ་དེ། །རྣམ་པར་ཤེས་པ་ནི་རླུང་ལ་ཞོན་ཅིང་ལྷན་ཅིག་ཏུ་གྲུབ་པ་སྟེ། དེར་སྐྱེ་བ་ནི་སྲོག་གི་མཆོག །རྣམ་པར་ཤེས་པའི་ངོ་བོའི་རྟེན། །ཞེས་གསུངས་པ་ལྟ་བུའོ། །དེ་ལྟར་ན་རྩ་གཉིས་ཀྱི་ཀུན་སྤྱོད་ལ་བརྟེན་ཏེ། ཁམས་དྭངས་མ་ཐིག་ལེའི་རྒྱུས། རྣམ་པར་ཤེས་པ་རླུང་ལ་ཞོན་པའི་དབང་གིས་ལུས་འདི་གྲུབ་པར་འགྱུར་ཞེས་བྱ་བའི་དོན་ཏོ། །གལ་ཏེ་རྣམ་པར་ཤེས་པའི་རྟེན་ལུས་གྲུབ་པ་དེ་རྩ་དང་ཐིག་ལེ་དང་རླུང་ལ་བརྟེན་ཏེ་འགྲུབ་པ་ཡིན་ནོ། །ཉན་ཐོས་སམ་ཕྱི་རོལ་པ་ལྟར་ཕྱི་རོལ་གྱི་དོན་རབ་ཏུ་འགྲུབ་པར་མི་འགྱུར་རམ་སྙམ་པ་ལ། མ་ཡིན་ཏེ། དེ་ལྟ་བུའི་རླུང་ཉིད་ཀྱང་སེམས་ལས་སྐྱེས་པའི་ཕྱིར་ཏེ། འོག་ནས། སེམས་ནི་ཆེན་པོ་གཅིག་ཉིད་ལ། །ལྔ་ཡི་གཟུགས་ཀྱིས་མཚན་པ་ཉིད། །བདེ་ཆེན་མཆོག་ཏུ་ཕན་པ་ཉིད། །དབྱེ་བས་ལྔ་རུ་འགྲོ་བར་འགྱུར། །ཞེས་འཆད་ལ། དཔལ་ཕྱག་རྒྱ་ཆེན་པོ་ཐིག་ལེ་ལས། རྣམ་ཤེས་ལས་ནི་རླུང་སྐྱེའོ། །དེ་ལས་མེ་ནི་སྐྱེ་བར་འགྱུར། །དེ་ལས་ཆུ་ནི་སྐྱེ་འགྱུར་ཏེ། །དེ་ལས་ས་ནི་སྐྱེ་བའོ། །དེ་རྣམས་ཀུན་ལས་ཕུང་པོ་འབྱུང༌། །དེ་ལས་སྐྱེ་མཆེད་འབྱུང་བར་འགྱུར། །དེ་ལས་ཡེ་ཤེས་རང་བཞིན་ཏེ། །བརྒྱ་རྩ་བརྒྱད་ཀྱི་རིམ་པའོ། །ཞེས་གསུངས་པའོ། །གལ་ཏེ་རྣམ་པར་ཤེས་པ་ལ་བརྟེན་ཏེ་འགྲུབ་པ་ཡིན་ནོ། །ཞེས་བྱ་བ་འདི་སྐབས་འདིར་ཅིའི་ཕྱིར་མ་གསུངས་སྙམ་ན། སྤྱིར་སྐབས་དོན་མཐའ་དག་ཏུ་དགོས་ཚད་བཤད་ཀྱིས་ག་ལ་ལོང་སྟེ། སྤྱིར་དུ་བཅོམ་ལྡན་འདས་ཀྱིས་རྒྱུ་འདི་ཉིད་ཀྱིའང་གོང་འོག་ཏུ་ལན་གྲངས་མི་ཉུང་བར་གསུངས་ལ། རྒྱུད་ཀྱི་རྒྱལ་པོ་གཞན་དག་ཏུའང་མ་གསུངས་པས་ཆོག་གི འདིར་སྐབས་དོན་རང་བྱིན་གྱིས་བརླབ་པ་ཞེས་བྱ་བ། རྟོགས་པར་བྱ་བའི་དོན་རང་གི་སེམས་ཡིན་པ་ལ་དེ་དངོས་སུ་རྟོགས་པར་མི་ནུས་པར་རྟེན་ལུས་ལ་གནད་དུ་བསྣུན་པའི་སྒོ་ནས་བརྟེན་པ་སེམས་རྟོགས་པར་བྱེད་པས་རང་གི་ལུས་འགྲུབ་པའི་དངོས་ཀྱི་རྒྱུད་དང༌། ལུས་ཀྱི་གནས་ལུགས་ཙམ་ཞིག་སྟོན་པ་ཡིན་ནོ། །དེ་ལ་སེམས་གཟུང་བ་དང་འཛིན་པས་བསྡུས་པ་མཚན་མ་དང་རྣམ་པར་རྟོག་པ་སྣ་ཚོགས་སུ་སྣང་བ་དང༌། ངག་རགས་པ་སྨྲ་བ་དང༌། དགོད་པ་ལ་སོགས་པ་ཕྲ་བ་རླུང་གིས་བསྡུས་པ་ལུས་འབྱུང་བ་བཞི་པོ་རྩ་དང་ཐིག་ལེས་བསྡུས་པ། རགས་པ་དང་དབང་པོ་རྟེན་ཁོག་པ་དང་བཅས་པ་སྟེ། གསུམ་པོ་འདི་ངག་དང་ལུས་ལ་བརྟེན་ཞེས་བྱ། སེམས་ལ་བརྟེན་པ་ཞེས་གྲགས་ཀྱང་གསུམ་པོ་ཕན་ཚུན་རྟེན་དང་བརྟེན་པ་སྟེ། ལུས་དང་ངག་དང་ཡིད་དང་གསུམ། །གཅིག་ལ་གཅིག་བརྟེན་གཅིག་གི་ངང༌། །ཞེས་གསུངས་པ་དང༌། དཔལ་ཕྱག་རྒྱ་ཆེན་པོ་ཐིག་ལེ་ལས་ཀྱང༌། འབྱུང་བ་ཆེན་པོ་བཞི་པོ་ནི། །སྲོག་གི་རྟེན་དུ་ཤེས་པར་བྱ། །ཡང་ན་སྲོག་ནི་དེ་རྣམས་རྟེན། །ལེགས་དགྱེས་དབང་མོ་ཤེས་པར་གྱིས། །ཞེས་གསུང་ངོ༌། །དེའང་ལུས་ངག་ཡིད་གསུམ་རགས་པའི་སྣང་བ་ད་ལྟ་གནས་པའི་དབང་དུ་བྱས་ནས། སེམས་གཟུང་བ་དང་འཛིན་པ་སྣ་ཚོགས་སུ་སྣང་བ་འདི་དེའི་ཞོན་པ་རླུང་སྟེ་ངག་ལ་བརྟེན་ལ། དེ་ནི་ལུས་ཀྱི་དབང་པོ་དང་རྩའི་སྒོ་ལ་བརྟེན་ཏེ་གནས་སོ། །དེ་བས་ན་རྟེན་ལུས་ལ་གནད་དུ་བསྣུན་པས་བརྟེན་པ་སེམས་ལ་གནད་དུ་སྣུན་པར་བྱེད་དོ། །ཡང་རགས་པ་འདི་དག་སྐྱེ་བའི་རིམ་པ་ཕྲ་མོ་ནས་སྐྱེ་སྟེ། རགས་པའི་གསུམ་པོ་ཕྲ་མོའི་རྩ་དང་རླུང་དང་ཐིག་ལེ་དང་སེམས་རིག་གསལ་འདྲེས་པ་ལས་སྐྱེ། དེ་དག་ཀྱང་སེམས་ཀྱིས་འབྱུང་བ་བཞིར་སྒྲོ་བཏགས་པ་ལས་སྐྱེ། དེ་སེམས་ལས་སྐྱེ། སེམས་འོད་གསལ་ལས་སྐྱེའོ། །དེ་ལ་འོད་གསལ་བ་ཞེས་བྱ་བ་གང་ཡིན། དེ་ལ་སེམས་ཇི་ལྟར་སྐྱེ་ཞེ་ན། འོད་གསལ་བ་ཞེས་བྱ་བ་ནི་མི་སྒྲིབ་པའི་ཕྱིར་གསལ་བ་སྟེ། སེམས་ཀྱི་ཆོས་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བ་གང་གི་ངོ་བོར་ཡང་མ་གྲུབ་པའོ། །དེའང་རང་བཞིན་གྱིས་འོད་གསལ་བ་དེ་འཁོར་འདས་སྣོད་བཅུད་ཀྱིས་བསྡུས་པ་ཐམས་ཅད་ལ་དེ་ལྟར་ཁྱབ་ཅིང་གནས་ཀྱང༌། དེ་ལས་ད་ལྟ་གློ་བུར་དུ་སེམས་སྐྱེ་བ་ནི་མ་ཡིན་ཏེ། རྒྱུ་མེད་པ་དང་འཁོར་བའི་ཐོག་མ་འབྱུང་བའི་སྐྱོན་དུ་འགྱུར་རོ། །འོ་ན་འོད་གསལ་བ་ལས་སེམས་ཇི་ལྟར་སྐྱེ་ཞེ་ན། སྤྱིར་སྐད་ཅིག་མ་སྔ་མ་འགགས་པར་གྱུར་པ་དེ་དག་ཐམས་ཅད་འོད་གསལ་བ་ལ་ཐིམ་པ་ཞེས་བྱ་ལ། སྔར་མེད་གསར་དུ་སྐྱེས་པ་དེ་དག་ཐམས་ཅད་འོད་གསལ་སྐྱེ་མེད་ལས་སྐྱེས་པ་ཞེས་བྱའོ། །དེའང་རགས་པ་ལ་དཔེར་བྱས་ན། སྐྱེ་བ་སྔ་མ་འཆི་བར་གྱུར་པ་ནི་དོན་དམ་པའི་བདེན་པ་འོད་གསལ་བ་ལ་ཐིམ་པ་ཡིན་ལ། དེ་ལས་སྐྱེ་བ་ཕྱི་མ་བྱུང་བ་དེ་སྐྱེ་མེད་ལས་འདི་སྐྱེ་བ་ཡིན་ནོ། །དེའང་རྒྱུ་རྐྱེན་དུ་མ་དང་ལྡན་ཏེ། སྔ་མའི་ཀུན་གཞི་འགགས་པ་འོད་གསལ་བ་ཡིན་ལ། དེའི་རྒྱུ་ལས་བྱུང་བས་དེ་རྒྱུ་ཡིན་ལ། དེའི་སྐྱེ་བ་སྔ་མའི་བག་ཆགས་ཀྱི་རྐྱེན་ལས་བྱུང་བ་རྒྱུ་རྐྱེན་མེད་པ་ལས་བྱུང་བའང་མ་ཡིན་འཁོར་བའི་ཐོག་མ་གྲུབ་པར་ཡང་མི་འགྱུར་རོ། །བག་ཆགས་ཞེས་བྱ་བ་ཅི་ཞིག སྔ་མར་མ་རིག་པའི་དབང་གིས་ལས་མངོན་པར་འདུ་བྱས་པས་བསྒོམ་པའི་སེམས། རིག་པ་ཕྱི་མར་སྐྱེད་པར་འགྱུར་བས་གང་ཡིན་པའོ། །དེ་བས་ན་སྔ་མའི་ཀུན་གཞི་འགགས་པས་འོད་གསལ་བ་ལས་བག་ཆགས་ཀྱི་དབང་གིས་ཀུན་གཞིའི་རྣམ་པར་ཤེས་པ་སྟོང་པ་ཆེན་པོ་སྐྱེ་ལ། དེ་ང་དང་བདག་ཏུ་འཛིན་པས་ཉོན་མོངས་པ་ཅན་གྱི་ཡིད་ཤིན་ཏུ་སྟོང་པ་དང༌། དེ་ལས་རྣམ་པར་ཤེས་པའི་ཚོགས་དྲུག་སྟོང་པའི་བདག་ཉིད་ཅན་སྐྱེའོ། །དེ་རླུང་ལ་ཞོན་ཏེ་རྒྱུ་བས་མེ་དང་ཆུ་དང་ས་དང་དེ་ལས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དུ་སྐྱེ་བ་ཡིན་ནོ། །དེའང་སེམས་ཅན་ཐམས་ཅད་སྐྱེ་བ་བཞིས་བསྡུས་པ་ལས་བརྫུས་ཏེ་སྐྱེ་བ་ནི་རང་གིས་སྒྲོ་བཏགས་པ་ཙམ་ལས་སྐྱེ་ལ། སྐྱེ་བ་གསུམ་པོ་འདི་སྒྲོ་བཏགས་པའི་རྐྱེན་གཞན་ལ་ལྟོས་ཏེ་སྐྱེའོ། །དེ་ལས་སྐབས་སུ་བབ་པའི་དབང་དུ་བྱས་ནས། མདོ་རྒྱུད་དང་བསྟན་བཅོས་ཐམས་ཅད་ལས་མངལ་སྐྱེས་ཀྱི་སེམས་ཅན་མིའི་དབང་དུ་མཛད་དེ་གསུངས་སོ། །དེ་ལ་སྐྱེ་བ་སྔ་མ་གང་འགགས་པ་ཡིན་ཡང་རུང་སྟེ། བར་དོའི་སྐབས་སུ་བརྫུས་ཏེ་སྐྱེ་བའི་ལུས་ལེན་ནོ། །དེ་མངལ་སྐྱེས་ཀྱི་སེམས་ཅན་མིའི་ལུས་སུ་སྐྱེ་བ་ལེན་པ་ན་རྒྱུ་རྐྱེན་དུ་མ་དང་ལྡན་ཏེ། ཕ་དང་མའི་སྙོམས་འཇུག་བྱས་པའི་ཚེ་དྲི་ཟ་འཁོར་བའི་དུས་སུ་ཕ་མའི་ཞུ་བདེ་གཉིས་ཀྱི་རྩའི་སྒོ་དེ་གཉིས་ལ་བརྟེན་ཏེ་ཐིག་ལེ་གཉིས་མཉམ་དུ་བབ་པ་དང༌། བར་དོའི་རྣམ་པར་ཤེས་པ་རླུང་ལ་ཞོན་ཏེ་འོངས་པ་དང་གསུམ་དུ་འཕྲོད་པ་དང༌། ཕ་མ་གཉིས་ཀྱི་བདེ་བ་དང༌། བར་དོའི་ཤེས་པ་སེམས་སྣང་བ་གསུམ་གྱི་བདེ་བ་རོ་གཅིག་ཏུ་མཉམ་དུ་གྱུར་པ་དང༌། ཕོ་མོའི་དབང་གིས་ཕ་དང་མ་ལ་ཆགས་སྡང་དང་རང་གི་རང་བཞིན་ལ་རྨོངས་པ་སྐྱེས་པ་དང༌། གསུམ་ཀའི་ལས་མཉམ་པར་སྤྱད་པའི་ཚེ་མངལ་དུ་སྐྱེ་བ་ལེན་ཏོ། །དེའང་འབྱུང་བ་བཞི་ལུགས་སུ་འབྱུང་བ་དང༌། ལུགས་ལས་བཟློག་པའི་རིམ་པས་འཛིན་ཅིང་སྐྱེད་ལ། དེའང་རླུང་གི་གནས་མེར་མེར་པོ་ལ་སོགས་པའི་གནས་སྐབས་ལྔ་དང་བཅུའི་རིམ་པར་འགྱུར་ཞིང་ལུས་འདི་རྙེད་པ་ཡིན་ནོ། །དེ་བས་ན་དང་པོ་མངལ་གྱི་གནས་སུ་གསུམ་འཛོམ་པ་ལ་བརྟེན་ཏེ་སྐྱེ་བས་ན། ཁ་ཅིག་ནི་སེམས་གསུམ་ལས་སྐྱེ་སྙམ་སེམས་སོ། །དེ་བཞིན་དུ་ཁ་ཅིག་ལས་ལས་སྐྱེ་བར་རྟོག ཁ་ཅིག་ནི་ལུས་ངག་ཡིད་གསུམ་ལས་སྐྱེ་བར་རྟོག ཁ་ཅིག་ནི་ཁུ་ཁྲག་དང་རླུང་ལས་སྐྱེ་བར་རྟོག ཁ་ཅིག་ནི་རྡུལ་མུན་པ་སྙིང་སྟོབས་ལས་སྐྱེ་བར་བྱས་ཏེ་དེར་རྟོག ཁ་ཅིག་ནི་རླུང་གིས་བྱས་ཏེ་འགྱུར་བ་དེ་དག་ལས་ཁྱབ་འཇུག་གི་འཇུག་པ་བཅུ་ཡིན་སྙམ་དུ་སེམས་སོ། །གལ་ཏེ་དེ་དག་ནོར་བའམ་མ་ནོར་བ་ཡིན་ཞེ་ན། དེ་དག་ཀྱང་རྒྱུ་དང་རྐྱེན་གྱི་ཆ་ཤས་ཙམ་ཡིན་པས་མ་ནོར་བའང་ཡིན་ལ། དེ་ཉིད་ཁོ་ནར་འཛིན་ཅིང་དེ་ལ་རྟག་པ་གཅིག་པུར་འཛིན་པ་རྣམས་ནི་མུ་སྟེགས་པ་རྣམས་ཏེ་ནོར་བ་ཡིན་ཏེ། དཔེར་ན་ཉི་མའི་དཀྱིལ་འཁོར་ལྟ་བུའམ། དམུས་ལོང་ལ་གླང་པོ་ཆེ་བསྟན་པ་བཞིན་ནོ། །འདི་དག་ལའང་གསུམ་པོ་ལ་བརྡས་དུ་མ་ཇི་ལྟར་བཏགས་པའི་ཚུལ་དང༌། མངལ་གྱི་གནས་སྐབས་སུ་སེམས་གསུམ་ལ་བརྟེན་ཏེ་རྩ་དང་རླུང་དང་ཐིག་ལེ་ཇི་ལྟར་གྲུབ་པའི་ཚུལ་དང༌། མཐར་འགགས་པའི་ཚུལ་དང༌། འདི་ལ་རྟེན་འབྲེལ་ཡན་ལག་བཅུ་གཉིས་དང་ཇི་ལྟར་འབྲེལ་བསམ་པ་ལ་སོགས་པ་མང་དུ་ཡོད་མོད་ཀྱི་འདིར་ཡི་གེ་མངས་པས་འཇིགས་པས་མ་བྲིས་སོ། །དེ་དོན་དུ་གཉེར་བར་འདོད་པ་རྣམས་ཀྱིས་རྒྱུད་ལ་འཇུག་པར་བཙལ་བར་བྱའོ། །འདིས་ནི། ལུས་གནས་ལུས་ལས་མ་སྐྱེས་པ། །ཞེས་བྱ་བའི་དོན་གསལ་བར་བྱས་པ་ཡིན་ཏེ། གནས་པའི་དུས་སུ་ལུས་ལ་གནས་ལ། སྐྱེས་པའི་དུས་སུ་ལུས་ལས་མ་སྐྱེས་ཏེ་ཡེ་ཤེས་ཆེན་པོ་ལས་སྐྱེས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཞར་ལས་འོངས་པའི་སྐབས་རྫོགས་སོ། །རྣམ་པར་སྤྲོས་པས་ཆོག་གོ །དཀྱུས་མ་ཉིད་བཤད་པར་བྱ་སྟེ། དེ་ནས་བཅོམ་ལྡན་ལྷ་མོས་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེའང་དཀྱིལ་འཁོར་བཞི་རྒྱས་པར་བཤད་ཅིང་རླུང་དང་ཁམས་ཅུང་ཟད་བཤད་པ་སྟེ། དེའང་གོང་དུ་རང་བྱིན་གྱིས་བརླབ་པའི་རིམ་པ་ཅི་ལགས་ཞེས་ཞུས་པ་ལ། དེ་ལྟར་དེ་དག་གིས་རང་བྱིན་གྱིས་རློབ་པར་བྱེད་པའི་རྒྱུ་བསྟན་ཏེ། དེ་ལ་རང་སྟེ་རང་གི་ལུས་ཀྱང་རྩ་དང་རྩ་ཡི་གེ་རླུང་དང་ཐིག་ལེ་ལས་འབྱུང་ལ། རང་འབྱུང་གི་ཡེ་ཤེས་ཀྱང་རྒྱུ་དེ་རྣམས་ལས་འབྱུང་བར་བསྟན་པར་གོ་ནས། དེ་ནི་རང་དེ་བྱིན་གྱིས་རློབ་པ་ཞེས་བྱ་བ་གཞན་ལ་མ་ལྟོས་པར་རང་ཁོ་ནས་ལམ་ཡོངས་སུ་རྫོགས་པར་བྱེད་པ་ལ་བྱིན་གྱིས་རློབ་པའི་དུས་སུ་གནད་ཤེས་དགོས་པས། རང་གི་ལུས་ཀྱི་གནད་རྣམས་ཀྱང་གང་ཡིན། འབྲས་བུ་འགྲུབ་པར་བྱེད་པའི་ཐབས་ལམ་ལ་སོགས་པ་དང༌། འབྲས་བུ་སྐུ་གསུམ་ལ་སོགས་པ་ཕྱི་རོལ་དུ་མང་དུ་གསུངས་ན། དེ་དག་གང་ཡིན་ཞེས་རང་གི་ལུས་ཀྱི་གནས་ལུགས་ལ་སོགས་པ་འདྲི་བར་འདོད་ནས། རང་བྱིན་གྱིས་རློབ་པའི་རྒྱུ་བསྟན་པའི་རྗེས་ལ་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེའང༌། དཔྱིད་ཅེས་བགྱི་བ་ཇི་ལྟར་ལགས། །ཐིག་ལེ་བགྱི་པ་ཇི་ལྟར་ལགས། །ཞེས་བྱ་བ་འདིས་བརྟག་པ་དྲུག་པ་མཐའ་དག་གི་ཞུ་བར་ཡང་འགྱུར་ཏེ། བརྟག་པ་དྲུག་པ་ལ་དཔྱིད་ཀྱི་ཞེས་དང༌། ཐིག་ལེ་ཞེས་བཏགས་པའི་ཕྱིར་རོ། །ཡང་ན་འཁོར་ལོ་གཉིས་ཀྱི་དཔྱིད་ཀྱི་ཐིག་ལེར་འཆད་པར་འགྱུར་བའི་ཞུ་བ་ཡིན་ནོ། །དེ་ལ་བརྟག་པ་དྲུག་པའི་གཞུང་གི་ཆ་ཕལ་ཆེར་གྱིས་ནི་རང་ཞེས་བྱ་བ་རྡོ་རྗེའི་ལུས་ཀྱི་གནས་ལུགས་དང་ཕྱི་རོལ་གྱི་སྤྲོས་པ་ནང་དུ་བཅད་པ་སྟོན་ཏོ། །ཡང་དག་སྦྱོར་བྱུང་ལ་སོགས་པས་ནི། ལུས་དེར་མངོན་དུ་བྱས་པའི་དོན་དམ་པ་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ། རང་བྱུང་གི་ཡེ་ཤེས་ཀྱི་མཚན་ཉིད་སྟོན་ཏོ། །དེའི་ཤེས་རབ་ཅེས་བྱ་བ་ལ་སོགས་པ་རང་བྱུང་གི་ཡེ་ཤེས་དེ་མངོན་དུ་བྱེད་པའི་ཐབས་ཙཎྜཱ་ལཱིའི་རྣལ་འབྱོར་སྟོན་པ་ཡིན་ནོ། །དང་པོ་ལུས་ཀྱི་གནས་ལུགས་ལ་གཉིས་ཏེ། བསྒྲུབ་བྱ་སྒྲུབ་བྱེད་ཀྱི་ཆོས་ཇི་སྙེད་ཡོད་པ་ཐམས་ཅད་རང་གི་ལུས་ལ་གཏན་ལ་དབབ་པ་དང༌། དེ་ལྟར་ཐམས་ཅད་ལུས་ལ་གནས་པ་ལ་ཐེ་ཚོམ་བསལ་བའི་སྒོ་ནས་དེ་ལྟར་ཤེས་པ་ཉིད་ལམ་དུ་བསྒྲུབ་པ་འཐད་པ་དང་བཅས་པའོ། །འདི་དག་གི་བརྗོད་པར་བྱ་བ་ལ་སོགས་པ་གསུམ་ནི་གོང་དུ་བསྟན་པ་ཡིན་ལ་འདི་དག་གི་རྒྱུད་སྡེ་གང་གི་བཤད་པའི་རྒྱུད་ཡིན་ན། དཔལ་བརྟག་པ་གཉིས་པའི་ལེའུ་དང་པོ་དང་བདུན་པ་དང༌། ཕྱི་མའི་ལེའུ་གཉིས་པ་དང༌། གསུམ་པ་དང༌། བཞི་པ་དང༌། དཔལ་རྡོ་རྗེ་མཁའ་འགྲོའི་ལེའུ་བཅུ་གཅིག་པ་དང༌། བཅུ་བཞི་པ་དང༌། བཅོ་ལྔ་པ་དང༌། ལྔ་བཅུ་པ་རྣམས་སུ་ཚིག་ཕལ་ཆེར་ཆ་མཐུན་པས་བཤད་པའི་རྒྱུད་ཡིན་ལ། ལེའུ་སྔ་ཕྱིར་གནས་པ་འདིར་ཕྱོགས་གཅིག་ཏུ་བསྡེབས་ཏེ་མི་གསལ་བ་གསལ་བར་བྱེད་པས་བཤད་པའི་རྒྱུད་ཡིན་པ་དང༌། ཡང་རྒྱུད་དེ་གཉིས་སོ་སོར་མ་ཚང་བ་ཁ་བསྐང་བས་བཤད་པའི་རྒྱུད་ཡིན་ནོ། །ཡང་རྣལ་འབྱོར་མའི་རྒྱུད་མཐའ་དག་གི་རྫོགས་པའི་རིམ་པ་རང་བྱིན་བརླབ་ཀྱི་དོན་འདི་ལྟ་བུ་ཡིན་ནོ་ཞེས་མ་གསུངས་པ་རྣམས་ཁ་བསྐང་ཞིང་གསུངས་པ་རྣམས་སུ་མི་གསལ་བ་གསལ་བར་བྱེད་པས་བཤད་པའི་རྒྱུད་དུ་འགྱུར་རོ། །གཞུང་གི་དོན་འཆད་པ་ན་དོན་གསུམ་གྱིས་ཤེས་པར་བྱ་སྟེ། གསུམ་གྱི་དང་པོ་ལའང་གསུམ་སྟེ། ཞུས་པ་དང༌། མཉན་པར་གདམས་པའི་སྒོ་ནས་མདོར་བསྟན་པ་དང༌། ལན་རྒྱས་པར་བཤད་པའོ། །དང་པོ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། ཡང་གསོལ་པ་ཞེས་སྦྱར་རོ། །ཡང་ཞེས་བྱ་བ་ནི་གོང་དུ་རང་བྱིན་གྱིས་བརླབ་པ་ཅི་ཞེས་སྤྱིར་དུ་ཞུས་པ་དང༌། ཡང་ཁམས་ཞུས་པ་ལས་བལྟབས་པས་ཡང་སྟེ་འདིར་སྣ་ཚོགས་པའི་ཞུ་བ་ཞུ་ཞེས་བྱ་བའི་དོན་ཏོ། །ཅི་ཞུས་སྙམ་པ་ལ་དཔྱིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་རང་བྱིན་གྱིས་བརླབ་པ་ཞེས་བྱ་བ་ཐམས་ཅད་རང་གི་ལུས་ཁོ་ན་ལས་སྐྱེད་པར་བྱེད་པ་ཡིན་ན། དཔལ་རྡོ་རྗེ་མཁའ་འགྲོ་ལ་སོགས་པ་ནས་དཔྱིད་ཅེས་བྱ་བའང་གསུངས། ཐིག་ལེ་ཞེས་བྱ་བའང་གསུངས་ན་དེ་ཅི་ཞེས་དྲི་བའམ། ཡང་ན་བདེ་ཆེན་གྱི་ཡེ་ཤེས་རང་ལས་སྐྱེད་པ་ཡིན་ན། ཕྱི་རོལ་གྱི་ལོ་མ་ལ་སོགས་པ་ཁ་འབུ་ཞིང་སྐྱེས་པ་ནི་དཔྱིད་ཀྱི་དུས་ཡིན་ན་དེ་དང་འདྲ་བའི་ནང་གི་དཔྱིད་ནི་གང་ཡིན། ཡང་ཕྱི་དཔྱིད་འབྱུང་བ་ཉིད་ཉི་མ་ཉེ་བའི་དྲོད་ལས་འབྱུང་བས་ཉི་མའམ། ཉི་མའི་གདུང་བ་སེལ་བས་ཟླ་བ་ནི་ཐིག་ལེའོ། །དེ་ནང་གི་ཐིག་ལེ་གང་ཞེས་དྲི་བའོ། །ཡང་དང་པོའི་གཉིས་པར་བྱང་ཆུབ་ཀྱི་ཕྱོགས་ཀྱི་རང་བཞིན་ནང་དུ་རྩ་མི་ཕྱེད་མ་ལ་སོགས་པ་གསུངས་ན་དེ་རྣམས་ཀྱི་ལས་ནི་གང༌། གནས་ནི་གང༌། ཡང་ལྔ་པའི་དང་པོར་ཕྱི་རོལ་དུ་ཡུལ་ཉི་ཤུ་རྩ་བཞིར་དཔའ་བོ་དང་རྣལ་འབྱོར་མ་འདུ་བར་གསུངས་ན་པུལླཱི་ར་ལ་སོགས་པ་ནང་གི་ཡུལ་ནི་གང༌། ཡང་བསྐྱེད་པའི་རིམ་པ་ལ་དཀྱིལ་འཁོར་འཁོར་ལོ་སྣ་ཚོགས་གསུངས་ན་དེ་དག་ནང་དུ་དགོད་པ་ནི་གང༌། དེ་ནས་རང་གི་ལུས་ཀྱི་རྩ་ལ་ཇི་ལྟར་རྫོགས་པ་དེའི་དབྱེ་བ་བདག་ལ་གསུངས་ཞེས་ཞུ་བའི་དོན་ཏོ། །དེའི་ལན་མདོར་བསྟན་པ་ནི་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་སྟེ། གསང་བ་ནི་དཀྱིལ་འཁོར་ལ་སོགས་པ་རྣམས་ཕ་རོལ་ཏུ་ཕྱིན་པ་ལ་གསང་བའོ། །དེ་ལས་ཀྱང་གསང་བ་ནི་ཐམས་ཅད་རང་གི་ལུས་ལ་བསྡུ་བ་བསྐྱེད་པའི་རིམ་པའང་གསང་བ་ཆེས་མཆོག་གོ །དེ་ཉིད་གང་ཞེ་ན། རྩའི་རང་བཞིན་ནང་གི་དབྱེ་བ་ཞེས་གཏན་ལ་དབབ་པའི་གཞིའོ། །དེ་ལ་གང་གཏན་ལ་དབབ་ན་གནས་ལ་སོགས་པ་སྟེ་ཕྱི་རོལ་གྱི་ཡུལ་ཐམས་ཅད་དོ། །ས་བཅུ་སྟེ་རབ་ཏུ་དགའ་བ་ལ་སོགས་པའོ། །དེ་དག་ཉིད་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའོ། །སྐུ་གསུང་ཐུགས་ཀྱི་འཁོར་ལོ་སྟེ་བསྐྱེད་པའི་རིམ་པ་རྣམས་སོ། །དེ་དག་ནང་སྟེ་རང་གི་ལུས་ལ་གཏན་ལ་དབབ་ཅེས་བྱ་བའི་དོན་ཏོ། །ལན་རྒྱས་པར་བཤད་པ་ལ་ལྔ་སྟེ། གནས་དང་ཡུལ་གྱི་རབ་ཏུ་དབྱེ་བ་དང༌། རྩའི་འཁོར་ལོ་གཉིས་དཔྱིད་དང་ཐིག་ལེའི་རང་བཞིན་དུ་བསྟན་པ་དང༌། སྒོ་གསུམ་ལ་བརྟེན་ཏེ་ཐམས་ཅད་ལ་རླུང་གནས་པར་བསྟན་པ་དང༌། འཁོར་ལོ་བཞི་ལ་བདེ་བ་ཆེན་པོ་རོལ་པར་བསྟན་པ་དང༌། ལུས་ལ་རྩ་སུམ་ཅུ་རྩ་བདུན་གྱི་གནས་ལུགས་བསྟན་པའོ། །དང་པོ་ལ་གསུམ་ལས། ཡུམ་གྱི་རབ་ཏུ་དགོད་པ་ནི། །སྤྱི་བོ་མ་ལ་ཡ་ཡི་ཡུལ། །ཞེས་བྱ་བ་ལ་སོགས་པ་སྟེ། རྗེས་མ། >>
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།