ས་དང་གནས་དང་འཁོར་ལོ་ལ་སོགས་པ་ཐམས་ཅད་རང་གི་ལུས་ལ་གཏན་ལ་དབབ་པ་སྟེ་ཚིག་གི་དོན་ནི་གོ་སླའོ། །གཉིས་པ་དེ་དག་ཕྱི་ནང་གཉིས་ཀྱི་རང་བཞིན་དུ་བསྟན་པ་ནི་འདི་དག་ནི་ཡུལ་དང་རང་ལུས་ཞེས་རྐང་པ་དྲུག་གོ །གསུམ་པ་ནང་གི་མཁའ་འགྲོ་མ་ནི་འདི་རྣམས་ཞེས་རྐང་པ་གཉིས་ཏེ། དེ་ལྟར་ཡུལ་རང་གི་ལུས་ལ་གནས་ན་མཁའ་འགྲོ་མ་གང་ཞེས་རྟོག་པ་ལ། རྩ་ཡི་གཟུགས་ཀྱིས་ཡང་དག་གནས། །ཞེས་བྱའོ། །བརྟག་པ་དྲུག་པའི་རབ་ཏུ་བྱེད་པ་དང་པོའི་བཤད་པའོ།། །།སྤྱི་དོན་གཉིས་པ་རྩའི་འཁོར་ལོ་གཉིས་དཔྱིད་དང་ཐིག་ལེའི་རང་བཞིན་དུ་བསྟན་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། གཞན་ཡང་ཞེས་བྱ་བ་ནི་ཡུལ་གྱི་དགོད་པ་ལས་དཔྱིད་ཀྱི་དུས་སུ་ཁ་འབུ་བ་སྟོན་པར་བྱེད་པའོ། །དམ་པའི་དེ་བཞིན་གཤེགས་པའི་སྐུ་ནི་རང་བཞིན་གྱི་དེ་བཞིན་གཤེགས་པ་སྟེ་རང་གི་ལུས་ལའོ། །དེའི་རྩའི་འཁོར་ལོ་ལ་སོགས་པ་ཇི་སྙེད་པའི་ཆོས་གཏན་ལ་དབབ་པ་དེ་བཤད་ཅེས་བྱའོ། །སྙིང་གི་ནང་སོན་ཞེས་བྱ་བ་ལ་སོགས་པ་ཤླཽ་ཀ་གསུམ་གྱིས་ནི་དཔྱིད་སྟོན་པར་བྱེད་དོ། །སྙིང་གི་ནང་ན་ཧཱུྃ་གི་དབྱིབས་མཐེ་བོང་གི་ཚད་སོར་གཉིས་པ་ནང་བྱང་ཆུབ་སེམས་ཀྱིས་གང་བའོ། །དེ་ལས་བྱང་ཆུབ་ཀྱི་སེམས་འཛག་པས་ན་བདེ་ཆེན་ཁ་འབུ་བས་དཔྱིད་དང་འདྲ་བས་དཔྱིད་ཅེས་བྱའོ། །དཔྱིད་དེ་ཉིད་གང་གིས་ཁ་འབུ་ན་རླུང་རེག་བྱ་དྲོད་ཀྱི་རང་བཞིན་ཅན་དེ། རྒྱ་མཚོའི་ནང་གི་རྒོད་མའི་མེ་དང་འདྲ་བ། ལྟེ་བའི་ཨྃ་དེ་ནི་ཐིག་ལེ་ཞེས་སྟོན་པ་ནི་རྒོད་མའི་ཞེས་ཤླཽ་ཀ་གཅིག་གོ །དེ་ནས་དཔྱིད་དང་ཐིག་ལེ་སྙོམས་པར་འཇུག་པ་ནི་དཔྱིད་ཐོབ་ཅེས་རྐང་པ་ལྔའོ། །དེ་སེམས་ཅན་ཀུན་ལ་གནས་པར་བསྟན་པ་ནི་རྒྱུ་དང་ཞེས་རྐང་པ་གཅིག་གོ །འདི་དག་གིས་ཙཎྜཱ་ལཱིའི་རྣལ་འབྱོར་བཅུ་བདུན་པ་བསྟན་ཏེ། བླ་མས་འཆད་པར་འགྱུར་རོ། །ཡང་ཅི་དཔྱིད་ཀྱི་དུས་ལ་སོགས་པ་འདི་དག་ཐམས་ཅད་ནི་རླུང་གི་དབང་གིས་མངོན་དུ་བྱེད་པ་ཡིན་ན་ལུས་ལ་རླུང་ཇི་ལྟར་གནས་ཞེས་དོགས་པ་བསུ་ནས་བཀའ་སྩལ་པ་ནི་སྐུ་གསུང་ཐུགས་ཞེས་བྱ་བ་ཤླཽ་ཀ་གཅིག་སྟེ། འདི་ནི་སྐབས་སུ་བབ་པས་སྒོ་གསུམ་ཀ་ལ་རླུང་རྒྱུ་བར་བསྟན་གྱི་རྒྱས་པར་གོང་དུ་བསྟན་ཟིན་ཏོ། །སྤྱི་དོན་བཞི་པ་འཁོར་ལོ་བཞི་ལ་བདེ་ཆེན་རོལ་པར་བསྟན་པ་ནི་ལྟེ་བར་ཞེས་བྱ་བ་ལ་སོགས་པ་སྟེ། འདི་ལ་དོན་གསུམ་ལས། དང་པོ་ཡི་གེ་དགོད་པ་ནི། ལྟེ་བར་ཞེས་ཤླཽ་ཀ་གཅིག་གོ །གཉིས་པ་འཁོར་ལོ་བཞི་ལས་འབྱུང་བ་ལ་སོགས་པ་གཏན་ལ་དབབ་པ་ནི། འཁོར་ལོ་བཞི་ཞེས་པ་ལ་སོགས་པ་སྟེ། འཁོར་ལོ་བཞི་པོ་ཉིད་ལ་སོགས་ཏེ། ལྟེ་བ་ས། སྙིང་ག་ཆུ། མགྲིན་པ་མེ། སྤྱི་བོ་རླུང་ངོ༌། །དེ་ཉིད་ཀྱི་ཐུན་བཞི་སྟེ། ཉིན་ཞག་གཅིག་ལ་འཁོར་ལོ་རེ་རེ་ནས་རླུང་ལྔ་སྟོང་བཞི་བརྒྱ་རྒྱུ་བ་ཐུན་བཞིའོ། །རླུང་དེ་དག་ཀྱང་རང་གི་གནས་ཀྱི་ལྟེ་བ་ལས་འབྱུང་བས་པདྨ་བཞིའོ། །དེ་ཉིད་ལམ་དུ་བྱས་པ་ན་དགའ་བ་བཞི་འབྱུང་བས་དགའ་བ་བཞིའོ། །དེ་ཉིད་བསྐྱེད་པའི་རིམ་པ་རྣལ་འབྱོར་བཞི་དང་རྗེས་སུ་མཐུན་པས་རྣལ་འབྱོར་བཞིའོ། །གསུམ་པ་དེས་ན་འཁོར་ལོ་ལ་བདེ་མཆོག་རོལ་པ་ནི་མཆོག་ཏུ་དགའ་བ་ཞེས་ཤླཽ་ཀ་གཅིག་གོ །སྤྱི་དོན་ལྔ་པ་དང་པོའི་གཉིས་པའི་དོན་ལ་ཞུས་པ་ལུས་ལ་རྩ་སུམ་ཅུ་རྩ་བདུན་གྱི་གནས་ལུགས་བསྟན་པ་ནི་འདི་ཡིན་ཏེ། སྔར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གསུངས་ལ། དེ་ཉིད་ནང་དུ་རྩ་སུམ་ཅུ་རྩ་གཉིས་ལས་མ་གསུངས་ན་ལྷག་མའི་རྩ་ནི་གང་ཡིན། རྩ་དེ་དག་གང་ན་གནས་ཞེས་གོང་དུ་ཞུས་པ་དེའི་ལན་འདབ་མ་རྣམས་ཞེས་བྱ་བ་ལ་སོགས་པའོ། །འདི་ལ་གསུམ་སྟེ། སྙིང་གའི་རྩ་འདབ་ཀྱི་གནས་ལུགས་བསྟན་པ་དང༌། དེའི་ནང་དུ་སྦས་པའི་རྩ་ལྔ་བསྟན་པ་དང༌། རྩ་ཉི་ཤུ་རྩ་བཞིའི་གནས་ལུགས་བསྟན་པའོ། །དང་པོ་ནི་སུམ་སྐོར་མ་ལ་སོགས་པའི་རྩ་བཞི་ལས་བརྒྱད་དུ་གྱེས་པ་སྙིང་ག་ན་གནས་པ་དེ་དག་ཀྱང༌། ལས་ནི་ཕྱོགས་བཞི་ནས་འབྱུང་བ་བཞི་འབབ་ལ་མཚམས་ནས་བདུད་རྩི་ལྔ་འབབ་བོ་ཞེས་སྟོན་པ་ནི། འདབ་མ་ཞེས་བྱ་བ་ཤླཽ་ཀ་ཕྱེད་དང་གསུམ་སྟེ་ཚིག་གི་དོན་གོ་སླའོ། །གཉིས་པ་ནི་རྩ་སུམ་ཅུ་རྩ་གཉིས་གསུངས་པ་དེ་ལས་སོ་བདུན་དུ་གང་གིས་ཁ་བསྐང་བ་དེ་བཤད་པ་ན་ལུས་ཀྱི་ཞེས་རྐང་པ་གཉིས་ཏེ། འདི་ལ་ནཱ་རོ་པའི་ལུགས་ཀྱིས་སུམ་སྐོར་མ་ལ་སོགས་པ་རྩ་བཞི་ལས་བརྒྱད་དུ་གྱེས་པ་ནི་སྔར་གྱི་ཡིན་ལ། གཙོ་བོ་གསུམ་དང་བདུད་འདྲལ་མ་ལས་ལྔར་གྱེས་པ་འདི་ཡིན་ནོ་ཞེས་འདོད་དོ། །དེ་ནི་མ་ཡིན་ཏེ། བདུད་འདྲལ་མ་ལ་ལྷའི་དག་པ་བརྟག་པ་གཉིས་པ་ལས་བཀག་པས་ན་འདིར་མི་སྨོས་པས་རྩ་གསུམ་པོ་ཉིད་ལ་གཉིས་པོ་ལས་བཞིར་གྱེས་པས་གཙོ་མོ་དང་ལྔ་ཡིན་ནོ་ཞེས་གསུང་ངོ༌། །འདིས་ནི་དྲས་པ་ཉེར་གཞག་བཞི་དང༌། ཡང་དག་པའི་ཏིང་ངེ་འཛིན་བསྟན་པ་ཡིན་ནོ། །གསུམ་པ་རྩ་ཉི་ཤུ་རྩ་བཞིའི་གནས་ལུགས་བསྟན་པ་ནི། སྐུ་གསུང་ཐུགས་ཞེས་བྱ་བ་ལ་སོགས་པ་སྟེ། དེའང་ཤླཽ་ཀ་གཅིག་གིས་ནི་ཉི་ཤུ་རྩ་བཞི་འཁོར་ལོ་གསུམ་དུ་བསྡུ་བ་སྟེ། འཁོར་ལོ་དགོད་པ་ཞེས་བྱ་བའི་ལན་བསྟན་ཏོ། །སྤྱི་བོར་ཡང་དག་ཅེས་རྐང་པ་གཉིས་ཀྱིས་རྩ་སོ་གཉིས་པོ་ཐམས་ཅད་སྤྱི་བོ་ལས་བྱུང་བར་སྟོན་ཏེ། བྱང་ཆུབ་ཀྱི་སེམས་ཀྱང་རང་བཞིན་གྱི་ཕྱིར་རོ་ཞེས་དགོངས་སོ། །རྡུལ་དང་ཞེས་རྐང་པ་གཉིས་ནི་མུ་སྟེགས་བྱེད་ཀྱི་མིང་གི་སྒོ་ནས་དེ་རྣམས་ཀྱི་ནང་ནས་གཙོ་མོ་གསུམ་ཡིན་པར་སྟོན་ཏོ། །པུལླཱི་རར་ནི་མི་ཕྱེད་མ། །ཞེས་བྱ་བ་ལ་སོགས་པས་ནི་ཉི་ཤུ་རྩ་བཞིའི་མིང་ལ་སོགས་པས་སྟོན་ཏོ། །མཁའ་འགྲོའི་བཞི་བཅུ་པ་གསལ་བར་བྱེད་པ་སྟེ། གནས་དང་མིང་དང་ལས་ནི་དངོས་སུ་བསྟན་ལ། ཤུགས་ལས་མཁའ་འགྲོ་མ་དང་བྱང་ཆུབ་ཀྱི་སེམས་གང་ཡིན་པའང་ཤེས་པས་དོན་ལྔ་ལྔར་ཤེས་པར་བྱའོ། །ཚིག་གི་དོན་ནི་རྟོགས་པར་སླ་བ་ཉིད་ཡིན་ནོ། །དྲུག་པ་ལས་རབ་ཏུ་བྱེད་པ་གཉིས་པའི་བཤད་པའོ།། །།དེ་ལྟར་ལུས་ལ་གནས་དང་ས་ལ་སོགས་པ་གཏན་ལ་ཕབ་ན། དེ་ལས་གཞན་དཀྱིལ་འཁོར་དང་སྦྱིན་སྲེག་ལ་སོགས་པ་ཕྱི་རོལ་ན་ཡོད་ན། དེ་དག་ལུས་ལ་ཇི་ལྟར་གནས་ཞེས་ཞུ་བ་ནི་ལྷ་ལགས་ཞེས་བྱ་བ་རྐང་པ་ལྔའོ། །འདིས་ནི་རྡོ་རྗེ་མཁའ་འགྲོའི་ལེའུ་བཅོ་ལྔ་པ་དང་བཅུ་གཅིག་པ་གསལ་བར་བྱེད་དོ། །འདི་ལ་གསུམ་སྟེ། ནང་གི་དཀྱིལ་འཁོར་བསྟན་པ་དང༌། སྦྱིན་སྲེག་ལ་སོགས་པ་དང༌། དཀྱིལ་འཁོར་གྱི་བདག་པོའོ། །དང་པོ་ལ་དྲུག་སྟེ། ལུས་རང་བཞིན་གྱི་དཀྱིལ་འཁོར་དུ་བསྟན་པ་དང༌། དེ་ལམ་དུ་བྱས་པ་ན་མཆོད་པར་བསྟན་པ་དང༌། དཀྱིལ་འཁོར་གྱི་ངེས་ཚིག་དང༌། དཀྱིལ་འཁོར་གྱི་དབྱེ་བ་དང༌། དཀྱིལ་འཁོར་དང་འབྲེལ་བའི་དམ་ཚིག་དང༌། དཀྱིལ་འཁོར་བསྒོམས་པའི་ཕན་ཡོན་ནོ། །དང་པོ་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་སྟེ། ལུས་ལ་དཀྱིལ་འཁོར་གྱི་ལྷ་གང་གནས་པ་ནི་ཧེ་རུ་ཀ་སོགས་ཞེས་པ་རྐང་པ་གཉིས་ཏེ་སྔར་བསྟན་པ་བཞིན་ནོ། །དེའི་རྟེན་དཀྱིལ་འཁོར་ཇི་ལྟར་གནས་པ་དེ་སྟོན་པ་ནི་ལུས་ཀྱི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་སྟེ། གཞལ་ཡས་ཁང་གི་མཚན་ཉིད་དང༌། རི་རབ་འབྱུང་བ་རིམ་བརྩེགས་དང་བཅས་པ་རྣམས་བསྟན་ཏེ་ཚིག་གོ་སླའོ། །དེར་ལྷའི་གདན་དང་ས་བོན་བསྟན་པ་ནི། དེར་ནི་སྤྱི་བོ་ཞེས་བྱ་བ་ལ་སོགས་པ་སྟེ། ལྷ་ཐམས་ཅད་ཧཱུྃ་གི་ས་བོན་ལས་བསྐྱེད་པ་བཞིན་ལུས་ཀྱང་ཧྃ་གིས་ས་བོན་འདི་ལས་ཡང་དག་པར་བྱུང་ངོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རང་བཞིན་གྱི་དཀྱིལ་འཁོར་བསྟན་ནས། གཉིས་པ་དེ་ལམ་དུ་བྱས་པའི་དཀྱིལ་འཁོར་གྱི་ཚུལ་གྱིས་མཆོད་པ་ནི་བདུད་རྩི་གཟུགས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་ལུས་ཀྱི་དཀྱིལ་འཁོར་དེ་ཉིད་འཛག་པའི་སྒོ་ནས་མཆོད་པར་བྱེད་དོ། །འཛག་པ་དེས་གཞན་ཅི་བྱེད་ན་སྒྲ་འབྱེད་དེ་ལྟེ་བའི་ཨྃ་སྦར་བའི་སྒོ་ནས་མེས་དཀྱིལ་འཁོར་མཆོད་པར་བྱེད་དོ། །དེ་ལྟར་ཙཎྜཱ་ལཱིའི་རྣལ་འབྱོར་པས་སྦར་འཛག་བྱེད་པ་ཉིད་ལམ་དུ་བྱས་པ་ན་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་འགྱུར་རོ། །ཞེས་སྟོན་པ་ནི་དེས་ནི་ཞེས་རྐང་པ་གསུམ་མོ། །གལ་ཏེ་དེ་ལྟར་ན་དཀྱིལ་འཁོར་ནི་མང་པོར་གྱུར་ན་ཅིའི་ཕྱིར་དཀྱིལ་འཁོར་ཡིན་སྙམ་པ་ལ། དཀྱིལ་འཁོར་གྱི་ངེས་པའི་ཚིག་ནི་དངོས་པོ་རྣམས་ཀྱི་ཞེས་རྐང་པ་གཉིས་ཏེ། སྤྱིར་དཀྱིལ་འཁོར་ཞེས་བྱ་བ་ནི་མཎྜལ་ཡིན་ལ། མ། མ་ནུ་སཱ་ར་ནི་སྙིང་པོ་ཡིན་ཞིང༌། དེ་ཉིད་ནི་བདེ་བ་ཆེན་པོའོ། ལ། ལ་ཏི་གྲིཧྣ་ན་ནི་ལེན་པ་སྟེ་བདེ་ཆེན་ལེན་པའོ། །ཡང་ན་ལ། ལུཙྪེ་ད་ནི་གཅོད་པ་སྟེ་རྣམ་རྟོག་གཅོད་པའོ། །དེ་གང་ལ་ཡོད་པས་དེ་ཐམས་ཅད་ལ་དཀྱིལ་འཁོར་ཞེས་བྱའོ། །དེ་ལྟར་ན་དཀྱིལ་འཁོར་ཉིད་དུ་ཞེས་བཞི་པ་རབ་ཏུ་དབྱེ་བ་ནི་ལུས་ནི་ཞེས་བྱ་བ་ལ་སོགས་པ་སྟེ། གསང་བ་ཆོས་ཀྱི་དཀྱིལ་འཁོར་གསུམ་ནི་ངེས་ཚིག་དེ་དང་ལྡན་པས་དཀྱིལ་འཁོར་ཞེས་བྱའོ། །རྩ་ཆེན་ནི་རྩ་ཡི་གེའི་དབྱིབས་སུ་གནས་པ་བྷ་གའི་དཀྱིལ་འཁོར་ཞེས་དགོངས་པའོ། །དེ་ལ་གསང་བའི་དཀྱིལ་འཁོར་གསུམ་ཡིན་པར་ཡང་འདུས་པའི་ཕྱི་མ་ལས་གསུངས་པ། དཀྱིལ་འཁོར་ལུས་སུ་གསུངས་པ་སྟེ། །དཀྱིལ་འཁོར་བྷ་གར་བརྗོད་པ་ཉིད། །དཀྱིལ་འཁོར་ཡང་ནི་བྱང་ཆུབ་སེམས། །དཀྱིལ་འཁོར་གསུམ་ནི་བརྟག་པར་བྱ། །ཞེས་སོ། །གསུམ་པོ་ཁོ་ན་ཡིན་ནམ་སྙམ་པ་ལ། ཕྱི་རོལ་ཞེས་གསུངས་ཏེ། ཕྱི་བསྐྱེད་པ་རྡུལ་ཚོན་གྱི་དཀྱིལ་འཁོར་དང༌། ནང་གསང་བ་ཆོས་ཀྱི་དཀྱིལ་འཁོར་གཉིས་ཀྱིས་འཁོར་འདས་ཐམས་ཅད་ལ་ཁྱབ་སྟེ། བྱང་ཆུབ་སེམས་ལ་དོན་དམ་པའི་དཀྱིལ་འཁོར་ཡང་གནས་པའི་ཕྱིར་རོ། །ཞེས་དགོངས་སོ། །ལྔ་པ་དཀྱིལ་འཁོར་དང་རྗེས་སུ་འབྲེལ་པའི་དམ་ཚིག་ནི་ཕྱི་རོལ་ཞེས་བྱ་བ་ལ་སོགས་པ་སྟེ། རྐང་པ་དྲུག་གིས་ནི་བཟའ་བའི་དམ་ཚིག་གོ །སྦོམ་དང་ཞེས་ཤླཽ་ཀ་གཅིག་གིས་ནི་བསྲུང་བའི་དམ་ཚིག་གོ །སྦོམ་དང་ཕྲ་བ་ནི་དཀྱིལ་འཁོར་གཉིས་ཏེ། དེས་འགྲོ་བའི་གཉེན་བྱེད་དེ་གཉེན་གྱིས་ཕན་འདོགས་པ་བཞིན་ཕྱི་རོལ་གྱི་ཞིང་སོགས་བྱེད་པའམ། ནང་གི་རྟོག་པ་སྤོང་བར་བྱེད་པས་གཉེན་ཏེ། དེས་ན་རྣམ་པར་རྟོག་པ་བསྲུང་བས་ན་བསྲུང་བའི་དམ་ཚིག་གོ །དྲུག་པ་དཀྱིལ་འཁོར་བསྒོམས་པའི་ཕན་ཡོན་ནི་དཀྱིལ་འཁོར་ཞེས་རྐང་པ་དྲུག་སྟེ་གོ་སླའོ། །དེ་ལྟར་རང་བཞིན་གྱི་དཀྱིལ་འཁོར་བསྟན་ནས་སྦྱིན་སྲེག་ལུས་གནས་པ་བསྟན་པའི་ཕྱིར་ཤེས་རབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཞི་བའི་སྦྱིན་སྲེག་གི་མེ་ནི་ཤིང་གཙུབས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ན་འདིར་ནང་གི་མེ་ནི་ཨྃ་འབར་བའོ། །བསྲེག་རྫས་བསྟན་པའི་ཕྱིར་ནང་གི་ཁུ་བ་ལ་སོགས་པ་ཞེས་པ་སྟེ། ནང་གི་བསྲེགས་པས་ཕྱི་རོལ་གྱི་ཡུལ་གྱི་རྟོག་པའང་བསྲེགས་པས་བླ་མེད་ཀྱི་སྦྱིན་སྲེག་ཏུའང་འགྱུར་རོ། །སྦྱིན་སྲེག་གི་ལྷ་བསྟན་པའི་ཕྱིར་སྐྱེ་མཆེད་དྲུག་ཅེས་བྱ་བ་ལ་སོགས་པ་སྟེ། ཕྱི་ནང་གི་སྐྱེ་མཆེད་བཅུ་གཉིས་ནི་བྱང་ཆུབ་སེམས་དཔའ་དང་ལྷ་མོའོ། །ཁམས་ནི་རིག་མའོ། །ཕུང་པོ་ནི་དེ་བཞིན་གཤེགས་པའོ། །རྩ་རྣམས་ནི་མཁའ་འགྲོའི་ཚོགས་སོ། །རྩ་ནས་བྱང་ཆུབ་ཀྱི་སེམས་འབབ་པ་ནི་མཆོད་པའོ། །བསྲེག་རྫས་ཀྱི་སྣོད་ནི་ཐོད་པའོ། །དགང་གཟར་བླུགས་གཟར་ནི་རྩ་གཉིས་སོ། །ཐབ་ཁུང་ནི་ལྟེ་བའོ། །རླུང་ཡབ་ནི་བཤང་སྒོའོ། །ཤཱནྟིཾ་ལ་སོགས་པའི་སྔགས་ནི་ཨྃ་དང་ཧྃ་ངོ༌། །ནང་གི་བཟླས་པ་བསྟན་པའི་ཕྱིར་བཟླས་པ་འཁོར་བར་བྱེད་ཅེས་གསུངས་ཏེ། རྩ་གཉིས་ནས་འགྲོ་འོང་གི་རླུང་ཡི་གེ་གསུམ་གྱི་བདག་ཉིད་ཅན་དུ་འཁོར་བའོ། །དེ་ལྟར་བསྒོམ་ཞིང་དཀྱིལ་འཁོར་ལ་སོགས་པ་བསྐྱེད་ཅེས་བྱ་བའི་དོན་ཏོ། །དཀྱིལ་འཁོར་ལ་སོགས་པ་སྟེ་དེ་དག་ལ་དབང་ཐོབ་པའི་སློབ་དཔོན་གང་ཡིན་པ་དེ་བསྟན་པའི་ཕྱིར་སློབ་དཔོན་སེམས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟར་ན་ཕྱི་རོལ་ན་རྒྱུད་དུ་ཇི་སྙེད་ཡོད་པ་དེ་ཐམས་ཅད་རང་གི་ལུས་ལ་རྟོགས་པར་བྱ་ཞེས་བྱའོ། །དེ་ལྟར་དཀྱིལ་འཁོར་ལ་སོགས་པ་བསྟན་ཀྱང་ད་དུང་བདག་ལ་ཐེ་ཚོམ་མཆིས་ཏེ། ནང་གི་སྐུ་གསུམ་སྟེ་སྤྱིར་འབྲས་བུ་སྐུ་གསུམ་འགྲུབ་པར་བྱེད་པ་ལ་ལམ་གསུམ་བསྒོམ་དགོས་ལ། དེས་ན་བསྐྱེད་རིམ་པས་ཏིང་ངེ་འཛིན་གསུམ་ལ་སོགས་པ་བསྒོམ་པ་ལ་སྐུ་གསུམ་ལ་སོགས་པར་བྱས་ཏེ་བསྒོམས་ན། འདིར་རང་གི་ལུས་ལ་ཇི་ལྟར་གནས་པ་དེ་བཤད་དུ་གསོལ། ཞེས་ཞུ་བའི་དོན་ཏོ། །དེའི་ལན་ནི་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་སྟེ། འདི་ལ་གཉིས་ཏེ། ཙཎྜཱ་ལཱི་ལ་བརྟེན་པའི་སྐུ་གསུམ་དང༌། དབང་གི་སྐུ་གསུམ་གཞག་པའོ། །ཡང་ན་གསུམ་སྟེ། འཁོར་ལོ་བཞི་ལ་སྐུ་གསུམ་གཞག་པ་དང༌། དེ་ལ་རྩ་རོལ་པ་ལ་སྐུ་གསུམ་གཞག་པ་དང༌། ཞུ་བདེ་ལ་བརྟེན་པའི་སྐུ་གསུམ་གཞག་པའོ། །དང་པོ་ལ་བཞི་སྟེ། གནས་གང་ན་གནས་པའི་འཁོར་ལོའི་དབྱིབས་བསྟན་པ་ནི་སྤྱི་བོ་ལྟེ་བར་ས་བོན་ཞེས་ཤླཽ་ཀ་གཅིག་གོ །གཉིས་པ་འཁོར་ལོ་སོ་སོའི་རྩའི་གྲངས་བསྟན་པ་ནི་ནང་གནས་ཞེས་བྱ་བ་ལ་སོགས་པ་ཤླཽ་ཀ་གཉིས་སོ། །གསུམ་པ་དེ་ལྟ་བུའི་འཁོར་ལོ་ཉིད་སྐུ་གསུམ་གྱི་བདག་ཉིད་དུ་བསྟན་པ་ནི། འདབ་མ་དྲུག་ཅུ་རྩ་བཞི་ཉིད། །ཅེས་བྱ་བ་ཤླཽ་ཀ་གཉིས་ཏེ། བདེ་ཆེན་ནི་སྐུ་གསུམ་ཀ་བསྡུས་པའི་ཞེས་དགོངས་སོ། །བཞི་པ་དེ་ལྟ་བུའི་འཁོར་ལོ་བཞིའི་མིང་དང༌། དེ་ལས་ཡི་གེ་དགོད་པ་ནི་སྤྲུལ་པའི་འཁོར་ལོ་ཉིད་སྐུ་གསུམ་གྱི་ཞེས་བྱ་བ་ཤླཽ་ཀ་ཕྱེད་དང་བཞི་སྟེ། དབྱངས་ལྔ་ནི། བྷྲཱུྃ་ཨཱྃ་ཛྲཱི་ཁཾ་ཧཱུྃ་ལའང་བསྡུར་རུང་མོད་ཀྱི་ཨ་ཨི་ཨེ་ཨོ་དབུས་སུ་ཨུ་དང་ཧཱུྃ་དབྱེར་མེད་པའོ། །ལོངས་སྤྱོད་ཀྱི་འཁོར་ལོའི་ཆ་བཞི་ནི་རིང་པོའི་ཨཱ་ཨཱི་ཨཱུ་ཨཻ་སྟེ་དབུས་སུ་ཨྃ་བསམ་པའོ། །ལྷག་མ་གོ་སླའོ། །འདི་དག་ལ་བརྟེན་ཏེ་ཙཎྜཱ་ལཱིའི་རྣལ་འབྱོར་ཉི་ཤུ་རྩ་གཅིག་པ་བླ་མས་འཆད་པར་འགྱུར་རོ། །གཉིས་པ་རྩ་ལ་སྐུ་གསུམ་གཞག་པ་ནི། གཡོན་དང་གཡས་ཞེས་བྱ་བ་ལ་སོགས་པ་སྟེ། འདིར་གཡོན་པའི་རྩ་ལོངས་སྤྱོད་རྫོགས་པའི་སྐུ་ཅན་མ་ཞེས་གཞུང་ནས་འབྱུང་བས་འདིའི་ཤུགས་ལས་གཡས་པ་ནི་སྤྲུལ་པའི་སྐུ་ཡིན་ཞིང་དབུ་མ་ནི་ཆོས་ཀྱི་སྐུ་ཞེས་བྱ་བར་ཤེས་པར་ནུས་སོ། །དེ་ལ་མགྲིན་པ་ནས་བརྩམས་ཞེས་བྱ་བ་ནི་སྤྱི་བོ་ནས་མགྲིན་པའི་བར་རྩ་གསུམ་ཀ་ཐ་མི་དད་པ་ལྟ་བུར་གནས་པ་ལས། འདི་ནས་གསུམ་དུ་གྱེས་པས་བརྩམས་ཞེས་བྱའོ། །ཞེས་གོང་མ་རྣམས་ཀྱི་གསུང་ངོ༌། །ལྟེ་བའི་ནང་དུ་ངལ་བསོ་བ་ནི་སྣ་ཚོགས་མདུད་པར་འཁྱིལ་པའོ། །དེ་ནས་ཀྱང་ཐུར་དུ་རྩ་བཞིར་གྱེས་པས་ངལ་བསོ་བའོ། །ལས་ནི་ཐིག་ལེ་འབབ་པའོ། །གལ་ཏེ་ཧེ་བཛྲ་ལས། རྐྱང་མ་མི་བསྐྱོད་འབབ་ཅེས་གསུངས་པ་དང་མི་འགལ་ལམ་ཞེ་ན། མི་འགལ་ཏེ། གཡས་གཡོན་གཉིས་ཀ་ལ་རྩ་གཉིས་གཉིས་ཡོད་པ་ལས། མགྲིན་པ་ནས་ལྟེ་བའི་བར་དུ་གཤིབས་ནས་ཡོད་ལ། ལྟེ་བ་ནས་བཞིར་གྱེས་ཏེ། གཡོན་གྱི་ཆ་ལས་ནི་ཐིག་ལེ་འབབ་ལ། མདུན་གྱིས་ནི་དྲི་ཆུ་འབབ་པའོ། །གཡས་ཀྱིས་ནི་རཀྟ་འབབ་ལ། རྒྱབ་ཀྱིས་ནི་དྲི་ཆེན་འབབ་པའོ། །དེས་ན་འགལ་བ་ཅི་ཡོད། དེའི་ཕྱིར་ལྟེ་བ་ནས་སྟེང་སྟེ། དེ་མན་ཆད་བཞིར་གནས་པ་ལས། དེ་ནས་གཉིས་སུ་ཡོད་པ་དེ་ནས་བརྩམས་ཏེ་ཞེས་བྱའོ། །མགྲིན་པར་ངལ་བསོ་བ་ནི་སུམ་སྐོར་དུ་གྱུར་པའོ། །དཔའ་བོ་དང་ནི་མཁའ་འགྲོ་མ། །འགྲོ་བ་དང་ནི་འོངས་པ་ཞེས་པས་དེའི་ནུས་པས་རླུང་རབ་ཏུ་རྒྱུ་བའང་བསྟན་ཏོ། །གཡོན་དང་གཡས་ཞེས་པ་མན་ཆད་ཀྱིས་ནི་རྩ་ལ་ཡི་གེ་དགོད་པ་སྟོན་ཏེ། རྩ་གཉིས་ཀྱི་ནང་ན་དབྱངས་བཅུ་གཉིས་ཏེ། དེའི་སྟེང་དུ་མ་ནིང་བཞི་བསྣན་པས་བཅུ་དྲུག་ཁ་གྱེན་ལ་བལྟས་ལ། དེའི་བར་ལ་ཀཱ་ལི་གཉིས་གཉིས་མགོ་གྱེན་ལ་ལྟ་བས་ན། ཀ་ལ་སོགས་པས་བསྐོར་ཏེ་མ་མ་གཏོགས་ཏེ་མ་ནི་དེ་རྣམས་ལ་ཐིག་ལེར་བྱས་ཏེ་གནས་སོ་ཞེས་གསུང་ངོ༌། །ཀྵ་ནི་སྲིན་པོ་སྟེ་སྤྲུལ་པའི་ག་ན་གནས་ཏེ། དེ་ལྟར་ན་རྩའི་ནང་ན་ཀཱ་ལི་སུམ་ཅུ་རྩ་གཉིས་སུ་གནས་སོ། །གཞན་ནི་གོ་སླ་བ་ཉིད་དོ། །ཞུ་བདེ་ལ་བརྟེན་པའི་སྐུ་གསུམ་བསྟན་པའི་ཕྱིར་གང་ཚེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལ་བླ་མ་རྣམས་རྒྱུ་དང་ལམ་གཉིས་ལ་བརྟེན་པའི་སྐུ་གསུམ་སྟེ། གང་ཟག་གཅིག་གི་རྒྱུད་ལ་སྐུ་གསུམ་ལྡན་པར་ཞེས་བྱ་བར་བཞེད་དེ། ཐོག་མར་གང་ཚེ་ཞེས་བྱ་བ་རྒྱུ་དང་དབང་ལ་སྦྱར་ཏེ་བཤད་པ། མགྲིན་པ་ནི་རྡོ་རྗེ་ནོར་བུའི་གནས་སུའོ། །ཆགས་ཆེན་གྱི་གཟུགས་ཀྱིས་ཟླ་བ་གནས་པ་ཞུ་བདེ་ཐ་མི་དད་གནས་པའོ། །དེ་ནི། སངས་རྒྱས་རྣམས་ཀྱིས་དམ་པའི་སྐུ། །དེ་ཚེ་ལོངས་སྤྱོད་རྫོགས་པར་བཤད་དེ་བདེ་བ་ལ་ལོངས་སྤྱོད་པའི་ཕྱིར་རོ། །ཞེས་དགོངས་སོ། །གང་ཚེ་རྡོ་རྗེ་རྩེར་གནས་ཏེ། །ཐབས་ཀྱི་རྡོ་རྗེའི་རྩེ་མོའི་ཕྱིར་ཞུ་བདེ་ཐ་མི་དད་པ་གནས་པའོ། །དེའི་ཚེ་ཤེས་རབ་ཀྱི་རྩ་སྣ་རྩེར་ཡང་གནས་སོ། །གང་ཚེ་སྟེ་སྔར་གྱི་བདེ་བ་ལ་ལོངས་སྤྱོད་པས་ལོངས་སྤྱོད་རྫོགས་པ་སྟེ། རྒྱུ་དང་དབང་གཉིས་ཀ་ལ་སྦྱར་བའི་ཐུན་མོང་གི་བཤད་པའོ། །འདི་མན་ཆད་རྒྱུ་ལ་སྦྱར་ན། ནུབ་པར་འགྱུར་བའི་ཚེ་སྟེ་བྷ་གའི་ནང་དུ་ཐིག་ལེ་ལྷུང་བ་ན་བདེ་བ་བྲལ་བའོ། །དེའི་ཚེ་ཉི་མའི་གཟུགས་ཏེ་རཀྟ་དང་འདྲེས་པ་ནའོ། །དེས་བུ་ཚའི་ལུས་སྤྲུལ་པའི་ཕྱིར་སྤྲུལ་པའི་སྐུ་ཞེས་བྱ་སྟེ། བུ་ཚའི་ཕུང་པོ་དང་དབང་པོ་ལ་སོགས་པ་སྤྲོ་བ་བསྐྱེད་པའི་ཕྱིར་རོ། །པདྨ་གར་དབང་ནི་ཐིག་ལེའོ། །དེས་པདྨ་འབྱེད་པ་ནི་མངལ་ཁ་འབྱེད་པའོ། །དེ་ནི་ཉི་མ་ནུབ་པ་ནི་ཐིག་ལེ་ལྷུང་བའོ། །དེ་ནི་སྤྲུལ་པའི་སྐུ་ཞེས་བརྗོད་དོ། །ཆོས་ཀྱི་སྐུ་བསྟན་པའི་ཕྱིར་གང་ཚེ་ཞེས་སྨོས་ཏེ། རྫོགས་པའི་བྱང་ཆུབ་སེམས་གོང་བུར་གྱུར་པ་སྟེ། བར་དོའི་རྣམ་པར་ཤེས་པ་དང་ཐིག་ལེ་འདྲེས་པ་དེའི་ཚེའོ། །རྙོག་པ་མེད་པ་ནི་དེའི་རྣམ་པར་ཤེས་པ་ཟླ་བ་ལྔའི་བར་དུ་བརྒྱལ་ཏེ། རྟོག་པ་མེད་པ་ཉིད་ཆོས་ཀྱི་སྐུའོ། །དེའི་མཚན་ཉིད་ནི་འཁོར་བའི་ལམ་བཅས་ཅེས་བྱ་བ་ལ་སོགས་པ་རྐང་པ་ལྔའོ། །དེ་ལྟ་བུའི་རྒྱུ་ལྷུན་གྲུབ་ཀྱི་ཡེ་ཤེས་ཉིད་ནི་རྒྱུད་དེ་རིམ་གྱིས་སྐྱེ་བ་བརྒྱུད་པའི་ཕྱིར་རོ། །དེ་ཉིད་སྲིན་བུའི་གཟུགས་ཏེ། སྲིན་བུས་ཤིང་ཟོས་ཤིང་རང་ཉིད་འཕེལ་བར་བྱེད་པ་བཞིན། དགོད་པ་ལ་སོགས་པ་དང་འདོད་ཆགས་ལ་སོགས་པས་བསྟན་པའི་དགའ་བ་གསུམ་གྱི་རྟོག་པ་ཟོས་ཏེ་ཆོས་ཉིད་ཀྱི་ངོ་བོ་གསལ་ཞེས་བྱ་བ་སྟེ་རྒྱུ་ལྷུན་གྲུབ་ལ་སྦྱར་བའོ། །དེ་ལམ་དག་ཏུ་སྦྱར་ན་སྣ་རྩེར་རོ་ཞེས་བྱ་བ་ཡན་ཆད་འདྲ་ལ། ལོངས་སྐུ་ནུབ་པར་གྱུར་པ་ནི་མཆོག་དགའ་དགའ་བྲལ་དུ་ནི་འཕོས་པའོ། །བྷ་གའི་ནང་དུ་སོན་པ་ནི་རྡོ་རྗེ་བྷ་གའི་ནང་ན་གནས་པས་དེའི་རྩེ་ན་ཐིག་ལེ་མ་ལྷུང་བར་གནས་པའོ། །ཉི་མའི་གཟུགས་སུ་གནས་པ་ནི་རཀྟའི་འོད་ཀྱིས་དམར་པོ་སྟེ་འདྲེས་པ་ནི་མ་ཡིན་ནོ། །པདྨ་འབྱེད་པའི་སྦྱོར་བ་ནི་རྩ་བཙལ་བའི་སྦྱོར་བས་གསང་བའི་རྩ་སྟོན་པའོ། །སྤྲུལ་པའི་སྐུའི་གཟུགས་ཀྱི་ཉི་མ་ནུབ་པ་ནི་དགའ་བྲལ་ལྷན་སྐྱེས་སུ་གྱུར་པའོ། །དེ་མན་ཆད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ་ལ་གཞུང་ཡི་གེ་ཇི་ལྟ་བ་བཞིན་སྦྱར་བས་རྟོགས་པར་ནུས་པ་ཡིན་ནོ། །བཤད་པ་གསུམ་པ་ཙཎྜཱ་ལཱི་ལམ་དུ་བྱས་པ་ལ་སྐུ་གསུམ་སྦྱར་ན། འདི་ལྟར་ཡེ་ཤེས་ཀྱི་རིམ་པ་དེ་བཞིན་གཤེགས་པའི་རྒྱུད་ཀྱི་བདུད་རྩི་སྤྱི་བོར་ཕབ་སྟེ། དེ་ལས་གང་ཚེ་མགྲིན་པར་ཟླ་བ་གནས་པ་དེའི་ཚེ་བདེ་བ་ལ་ལོངས་སྤྱོད་པས་ལོངས་སྤྱོད་རྫོགས་པའི་སྐུའོ། །དེ་ནས་གང་ཚེ་རྡོ་རྗེ་རྩེ་སྟེ་སྙིང་གར་གནས་པ་ནའང་དེ་ཉིད་ཀྱང་ལོངས་སྐུར་ཤེས་པར་བྱའོ། །དེ་ནས་གང་ཚེ་ལོངས་སྤྱོད་རྫོགས་པ་ནུབ་སྟེ་བྷ་ག་ཞེས་ལྟེ་བའི་སྣ་ཚོགས་མདུད་པར་སླེབ་པ་དེའི་ཚེ་ལུས་ཐམས་ཅད་ལ་ཁྱབ་ཅིང་སྤྲུལ་པས་སྤྲུལ་པའི་སྐུའོ། །དེ་ནས་སྤྲོ་བ་དེས་བསྐྱེད་དེ་ལུས་ཐམས་ཅད་ལ་ཁྱབ་སྟེ་སྤྲུལ་པ་དེའང་འགགས་པས་ན་སེམས་རྟོག་པ་མེད་པར་ཆོས་ཀྱི་སྐུ་ཞེས་བྱའོ། །དེ་ལྟར་ན་རྒྱུད་དེ་ལྷན་སྐྱེས་ཀྱི་ཡེ་ཤེས་དེ་སྲིན་བུ་དང་འདྲ་བར་ལུས་ཀྱི་རྩ་གནས་ཐམས་ཅད་དང་དགའ་བ་གསུམ་པོ་ཟོས་ནས་རང་གི་ལྷན་སྐྱེས་ཀྱི་ལུས་རྒྱས་པར་གནས་པ་ཉིད་ཅེས་བྱའོ། །ཞེས་གསུང་ངོ༌། །འདིའང་ལུས་གཏན་ལ་དབབ་པའི་སྐབས་ཡིན་གྱི་ལམ་མ་ཡིན་ཡང་ལམ་དུ་བྱས་པ་ན་འདི་ལྟར་འགྱུར་ཞེས་བྱ་བ་ལ་འགལ་བ་མེད་དོ། །དྲུག་པ་ལས་རབ་ཏུ་བྱེད་པ་གསུམ་པའི་བཤད་པའོ།། །།སྡོམ་པའི་རབ་ཏུ་དབྱེ་བ་སྟོན་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། འདིས་ནི་ཧེ་བཛྲའི་ཕྱི་མའི་ལེའུ་གཉིས་པ་དང་བཞི་པ་གཉིས་ཕྱོགས་གཅིག་ཏུ་བསྡེབས་ཏེ་གསལ་བར་བྱེད་པས་བཤད་པའི་རྒྱུད་དོ། །འདི་ནི་དེ་བཞིན་གཤེགས་པའི་རྒྱུད་ལ་འགྲོ་འོང་བྱེད་པ་ནི། མཁའ་འགྲོ་ལེའུ་བཅོ་ལྔ་པ་ལས་གསུངས་པ་དང་ཆ་མཐུན་ནོ། །འདི་ལ་གཉིས་ཏེ། ཞུས་པ་དང༌། དེའི་ལན་གདབ་པའོ། །དང་པོ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། འཁོར་ལོ་བསྒོམ་པའི་ལམ་ནི་རྟེན་གྱི་དཀྱིལ་འཁོར་རོ། །ལྷ་རྣམས་རྐང་པ་གཉིས་ནི་བརྟེན་པ་ལྷའོ། །དགོངས་པའི་སྐད་ནི་བརྡའོ། །དེ་དག་བཅོམ་ལྡན་འདས་ཀྱིས་སྔར་གསུངས་པ་ནི་ཕྱི་རོལ་དུ་ལམ་སྣ་ཚོགས་གསུངས་པ་ཡིན་ལ། དེ་རྣམས་ཀྱང་ནང་དུ་ལུས་སུ་ཐམས་ཅད་བསྡུ་བའང་གསུངས་ན་ཞེས་བྱའོ། །སྡོམ་པ་ཞེས་བྱ་བ་གོང་དུ་བྱང་ཆུབ་སེམས་དཔའི་སྡོམ་པའང་གསུམ་པ་དངོས་སུ་གསུངས། བསྐྱེད་པའི་རིམ་པའི་སྡོམ་པའང་གསུངས་ན། འདིར་རྫོགས་པའི་རིམ་པའི་སྡོམ་པ་སྟེ་ཞུ་ཞེས་བྱ་བའོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་དེའི་ལན་སྟོན་ཏོ། །འདི་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི་རྣལ་འབྱོར་མ་ལུས་ཞེས་བྱ་བ་ལ་སོགས་པ་ཤླཽ་ཀ་གཅིག་གོ །དེའང་འདིར་སྤྱིར་སྡོམ་པ་ཞེས་བྱ་བ་ནི། ཉན་ཐོས་སམ་བྱང་ཆུབ་སེམས་དཔའ་འམ། བསྐྱེད་པའི་རིམ་པ་གང་ལ་སྡོམ་པའི་གནས་གང་དུ་སྡོམ་པ་དང༌། རང་གི་ངོ་བོ་གང་སྡོམ་པ་དང༌། ཐབས་གང་གིས་སྡོམ་པ་དང༌། སྡོམ་པ་དང་ལྡན་པའི་གང་ཟག་ཅེས་བྱ་བ་བཞི་དགོས་ཏེ། དཔེར་ན་ཉན་ཐོས་ལ་གནས་ནི་ནཱ་ལེནྡཱ་ལ་སོགས་པ་དང་སྡེ་བ་ཐམས་ཅད་ཡོད་པར་སྨྲ་བ་ལ་སོགས་པའི་གཞི་ལ་གནས་པ་དང༌། རང་གི་ངོ་བོ་ལ་མི་མཐུན་པའི་ཕྱོགས་སྡོམ་པ་དང༌། མང་པོ་གཅིག་ཏུ་སྡོམ་པ་དང༌། རང་གི་ངོ་བོ་བདེ་བས་སྡོམ་པ་སྟེ། དེ་ལ་དང་པོ་ནི་ལུས་ངག་གི་མི་དགེ་བ་སྤོང་བ་བདུན་སྡོམ་ལ། མང་པོ་གཅིག་ཏུ་སྡོམ་པ་ནི་བསླབ་པ་བསམ་གྱིས་མི་ཁྱབ་པ་ཐམས་ཅད་ཉིས་བརྒྱ་ལྔ་བཅུ་ལ་སོགས་པར་སྡོམ་པའོ། །རང་གི་ངོ་བོ་མཐུན་པ་རྣམས་ཀྱི་དཀའ་ཐུབ་བདེ་བའི་ཕྱིར་སྡོམ་པའོ། །ཐབས་གང་གིས་སྡོམ་ན་གསོལ་བ་དང་བཞི་ལ་སོགས་པས་སྡོམ་པའོ། །སྡོམ་པ་དང་ལྡན་པའི་གང་ཟག་ནི་དགེ་སློང་ལ་སོགས་པའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་དང་བསྐྱེད་པའི་རིམ་པ་ལའང་ཤེས་པར་བྱའོ། །དེ་འདིར་རྫོགས་པའི་རིམ་པ་ལ་སྦྱར་ན། གནས་ནི་ལུས་དང་རྩའི་འཁོར་ལོའོ། །རང་གི་ངོ་བོ་ལ་གསུམ་ལས། མི་མཐུན་པའི་ཕྱོགས་སྡོམ་པའི་དབང་དུ་བྱས་ན། མཚན་མ་དང་རྣམ་པར་རྟོག་པ་ཐམས་ཅད་སྡོམ་པའོ། །མང་པོ་གཅིག་ཏུ་སྡོམ་པའི་དབང་དུ་བྱས་ན་ཆོས་མཐུན་གྱི་སྒོ་ནས་འཁོར་འདས་ཀྱི་ཆོས་ཐམས་ཅད་འདིར་ལུས་ལ་བསྡུ་བའོ། །ཡང་རང་བྱུང་གི་ཡེ་ཤེས་བདེ་བས་སྡོམ་པའོ། །ཐབས་གང་གི་སྡོམ་ན། སྦར་འཛག་གི་ཐབས་ཏེ་ཤུགས་ལས་འོག་ནས་ཤེས་སོ། །སྡོམ་པ་དང་ལྡན་པའི་གང་ཟག་ནི་སེམས་ཅན་ཐམས་ཅད་དགེ་སློང་ངམ་སངས་རྒྱས་ཡིན་པའོ། །དེས་ན་ཕྱི་རོལ་ན་ཇི་ལྟར་གནས་པ་ནང་དུ་དབྱེ་ཞེས་བྱ་བའི་དོན་ཏོ། །རྒྱས་པར་བཤད་པ་ལ་ལྔ་སྟེ། མང་པོ་གཅིག་ཏུ་སྡོམ་པའི་དབང་དུ་བྱས་ནས་རྩ་གཉིས་ལ་ནང་གི་སྙོམས་འཇུག་ཏུ་གཞག་པ་དང༌། འཁོར་ལོ་བཞི་ལ་སྐུ་གསུམ་དུ་གཞག་པ་དང༌། འབྲས་བུ་བཞིར་གཞག་པ་དང༌། གང་དུ་སྡོམ་པའི་དབང་དུ་བྱས་ནས་འཁོར་ལོ་བཞི་ལ་སྡེ་པ་བཞིར་གཞག་པ་དང༌། སྡོམ་པ་དང་ལྡན་པའི་གང་ཟག་གི་དབང་དུ་བྱས་ནས་སེམས་ཅན་ཐམས་ཅད་དགེ་སློང་ངམ་སངས་རྒྱས་སུ་བཞག་པའོ། །འདི་དག་བཤད་པ་ལ་དགོས་པ་ཅི་ཡོད་ཅེ་ན། ཕྱི་རོལ་གྱི་སྤྲོས་པ་ཐམས་ཅད་རང་གི་ལུས་ལ་གཅོད་པས་རང་བྱིན་གྱིས་རློབ་ཅེས་བྱ་བ་ཡིན་ཏེ་སྔར་བསྟན་ཟིན་ཏོ། །དེ་ལ་དང་པོ་ནི་བོལླའི་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་བསླབ་པར་བྱ་བའི་ཐབས་མང་པོ་འདིར་འདུས་ན་ཐབས་དང་ཤེས་རབ་ཀྱི་སྙོམས་པར་འཇུག་པ་དེ་འདིར་ཇི་ལྟར་འདུས་སྙམ་པ་ལ་བོལླ་ནི་རྩ་ཨ་ཝ་དྷཱུ་ཏཱིའོ། །དེའི་བདེ་བ་ནི་དེར་སྐྱེས་པའི་བདེ་བ་སྟེ། དེ་ནི་ཕྱག་རྒྱ་ཆེན་པོའོ། །རྡོ་རྗེ་སྐྱེ་མཆེད་ནི་གཉིས་མེད་ཀྱི་ཡེ་ཤེས་ཏེ་ཐབས་སོ། །དེ་བས་ན་བདེ་སྟོང་ཟུང་དུ་ཆུད་པ་ནི་སྙོམས་པར་འཇུག་པ་ཡིན་གྱི། ཕྱི་རོལ་གྱི་གཉིས་གཉིས་ལ་མི་ལྟོས་སོ། །ཡང་ན་རྩ་དང་དེའི་བདེ་བ་སྙོམས་པར་འཇུག་པའོ། །གཉིས་པ་ནི་ཡང་གལ་ཏེ་འདི་སྙམ་དུ་སྐུ་གསུམ་གྱི་འབྲས་བུ་ཐོབ་པ་ལ་སྐུ་གསུམ་ཉིད་ལམ་དུ་བྱེད་པ་དགོས་ཏེ། བསྐྱེད་པའི་རིམ་པ་ལས། ཏིང་ངེ་འཛིན་གསུམ་བསྒོམ་པ་ལ་སོགས་པ་ལྟ་བུའོ། །དེ་འདི་ཇི་ལྟར་སྐུ་གསུམ་ཚང་བ་ཡིན་སྙམ་དུ་རྟོག་པ་ལས། སྐུ་གསུམ་ལུས་ཀྱི་ནང་དུ་ནི། །ཞེས་པ་ཤླཽ་ཀ་གཅིག་གིས་མདོར་བསྟན། ཆོས་དང་ཞེས་ཤླཽ་ཀ་གཅིག་གི་རྒྱས་པར་བཤད། མ་ལུས་པའི་ཞེས་བྱ་བ་ལ་སོགས་པ་ཤླཽ་ཀ་གསུམ་གྱིས་ངེས་ཚིག་དང་བཅས་ཏེ། རབ་ཏུ་རྒྱས་པར་བཤད་དོ། །གསུམ་པ་ནི་ཡང་འདི་སྙམ་དུ་རྒྱུ་དང་འབྲས་བུའི་དབྱེ་བ་ནི་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་དགོས་ན་དེ་འདིར་ཇི་ལྟར་ཚང་སྙམ་པ་ལ། ཨེ་ཝྃ་རྣམ་པ་ཞེས་བྱ་བ་ལ་སོགས་པ་ཤླཽ་ཀ་གཉིས་གསུངས་ཏེ། རྒྱུ་མཐུན་ནི་རྒྱུ་དང་འདྲ་བ་ཡིན་ལ་རྣམ་པར་སྨིན་པ་ནི་རྒྱུ་བས་མི་འདྲ་ཞིང་ཆེ་བ་ཡིན་ལ། སྐྱེས་བུ་བྱེད་པ་ནི་སྐྱེས་བུས་བྱས་པ་མཐར་ཕྱིན་པ་ལས་སྐྱེས་པའོ། །དྲི་མ་མེད་པ་ནི་མི་མཐུན་པ་དང་བྲལ་བའི་འབྲས་བུ་སྟེ། དེ་རྣམས་འཁོར་ལོ་ལ་འདྲ་བར་ཡོད་པ་ཞེས་བྱ་བའི་དོན་ཏོ། །བཞི་པ་ཕྱི་རོལ་དུ་གང་དུ་སྡོམ་པའི་དབང་དུ་བྱས་ན། སྡེ་པ་བཞི་པོ་རྣམས་ཀྱིས་བསླབ་པར་བྱ་བ་དང་གཙུག་ལག་ཁང་དུ་སྡོམ་པ་ཡིན་ན། ནང་དུ་གང་སྡོམ་པར་བྱེད་སྙམ་པ་ལ། དེ་བསྟན་པའི་ཕྱིར་གང་ཕྱིར་སྤྲུལ་པ་གནས་བརྟེན་ཞེས་བྱ་བ་ལ་སོགས་པ་སྟེ་སྡེ་པ་བཞི་རང་གི་ལུས་ལ་གནས་པར་སྟོན་ཏོ། །ཕྱི་རོལ་དུ་སྡེ་པ་བཞིར་འཇོག་པའི་རྒྱུ་མཚན་དེ་རང་གི་ལུས་ལ་ཁྱད་པར་མེད་པར་གནས་སོ་ཞེས་དགོངས་སོ། །དེ་ལྟར་སྡོམ་པ་དང་སྡེ་པ་དེ་ཐམས་ཅད་སྡོམ་པ་དང་ལྡན་པའི་གང་ཟག་ལ་ལྟོས་ཏེ། བསྟན་པའི་རྩ་བ་ནི་དགེ་སློང་ཡིན་ན། དེའང་གཉིས་ཏེ་གསོལ་བ་དང༌། བཞིའི་ལམ་ཀྱི་བསྙེན་པ་རྫོགས་པའི་དགེ་སློང་དང༌། ཉོན་མོངས་སྤངས་པའི་དགེ་སློང་སངས་རྒྱས་ཞེས་བྱ་བ་གཉིས་པོ་འདི་མེད་ན། སྡོམ་པ་དང་སྡེ་པ་ཐམས་ཅད་གཞག་ཏུ་མི་རུང་ན་དེ་ལུས་ལ་ཇི་ལྟར་གནས་སྙམ་པའི་རྟོག་པ་བསལ་བའི་ཕྱིར། སྤྱི་དོན་ལྔ་པ་དང་སྡོམ་པ་དང་ལྡན་པའི་གང་ཟག་བསྟན་པ་ནི། སྡེ་པ་ཞེས་བྱ་སྐུ་རུ་བརྗོད། །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁ་སྤུ་བྲེགས་ཞེས་བྱ་བའི་བར་གྱིས་བསྙེན་པ་རྫོགས་པའི་དགེ་སློང་དང་ཁྱད་པར་མེད་པར་བསྟན་ཏོ། །འདི་རྣམས་ཞེས་བྱ་བ་ལ་སོགས་པས་སྒྲིབ་པ་སྤང་བའི་དགེ་སློང་སངས་རྒྱས་ཀྱི་རང་བཞིན་དུ་བསྟན་ཏོ། །དེའང་འདི་རྣམས་ཞེས་རྐང་པ་གཉིས་ཀྱིས་མདོར་བསྟན་ཏོ། །ཟླ་བ་བཅུ་ཞེས་རྐང་པ་གཉིས་ཀྱིས་ལམ་ས་བཅུ་མཐར་ཕྱིན་པར་སྟོན་ཏོ། །བཙུན་མོའི་བྷ་ག་ཞེས་བྱ་བ་ལ་སོགས་པས་སངས་རྒྱས་ཀྱི་རང་གི་ངོ་བོ་སྟོན་ཏེ། འདི་རྣམས་ནི་ཧེ་བཛྲའི་ཕྱི་མའི་ལེའུ་གཉིས་པར་ལམ་གྱི་དཀྱིལ་འཁོར་འཁོར་ལོ་ལ་ཆོས་མཐུན་དུ་སྦྱར་ལ། འདི་རང་བྱིན་གྱིས་བརླབ་པའི་ཚུལ་གྱིས་གསལ་བར་བྱེད་དོ། །དེ་ལ་སངས་རྒྱས་ནི་གནས་འོག་མིན་གྱི་གནས་བདེ་བ་ཅན་དུ་རང་གི་ངོ་བོ་ཆོས་ཀྱི་སྐུ་དང༌། གཟུགས་ཀྱི་སྐུ་དང༌། ངོ་བོ་ཉིད་ཀྱི་སྐུའི་ངོ་བོས་གྲུབ་དགོས་ན་དེའང་ལུས་ལ་གནས་པར་སྟོན་ཏོ། །དེ་ལ་གནས་ནི་བཙུན་མོའི་བྷ་ག་བདེ་བ་ཅན་དུ་སྟེ། སྟོན་པ་ཐོག་མར་སངས་རྒྱས་པའི་གནས་འོག་མིན་དང་འདྲ་བར། བདག་གི་ལུས་སེམས་སངས་རྒྱས་སུ་ཐོག་མར་འགྲུབ་པའི་གནས་ནི་མའི་མངལ་གྱི་གནས་ཏེ་བྷ་གའོ། །ཐོག་མར་གྲུབ་པའི་སྟོན་པ་རང་གི་ངོ་བོ་གང་ཡིན་ཞེ་ན། ཁུ་བ་ཞེས་བྱ་རྣམ་པར་གནས་ཏེ། དེ་ལ་སངས་རྒྱས་ཞེས་བྱ་བ་ནི་ཆོས་ཀྱི་སྐུ་དང་གཟུགས་ཀྱི་སྐུའི་བདག་ཉིད་དོ། །དེ་ལ་ཆོས་ཀྱི་སྐུའང་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་བདག་ཉིད་དོ། །གཟུགས་ཀྱི་སྐུ་དེའང་བེམ་པོ་མ་ཡིན་ཏེ། ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་དང་ལྡན་པའི་སྐུའོ། །དེ་ཐམས་ཅད་རང་ཉིད་ལ་ལྡན་པར་བསྟན་པའི་ཕྱིར་ཁུ་བ་ཞེས་བྱ་བ་ལ་སོགས་པ་སྟེ། ཁུ་བ་ནི་སེམས་ཀྱི་བདག་ཉིད་ཡིན་པས་ན་ཡེ་ཤེས་དང་མཚུངས་སོ། །དེའི་བདེ་བ་ནི་དབྱིངས་སོ། །དབྱིངས་དང་ཡེ་ཤེས་དབྱེར་མེད་པ་དང་མཚུངས་པ་འདི་ཉིད་ཀྱང་མཚུངས་པར་བསྟན་པ་ནི། ནུས་པ་མེད་ཕྱིར་ལྟོས་དང་བཅས་ཏེ་དེ་ལྟར་ན་ཆོས་ཀྱི་སྐུའོ། །ཆོས་ཀྱི་སྐུ་ཉིད་ཀྱང་གཟུགས་ཀྱི་སྐུ་ལ་བརྟེན་པའམ། ཆོས་ཀྱི་སྐུ་ལས་གཟུགས་ཀྱི་སྐུ་འབྱུང་བར་བསྟན་པའི་ཕྱིར་ལྷའི་རྣལ་འབྱོར་ཏེ་ལྷའི་སྐུ་དང་འདྲ་བས་ལྷ་སྟེ་ལུས་སོ། །དེ་དང་ཞུ་བདེ་གཉིས་སུ་མེད་པས་ན་རྣལ་འབྱོར་རོ། །དེ་བས་ན་ལུས་ཀྱི་གཟུགས་སྐུ་འདིའང་བེམ་པོའི་དངོས་པོ་མ་ཡིན་ཏེ། བདེ་བ་དང་ལྡན་པ་ཡིན་པའི་ཕྱིར་སངས་རྒྱས་ཀྱི་རང་བཞིན་གྱི་སྐུ་བེམས་པོའི་དངོས་པོ་མ་ཡིན་ནོ། །གཟུགས་ཀྱི་སྐུ་ལ་བརྟེན་པའི་ཕྱིར་དེ་ཉིད་དངོས་མེད་ཚུལ་ཡང་མིན་ནོ། །དེ་ཉིད་རྒྱས་པར་བཤད་པ་ནི། ཞལ་ཕྱག་རྣམ་པ་ལ་སོགས་པ་སྟེ་གོ་སླའོ། །འོ་ན་སེམས་ཅན་དུ་སྣང་བ་ཉིད་མི་རིགས་སོ་སྙམ་པ་ལ་གློ་བུར་དུ་སྒྲིབ་པར་བསྟན་པ་ནི། འོན་ཀྱང་བག་ཆགས་ཕལ་པས་སོ། །ཞེས་སོ། །འོ་ན་གློ་བུར་གྱི་དྲི་མ་སེལ་བའི་ཐབས་གཞན་དཔག་ཏུ་མེད་པ་བསྟན་པ་འདིས་ཅི་བྱ་ཞེས་དོགས་པ་ལ། རྣལ་འབྱོར་ཀུན་གྱི་གོང་ན་མེད་དེ་ཐམས་ཅད་རང་གི་ལུས་ལ་ཡང་དག་པར་བསྡུ་བ་འདི་ནི་ལམ་ཐམས་ཅད་ཀྱི་མཆོག་གཙོ་བོ་དང་དམ་པ་ཁྱད་པར་དུ་གྱུར་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཇི་སྙེད་ཡོད་པའི་ཆོས་ཐམས་ཅད་རང་གི་ལུས་སུ་བསྡུས་པ་དེ་ལ་ཐེ་ཚོམ་གྱི་གནས་བསལ་ཞིང་དེ་ཉིད་ལམ་དུ་སྒྲུབ་པ་འཐད་པ་དང་བཅས་པ་བསྟན་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ལ་གསུམ་སྟེ། གང་ཞིག་ཇི་ལྟར་ཐེ་ཚོམ་སྐྱེས་པ་དང༌། ཐེ་ཚོམ་བསལ་བར་གསོལ་བ་གདབ་པ་དང༌། ཐེ་ཚོམ་བསལ་བ་དངོས་སོ། །དང་པོ་ནི་དེ་ནས་རྣལ་འབྱོར་མ་བདག་མེད་མ་ལ་སོགས་པ་ཞེས་བྱ་བ་ནས། མཆོག་ཏུ་ངོ་མཚར་བར་གྱུར་ཅིང་བརྒྱལ་བ་དང་སྐྲག་པར་གྱུར་ཏོ་ཞེས་བྱ་བའི་བར་རོ། །དེ་ལ་གསུམ་སྟེ། གང་གིས་ཐེ་ཚོམ་སྐྱེས་པ་དང༌། གང་ལ་ཐེ་ཚོམ་སྐྱེས་པ་དང༌། ཇི་ལྟར་ཐེ་ཚོམ་སྐྱེས་པའོ། །དང་པོ་ནི་རྣལ་འབྱོར་མ་རྣམས་སོ། །གལ་ཏེ་རྣལ་འབྱོར་མ་རྣམས་ཐེ་ཚོམ་སྐྱེས་ན་རྣལ་འབྱོར་མ་རྣམས་ཐ་མལ་པར་མི་འགྱུར་རམ་ཞེ་ན། མི་འགྱུར་ཏེ་རྣལ་འབྱོར་མ་རྣམས་ལ་ཐེ་ཚོམ་ལྟ་ག་ལ་ཞིག་ཐ་དད་དུ་འཛིན་པ་ཙམ་ཡང་མེད་དོ། །དེས་ན་གདུལ་བྱ་རྣམས་ནི་ཐེ་ཚོམ་གཅད་པའི་ཕྱིར་འདི་ལྟར་སྣང་བ་བསྟན་པའོ། །ཡང་ན་གོང་དུ་བསྟན་པ་རྣམས་ཉམས་སུ་བླངས་པས་བརྒྱལ་བ་ནི་ཞི་གནས་ཡིན་ལ། བསླང་བ་ནི་ལྷག་མཐོང་ཡིན་ནོ་ཞེས་ཀྱང་སློབ་དཔོན་ཁ་ཅིག་གསུང་ངོ༌། །གཉིས་པ་གང་ལ་ཐེ་ཚོམ་སྐྱེས་ན། ཐེ་ཚོམ་སྐྱེས་པའི་ཡུལ་ནི་གོང་དུ་བཤད་པའི་སྐུ་གསུམ་ལ་སོགས་པས་སངས་རྒྱས་ཀྱི་རང་བཞིན་ཐམས་ཅད་རང་གི་ལུས་ལ་ཚང་བར་བཤད་པ་དེ་ལ་ཐེ་ཚོམ་སྐྱེས་སོ། །གསུམ་པ་ཇི་ལྟར་ཐེ་ཚོམ་སྐྱེས་ན། གོང་དུ་བཤད་པ་དེ་རྣམས་ལ་དེ་ལྟར་རང་བཞིན་གྱིས་སངས་རྒྱས་ཡིན་པ་མི་རིགས་ཞེས་ཐེ་ཚོམ་སྐྱེས་སམ། གོང་དུ་བཤད་པ་དེ་རྣམས་ལམ་ཡིན་པར་མི་རིགས་སོ་ཞེས་ཐེ་ཚོམ་སྐྱེས། དང་པོ་ནི་མ་ཡིན་ཏེ། གོང་དུ་བཤད་པ་དེ་རྣམས་རང་བཞིན་མ་ཡིན་ཏེ། ཡིན་ན་མངལ་གྱི་ཕྲུ་མ་ལ་སོགས་པ་ཆོས་གོས་ལ་སོགས་པར་ཇི་ལྟར་འགྱུར། དེས་ན་གོང་དུ་བཤད་པ་རྣམས་རང་བཞིན་དུ་མ་ཡིན་ནོ། །ལམ་ལའང་ཐེ་ཚོམ་ཟ་བར་མི་རིགས་ཏེ། ལམ་ཐབས་བསམ་གྱིས་མི་ཁྱབ་པའི་ཕྱིར་ཏེ། བསྐྱེད་རིམ་ལ་སྐུ་གསུམ་ཡེ་ཤེས་ལྔ་ལ་སོགས་པ་ཚང་བར་བརྩིས་པ་དང་འདྲ་བས་དེ་ལ་ཐེ་ཚོམ་སྐྱེ་བར་ཡང་མི་རིགས་ལ། འོག་ནས་ལན་གྱི་སྐབས་སུ་སེམས་ཅན་རྣམས་ནི་སངས་རྒྱས་ཉིད་ཅེས་རང་བཞིན་ཡིན་པའི་ལན་བསྟན་པ་དང༌། ལམ་ལ་ཐེ་ཚོམ་སྐྱེས་པར་ཡང་མི་རིགས་སྙམ་ན། དེ་ལ་རང་བཞིན་ལ་ཐེ་ཚོམ་སྐྱེས་པ་མ་ཡིན་ཏེ་ལམ་ལ་སྐྱེས་སོ། །དེ་ལ་ལམ་བསམ་གྱིས་མི་ཁྱབ་པ་འདི་ལ་ཐེ་ཚོམ་ཅི་སྐྱེ་སྙམ་ན་ལམ་གཞན་དང་མི་འདྲ་སྟེ། དེ་ལྟར་ལམ་ཐམས་ཅད་རང་གི་ལུས་ལ་ཡོད་ན་སེམས་ཅན་ཐམས་ཅད་འཚང་མི་རྒྱ་བ་དེ་ཅི་རྒྱུ་མེད་པ་མ་ཡིན་ནམ་ཞེས་ཐེ་ཚོམ་སྐྱེས་སོ། །དེས་ན་འོག་ཏུ་ལན་གྱི་སྐབས་སུ་སེམས་ཅན་ཐམས་ཅད་སངས་རྒྱས་ཉིད་ཅེས་རྒྱུ་ཡོད་པར་བཤད་པ་ལ་འགལ་བ་ཅི་ཡོད། གཉིས་པ་ཐེ་ཚོམ་བསལ་བར་གསོལ་བ་གདབ་པ་ནི་དེ་ནས་མི་བསྐྱོད་པ་ཞེས་བྱ་བ་ལ་སོགས་པའོ། །ཐེ་ཚོམ་བསལ་བ་དངོས་ལ་གསུམ་སྟེ། རང་བཞིན་གྱིས་སངས་རྒྱས་ཡིན་ཡང་གློ་བུར་དུ་སེམས་ཅན་དུ་མི་འགལ་བ་དང༌། གློ་བུར་གྱི་དྲི་མ་སེལ་བའི་ཐབས་དང༌། དེ་ཉིད་ཐབས་སུ་འགྱུར་བའི་འཐད་པའོ། །དང་པོ་ནི་དེ་ནས་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་ཞེས་བྱ་བ་ལ་སོགས་པ་སྟེ། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །ཅེས་བྱ་བ་ནི་རྣལ་འབྱོར་མ་རྣམས་ཐེ་ཚོམ་དུ་གྱུར་པ་དེ་ཅི་རྒྱུ་མེད་དམ་ཞེས་དོགས་པ་དེ་མ་ཡིན་ཏེ། རྒྱུ་ཡོད་ཅེས་བྱ་བའི་དོན་ཏོ། །འོ་ན་རྒྱུའང་ཡོད་ཐབས་ཀྱང་རང་ལ་ཡོད་ན་ཅིའི་ཕྱིར་མ་གྲོལ་སྙམ་པ་ལ། འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །ཞེས་སྨོས་ཏེ། གློ་བུར་དྲི་མ་ཞེས་བྱ་བ་ནི་རང་གི་རྣམ་པར་རྟོག་པ་ཉིད་ཀྱིས་དེ་བསྒྲིབས་པས་མ་རྟོགས་ཞེས་བྱ་བའི་དོན་ཏོ། །འོ་ན་རྣམ་རྟོག་དེ་རང་གི་རང་བཞིན་ཡིན་པས་དེ་བསལ་དུ་མི་རུང་ངམ་སྙམ་པ་ལ་གློ་བུར་ཞེས་སྨོས་ཏེ། དེ་རྣམ་རྟོག་གི་རང་བཞིན་མ་ཡིན་ཞེས་བྱ་བའི་དོན་ཏོ། །དེས་ན་གློ་བུར་བ་ཞེས་བྱ་བ་རང་བཞིན་མ་ཡིན་པ་ཙམ་ལ་བྱའི་དངོས་དག་པ་ཞིག་ལ་གློ་བུར་མ་དག་པ་ཞིག་ལ་མི་བྱ་སྟེ། དེ་ལྟར་ན་སངས་རྒྱས་ཀྱང་མ་དག་པར་འགྱུར་བའི་ཕྱིར་རོ། །དེས་ན་གློ་བུར་དྲི་མ། དེ་བསལ་ན་སངས་རྒྱས་ཉིད་ཅེས་བྱ་བའི་དོན་ཏོ། །གཉིས་པ་ནི་རིགས་ཀྱི་བུ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟ་བུའི་དྲི་མ་སེལ་བར་བྱེད་པའི་ཐབས་གང་ཡིན། གྲོལ་བ་ལ་ནི་སྤྲོས་པ་དང་བྲལ་བ་དགོས་ལ། སྤྲོས་བྲལ་ནི་མ་རྟོགས་ན་མི་རྟོགས་སོ་སྙམ་པ་ལ་སྤྲོས་བྲལ་རྟོགས་ན་ཐབས་ཀྱིས་ཅི་བྱ་ཐབས་ནི་སྤྲོས་པ་ཉིད་ལ། དེས་སྤྲོས་པ་ཉིད་སེལ་བར་བྱེད་དོ། །དེས་ན་ཐབས་དེ་ཉིད་དཔེས་བསྟན་པ་ལ་བཞི་སྟེ། རིགས་འདྲ་གཉེན་པོ་དང༌། བཟློག་པ་གཉེན་པོ་དང༌། སྡམས་པ་གཉེན་པོ་དང༌། བསྣན་པ་གཉེན་པོར་ཆེ་བའོ། །དང་པོ་ནི་གང་ཞིག་མི་ཤེས་ཞེས་ཤླཽ་ཀ་གཉིས་སོ། །གཉིས་པ་ནི་ཇི་ལྟར་རླུང་ཞེས་བྱ་བ་རྐང་པ་དྲུག་པོ །གསུམ་པ་ནི་ཇི་ལྟར་རྣ་བར་ཞེས་བྱ་བ་ཤླཽ་ཀ་གཅིག་གོ །བཞི་པ་ནི་ཇི་ལྟར་འཚེད་པ་ཞེས་ཤླཽ་ཀ་སྟེ་ཚིག་གི་དོན་ཕལ་ཆེར་གོ་སླའོ། །འདིར་འདི་སྙམ་དུ་རྟོགས་ཏེ། དེ་ལྟ་བུའི་ཐབས་དེ་གཉེན་པོར་གྱུར་པ་དེ་མི་འགལ་བས་གཉེན་པོར་འགྱུར་རམ་འགལ་བས་གཉེན་པོར་འགྱུར། མི་འགལ་བས་འགྱུར་ན་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱང་གྲོལ་བར་འགྱུར་སྙམ་པ་ལ། མི་འགལ་བས་མི་འགྱུར་ཏེ། སྐྱེ་བོ་མི་བཟད་པ་ཡི་ལས། །གང་དང་གང་གིས་འཆིང་ཞེས་བྱའོ། །འོ་ན་འགལ་བས་གཉེན་པོ་ཡིན་ན་རྟོག་པ་སྤོང་བའི་རྟོག་མེད་ནི་མ་སྐྱེས་ལ། འདོད་ཆགས་ལ་སོགས་པའི་གཉེན་པོ་ནི་ཉན་ཐོས་ཀྱི་ལམ་ཉིད་མཆོག་ཏུ་འགྱུར་རོ་སྙམ་ན་ཐབས་དང་བཅས་ན་ཞེས་སྨོས་ཏེ། ཐབས་ནི་སྤང་བྱའི་རྒྱུ་དང་འགལ་བའམ་རྒྱུའི་རྒྱུ་དང་འགལ་བའོ། །དེའང་སྤང་བྱ་དང་དངོས་སུ་འགལ་བ་ནི་ཡེ་ཤེས་མ་སྐྱེས་པས་བསྟེན་པར་མི་ནུས་ལ། སྤང་བྱ་སྐྱེ་བའི་རྒྱུ་དང་འགལ་བ་བསྟེན་པས་རྒྱུ་ཁེགས་པས་འབྲས་བུ་འགེགས་པ་སྟེ། འདི་ལྟར་སྤང་བྱ་རྟོག་པ་སྐྱེ་བ་དེ་ཡོད་མེད་དུ་འཛིན་པ་ལ་བརྟེན་ཏེ་སྐྱེ་ལ། དེ་ལ་རེ་ཞིག་ཡོད་པའི་གཉེན་པོ་མེད་པར་འཛིན་པ་བསྟེན་པས་ཡོད་པ་བྲལ་བས་མེད་པའང་བྲལ་ལོ། །ཡོད་མེད་མེད་པས་དེ་ལ་བརྟེན་ཏེ་སྐྱེས་པའི་རྟོག་པ་ལྡོག་པ་ཞེས་བྱ་བ་ལྟ་བུའོ། །འོ་ན་ཉན་ཐོས་དང་ལམ་འདྲའམ་སྙམ་ན་མི་འདྲ་བར་སྟོན་པ་ནི་དེ་ཉིད་ཀྱིས་ཏེ་རྒྱུའམ་རྒྱུ་དང་འགལ་བའི་ཐབས་དང་བཅས་ན་དེ་ཉིད་དེ་དངོས་སུའང་སྤང་བྱ་དེ་ཉིད་བསྟེན་པས་གྲོལ་ཏེ། འདི་ལྟར་འདོད་ཆགས་ཀྱིས་འཇིག་རྟེན་བཅིངས་པ་ཡིན་པ་ལ་རྣལ་འབྱོར་པ་འདོད་ཆགས་ཀྱི་རྒྱུ་ཐ་མལ་གྱི་རྟོག་པ་བཟློག་ནས་དངོས་སུ་འདོད་ཆགས་ཀྱི་གྲོལ་བར་འགྱུར་ཏེ། རྡོ་རྗེ་ཆགས་པ་ཡོངས་ཤེས་པས། །ཡིད་ནི་རྡོ་རྗེ་སེམས་དཔར་འགྱུར། །ཞེས་སོ། །དེས་ན་ཐབས་ཀྱི་རྣམ་པ་དེ་ལྟ་བུ་སངས་རྒྱས་མུ་སྟེགས་ཀྱིས་མི་ཤེས་ཏེ། ཉན་ཐོས་ལ་མེད་ཅེས་བྱ་བའི་དོན་ཏོ། །ཐེག་པ་ཆེན་པོ་ནི་ཐམས་ཅད་ཀྱི་ལུགས་ཏེ། མདོ་ལས། འོད་སྲུངས་གྲོང་ཁྱེར་གྱི་ལུད་གང་ཡིན་པ་དེ་བུ་རམ་གྱི་ཞིང་ལ་ཕན་པར་འགྱུར་རོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཉོན་མོངས་པའི་ལུད་གང་ཡིན་པ་དེའང་བླ་ན་མེད་པའི་བྱང་ཆུབ་ཀྱི་ཞིང་ལ་ཕན་པར་འགྱུར་རོ་ཞེས་གསུངས་པ་ལྟ་བུའོ། །གསུམ་པ་དེ་ཉིད་ཐབས་སུ་འགྱུར་བའི་འཐད་པ་ནི་འབྱུང་བ་ལྔའི་ཞེས་སྨོས་ཏེ། སྤྱིར་ཐབས་ཀྱི་ལུགས་དེ་ལྟར་ཡིན་དུ་ཆུགས་ཀྱང་རང་རང་གི་ལུས་རྟོགས་པ་ཙམ་གྱིས་སྤོང་མི་ནུས་ཏེ། སྤང་བྱའི་རྒྱུ་ཐ་མལ་གྱི་རྟོག་པ་ཡིན་ལ་དེ་སྤོང་བའི་གཉེན་པོ་དེ་བཞིན་གཤེགས་པ་དགོས་པ་ལ་དེ་མེད་པ་དང༌། སྤང་བྱ་ཉོན་མོངས་པ་བསམ་གྱིས་མི་ཁྱབ་པ་ཡོད་པས་གཉེན་པོ་རང་གི་ལུས་ཙམ་ལས་མེད་པས་ཉོན་མོངས་པ་མཐའ་དག་སྤོང་བར་མི་འགྱུར་སྙམ་པ་ལ། སྤང་བྱ་ཐ་མལ་པ་སྤོང་བ་ལ་ལུས་ཉིད་དེ་བཞིན་གཤེགས་པའང་ཡིན་ལ། སྤང་བྱ་བསམ་གྱིས་མི་ཁྱབ་པ་ཡོད་ཀྱང་ལུས་ཉིད་ལའང་གཉེན་པོ་བསམ་གྱིས་མི་ཁྱབ་པ་ཡོད་དོ་ཞེས་སྟོན་ཏོ། །འདི་ལ་གསུམ་སྟེ། ལུས་འབྱུང་བ་ལྔའི་ངོ་བོར་བསྟན་པ་དང༌། དེ་རྣམས་དེ་བཞིན་གཤེགས་པ་ཡིན་པས་གཉེན་པོར་རིགས་པར་བསྟན་པ་དང༌། དེ་ལ་རིགས་བསམ་གྱིས་མི་ཁྱབ་པར་དབྱེ་བས་སྤང་བྱ་བསམ་གྱིས་མི་ཁྱབ་པའི་གཉེན་པོར་བསྟན་པའོ། །དང་པོ་ནི་འབྱུང་བ་ལྔའི་ཞེས་བྱ་བ་ཤླཽ་ཀ་གཅིག་གོ །གལ་ཏེ་འདི་རང་བྱིན་གྱིས་བརླབ་པའི་སྐབས་མ་ཡིན་ནམ། ཚིག་འདི་དག་ནི་དཀྱིལ་འཁོར་འཁོར་ལོའི་ཡིན་པས་འདི་སྐབས་སུ་བབ་པས་ཇི་ལྟར་འགྱུར་སྙམ་ན། འགལ་བ་མེད་དེ། སྡེ་པ་ཞེས་བྱ་སྐུ་རུ་བརྗོད། །ཅེས་བྱ་བ་ལ་སོགས་པ་ལྟ་བུ་རང་གི་རྡོ་རྗེའི་ལུས་ཉིད་དེ་བཞིན་གཤེགས་པ་ལྔའི་ངོ་བོ་འབྱུང་བ་ལྔ་ལས་གྲུབ་པ་ཡིན་ལ། འདི་ལྟར་ཤེས་པའི་རྣལ་འབྱོར་པས་ལུས་ཉིད་ལམ་དུ་འགྱུར་ཞེས་བྱ་བའི་དོན་ཏོ། །ཡང་ན་འདིར་གོང་དུ། དུག་གི་དུམ་བུ་གང་ཉིད་ཀྱིས། །ཞེས་བྱ་བ་ལ་སོགས་པའི་གསང་སྔགས་ཀྱི་ལམ་སྤྱིའི་རྣམ་པར་གཞག་པ་ལྟར། འདིར་ཡང་ཞར་ལ་དཀྱིལ་འཁོར་འཁོར་ལོ་ལ་སོགས་པ་ལམ་མཐའ་དག་འདི་ལྟར་ཤེས་ན་ལམ་དུ་འགྱུར་རོ་ཞེས་བསྟན་པ་ལ་འགལ་བ་ཅི་ཡོད། གཉིས་པ་དེ་ལྟ་བུའི་འབྱུང་བ་ལྔ་པོ་དེ་ཉིད་རིགས་ལྔ་ཡིན་ལ། དེས་སྤང་བྱ་ཉོན་མོངས་པ་ལྔ་འཇོམས་པ་ཡིན་ནོ། །ཞེས་སྟོན་པ་ནི། བོལླ་ཀཀྐོ་ལ་སྦྱོར་བས། །ཞེས་བྱ་བ་ལ་སོགས་པ་ཤླཽ་ཀ་ལྔས་བསྟན་ཏོ། །ལྔ་པོ་དེ་ཉིད་ལ་རིགས་བསམ་གྱིས་མི་ཁྱབ་པ་ཡོད་པས་སྤང་བྱ་བསམ་གྱིས་མི་ཁྱབ་པའི་གཉེན་པོ་ཡིན་ཏེ། དཔེར་ན་བསྐྱེད་པའི་རིམ་པ་ལ་རིགས་བརྒྱའི་རབ་ཏུ་དབྱེ་བ་བསྟན་པ་བཞིན་འདིར་ཡང་གནས་སོ་ཞེས་སྟོན་པ་ནི། སེམས་ནི་ཆེན་པོ་གཅིག་ཉིད་ལས། །ཞེས་ཤླཽ་ཀ་བཞིས་བསྟན་ཏོ། །དེ་ལྟ་བུའི་ཐིག་ལེ་གཅིག་ལ་རིགས་དུ་མ་འགལ་བ་མེད་དོ་ཞེས་སྟོན་པ་ནི་ཅི་ཞེས་བྱ་བ་ལ་སོགས་པ་སྟེ། དྲིས་པའི་དོན་ནི་རིགས་བསམ་གྱིས་མི་ཁྱབ་པས་སྤང་བྱ་ཡང་བསམ་གྱིས་མི་ཁ་པའི་གཉེན་པོར་འགྱུར་བ་ལྟ་ལེགས་ན། རང་བྱིན་བརླབ་བམ་དཀྱིལ་འཁོར་འཁོར་ལོ་ལ་བརྟེན་ཏེ་སྐྱེས་པའི་ཞུ་བདེའི་ཐིག་ལེ་གཅིག་ལ་རིགས་དུ་མ་མི་རུང་སྟེ། ཐིག་ལེ་ཤིན་ཏུ་ཆུང་བས་དེ་ལ་རིགས་དུ་མ་མི་རུང་ཞེས་དྲི་བའོ། །དེ་འགལ་བ་མེད་པའི་ལན་ནི། སྐྲའི་ཁྱོན་ཙམ་ཕྲ་བ་ལ། །ཞེས་བྱ་བ་ནི་རྟེན་ཐིག་ལེ་ལའོ། །སངས་རྒྱས་དུ་མ་དོག་མིན་ནི་ཡོན་ཏན་གྱི་ཆོས་ཀྱི་ལྡོག་པ་བསམ་གྱིས་མི་ཁྱབ་པ་དང་ལྡན་པས་གཟིར་མིན་ཏེ་དངོས་པོ་གཙེར་བ་ལྟ་བུ་མ་ཡིན་ནོ། །སྟོབས་བཅུ་མངའ་བའི་ལྷ་ནི་ལྷ་སྟེ་ལུས་ལས་བྱུང་བའོ། །དེ་ལ་སྟོབས་བཅུ་མངའ་སྟེ། ད་ལྟའི་ལུས་ཀྱི་སྟོབས་སུ་འགྱུར་བའམ་སངས་རྒྱས་ཀྱི་སྟོབས་བཅུ་སྐྱེད་པར་མཛད་པའོ། །དེ་བཞེངས་ཤིག་པ་ནི་ཐིག་ལེ་དེ་བསྐྱེད་པར་གྱིས་ཤིག་པའོ། །བཞེངས་ཤིག་གཉིས་པ་ནི་ཐིག་ལེ་ལ་ཡོན་ཏན་གྱི་རིགས་བསམ་གྱིས་མི་ཁྱབ་པ་ཡོད་པ་དེ་རྣལ་འབྱོར་པའི་བློས་དེ་བཞིན་གཤེགས་པ་དུ་མར་རང་གིས་རིག་པར་གྱིས་ཤིག་པའོ། །བདག་གི་ནི་སྡུམ་པར་ཐིག་ལེ་མངོན་དུ་བྱ་བའི་གནས་ཏེ། འཁོར་ལོ་བཞི་དང་རིགས་བདག་གི་ཁ་དོག་ལ་སོགས་པའོ། །སྟོན་མོ་ཞེས་པ་ནི་མངོན་དུ་བྱས་པས་ཡེ་ཤེས་བསྐྱེད་དེ། སྤང་བྱ་རྣམས་གཞོམ་པའི་ཞེས་བྱ་བའི་དོན་ཏོ། །དེ་ལྟར་འབྱུང་བ་དེ་ཉིད་རྫུ་འཕྲུལ་སྟོབས་ཏེ་སངས་རྒྱས་ཀྱི་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པར་སྤྲུལ་པ་ལྟར། ཐབས་དང་ཤེས་རབ་ཀྱི་སྦྱོར་བ་དང་སྦྱོར་བ་ལ་སོགས་པའི་ཐིག་ལེ་བསྐྱེད་ལ། དེ་ལས་རིགས་བསམ་གྱིས་མི་ཁྱབ་པ་བསྐྱེད་པ་དང༌། ལུས་རགས་པ་རྒྱས་པ་ལ་སོགས་པ་བསྐྱེད་དེ། རིགས་བསམ་གྱིས་མི་ཁྱབ་པ་ཤེས་པས་སྤང་བྱ་བསམ་གྱིས་མི་ཁྱབ་པ་སྤོང་ལ་དེས་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་བསྐྱེད་པ་ནི་རྫུ་འཕྲུལ་གྱི་སྟོབས་སོ། །དེ་བས་ན་རིགས་ཀྱི་བུ་ཁྱེད་ལྟར་ཤེས་པར་གྱིས་ཤིག་ཅེས་བྱ་བའི་དོན་ཏོ། །དེ་ལྟར་དེ་ཡན་ཆད་ཀྱིས་རང་བྱུང་གི་ཡེ་ཤེས་མངོན་དུ་བྱས་པའི་རྟེན་བསྟན་ནས་ད་ནི་རང་བྱུང་གི་ཡེ་ཤེས་ཀྱི་མཚན་ཉིད་སྟོན་ཏོ། །འདི་ལ་གཉིས་ཏེ། མཉན་པར་གདམས་པ་དང༌། དོན་དངོས་སོ། །དང་པོ་ནི། ཡང་དག་འབྱུང་བ་ཞེས་རྐང་པ་གསུམ་སྟེ། དེ་ལ་ཡང་དག་པར་སྦྱོར་བ་ལས་འབྱུང་བ་ནི་ཐབས་དང་ཤེས་རབ་སྦྱོར་བ་སྟེ། འཁོར་ལོ་དང་རྩ་ལ་སོགས་པའི་སྦྱོར་བའོ། །དེ་ལས་བྱུང་བའི་མཚན་ཉིད་ནི་རང་བྱུང་གི་ཡེ་ཤེས་ཀྱི་མཚན་ཉིད་དོ། །དེ་བཤད་པར་བྱ་བ་ནི་རྣལ་འབྱོར་མའི་གླེང་གཞིའི་སྒོ་ནས་བཤད་པ་དེ་ཉོན་ཞེས་བྱ་སྟེ། དཔལ་རྡོ་རྗེ་མཁའ་འགྲོའི་བཤད་པ་དང་ཆ་མཐུན་ཞིང་རྣལ་འབྱོར་མའི་རྒྱུད་མཐའ་དག་གི་གླེང་གཞིའི་བཤད་པ་མཛད་པར་དགོངས་པའོ། །དོན་དངོས་ལ་གསུམ་སྟེ། རྒྱས་པར་བཤད་པ་དང༌། དེ་བསྡུས་ཏེ་བསྟན་པ་དང༌། ཤིན་ཏུ་བསྡུས་ཏེ་ཆོས་སྐུའི་ངོ་བོར་བསྟན་པའོ། །དང་པོ་ལ་གསུམ་སྟེ། རྟེན་ཞུ་བ་བྱུང་བ་ལྔར་བསྟན་པ་དང༌། བརྟེན་པ་བདེ་སྟོང་ཡེ་ཤེས་ལྔར་བསྟན་པ་དང༌། དེ་ཉིད་རིགས་ལྔར་བསྟན་པའོ། །དང་པོ་ནི། གསང་བ་ནི་ཞེས་རྐང་པ་དྲུག་སྟེ། དོན་ནི་འདི་ཡིན་ཏེ། སྔར་བསྟན་པའི་ཚུལ་གྱིས་རང་གི་ལུས་རྟེན་གཏན་ལ་ཕབ་ནས་འོག་ནས་འབྱུང་བའི་ཐབས་ཀྱི་ཡེ་ཤེས་བསྐྱེད་པ་ན། གོང་དུ་བསྟན་པའི་རྩ་དང་རླུང་དང་བྱང་ཆུབ་ཀྱི་སེམས་མཐའ་དག་ཨ་ཝ་དྷཱུ་ཏཱིར་མངོན་དུ་བྱས་པའི་དུས་སུ་འབྱུང་བ་ལྔ་མངོན་དུ་གྱུར་པ་ནི་གསང་བ་ལ་སོགས་པ་འདི་རྣམས་ཀྱིས་བསྟན་ཞེས་བྱ་བའི་དོན་ཏོ། །ཡང་ན་གསང་བ་ལ་སོགས་པས་འབྱུང་བ་བཞི་བསྟན་ལ། དེས་འཁོར་ལོ་བཞི་བསྟན་པས་དེའི་རྩ་རླུང་ཐམས་ཅད་དབུ་མར་མངོན་དུ་གྱུར་པ་ནི་སངས་རྒྱས་ཀུན་བདག་ལ་སྡོམ་པ་ཞེས་བྱའོ། །དེ་ལྟར་རྟེན་ཐིག་ལེ་མངོན་དུ་གྱུར་པ་དེའི་ཚེ་བརྟེན་པ་བདེ་སྟོང་གི་ཡེ་ཤེས་ཅི་ལྟ་བུ་སྐྱེ་བ་བསྟན་པའི་ཕྱིར་ཡང་ནི་མེ་ལོང་ཞེས་བྱ་བ་ལ་སོགས་པ་སྟེ། བདེ་སྟོང་གི་ཡེ་ཤེས་གཅིག་ཉིད་དེ་བཞིན་ཉིད་ཀྱི་ཡེ་ཤེས་སྣང་ལ་རང་བཞིན་མེད་པར་སྣང་བས་མེ་ལོང་ལྟ་བུ་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །ཡེ་ཤེས་ལྔ་པོ་དེ་ཉིད་དེ་བཞིན་གཤེགས་པ་རིགས་ལྔའི་སྐུའི་སྣང་བ་འཆར་བར་བསྟན་པ་ནི་དེ་བཞིན་ཞེས་བྱ་བ་ལ་སོགས་པ་སྟེ། དེ་དག་ཀྱང་གསང་བ་ཞེས་བྱ་བ་ལ་སོགས་པའི་ཚིག་ལྔས་བསྟན་ཏེ། ཐམས་ཅད་ཀྱི་བདག་ཉིད་ཅེས་བྱ་བ་ནི། ཤིན་ཏུ་རྣམ་དག་ཡེ་ཤེས་ཆེར། །རྡོ་རྗེ་སེམས་དཔའ་ཞེས་བྱར་བཤད། །ཅེས་བྱ་བ་འདིར་ཡང་སྦྱར་རོ། །ཡེ་ཤེས་ལྔ་དང་རིགས་ལྔར་མ་ཟད། ལྷ་མོ་ཀུན་གྱི་རང་བཞིན་ཅན་ཏེ། འབྱུང་བ་བཞི་མངོན་དུ་གྱུར་པས་ཚད་མེད་པ་བཞི་དང་ལྷ་མོ་བཞིའི་རང་བཞིན་ཡང་འགྲུབ་ཅེས་བྱ་བའི་དོན་ཏོ། །དེ་དག་བསྡུས་ཏེ་བསྟན་པ་ནི། བདུད་རྩི་ལྔ་ཡི་གོང་བུའི་དངོས། །ཐིག་ལེའི་གཟུགས་ཏེ་ཡིད་ལྟ་བུ། །ཞེས་བྱ་བ་ནི་རྟེན་བསྡུས་ཏེ་བསྟན་པའོ། །བདེ་བ་དམ་པ་རུ་ནི་བརྗོད། །ཅེས་བྱ་བ་ནི་བརྟེན་པ་བདེ་སྟོང་བསྡུས་པའོ། །ཤིན་ཏུ་བསྡུས་ཏེ་བསྟན་པ་ནི། །རང་བྱུང་ངོ་བོ་འདི་ཉིད་ནི། །ཞེས་ཏེ་ཞུ་བདེ་གཉི་ག་ཕྱག་རྒྱའི་འབད་རྩོལ་ལ་མ་ལྟོས་པར་བྱུང་བས་སོ། །དེ་ཉིད་ནི་ཆོས་ཀྱི་སྐུ་སྟེ། ཆོས་སྐུ་ཐོབ་པར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་རམ། རྣལ་འབྱོར་པའི་ཉམས་ལ་ཆོས་སྐུ་དང་ཁྱད་པར་མེད་པར་ཉམས་སུ་མྱོང་བས་ན། ཆོས་ཀྱི་སྐུར་ནི་རབ་ཏུ་གྲགས། །ཞེས་བྱའོ། །གསུམ་པ་དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་དེ་བསྐྱེད་པའི་ཐབས་ནི་དེའི་ཞེས་བྱ་བ་ལ་སོགས་པའོ། །འདི་ལ་གཉིས་ཏེ། ཙཎྜཱ་ལཱིའི་སྦར་འཛག་གི་ཐབས་དངོས་བསྟན་པ་དང༌། དེ་ལ་བརྟེན་པའི་ཡེ་ཤེས་སྐྱེ་བའི་ཚུལ་བསྟན་པའོ། །དང་པོ་ལ་གསུམ་སྟེ། ཐོག་མར་དཔྱིད་དང་ཐིག་ལེའི་འབར་འཛག་དང༌། དེ་ནས་བདག་གི་འཁོར་ལོ་གཞན་ལ་འགྲོ་འོང་བྱ་བ་དང༌། དེ་ནས་དེ་བཞིན་གཤེགས་པའི་རྒྱུད་ལ་འགྲོ་འོང་བྱ་བའོ། །དང་པོ་ནི་དེའི་ཞེས་བྱ་བ་དོན་དམ་བྱང་སེམས་རང་བྱུང་གི་ཡེ་ཤེས་དེའིའོ། །ཤེས་རབ་ནི་ལྟེ་བའི་ཨྃ་ངོ༌། །ལྷན་ཅིག་སྐྱེས་པ་ནི་ཨྃ་དེ་གྲུབ་པ་དང་ཞུ་བ་གྲུབ་ལ་དེ་གྲུབ་པ་ན་བདེ་བ་གྲུབ་ཅིང་ཞུ་བ་དང་བདེ་བ་ལྷན་ཅིག་ཏུ་གྲུབ་པས་དེ་གསུམ་ལྷན་ཅིག་སྐྱེས་སོ། །དེ་ལྟར་གྲུབ་བདེ་གཅིག་པ་དེའི་ཕྱིར་ལྷན་སྐྱེས་ཀྱི་རང་བཞིན་ཨྃ་དུ་གནས་པས་གཟུགས་ཅན་མའོ། །ཡང་ན་དེའི་ཞེས་བྱ་བ་ནི་རྣལ་འབྱོར་པ་དེའི་ཤེས་རབ་ནི་བསྟེན་པར་བྱ་བས་ལྟེ་བའོ། །ལྷན་ཅིག་སྐྱེས་ནི་དང་པོ་ནས་སོ། །དེ་རྗེས་ཞེས་པ་ནི་ལྟེ་བ་དེ་ལྟར་གནས་པའི་རྗེས་ལ་གཟུགས་ཅན་མ་ནི་ཨྃ་སྟེ་ལྟེ་བའི་དབུས་ན་གནས་ཞེས་བྱ་བའོ། །དེ་ལྟ་བུའི་ཨྃ་དེ་ལས་ཀྱི་རླུང་གིས་བསྐུལ་ཏེ་ལས་ནི་བཤང་སྒོའི་རླུང་གིས་སོ། །བསྐུལ་བ་ནི་སྦར་བའོ། །བཤང་སྒོའི་རླུང་གིས་ལྟེ་བ་ཇི་ལྟར་སྦར་སྙམ་ན། བཤང་སྒོས་སུམ་མདོ་སྦོར་ལ་དེས་ལྟེ་བ་སྦོར་རོ། །དེའང་འདི་ལྟར་ཤེས་པར་བྱ་སྟེ་སྔར་བསྟན་པའི་ཚུལ་གྱིས་ཐམས་ཅད་ལུས་ལ་གཏན་ལ་ཕབ་པ་ཤེས་པར་བྱས་ལ། བསྐྱེད་པའི་རིམ་པའི་དཀྱིལ་འཁོར་གང་ཡང་རུང་བ་རྫོགས་པར་བསྒོམ་པར་བྱའོ། །དེ་ནས་རང་གི་ལུས་ཀྱི་རྩ་དང་འཁོར་ལོ་ཐམས་ཅད་གསལ་གདབ་པར་བྱ་སྟེ། དང་པོར་ལྟེ་བ། དེ་ནས་སྙིང་ག དེ་ནས་མགྲིན་པ། དེ་ནས་སྤྱི་བོ། དེ་ནས་བཤང་སྒོའི་རླུང་དང་སུམ་མདོའི་མེ་དེ་ནས་རྩ་གསུམ་གསལ་གདབ་བོ། །ད་ལྟར་ཡང་ནས་ཡང་དུ་གསལ་བ་ལག་པའི་རི་མོ་ལྟ་བ་ལྟར་གྱུར་པ་ནི་སྒོམ་པ་མཐར་ཕྱིན་པའོ། །དེ་ནས་ཙཎྜཱ་ལཱི་སྦར་བར་བྱ་སྟེ་སྔ་མ་ལྟར་གསལ་བཏབ་ལ། ལུས་གནད་ལ་ཕབ་ལ་བཤང་སྒོ་འབྱེད་འཛུམས་བྱ་བ་ནི་ལས་ཀྱི་རླུང་གིས་བསྐུལ་བའོ། །དེས་སུམ་མདོའི་མེ་སྦར་བའོ། །དེས་ལྟེ་བའི་དཀྱིལ་འཁོར་དུ་འབར་ཏེ་ཨྃ་ལས་མེ་འབར། ཨྃ་ལས་རླུང་རེག་བྱ་དྲོད་ཀྱི་རང་བཞིན་ཅན་འབར་བའོ། །ཨྃ་དེ་ཉིད་ནང་ལྟར་བཤད་པའི་བདག་མེད་མ་ཞེས་རྣམ་པར་བཤད་དེ་བདག་མེད་མའི་ཏིང་ངེ་འཛིན་སྐྱེ་བའི་རྟེན་བྱེད་པའི་ཕྱིར་རོ། །དེ་འབར་བས་རོ་མ་ནས་སོང་སྟེ་འཁོར་ལོ་ཐམས་ཅད་གསལ་བཏབ་ལ་སྙིང་གའི་ཧཱུྃ་བསྐུལ་བ་ནི་དཔྱིད་བསྐུལ་བ་ཞེས་བྱ་སྟེ། གོང་རབ་ཏུ་བྱེད་པ་གཉིས་པར། ལྟེ་བའི་དཀྱིལ་འཁོར་དུ་ནི་འབར། །དཔྱིད་ཐོབ་པས་ནི་ཆོག་ཤེས་པ། །ཞེས་བཤད་པ་ལྟ་བུའོ། །དེ་ལ་བདེ་ཆེན་གྱི་ཁ་འབུས་པ་ནི། དཔྱིད་ཀྱི་ཐིག་ལེ་ཉིད་དུ་བརྗོད། །ཅེས་བྱའོ། །དེ་ལྟར་དཔྱིད་ཀྱི་ཐིག་ལེ་འབར་བས་སྐྲའི་རྩེ་མོ་བརྒྱ་སྟོང་ལུས་ཏེ་ཙཎྜཱ་ལཱིའི་ཆ་ཕྲ་བའོ། །དེ་ནི་གློག་ལྟར་རབ་ཏུ་འཁྱུག་པ་འཕྲོ་བའོ། །དུས་ནམ་ཞེ་ན་ལྷའི་རྣལ་འབྱོར་ཏེ་ཙཎྜཱ་ལཱིའི་དུས་སུའོ། །བ་སྤུའི་བརྡས་ནི་གཡས་རོ་མ་སྟེ་ལམ་དེ་ནས་འཕྲོ་བའོ། །གནས་གང་དུ་སྤྲོ་ཞེ་ན་འོག་ཏུ་སྦྱར་ལ་ཆོས་ཀྱི་འཁོར་ལོ་ནི། བསྲེགས་ནས་ལོངས་སྤྱོད་འཁོར་ལོར་སོང་སྟེ་འཁོར་ལོ་གོང་མ་རྣམས་ཡི་གེ་དང་བཅས་པ་བསྲེག་པའི་དམིགས་པ་བྱ་བའོ། །དེ་ལྟར་བདག་གི་རྒྱུད་ལ་འགྲོ་འོང་བྱས་ནས་དེ་བཞིན་གཤེགས་པའི་རྒྱུད་ལ་འགྲོ་འོང་བསྟན་པའི་ཕྱིར་ཕྱོགས་བཅུར་རྣམ་པར་ཕྱུང་སྟེ་ཞེས་བདག་གི་སྣ་བུག་གཡས་པ་ནས་ཕྱུང་ནས་སོ། །ཕྱི་རོལ་དུ་ཕྱུང་བ་ལ་དགོས་པ་ཅི་ཡོད་ཅེ་ན། ཀུན་དུ་ཞེས་བྱ་བ་ནི་ཕྱོགས་ཐམས་ཅད་དུའོ། །ལྷ་ནི་འདོད་ཆགས་སོ། །ལྷ་མིན་ནི་ཞེ་སྡང་སྟེ། དེས་མཚོན་ནས་ཉོན་མོངས་པ་ཐམས་ཅད་ཡུལ་གང་ལའང་མི་སྐྱེ་བར་བྱེད་ཅེས་བྱ་བའི་དོན་ཏོ། །ཕྱུང་ནས་ཇི་ལྟར་དམིགས་ཤེ་ན། ཐམས་ཅད་དུ་ནི་ཕྱུང་ནས་ནི། །མཛོད་སྤུར་སོང་བ་སྟེ། བདག་གི་མཛོད་སྤུ་གནད་ཀྱི་སྒོ་ཕྱེ་སྟེ། རྣ་བ་གཡས་པའི་བུ་ག་ནས་ཕྱིར་འཕྲོས་ཏེ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤངས་ཀྱི་བུ་ག་གཡོན་པ་ནས་ཞུགས་སྤྱི་གཙུག་གི་འཁོར་ལོ་ལ་སོགས་པ་བཞི་པོ་ཐམས་ཅད་བསྲེགས་ནས། ཡེ་ཤེས་ཀྱི་བདུད་རྩི་འོ་མ་ལྟ་བུ་དེ་བཞིན་གཤེགས་པའི་བདུད་རྩི་སྔར་གསུངས། ཉིད་ཀྱི་བུ་ག་སྟེ། སྣ་བུག་གཡས་པ་ནས་ཕྱུང་ནས་ཡང་ནི་སྤྱི་གཙུག་སྟེ། བདག་གི་སྤྱི་གཙུག་གསེར་གྱི་སྒོ་ནས་ཞུགས་ཏེ་བདེ་ཆེན་གྱི་འཁོར་ལོ་ཁེངས་པར་བྱས། དེ་རྩ་གཡོན་པའི་ལམ་ནས་ལོངས་སྤྱོད་ཀྱི་འཁོར་ལོ། དེ་ནས་སྙིང་གའི་འཁོར་ལོ་ཁེངས་པར་བྱས། ལྟེ་བའི་ཨྃ་གི་གནས་སུ་ཕྱིན་ཏེ་ཨྃ་ལ་རེག་པས་ཨྃ་དེ་དྲག་ཏུ་འབར་བས་གཏུམ་མོའི་མེ་དེ་རྩ་ཨ་ཝ་དྷཱུ་ཏཱི་ནས་ཞུགས་ཏེ། མེ་དེ་ཧྃ་ལ་རེག་པ་ནི་ཙཎྜཱ་ལཱི་སྟེ་ཤེས་རབ་རྣམ་རྟོག་འཇོམས་པ་ཡིན་ལ། ཧྃ་ལས་བྱང་ཆུབ་ཀྱི་སེམས་འབབ་པ་ནི་ཨཱ་ལི་སྟེ། ཐབས་ཀྱི་རང་བཞིན་ནམ་ངོ་བོ་ཡིན་ནོ། །དེ་ཙམ་ན་སྟེང་རླུང་དང་འོག་རླུང་ཁ་སྦྱར་ཞིང་ཡས་འབར་བ་དང་མས་འཛག་པ་ལ་རྩེ་གཅིག་ཏུ་གཏད་དེ་བསྒོམ་མོ། །དེ་ཙམ་ན་འཕར་བ་དང་འབར་བ་ལ་སོགས་པ་འབྱུང་སྟེ། དེ་ལས་ཡེ་ཤེས་སྐྱེ་བའི་རིམ་པ་ནི་དགའ་བ་བཞིའི་རིམ་པས་སྐྱེ་བར་བསྟན་པའི་ཕྱིར། སངས་རྒྱས་རྣམས་ཀྱིས་བསྲེགས་པ་ཡིས། །དགའ་བ་དེ་ནས་བསྐྱེད་པར་བྱ་སྟེ། འཁོར་ལོ་བཞི་ལ་བརྟེན་ནས་དགའ་བ་བཞི་སྐྱེ་སྟེ་གོང་དུ་བརྗོད་ཟིན་ཏོ། །དེ་ཡིའང་མཐར་རང་བྱུང་གི་ཡེ་ཤེས་སྐྱེ་བར་བསྟན་པ་ནི་ལྟེ་བའི་དཀྱིལ་འཁོར་ཕྱིན་ནས་ནི། སྔ་མ་བཞིན་དུ་སྟེ་དེའི་ཤེས་རབ་ལྷན་ཅིག་སྐྱེས་ཞེས་པས་དེ་ཉིད་དུ་བདེ་དྲོད་གསལ་སྟོང་དུ་སྐྱེ་བ་ནི་གནས་པར་གྱུར་པ་སྟེ། རང་བྱུང་ངོ་བོ་འདི་ཉིད་ནི། །ཆོས་ཀྱི་སྐུ་ནི་རབ་ཏུ་གྲགས། །ཞེས་གོང་དུ་གང་བསྟེན་པ་དེ་སྐྱེ་བར་འགྱུར་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རང་བྱུང་གི་ཡེ་ཤེས་སྐྱེ་བའི་གནས་དེ་སྐྱེད་པའི་ཐབས། དེ་ལ་བརྟེན་ཏེ་སྐྱེས་པའི་ཡེ་ཤེས་ཀྱི་མཚན་ཉིད་རྒྱས་པར་བསྟན་པ་དེ་མཐའ་དག་ཀྱང་དཔྱིད་དེ་བདེ་བ་ཁ་འབུ་བའམ། ཉམས་དགའ་བར་བྱེད་པ་ཡིན་ལ་དེའང་ཐིག་ལེའི་དབང་གིས་དེར་འགྱུར་ཏེ། དཔེར་ན་དཔྱིད་ཀ་ཞེས་བྱ་བ་ཉི་མའི་དྲོད་ལངས་པས་རྒྱ་མཚོ་བསྲོས་པས་ན་དཔྱིད་ཤིང་ལ་སོགས་པ་འབུ་བ་ལྟ་བུའོ། །དེས་ན་བརྗོད་བྱའི་གཙོ་བོ་དེ་སྟོན་པས་དཔྱིད་ཀྱི་ཐིག་ལེའོ། །བརྟག་པ་དྲུག་པའི་བཤད་པ་རྫོགས་སོ།། །།དེ་ལྟར་བརྟག་པ་དྲུག་པ་ཡན་ཆད་ཀྱིས་མཆོག་གི་དངོས་གྲུབ་ཀྱི་གཙོ་བོའི་མངོན་པར་རྟོགས་པ་བསྟན་ནས། ད་ནི་ལམ་གྱི་ཡན་ལག་གི་མངོན་པར་རྟོགས་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མཐའ་དག་གི་ཐབས་སྟོན་པའི་ཕྱིར། བརྟག་པ་བདུན་པ་དང༌། བརྒྱད་པ་དང༌། དགུ་པའི་རབ་ཏུ་བྱེད་པ་ཕྱི་མ་གསུམ་དང༌། བཅུ་པ་དངོས་ཀྱིས་སྟོན་ཏོ། །དེ་ལའང་ལས་ཀྱི་ཚོགས་གཙོར་སྟོན་པར་བྱེད་པ་ནི་བརྟག་པ་བདུན་པ་ཡིན་ལ། བྱ་བ་ཐམས་ཅད་འབྱུང་བ་ནི་བརྟག་པ་བརྒྱད་པའོ། །བརྟག་པ་བདུན་པ་ལའང་རབ་ཏུ་བྱེད་པ་བཞི་སྟེ། ཡེ་ཤེས་ཐམས་ཅད་འབྱུང་བའི་རབ་ཏུ་བྱེད་པ། སྦྱིན་སྲེག་གི་རབ་ཏུ་བྱེད་པ། སྔགས་དང་འཁྲུལ་འཁོར་གྱི་རབ་ཏུ་བྱེད་པ། རབ་གནས་དང་བསམ་གཏན་ལ་བརྟེན་པའི་ལས་ཚོགས་ཀྱི་རབ་ཏུ་བྱེད་པའོ། །རབ་ཏུ་བྱེད་པ་བཞི་པོ་དེའང་བརྗོད་བྱའི་རིགས་མི་འདྲ་བ་དྲུག་ཏུ་འགྱུར་རོ། །གོང་དུ་བསྟན་པའི་ངག་གིས་བརྡ་བཤད་པའི་ཤེས་པ་དང༌། ལས་ཀྱི་ཚོགས་དང་འབྲེལ་པ་ཤེས་པ་དང༌། སྦྱིན་སྲེག་གི་ཆོ་ག་དང༌། སྔགས་བཏུ་བ་དང༌། འཁྲུལ་འཁོར་ལ་བརྟེན་ནས་ལས་བསྒྲུབ་པ་དང༌། རབ་གནས་དང་འབྲེལ་པར་ས་ཆོག་དང་སྦྱིན་སྲེག་བསྟན་པ་དང༌། བསམ་གཏན་ལ་བརྟེན་པའི་ལས་ཀྱི་ཚོགས་བསྟན་པའོ། །དེ་ལ་དང་པོ་ངག་དང་ཡི་གེའི་བརྡ་ནས་བཅུད་ཀྱི་ཡེ་ཤེས་ཀྱི་བར་ཡེ་ཤེས་དགུ་པོ་སྟོན་པ་རབ་ཏུ་བྱེད་པ་དང་པོས་བརྗོད་པར་བྱ་བའི་དོན་ནི་གང༌། རྗོད་བྱེད་ཀྱི་སྒྲ་ནི་གང༌། མངོན་པར་རྟོགས་པ་ནི་གང་དུ་འགྱུར། རྒྱུད་སྡེ་གཞན་གང་གི་བཤད་པའི་རྒྱུད་ཡིན་ན། བརྗོད་བྱའི་དོན་བསྐྱེད་རིམ་སྤྱི་དོན། རྗོད་བྱེད་ཀྱི་སྒྲ་ངག་གི་བརྡ་རྣམས་མན་ངག་གི་དོན་གཙོ་ཆེ་ལ། གཞན་ཕལ་ཆེར་ཡན་ལག་གི་དོན་གྱིས་འཆད། རྫས་ཀྱི་དོན་མིང་མང་དུ་མན་ངག་གི་འཆད་པས་གཉིས་པོ་འཇུག་གོ །མངོན་པར་རྟོགས་པ་ནི་བརྡ་རྣམས་ལས་དང་པོ་པ་ཚོགས་ཀྱི་འཁོར་ལོ་དང་འབྲེལ་པའི་དབང་དུ་བྱས་ནས་དམ་ཚིག་དང་སྡོམ་པ་དང་གཙོ་ཆེར་འབྲེལ་ལ། སྤྱོད་པའི་ཡན་ལག་ཏུ་བྱས་ན་སྤྱོད་པ་དང་ཡང་འབྲེལ་ལོ། །གཞན་ཐམས་ཅད་བསྐྱེད་པའི་རིམ་པ་ལ་ཅུང་ཟད་བརྟན་པས་དམན་པ་ལ་མོས་པའི་རྟེན་གྱི་གང་ཟག་རྗེས་སུ་གཟུང་བའི་ཕྱིར་ལས་ཀྱི་ཚོགས་དང་འབྲེལ་བ་ཡིན་ནོ། །རྒྱུད་སྡེ་གཞན་གང་གི་བཤད་པའི་རྒྱུད་ཡིན་པ་ནི་སྐབས་ཉིད་དུ་བཤད་པར་བྱའོ། །དེ་ལ་དང་པོ་བརྡ་ནི་དང་པོ་ཞུས་པ་ནས་ཆང་ལ་སོགས་པའི་བརྡ་ཡན་ཆད་ནི་ཧེ་བཛྲའི་ཕྱི་མའི་ལེའུ་གསུམ་དང་ཆ་མཐུན། མཁའ་འགྲོ་མ་ལྔའི་ལུས་བརྡ་དང་ངག་བརྡ་ནི་གདན་བཞི་པའི་གཞན་གྱི་གདན་གྱི་རབ་ཏུ་བྱེད་པར་མཁའ་འགྲོ་མ་བཅུ་གསུམ་པའི་བརྡ་ཐམས་ཅད་གསུངས་པ་དེ་འདིར་དྲུག་ཏུ་བསྡུས་པས་མདོར་བསྡུས་ཤིང་བརྡ་དངོས་དང་ཆ་མཐུན་པས་བཤད་པའི་རྒྱུད། ཡི་གེ་རེ་རེའི་བརྡ་དང་ཡི་གེ་འདུས་པའི་བརྡ་ནི་བདེ་མཆོག་ཉུང་ངུའི་ལེའུ་བཅོ་ལྔ་པ་དང་རྩ་བཞི་པ་དང༌། རྡོ་རྗེ་མཁའ་འགྲོའི་ལེའུ་བརྒྱད་པ་དང༌། མངོན་བརྗོད་བླ་མའི་ལེའུ་སུམ་ཅུ་བརྒྱད་པར་ཆ་མཐུན་པས་བཤད་པའི་རྒྱུད་ཡིན་ནོ། །དེ་ལྟར་རྒྱུད་ལྔ་པོ་བསྡེབས་པས་མ་ཚང་བ་ཁ་བསྐང་བས་བཤད་པའི་རྒྱུད་དོ། །གཞུང་གི་དོན་ལ་གསུམ་ལས། ཞུས་པ་ནི་ངག་གི་ཕྱག་རྒྱ་ཞེས་རྐང་པ་བཅུའོ། །མཉན་པར་གདམས་པ་ནི་དགོངས་པའི་སྐད་ནི་ཤླཽ་ཀ་གཅིག་གོ །དོན་དངོས་ནི་མ་ད་ན་ཆང་ཞེས་བྱ་བ་ལ་སོགས་པ་སྟེ་ཚིག་གི་དོན་གོ་སླའོ། །མཉམ་པར་དྲག་ཤུལ་ཞེས་བྱ་བ་ལ་སོགས་པ་ཤླཽ་ཀ་བཅུ་གཅིག་གིས་ལྟ་སྟངས་ཀྱི་ཕྱག་རྒྱ་ཞེས་པ་ནི། ཧེ་བཛྲའི་བརྟག་པ་དང་པོའི་ལེའུ་བཅུ་གཅིག་པ་ལྟ་སྟངས་བཞི་པོ་ཆ་མཐུན་པས་བཤད་པའི་རྒྱུད་ཡིན་ལ། གསད་པ་དང༌། ནམ་མཁར་འགྲོ་བ་དང༌། སྡེ་ལས་མཆོག་ཏུ་རྒྱལ་བ་དང༌། བདུད་ཀྱི་དཔུང་གཞོམ་པ་སྟེ་བཞི་པོ་ནི། སྤྱིར་ལྟ་སྟངས་ཀྱི་སེམས་ཅན་གཞུག་པ་ཡིན་པ་ལ་གོང་གི་ལྟ་སྟངས་བཞིས་སེམས་ཅན་མི་འདུལ་བ་དག་ལའང་དུས་དང་དགོས་པ་གཞན་ལའང་ལྟ་སྟངས་བཞི་པོ་འདི་བྱའོ། །ཞེས་བསྟན་པའི་ཕྱིར་ཧེ་བཛྲའི་མ་ཚང་བ་ཁ་བསྐང་བས་བཤད་པའི་རྒྱུད་དོ། །གཞུང་གི་དོན་ལ་ལྔ་ལས་སློབ་དཔོན་གཉིས་ལ་ཞེས་བྱ་བ་ལ་སོགས་པ་ནི། ལྟ་སྟངས་གོང་འོག་གི་བར་དུ་གསུངས་ཀྱང་ལྟ་སྟངས་བཞི་ཀ་ལ་སྔོན་དུ་བྱ་བ་དང་ལྷའི་རྣལ་འབྱོར་འདི་ལྟ་བུ་བྱས་ལ་ལྟ་སྟངས་བྱ་ཞེས་ཐུན་མོང་ངོ༌། །ངག་གི་ཐ་སྙད་མ་གཏོགས་པར། །ཞེས་བྱ་བ་ནི་ཚིག་ཙམ་མ་ཡིན་པ་ཀུན་རྫོབ་ཏུ་འཇིག་རྟེན་པ་རྣམས་དང་ཐུན་མོང་པ་ཉིད་དུ་འགྲུབ་ཅེས་བྱ་བའི་དོན་ཏོ། །ལྷག་མ་ནི་གོ་སླའོ། །དཔལ་ལྡན་རྡོ་རྗེ་སེམས་སྦྱོར་ཞིང༌། །ཞེས་བྱ་བ་ལ་སོགས་པས་ནི་རྣམ་པར་ཤེས་པ་དང་ཡེ་ཤེས་ཀྱི་ལས་མདོར་བསྡུ་ན་བཅུ་བདུན། དེ་ལས་ཕྱེ་ན་ཉི་ཤུ་རྩ་བཞི། དེ་ལས་ཀྱང་ཕྱེ་ན་སུམ་ཅུ་སོ་གཅིག་རྗེས་གཟུང་གསུམ་སྟེ་སོ་བཞི་ཡོད་དོ། །དེ་ནས་དབང་དུ་བྱ་བའི་ལས་བཅུ་དྲུག མི་སྣང་བའི་ལས། མིག་སྨན་གྱི་ལས། དེ་ནས་བཅུད་ཀྱི་ལས་སྟོན་ཏོ། །དེ་རྣམས་ཀྱི་བརྗོད་བྱ་ལ་སོགས་པ་གཉིས་ནི་བཤད་ཟིན་ཏེ། མངོན་པར་རྟོགས་པ་ནི་ལས་ཀྱི་ཚོགས་ཁོ་ན་སྟེ་དམན་པ་ལ་མོས་པ་རྗེས་སུ་གཟུང་བར་བྱ་བའི་ཕྱིར་དང༌། རྒྱུད་འདིར་གཞན་དག་གཞུག་པར་བྱ་བའི་ཕྱིར་དང༌། འདིས་མཆོག་ལ་བྲོད་པ་སྐྱེད་དེ་གཞུག་པར་བྱ་བའི་དོན་གྱི་ཕྱིར་སྤང་ངོ༌། །ཚེའི་བཅུད་ཀྱི་ལས་ནི་བཟའ་བའི་དམ་ཚིག་ཏུའང་འགྱུར་ལ། འདི་མཆོག་གི་ཐུན་མོང་མ་ཡིན་པའི་ཡན་ལག་ཏུ་འགྱུར་བར་ཡང་འོག་ཉིད་ནས་བཤད་དོ། །རྒྱུད་སྡེ་གཞན་གང་གི་བཤད་པའི་རྒྱུད་ཡིན་ན་སྤྱིར་རྣལ་འབྱོར་བླ་ན་མེད་པའི་རྒྱུད་མཐའ་དག་ཏུ་རང་ལས་མ་གསུངས་པ་གང་ཡིན་པར་རྒྱུད་འདིས་ཁ་བསྐངས་ཏེ་དམན་པ་ལ་མོས་པ་རྗེས་སུ་གཟུང་བ་ཡིན་པས་ཐམས་ཅད་ཀྱི་བཤད་པའོ། །ཡང་སྒོས་སུ་དཔལ་རྡོ་རྗེ་མཁའ་འགྲོའི་ལེའུ་གསུམ་པ་དང་བཞི་པ་དང་ལྔ་པ་དང་དྲུག་པ་དང༌། བཅུ་གཅིག་པ་བཅུ་བདུན་པ། སོ་བརྒྱད་པ་སོ་དགུ་པ། བཞི་བཅུ་པ་ཞེ་དགུ་པ་རྣམས་ནས་རྫས་སྦྱོར་ལ་བརྟེན་པའི་ལས་སྟོན་པས་དེ་རྣམས་དང་ཁ་ཅིག་མཐུན། ཁ་ཅིག་མདོར་བསྡུས། ཁ་ཅིག་གསལ་བྱེད་དོ། །དེ་ལ་དང་པོ་ས་བོན་བཏབ་སྟེ་ལས་བསྒྲུབ་པ་ནི་ལེའུ་བཞི་བཅུ་པ་ལས་སྟོན་ཏོ། །བསྐྲད་པ་དང་དབབ་པའི་ལས་ནི་ལེའུ་བཞི་པ་ལས་ཅུང་ཟད་ཆ་མཐུན། དབང་གི་ལས་རྣམས་སོ་བརྒྱད་པར་གསལ་བར་བྱེད། མི་སྣང་བའི་ལས་བཅུ་གཉིས་ཀྱང་ཕྱོགས་གཅིག་ཏུ་བྱས་པས་གསལ་བར་བྱེད་དོ། །གྲུབ་པའི་མིག་སྨན་ནི་གསང་བ་འདུས་པར་རྟེན་ཕྱག་རྒྱ་ལ་བརྟེན་ཏེ་བསྒྲུབ་པའི་ཚུལ་དུ་གསལ་བར་བཤད། ཡང་རྒྱུད་ཕྱི་མ་དང་ཕྱོགས་གཅིག་བྱས་ཏེ། འཇིག་རྟེན་གསུམ་མཐོང་བ་དང༌། མི་མ་ཡིན་པའི་གནོད་པ་ཞི་བ་ལ་སོགས་པའི་ཚུལ་དུ་གསལ་བར་བཤད་དོ། །བཅུད་ཀྱི་ལས་ནི་རྡོ་རྗེ་མཁའ་འགྲོའི་ལེའུ་བཅུ་བདུན་པ་དང༌། ཞེ་བདུན་པ་དང༌། ཞེ་དགུ་པ་ལས་རྒྱས་པར་བཤད་པ་དེ་འདིར་མདོར་བསྡུས་ཏེ་བཤད་པའི་རྒྱུད་ཡིན་ནོ། །དེ་ལ་རྣམ་པར་ཤེས་པ་དང་ཡེ་ཤེས་ཀྱི་ལས་འདི་རྣམས་ཀྱི་སྤྱིའི་མངོན་པར་རྟོགས་པ་ནི། འདི་ཡིན་ཏེ། དཔལ་ལྡན་རྡོ་རྗེ་སེམས་སྦྱོར་ཞིང༌། །ཇི་ལྟར་དབྱིབས་ཀྱི་སྐུ་ལྡན་པས། །ཞེས་འབྱུང་བས། རྣལ་འབྱོར་པ་ལྷ་གང་ཡང་རུང་བའི་བསྐྱེད་པའི་རིམ་པ་ལ་ཤིན་ཏུ་གསལ་བར་མཐར་ཕྱིན་པར་གྱུར་པ་དང༌། ལྷའི་གྲངས་ཀྱི་བསྙེན་པ་རྫོགས་པའི་རྣལ་འབྱོར་པ་ཞིག་གིས། རྒྱུད་ནས་ཇི་ལྟར་འབྱུང་བ་ལྟར་ཉམས་སུ་བླངས་ན་འགྲུབ་པར་འགྱུར་བ་ཡིན་ནོ། །ཞེས་གསུང་ངོ༌། །དེ་ལ་ལས་རྣམས་ཀྱི་དང་པོ། །འདིར་ནི་མི་ཡི་ཐོད་པར་ནི། །ཞེས་བྱ་བ་ལ་སོགས་པའི་ལས་མཐའ་དག་ལ་ལྷའི་རྣལ་འབྱོར་དང་བསྲུང་བའི་ཆོ་ག་འདིས་ཐམས་ཅད་ལ་བསྲུང་བ་བྱས་ནས་འགྲུབ་བོ་ཞེས་བསྟན་པའི་ཕྱིར་འབྲས་བུ་བཏབ་པ་ལ་བརྟེན་ཏེ་སྒྲུབ་པ་སྟོན་ཏོ། །འབྲས་བུ་བཏབ་པ་དང་བཅུ་པ་དང་བསྐྱེད་པ་ལ་སོགས་པ་མཐའ་དག་ལའང་རང་རང་གི་ལྷའི་རྣལ་འབྱོར་དང་སྔགས་ཀྱི་བསྐྱེད་བསྲིང་གི་ལས་རྣམས་བྱས་ན་འགྲུབ་པར་འགྱུར་གྱི་དེ་ལྟ་མ་ཡིན་ན་དེ་ཉིད་བགེགས་ཀྱིས་འཇུག་པར་འགྱུར་རོ། །དཔལ་རྡོ་རྗེ་མཁའ་འགྲོའི་ལེའུ་བཞི་བཅུ་པ་འབྲས་བུ་ལ་བརྟེན་ཏེ་དངོས་གྲུབ་བསྒྲུབ་པའི་སྐབས་སུ། སྤྱན་མའི་སྔགས་ཀྱིས་གཟུགས་པར་བྱ། །མཱ་མ་ཀཱི་ཡི་སྔགས་ཀྱིས་བཅུ། །སྒྲོལ་མའི་སྔགས་ཀྱིས་བསྐྱེད་པར་བྱ། །དེ་བཞིན་གོས་དཀར་མོ་ཡིས་བསྲུང༌། །ཞེས་གསུངས་ཏེ་རྒྱུད་སོ་སོའི་དགོངས་པའོ་གསུང་ངོ༌། །ཡང་སྒྲུབ་པ་ཐམས་ཅད་ལ་ཐུན་མོང་དུ་དགོས་པ་སྦྱོར་བའི་ཆོ་གའི་དུས་སུ་ནི། གྲུབ་པའི་གཟའ་ལ་སོགས་དང་སྦྱར། །རྟག་ཏུ་བསྒོམ་དང་བཟླས་ལ་དགའ། །དམ་ཚིག་སྤྱོད་དང་བསྲུང་བ་དང༌། །དེ་ཡིས་རྟག་ཏུ་འགྲུབ་འགྱུར་ཏེ། །གཞན་དག་ཏུ་ཡང་འབྲས་བུ་མེད། །ཅེས་སོ། །དཔལ་ལྡན་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པས་ལྷའི་རྣལ་འབྱོར་སྟོན་ཏེ། སངས་རྒྱས་དངོས་གྲུབ་སྦྱིན་པར་བྱེད། །ཅེས་བྱ་བ་ནི་བསྲུང་བ་འདིས་བསྲུངས་ན་སངས་རྒྱས་ཀྱི་དངོས་གྲུབ་ཀྱི་བར་དུ་སྦྱིན་པ་ལ་བར་ཆད་མེད་ཅིང་འགྲུབ་པར་འགྱུར་ཞེས་བྱ་བའི་དོན་ཏོ། །སྐྱེ་བ་གཉིས་པའི་ཐོད་པར་འདི་བཏབ་ན་ཞེས་བྱ་བ་ལ་སོགས་པས་འབྲས་བུ་ལ་བརྟེན་ཏེ་གཟུགས་སྣ་ཚོགས་སུ་བསྒྱུར་བའི་དངོས་གྲུབ་གསུངས་པ་སྟེ། སྔ་མ་ལྟ་བུའི་རྣལ་འབྱོར་དང་ལྡན་པས་དང་པོར་བྲམ་ཟེའི་ཐོད་པར་གདབ། དེ་སྨིན་པ་དང་ཡང་ཐ་མལ་པའི་མིའི་ཐོད་པར་གདབ། དེ་ནས་གང་འདོད་པའི་ཐོད་པར་བཏབ་པའི་འབྲས་བུ་དེ་ཁར་བཅུག་ན་དེའི་གཟུགས་སུ་འགྱུར་ལ་ཕྱུང་ན་སོས་པར་འགྱུར་རོ། །སྐར་མ་རྒྱལ་ལ་གདབ་བོ་ཞེས་མཁའ་འགྲོ་ལས་འབྱུང་ངོ༌། །འོལ་མ་སེ་དཀར་པོ་སྒྲུབ་པ་ཞེས་བྱ་བ་ནི་ཆོ་ག་དེ་ལྟ་བུ་ལ་བརྟེན་པའི་འོལ་མ་སེས་ཀྱང་བསྒྲུབ་ཅེས་བྱ་བའི་དོན་ཏོ། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་ལས་ནི་འདི་གཉིས་ལས་ནི་སྒྲུབ་པ་ཐ་དད་དུ་གསུངས་ཏེ། འོལ་མ་སེ་ཡི་ས་བོན་ནི། །བྲམ་ཟེ་ཡི་ནི་ཐོད་པ་རུ། །སྐར་མ་རྒྱལ་ལ་སྔགས་པས་བསྐྱེད། །དེ་ནས་ཕྱུང་སྟེ་སླར་ཡང་ནི། །ཐ་མལ་སྐྱེས་བུའི་ཐོད་པར་བསྐྱེད། །ས་བོན་དེ་ནི་འགྲུབ་གྱུར་ན། །ཁ་རུ་བཅུག་པས་དེ་གཟུགས་འགྱུར། །ཁ་ལས་བཏོན་ན་སླར་ཡང་ནི། །ཐ་མལ་གཟུགས་འགྱུར་ཐེ་ཚོམ་མེད། །སྦྱོར་བ་འདི་ནི་གྲུབ་པ་སྟེ། །གཞན་དག་ཏུ་ནི་ང་མི་སྨྲ། །ཞེས་པ་དང༌། ཡུངས་ཀར་ལ་སོགས་འབྲས་བུ་ནི། །གླང་པོ་ཆེ་ཡི་ཤ་དང་ནི། །ཁྲག་དང་རུས་པ་ཞག་ལ་སོགས། །དེ་ནི་ཐལ་བ་སོགས་པས་བྱུག །དེ་ཡི་ཐོད་པར་བསྐྱེད་པ་དག །དེ་ནི་ཁ་རུ་བཅུག་ཙམ་གྱིས། །གླང་པོ་ཆེ་ཡི་གཟུགས་སུ་འགྱུར། །དེ་བཞིན་རྟ་དང་མ་ཧེ་སོགས། །ཞེས་གསུངས་པ་ལྟ་བུའོ། །ལས་ཀྱི་ཚོགས་ལྷག་མ་རྣམས་ནི་གོ་སླ་བས་མ་ཕྱེ་བའོ། །རྣམ་པར་ཤེས་པ་ནི་ཚར་གཅད་པ་ཡིན་ལ་ཡེ་ཤེས་ནི་རྗེས་སུ་གཟུང་བ་ཡིན་ནོ། །ཡང་ན་དབང་དུ་བྱ་བར་འདོད་ན་ཞེས་བྱ་བ་ལ་སོགས་པས་ནི་རེག་པས་དབང་དུ་བྱས་པའི་ལས་བརྒྱད་བསྟན་ཏོ། །ཤི་ཁ་དང་ཞེས་བྱ་བ་ལ་སོགས་པས་རང་གི་དཔྲལ་བར་ཐིག་ལེ་བྱས་པས་དེས་གང་ལ་བལྟས་པ་དེ་དབང་དུ་འགྱུར་བའི་ལས་བརྒྱད་དེ། མདོར་ན་དབང་དུ་བྱ་བའི་ལས་བཅུ་དྲུག་བསྟན་ཏོ། །ཡང་ན་རི་ལུ་བྱ་བར་འདོད་པས་ཞེས་བྱ་བ་ལ་སོགས་པས། རི་ལུ་བསྒྲུབས་པ་ཁར་བཅུག་ན་མི་སྣང་བའི་དངོས་གྲུབ་ཏུ་འགྱུར་བ་བཅུ་གཉིས་སྟོན་ཏོ། །དེ་ནས་ཉི་མ་དང་ཟླ་བ་དང་མེ་ཞེས་བྱ་བ་ནི་རི་ལུ་དེ་ལ་དང་པོ་གསེར་གྱིས་གཡོགས། དེ་ནས་དངུལ་གྱིས། དེ་ནས་ཟངས་ཀྱིས་དཀྲི་ཞེས་བྱ་བའི་དོན་ཏོ། །བསྒྲུབ་ཅེས་བྱ་བ་ནི་དཀྱིལ་འཁོར་བཞེངས་ལ་དེའི་ནང་དུ་ཟངས་ཀྱི་གའུ་ལ་སོགས་པར་བཞག་ལ། དེ་ལ་སྒྲའམ་འོད་ཀྱི་རྟགས་བྱུང་བྱུང་གི་བར་དུ་བཟླས་པས་བསྒྲུབ། དེ་ཁར་བཅུག་པ་ཙམ་གྱིས་མི་སྣང་བའི་དངོས་གྲུབ་འདོད་པའི་གཟུགས་ཅན་དུ་འབྱུང་ཞེས་བྱ་བའི་དོན་ཏོ། །དེ་ནས་མིག་སྨན་གྱི་ཞེས་བྱ་བ་ལ་སོགས་པའི་མིག་སྨན་གྱི་ཡེ་ཤེས་སྟོན་ཏེ། མིག་སྨན་ཞེས་བྱ་བ་ནི་གྲུབ་པའི་རྫས་འདིས་མིག་ལ་བྱུགས་པས་མིག་དེས་གང་དང་གང་ཞི་བ་དང་དབང་ལ་སོགས་པའམ། གཏེར་མཐོང་བར་འདོད་པ་ལ་སོགས་པའི་ལྟ་སྟངས་དེས་བལྟས་ན་འགྲུབ་པར་འགྱུར་བས་གྲུབ་པའི་མིག་སྨན་ཞེས་བྱའོ། །འདིའི་སྒྲུབ་པ་དང་ཕན་ཡོན་ནི་རྒྱུད་ཕྱི་མ་ལས་གསལ་བར་བཤད་པས་འདིར་མི་བཤད་དོ། །དེ་ནས་ལས་ཀྱི་ཆོ་ག་བཤད། །ཅེས་བྱ་བ་ལ་སོགས་པས་བཅུད་ཀྱི་ལས་ཤེས་པ་སྟོན་ཏོ། །དེའང་དང་པོ་ཤླཽ་ཀ་གཅིག་ནི་རྟེན་གྱི་གང་ཟག་གི་མཚན་ཉིད་སྟོན་ཏེ། བཟླས་དང་བསམ་གཏན་བརྟག་དགའ་ཞེས་བྱ་བ་ནི་མཚན་ཉིད་དེ་གོང་དུ་བརྗོད་པ་ལྟ་བུའོ། །བསྒྲུབ་པ་འགྲུབ་འགྱུར་བ་ནི་ཚེ་དང་ལུས་ཀྱི་བཅུད་ལེན་གྱི་སྒོ་ནས་དངོས་གྲུབ་འགྲུབ་པའོ། །ཆོ་གའི་དངོས་པོ་ཞེས་བྱ་བ་ནས་བཅུད་ཀྱི་ཡེ་ཤེས་སོ་ཞེས་བྱ་བའི་བར་གྱིས་ནི་ལོངས་སྤྱོད་ཀྱི་བཅུད་ལེན་བསྟན་ཏོ། །ལྷག་མས་ནི་ལུས་ཀྱི་བཅུད་ལེན་བསྟན་ཏོ། །བཅུད་ལེན་གཉིས་ཀྱི་ཆོ་ག་རྒྱས་པ་ནི་རྡོ་རྗེ་མཁའ་འགྲོའི་ལེའུ་བཅུ་བདུན་པ་དང་ཞེ་བདུན་པ་དང་ཞེ་དགུ་པ་ལས་བསྟན་པས་དེ་ཉིད་དུ་བཙལ་བར་བྱའོ། །འདིར་ནི་མདོར་བསྡུས་པ་ཙམ་གྱི་བཅུད་ལེན་དུ་སྟོན་པ་ཡིན་ནོ། །དུས་ཀྱི་འཆི་བ་ཞེས་བྱ་བ་ནི་རྣལ་འབྱོར་པ་ལ་འཆི་ལྟས་བྱུང་བའི་དུས་སུ་བཅུད་ལེན་བྱ་ཞེས་བྱ་བའི་དོན་ཏོ། །བཞི་མཉམ་ཞེས་བྱ་བ་ལ་སོགས་པ་དུས་དྲུག་ཏུ་བསྟན་པའི་ནང་གི་བཅུད་ལེན་སྟོན་ཏོ། །བུ་དང་གནྡྷ་ཞེས་བྱ་བ་ལ་སོགས་པས་དེ་ཉིད་ཕྱིའི་རྫས་དང་བཅས་པའི་བཅུད་ལེན་སྟོན་ཏོ། །དེ་ནས་འབྲུ་མར་གྱི་ཞེས་བྱ་བ་ལ་སོགས་པས་མར་ཁུ་ཆེན་པོའི་བཅུད་ལེན་སྟོན་ཏོ། །དེའང་དང་པོ་ནི་མར་ཁུ་ཇི་ལྟར་བྱ་བ་ཐུན་མོང་གི་ཆོ་ག་སྟོན་ཏོ། །བཞི་མཉམ་བླངས་ཏེ་ཞེས་བྱ་བ་ལ་སོགས་པས་བཏུང་བ་དང་མགོ་བྱུག་པའི་འབྲུ་མར་རོ། །དེ་ནས་ལུས་བྱུག་པའི་ཞེས་བྱ་བ་ལ་སོགས་པས་ལུས་བྱུག་པའི་འབྲུ་མར་གྱི་ཆོ་གའོ། །དེ་ནས་སྐབས་གསུམ་དང་ཞེས་བྱ་བ་ལ་སོགས་པས་བཅུད་ལེན་ཕྲ་མོ་དྲུག་བསྟན་ཏོ། །ཚིག་གི་དོན་གོ་སླ་བས་མ་ཕྱེའོ། །དུས་ཀྱི་འཆིང་བ་མི་རིགས་པར་ཞེས་བྱ་བ་ལ་སོགས་པས་བཅུད་ལེན་གྱི་ཕན་ཡོན་བསྟན་ཏེ་དུས་ཀྱི་འཆིང་བ་ནི་འཆི་བའི་གནས་སྐབས་སོ། །མི་རིགས་པར་ཞེས་བྱ་བ་ནི་བདག་ཀྱང་ནམ་འཆི་ཆ་མེད་པར་རོ། །གང་ཞིག་རྣལ་འབྱོར་པར་འདོད་པ་ནི་བདག་གིས་ཚེ་གཅིག་གིས་སངས་རྒྱས་འདོད་པ་སྟེ། དེས་མི་འགྲུབ་བོ། །དེས་ན་དེ་ལྟར་ཆོ་ག་ངས་བསྔགས་ཏེ་བཅུད་ལེན་གྱིས་ནི་འཆི་བ་མེད་པར་བྱེད་ལ། དེའི་ཚེ་དེས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འཐོབ་པར་འགྱུར་ཞེས་བྱ་བའི་དོན་ཏོ། །གང་ཕྱིར་སེམས་ཅན་ཚེ་ཐུང་བས། །དངོས་གྲུབ་ཐོབ་པ་གང་ཡང་མེད། །དེ་ཕྱིར་འབད་པ་ཐམས་ཅད་ཀྱིས། །འཆི་བ་མེད་པ་བསྒྲུབ་པར་བྱ། །ཞེས་རྡོ་རྗེ་ཕྲེང་བ་ལས་བཅུད་ལེན་གསུངས་སོ། །ཡེ་ཤེས་ནི་བརྡ་ཤེས་པ་ལ་སོགས་པ་ཐམས་ཅད་འབྱུང་བའོ། །ཚེའམ་རིགས་པ་ནི་བཅུད་ལེན་གྱིས་སོ། །ཡང་དེ་རྣམས་ཀྱིས་ནི་ཚེ་རིང་ཞིང་མཆོག་མ་ཐོབ་ཀྱི་བར་དུ་རྣལ་འབྱོར་པ་བདེ་བར་བྱེད་ཅེས་བྱ་བའི་དོན་ཏོ། །བདུན་པའི་རབ་ཏུ་བྱེད་པ་དང་པོའི་བཤད་པའོ།། །།བཅོམ་ལྡན་ཞེས་བྱ་བ་ལ་སོགས་པས་རབ་ཏུ་བྱེད་པ་གཉིས་པ་སྦྱིན་སྲེག་གི་ཆོ་ག་སྟོན་ཏོ། །རབ་ཏུ་བྱེད་པ་འདིའི་བརྗོད་པར་བྱ་བའི་དོན་ལ་སོགས་པ་ཅི་ཡིན་ཞེ་ན། བརྗོད་པར་བྱ་བའི་དོན་ནི་བསྐྱེད་པའི་རིམ་པ་སྤྱིའི་དོན་ཡིན་ལ། རྗོད་བྱེད་ཀྱི་སྒྲ་ནི་ཡན་ལག་གི་དོན་གཙོ་ཆེ་བར་འཇུག་ལ། མན་ངག་གི་དོན་ཀྱང་ཅུང་ཟད་འཇུག་གོ །མངོན་པར་རྟོགས་པ་ནི་དངོས་གྲུབ་མཐའ་དག་དང་འབྲེལ་ལ། དེ་ཡང་དྲུག་ལས། ལས་མཐའ་དག་བསྒྲུབ་པར་བྱ་བའི་ཕྱིར་སྦྱིན་སྲེག་དང་འབྲེལ་ལོ། །རྒྱུད་སྡེ་གཞན་གང་གི་བཤད་པའི་རྒྱུད་དུ་འགྱུར་ན། སྤྱིར་རྣལ་འབྱོར་བླ་ན་མེད་པའི་རྒྱུད་མཐའ་དག་གི་སྦྱིན་སྲེག་སྟོན་པ་རྣམས་སུ་མི་གསལ་བ་གསལ་བར་བྱེད་པས། སྦྱིན་སྲེག་མ་གསུངས་པ་མཐའ་དག་ཏུ་མ་ཚང་བ་ཁ་བསྐང་བས་བཤད་པའི་རྒྱུད་ཡིན་ནོ། །ཁྱད་པར་དུ་ཧེ་བཛྲའི་ཕྱི་མའི་ལེའུ་དང་པོར་སྦྱིན་སྲེག་མདོར་བསྡུས་པ་ཙམ་གསུངས་ཀྱང༌། སྦྱིན་སྲེག་གི་དུས་སུ་བསྙེན་པ་བྱ་བ་དང༌། ས་ཆོག་བྱ་བའང་མ་གསུངས་པ་ཁ་སྐོང༌། ལས་མཐའ་དག་སྒྲུབ་པའི་ཐབས་མི་གསལ་བ་གསལ་བར་བྱེད་པས་བཤད་པའི་རྒྱུད་དོ། །ཡང་རྡོ་རྗེ་གུར་གྱི་ལེའུ་བརྒྱད་པ་དང༌། བཅུ་བཞི་པར་སྦྱིན་སྲེག་གི་ཆོ་ག་རྒྱས་པར་གསུངས། བཅུ་གཅིག་པར་ལས་ཚོགས་མདོ་ཙམ་གསུངས་པས། འདི་ལས་རྒྱས་པ་སྣ་ཚོགས་ཀྱི་ཐབས་ལ་སོགས་པ་མི་གསལ་བ་གསལ་བར་བྱེད་པས་བཤད་པའི་རྒྱུད་དོ། །ཡང་དཔལ་རྡོ་རྗེ་མཁའ་འགྲོའི་ལེའུ་ཞེ་གསུམ་པ་དང་ཞེ་བཞི་པར་སྦྱིན་སྲེག་གི་ཆོ་ག་རྒྱས་པར་གསུངས་པ་དེ་དང་ཆ་མཐུན་པའམ། ཁ་ཅིག་མདོར་བསྡུས་པའམ། ཡམ་ཤིང་ལ་སོགས་པ་ཚུལ་མི་འདྲ་བ་བཤད་པའི་རྒྱུད་དོ། །གཞན་ཡང་སྦྱིན་སྲེག་གི་སྐབས་སུ་རྐང་སྟབས་གསུངས་པ་འདི་རྒྱུད་ཕྱི་མ་དང་དགོངས་པ་ཕྱོགས་གཅིག་ཏུ་བྱས་ཏེ། རྣམ་སྣང་སྒྱུ་འཕྲུལ་དྲྭ་བར་མདོར་བསྡུས་པས་བཤད་པའི་རྒྱུད་དོ། །ཡན་ལག་གི་ལས་ཀྱི་སྐབས་སུ་དམ་ཚིག་ཆེན་པོ་ཆང་གི་ཞེས་བྱ་བ་ལ་སོགས་པའི་ལས་རྡོ་རྗེ་འཇིགས་བྱེད་ཀྱི་རྟོག་པ་དྲུག་པར་ཆ་མཐུན་པས་བཤད་པའི་རྒྱུད་དོ། །དེ་ལྟ་བུའི་རྒྱུད་དེ་རྣམས་ཀྱང་ཕྱོགས་གཅིག་ཏུ་གསལ་བར་བྱེད་པས་བཤད་པའི་རྒྱུད་དོ། །གཞུང་གི་དོན་ལ་གཉིས་ཏེ། ཞུས་པ་ནི་བཅོམ་ལྡན་ཞེས་བྱ་བ་ཤླཽ་ཀ་གཅིག་གོ །ལན་ལ་མཉན་པར་གདམས་པ་ནི་སྦྱིན་སྲེག་ཅེས་རྐང་པ་གཉིས་ཏེ། ལ་སོགས་ནི་དེ་དང་འབྲེལ་བའི་བསྙེན་པ་དང་རྐང་སྟབས་དང་རིག་མ་གཞུག་པ་བསྡུ་བའོ། །དོན་དངོས་ལ་ལྔ་སྟེ། བསྙེན་པ་དང༌། ས་བྱིན་གྱིས་བརླབ་པ་དང༌། རིག་མ་གཞུག་པ་དང༌། ཆོ་ག་དངོས་དང༌། ལས་བྱ་བའི་དུས་བསྟན་པའོ། །དང་པོ་ནི། དང་པོར་སྔགས་པས་ཞེས་པ་སྟེ། སྦྱིན་སྲེག་ལའང་སྔོན་དུ་བསྙེན་པ་སོང་བས་བྱ་ཞེས་བྱ་བའི་དོན་ཏོ། །གཉིས་པ་ནི་གཡས་བརྐྱང་ཞེས་བྱ་བ་ལ་སོགས་པ་སྟེ། སྦྱིན་སྲེག་ལའང་ས་བརྟག་པ་དང་བསླང་བ་དང་སྦྱང་བ་བྱས་ལ་རྐང་སྟབས་ཀྱིས་ས་གཟུང་ཞེས་པ་སྟེ། འདི་ནི་རྒྱུད་ཕྱི་མ་ལས་འཆད་པར་འགྱུར་རོ། །གསུམ་པ་ནི་ཡང་ནི་ཕྱི་ནས་ཞེས་པ་སྟེ། རྣལ་འབྱོར་པ་ཆགས་ཅན་ཡིན་ན་སྦྱིན་སྲེག་གི་དཀྱིལ་འཁོར་འབྱིན་པའི་ཚུལ་གྱིས་བསྒྲུབ་ཅེས་བྱ་བའི་དོན་ཏོ། །བཞི་པ་ཆོ་ག་དངོས་ནི་ཞི་བར་ཞེས་བྱ་བ་ལ་སོགས་པས་སྟེ་གོ་སླ་བས་སོ། །ལྔ་པ་དུས་བསྟན་པ་ནི་དེ་ལྟར་ལས་རྣམས་བྱ་བ་ནི་ཞེས་པ་ལ་སོགས་པ་སྟེ། ངེས་པར་གྲུབ་ན་ནི་དབང་ཐོབ་པའི་རྣལ་འབྱོར་པས་བསྙེན་པ་ཡོངས་སུ་རྫོགས་ནས་བྱའི། གྲུབ་པའི་མཚན་མ་མ་བྱུང་བར་བྱས་ནས་དབྱེ་བ་སྟེ་སྐུར་བའི་རྒྱུར་འགྱུར་རོ། །དེས་ན་ཐམས་ཅད་ལ་གསུངས་ཏེ་སྦྱིན་ཞེས་བྱ་བའི་དོན་ཏོ། །གང་བདག་ཉིད་ལས་བྱེད་པའི་ཚེ་གཅིག་པུ་གཉིས་མེད་དེ་སེམས་རྩེ་གཅིག་པས་འགྲུབ་ཅེས་བྱའོ། །བདུན་པའི་རབ་བྱེད་གཉིས་པའི་བཤད་པའོ།། །།ལྷ་ལགས་ཞེས་བྱ་བ་ལ་སོགས་པས་སྔགས་བཏུ་བ་སྟོན་ཏོ། །འདིའི་བརྗོད་པར་བྱ་བའི་དོན་ལ་སོགས་པ་ཅི་ཡིན་ཞེ་ན། དེ་ལ་བརྗོད་པར་བྱ་བའི་དོན་ནི་བསྐྱེད་པའི་རིམ་པ་སྤྱི་ཡིན་ལ། རྗོད་བྱེད་ཀྱི་སྒྲ་ནི་ཡན་ལག་གི་དོན་དང་ཡི་གེའི་དོན་གཙོ་ཆེའོ། །མན་ངག་ཀྱང་ཅུང་ཟད་འཇུག་གོ །མངོན་པར་རྟོགས་པ་ནི་ཐབས་ཀྱི་རྒྱུད་ཀྱི་མངོན་པར་རྟོགས་པ་དེ་ལས་ཀྱང་དངོས་གྲུབ་མཐའ་དག དེ་ལ་དྲུག་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་སྙིང་པོ་ནས་བསྐུལ་བའི་དོན་དུ་སྔགས་ཀྱི་བཟླས་པ་དང་འབྲེལ་ལོ། །དེ་ལའང་དྲུག་ལས། སྔགས་དག་པར་བྱ་བའི་ཕྱིར་བཏུ་བ་དང༌། བཏུས་པའི་སྔགས་དངོས་དང༌། བཟླས་པའི་ཡུལ་ཕྲེང་བ་དང༌། དེའི་དུས་ཀྱི་ཁ་ཟས་དང༌། སྔགས་ཀྱི་ཆེད་དུ་བྱ་བ་དང༌། དགོས་པ་ཞེས་བྱ་བ་དྲུག་ལས་དང་པོ་གཉིས་དང་འབྲེལ་ལོ། །རྒྱུད་སྡེ་གཞན་གང་གི་བཤད་པའི་རྒྱུད་ཡིན་ན། རིགས་བཞི་དང་ཡུམ་བཞིའི་སྔགས་བཏུ་བ་བསྟན་པ་ནི། དཔལ་གསང་བ་འདུས་པའི་ལེའུ་དང་པོར་འབྱིན་པའི་སྔགས་གསུངས། ལེའུ་བཅུ་བཞི་པར་ཁྲོ་བོ་བཅུ་དང་ཡུམ་བཞིའི་སྔགས་གསུངས་ཀྱང་བཏུ་བ་མ་གསུངས་པ་དང༌། ཡང་རྣམ་སྣང་སྒྱུ་འཕྲུལ་དྲྭ་བའི་རྟོག་པ་ལྔ་པར་རིགས་བཞི་ཡུམ་བཞིའི་སྔགས་གསུངས་ཀྱང་བཏུ་བ་མ་གསུངས་པས་རྒྱུད་གཉིས་པོ་དེར་ཡུམ་བཞིའི་སྔགས་བཏུ་བ་མ་ཚང་བ་ཁ་བསྐངས་ཏེ་བཤད་པའི་རྒྱུད་དོ། །ཡང༌། སངས་རྒྱས་རྣམས་ནི་ཞི་བ་བསྐྱེད། །ཅེས་བྱ་བ་ལ་སོགས་པས་བསྒྲུབ་པ་ཙམ་ནི་ཆ་མཐུན་ལ། འདིར་རྒྱུད་ཕྱི་མ་དང་དགོངས་པ་ཕྱོགས་གཅིག་ཏུ་བྱས་ཏེ། ཡབ་ཀྱི་སྔགས་ཀྱིས་མ་གྲུབ་ན་ཡུམ་གྱི་སྔགས་ཀྱིས་སྤོགས་པའི་བསྒྲུབ་པ་བྱ་བ་དང༌། སྒྲུབ་པ་པོ་རྣལ་འབྱོར་གང་ཡིན་ཡང་ཡུམ་བཞིས་ལས་བཞི་བསྒྲུབ་པ་ནི་ཤིས་པའི་ལྷ་ཡིན་པས་ཐམས་ཅད་ལ་བྱའོ་ཞེས་མི་གསལ་བ་གསལ་བས་བཤད་པའི་རྒྱུད་དང༌། ཡང་དོན་ཡོད་གྲུབ་པའི་སྔགས་ནི་རྒྱུད་དེ་གཉིས་སུ་ཚུལ་མི་འདྲ་བས་བཤད་པའི་རྒྱུད་ཡིན་ནོ། །བདེ་མཆོག་ཉུང་ངུར་དཔའ་བོ་ཉི་ཤུ་རྩ་བཞིའི་སྔགས་སུ་གསུངས་པ་དང་ཆ་མཐུན་ནོ། །ཡང་རིགས་བཞི་ཡུམ་བཞིའི་སྔགས་བཏུ་བ་འདི་དང་འོག་ཏུ་བརྒྱད་ཀྱི་གཉིས་ཞེས་བྱ་བ་ལ་སོགས་པ་ཕྱོགས་གཅིག་ཏུ་བྱས་ཏེ། དཔལ་རྡོ་རྗེ་མཁའ་འགྲོའི་ལེའུ་སུམ་ཅུ་བཞི་པར་སྔགས་བཏུ་བའི་འཁོར་ལོ་གསུངས་ལ་ལེའུ་དང་པོ་དང་གཉིས་པར་བསྡུས་པའི་དཀྱིལ་འཁོར་གྱི་སྔགས་མ་ཚང་བ་ཁ་སྐོང་བས་བཤད་པའི་རྒྱུད་དོ། །དྲག་པོའི་སྔགས་བདུན་ནི་ཧེ་བཛྲའི་ཕྱི་མའི་ལེའུ་དགུ་པ་དང་ཆ་མཐུན་པས་ངེས་པ་བསྐྱེད་པས་བཤད་པའི་རྒྱུད་དོ། །གཞུང་གི་དོན་ལ་ཞུས་པ་ནི། ལྷ་ལགས་ཞེས་བྱ་བ་ལ་སོགས་པ་ཤླཽ་ཀ་གཅིག་གོ །བཅོམ་ལྡན་ཞེས་བྱ་བ་ནི་མཉན་པར་གདམས་པའོ། །གྲུ་གསུམ་ཞེས་བྱ་བ་ཤླཽ་ཀ་གཉིས་ཀྱིས་བཏུ་བའི་གཞི་དང་བཏུ་བའི་ཆོ་ག་སྟོན་ཏོ། །ཆོས་འབྱུང་གི་ནང་དུ་པདྨ་འདབ་མ་བརྒྱད་པ་བྱས་ལ་སྡེ་ཚན་བརྒྱད་བཀོད་པ་ལས་བཏུ་བའོ། །འདིར་བདག་མེད་མ་ལྷ་མོ་བཅོ་ལྔའི་ས་བོན་གྱི་ཚུལ་དུའང་ལྟེ་བར་དགོད་དགོས་པར་མཐོང་ངོ༌། །དང་པོ་གཉིས་པ་ཞེས་བྱ་བ་ལ་སོགས་པ་ནི། སྤྱིར་དང་པོ་ཞེས་བྱ་བ་ཕལ་ཆེར་ཀ་ཚན་ལ་འབྱུང༌། རེས་འགའ་སྐབས་སུ་ཨ་ཚན་ལ་བྱ་སྟེ། དེ་ནས་བགྲངས་པའི་གཉིས་པ་ལ་སོགས་པ་བྱས་པ་ཡོད་དེ་སྐབས་ཀྱི་བླ་མའི་མན་ངག་གི་རིམ་པས་རིག་པར་བྱའོ། །ཡི་གེའི་དོན་ནི་ཕལ་ཆེར་གོ་སླའོ། །དང་པོར་རྣམ་སྣང་ཞེས་བྱ་བ་ལ་སོགས་པས་ནི་དྲག་པོའི་སྔགས་བདུན་བཏུ་བའོ། །བརྒྱད་ཀྱི་གཉིས་ཞེས་བྱ་བ་ལ་སོགས་པས་ནི་གོང་དུ་བསྟན་པའི་རིགས་བཞི་དང་ཡུམ་བཞི་ལས་ལྷག་མར་གྱུར་པ་བཏུས་པའི་དཀྱིལ་འཁོར་གྱི་སྔགས་བཏུ་བ་སྟོན་ཏོ། །དེ་ལ་བརྒྱད་གཉིས་ཞེས་བྱ་བ་ནི་ལྷ་མོ་བཅུ་དྲུག་ལ་ཨཱ་ལི་བཅུ་དྲུག་གོ །བརྒྱད་པ་ནི་ཡ་ཚོགས་བརྒྱད་པའོ། །དེའི་བརྒྱད་པ་ནི་ཧའོ། །དེས་སྔགས་ཐམས་ཅད་ལ་སྤེལ་ཞེས་བྱ་བ་ནི་ངེས་པ་སྟེ་བརྟག་པ་བརྒྱད་པ་ལས་གསལ་བར་འགྱུར་རོ། །ཧ་དེ་ལ་ཐིག་ལེ་སྦྱིན་པ་ནི་དྲི་མེད་ཅེས་པ་སྟེ་ཧཾ་ཞེས་བྱ་བའི་དོན་ཏོ། །འོ་ན་སྒོ་སྲུང་རྣམས་ལ་ཨཱ་ལི་མེད་ན། ཇི་ལྟར་བྱ་སྙམ་པ་ལ་ལས་གྱི་ས་བོན་ཞེས་སྨོས་ཏེ། བཛྲ་ཨྃ་ཀུ་ཤ་ཛཿ ཞེས་བྱ་བ་ལ་སོགས་པ་བཞིའོ། །འདི་བཞི་དང་ཧྃ་དང་ལྡན་པར་བཤད་དོ། །འོན་ཏེ་དྲག་མོ་ལྷ་ལ་སོགས་པའི་ལྷ་མོ་བརྒྱད་ཨཱ་ལི་བརྒྱད་ལས་ཡིན་ན། མེ་ཏོག་ལ་སོགས་པ་བརྒྱད་ཀྱི་གང་ཞེ་ན། མ་ནིང་ཞེས་བྱ་བ་ལ་སོགས་པ་སྔགས་སོ། །མེ་ཏོག་ཅེས་བྱ་བ་ལ་སོགས་པ་ལྷ་སྟེ་གོ་སླའོ། །བརྒྱད་ཀྱི་གཉིས་ཞེས་བྱ་བ་འདི་ལ་ཁ་ཅིག་གིས་ཀྵ་བཏུ་ཞེས་བྱ་བ་ལ་སོགས་པས་སྣ་ཚོགས་སུ་བཤད་དེ། དེ་ལྟར་མ་ཡིན་ཏེ་བརྟག་པ་བརྒྱད་པ་ལས་རབ་ཏུ་གསལ་བར་བཤད་པའི་ཕྱིར་རོ། །དེ་ནས་ལས་རྣམས་ཀུན་བྱེད་པ། །ཞེས་བྱ་བ་ལ་སོགས་པས་རྒྱས་པའི་འཁྲུལ་འཁོར་གསུངས་ཏེ། འདིའི་བརྗོད་པར་བྱ་བའི་དོན་ནི་བསྐྱེད་པའི་རིམ་པ་སྤྱིའོ། །རྗོད་བྱེད་ཀྱི་སྒྲ་ནི་ཡན་ལག་གི་དོན་གྱིས་འཆད་དོ། །མངོན་པར་རྟོགས་པ་ནི་དམན་པ་ལ་མོས་པ་རྗེས་སུ་གཟུང་བའི་དོན་དུ་ལས་ཀྱི་ཚོགས་སོ། །དེའང་ལྷའི་རྣལ་འབྱོར་ལ་གནས་པས་འཁྲུལ་འཁོར་དང་རྫས་དང་སྔགས་ལ་བརྟེན་པའི་ལས་དང་འབྲེལ་ལོ། །རྒྱུད་སྡེ་གཞན་ལ་ཇི་ལྟར་ཕན་འདོགས་པའི་བཤད་པའི་རྒྱུད་ཡིན་ཞེ་ན། སྤྱིར་འདིར་རྒྱུད་སྡེ་བཞི་ཀའི་བཤད་པའི་རྒྱུད་དུ་བྱ་བ་དང༌། རྣལ་འབྱོར་བླ་ན་མེད་པའི་རྒྱུད་རྣམས་ཁོ་ནའི་བཤད་པའི་རྒྱུད་དུ་བྱ་བ་གཉིས་ལས། རྒྱུད་སྡེ་བཞི་ཀའི་དབང་དུ་བྱས་ནས་སྒྲོལ་མ་དང་འབྲེལ་བའི་འཁྲུལ་འཁོར་རྣམས་ནི་སྒྲོལ་མ་རྒྱ་མཚོའི་རྒྱུད་ཆུང་ངུ་ཞེས་བྱ་བ་དང་ཆ་མཐུན་པས་ངེས་པ་བསྐྱེད་པས་བཤད་པའི་རྒྱུད་དེ། རྒྱུད་དེ་རྣལ་འབྱོར་གྱི་རྒྱུད་ཀྱི་ཁོངས་སུ་འདུ་གསུང༌། རྟ་མགྲིན་གྱི་འཁྲུལ་འཁོར་གྱིས་སྡང་པའི་ལས་བསྒྲུབ་པ་ནི་རྟ་མགྲིན་གྱི་རྟོག་པ་ཆུང་ངུ་དང་ཆ་མཐུན། སྟོབས་པོ་ཆེའི་འཁྲུལ་འཁོར་གྱིས་རེངས་པའི་ལས་བསྒྲུབ་པ་ནི་སྟོབས་པོ་ཆེའི་རྟོག་པར་ཁ་བསྐངས་ཏེ། རྒྱུད་གཉིས་པོ་འདི་ནི་སྤྱོད་པའི་རྒྱུད་དང་དགོངས་སོ། །འོད་ཟེར་ཅན་གྱི་འཁྲུལ་འཁོར་རྣམས་ནི། འོད་ཟེར་ཅན་གྱི་རྟོག་པ་དང་ཆ་མཐུན་ཏེ། རྒྱུད་དེ་ནི་བྱ་བའི་རྒྱུད་ཀྱི་ཁོངས་སུ་གཏོགས་པ་ཡིན་ནོ་ཞེས་གསུང༌། སྐྱེས་བུ་ཕྱོགས་ཀྱི་གོས་ཅན་དང་ཚོགས་བདག་གི་འཁྲུལ་འཁོར་ནི་རྒྱུད་དེ་ཀུན་དུ་མ་གསུངས་པས་ཁ་བསྐང་གསུངས་ནི་སུཾ་བྷའི་འཁྲུལ་འཁོར་དང་གོ་ཆའི་འཁྲུལ་འཁོར་ནི་དཔལ་རྡོ་རྗེ་མཁའ་འགྲོའི་ལེའུ་བཅུ་དྲུག་པར་འཁྲུལ་འཁོར་ལ་བརྟེན་པའི་ལས་བསྒྲུབ་པའི་སྐབས་སུ་མ་ཚང་བ་ཁ་བསྐང་བས་བཤད་པའི་རྒྱུད་དོ། །ཡང་དེ་དང་འབྲེལ་པའི་ལྷའི་རྣལ་འབྱོར་བདེ་མཆོག་ཉུང་ངུར་ཆ་མཐུན་པ་དང༌། དེ་ལ་གོ་ཆ་གཉིས་དགོད་པ་དང༌། གོ་ཆའི་སྔགས་བཏུ་བས་གོ་ཆའི་སྒྲུབ་ཐབས་སུའང་འགྱུར་ཏེ། འདི་ནི་ཀུན་སྤྱོད་ལེའུ་བདུན་པར་ཆ་མཐུན་ཞིང༌། ཨ་བྷི་དཱ་ནའི་ལེའུ་ལྔ་བཅུ་རྩ་བརྒྱད་པར་མདོར་བསྡུས་པས་བཤད་པའི་རྒྱུད་དོ། །སྒྲོལ་མའི་འཁྲུལ་འཁོར་ཕྱི་མ་གཉིས་ནི་འདུས་པ་དང་སྒྱུ་འཕྲུལ་དྲྭ་བ་དང༌། གདན་བཞི་དང་རྡོ་རྗེ་མཁའ་འགྲོར་སྒྲོལ་མའི་རྣལ་འབྱོར་གསུངས་ཀྱང་འཁྲུལ་འཁོར་ལ་བརྟེན་པའི་ལས་འདི་མ་གསུངས་པས་མ་ཚང་བ་ཁ་བསྐང་བས་བཤད་པའི་རྒྱུད་དོ་ཞེས་གསུང་ངོ༌། །ཡང་ན་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཁོ་ནའི་བཤད་པའི་རྒྱུད་དུ་བྱས་ན་རྡོ་རྗེ་གུར་དང༌། ཧེ་བཛྲ་དང༌། གདན་བཞི་པ་དང༌། རྡོ་རྗེ་མཁའ་འགྲོ་དང༌། གསང་བ་འདུས་པ་དང༌། བདེ་མཆོག་ཉུང་ངུ་ལ་སོགས་པ་དང༌། རྣམ་སྣང་སྒྱུ་འཕྲུལ་དྲྭ་བ་ལ་སོགས་པ་རྣམས་སུ་སྒྲོལ་མ་དང་འོད་ཟེར་ཅན་ལ་སོགས་པའི་ལྷའི་རྣལ་འབྱོར་གསུངས་ལ། གང་དུ་ལྷའི་རྣལ་འབྱོར་གསུངས་ཀྱང་དེ་དང་རྗེས་སུ་འབྲེལ་བའི་ལས་བསྒྲུབས་ལ་འཁོར་ལོ་མ་གསུངས་པ་དེ་དག་ཐམས་ཅད་དུ་འཁོར་ལོ་འདིས་མ་ཚང་བ་ཁ་བསྐང་བས་དེ་ཐམས་ཅད་ཀྱི་ཐུན་མོང་གི་བཤད་པའི་རྒྱུད་དོ། །ལྷའི་རྣལ་འབྱོར་སོ་སོར་མ་ངེས་པའི་འཁོར་ལོའི་ཕྱོགས་ཀྱི་གོས་ཅན་ལ་སོགས་པ་ཐུན་མོང་གི་འཁོར་ལོ་རྣམས་ནི་རྒྱུད་འདིར་གསུངས་པའི་འཁོར་ལོ་རྣམས་དང༌། དགྲ་ནག་པོ་དང༌། རྡོ་རྗེ་མཁའ་འགྲོ་ལ་སོགས་པར་འཁོར་ལོ་ལ་བརྟེན་ཏེ་ལས་བསྒྲུབ་པ་གསུངས་པ་རྣམས་སུ་མ་ཚང་བ་ཁ་བསྐང་བས་བཤད་པའི་རྒྱུད་དུ་འགྱུར་བ་ཡིན་ནོ། །དེ་ལ་གཞུང་འདིར་ཁ་སྦྱོར་གྱི་འཁྲུལ་འཁོར་བཞི་བཅུ་གཉིས་ཀྱི་ལས་བསྒྲུབ་པ་ཞེས་གསུང་ཡང་གཞུང་ན་དངོས་སུ་འཁོར་ལོའི་རྣམ་པ་མི་འདྲ་བ་སུམ་ཅུ་རྩ་ལྔ་ལས་མི་བཞུགས། དེ་ལས་སྒྲོལ་མའི་འཁྲུལ་འཁོར་གཤམ་མས་ལས་དྲུག་བྱ་བ་དང༌། ཚོགས་བདག་གིས་ཆར་དབབ་བཅད་གཉིས་བྱ་བ་ཡིན་པས་དེ་ལྟར་ལས་བཞི་བཅུ་གཉིས་ཡིན་གསུང༌། རྒྱལ་པོ་ཨིནྡྲ་བྷཱུ་ཏིས་འཁོར་ལོ་སུམ་ཅུ་རྩ་གཉིས་སུ་བསྡུས་ནས་གསུང་ངོ༌། །དེ་ལ་འཁོར་ལོ་རྣམས་ཀྱི་མངོན་པར་རྟོགས་པ་ནི་འདི་ཡིན་ཏེ། རྣལ་འབྱོར་གང་གིས་བྲི་བ་དང༌། ཐབས་ཅི་ལྟ་བུས་བྲི་བ་དང༌། གཞི་གང་ལ་བྲི་བ་དང༌། སྣག་ཚ་དང་སྨྱུག་གུ་གང་གིས་བྲི་བ་དང༌། རྣམ་པ་ཇི་ལྟ་བུ་བྲི་བ་དང༌། བྲིས་ནས་ཇི་ལྟར་བསྒྲུབ་པའོ། །དེ་ལ་དང་པོ་རྣལ་འབྱོར་ནི་སྒྲོལ་མའི་རྣམས་སྒྲོལ་མས་བྲིའོ། །འོད་ཟེར་ཅན་གྱི་རྣམས་འོད་ཟེར་ཅན་གྱི་རྣལ་འབྱོར་གྱིས་བྲི། དེ་བཞིན་དུ་སོ་སོར་ངེས་པ་རྣམས་རང་རང་གི་རྣལ་འབྱོར་གྱིས་བྱས་ལ། སྲུང་བའི་འཁོར་ལོ་ལ་སོགས་པ་ཐུན་མོང་གི་རྣམས་ལྷའི་རྣལ་འབྱོར་གང་ཡང་རུང་བས་བྱའོ། །ཐབས་ཇི་ལྟ་བུས་བྲི་ན། དུས་དང༌། བསམ་པ་དང༌། ཆ་ལུགས་དང༌། ཁ་ལྟ་ཕྱོགས་ཞེས་བྱ་བ་བཞི་དང་ལྡན་དགོས་པ་ལས། གཞུང་ན་གསལ་བ་རྣམས་དེ་བཞིན་ཡིན་ལ། སྤྱིར་ཐམས་ཅད་གཟའ་དང་སྐར་མ་འབྱོར་བའི་དུས་དང༌། ནང་གི་དུས་སྦྱོར་འགྲིག་པའི་དུས་སུ་བྱ། ལས་སོ་སོའང་ཞི་བ་དགོངས་མོ་ཞེས་བྱ་བ་ལ་སོགས་པ་སྦྱིན་སྲེག་གི་སྐབས་སུ་དང་མཐུན་པར་ཤེས་པར་བྱ་སྟེ། དཔེར་ན་ཞི་བ་ལྟ་བུ་དུས་དགོངས་མོ་བསམ་པ་ཞི་བའི་སེམས་ཆ་ལུགས་དཀར་པོ་ཁ་ཤར་ཕྱོགས་སུ་བལྟས་པས་བྲི་ཞེས་བྱ་བ་ལ་སོགས་པ་སྟེ། གཞན་ཡང་དེ་དང་འདྲའོ། །བྲི་བའི་གཞིའང་གཞུང་དུ་གསུངས་པ་རྣམས་ནི་གཞུང་ཉིད་དུ་གསལ། མ་གསུངས་པ་རྣམས་ནི་གྲོ་གའམ་རས་སམ་ཤོག་བུ་གང་ཡང་རུང་བ་ལ་བྲིའོ། །སྣག་ཚ་ནི་གཞུང་དུ་གསུངས་པ་རྡོ་རྒྱུས་ལ་སོགས་པ་རྣམས་ནི་གཞུང་ཉིད་དུ་གསལ་ལ། མ་གསུངས་པ་རྣམས་ཞི་བ་ལ་ཙནྡན། རྒྱས་པ་ལ་དྲི་བཟང་པོ། དབང་ལ་རྒྱ་སྐྱེགས། དྲག་པོ་ལ་ཁྲག་དང་དུག་དང་སྐེ་ཚེ། བསྲུང་བ་ལ་སྐྱེས་པ་བསྲུང་བ་ལ་གུར་གུམ། བུད་མེད་བསྲུང་བ་ལ་གི་ཝང་གིས་བྲི་བར་བྱའོ། །སྨྱུག་གུ་ནི་གསུངས་པ་རྣམས་གཞུང་བཞིན། མ་གསུངས་པ་རྣམས་གང་བདེ་བས་བྲི་བར་བྱའོ། །རྣམ་པ་ནི་གཞུང་ཉིད་དུ་གསལ་ལོ། །བྲིས་ནས་ཇི་ལྟར་བསྒྲུབ་པ་ལ། ཐམས་ཅད་ལ་རབ་ཏུ་གནས་པ་ཇི་ལྟ་བ་བཞིན་བྱས་ཏེ། འཁོར་ལོ་ལ་འཁོར་ལོའི་ཡེ་ཤེས་པ་བསྡུ་བ་དང༌། མིང་ལ་བསྒྲུབ་བྱའི་ལུས་སེམས་གཞུག་པར་བྱ། གཞན་རབ་གནས་རྒྱས་བསྡུས་སྤྱི་དང་འདྲའོ། །དེ་ལྟར་རབ་གནས་ཟིན་པ་དང་ཁ་ཅིག་མཆོད་པའི་ཚུལ་གྱིས་བསྒྲུབ། ཁ་ཅིག་གདགས་པས། ཁ་ཅིག་མནན་པས་འགྲུབ་སྟེ། དེ་ཡང་གཞུང་དུ་གསུངས་པ་རྣམས་ནི་གསུངས་པ་བཞིན་ཡིན་ལ། མ་གསུངས་པ་རྣམས་ལ་ཞི་བ་རྣམས་མཆོད་པའི་ཚུལ་དུ་བསྒྲུབ། སྲུང་བ་མཆོད་པ་དང་གདགས་པའི་ཚུལ། རྒྱས་པ་མཆོད་པས་བསྒྲུབ། དབང་མཆོད་པ་དང་མནན་པས་བསྒྲུབ། དྲག་པོ་མནན་པས་བསྒྲུབ། དེ་ལྟར་བྱས་པས་ལས་ཐམས་ཅད་འགྲུབ་པར་འགྱུར་རོ། །འཁོར་ལོ་བཞི་སྤྱིའི་མངོན་པར་རྟོགས་པའོ། །ཚིག་གི་དོན་ནི་ཕལ་ཆེར་གོ་སླའོ། །བདེ་མཆོག་གི་འཁོར་ལོའི་སྐབས་སུ་འཁོར་ལོ་རྫ་རྔའི་དབྱིབས་སུ་གྱུར་པ་ཞེས་བྱ་བ་ནི་རེའུ་མིག་བཞི་བཅུ་དགུར་གྱུར་པའོ། །རྡོ་རྗེ་དང་པདྨས་མཚན་པ་ནི་དེའི་ཕྱི་རོལ་དུ་ཐུགས་དང་གསུང་དང་སྐུའི་འཁོར་ལོས་མཚན་པའོ། །ལས་ནི་རྡོ་རྗེ་རབ་ཏུ་བསྒོམ་པ་ནི་གནོད་མཛེས་ཕྱག་གཉིས་པའི་ང་རྒྱལ་གྱིས་གནས་པའོ། །ལས་ཀྱི་ཆོ་ག་མཐོང་བས་ཞེས་བྱ་བ་ནི་ལས་བཅུ་གཉིས་གང་བསྒྲུབ་པ་དེ་དང་དེའི་ཉམས་སུ་བླང་བ་བླ་མ་གོང་མས་མཛད་པ་མཐོང་བའོ། །དེ་ཡི་སྔགས་འདི་བཀའ་བསྩལ་པ། །ཞེས་བྱ་བ་ནི་འཁོར་ལོ་ལ་དགོད་པ་དང་བཟླས་པའི་སྔགས་ཏེ། དེ་ལ་འཁོར་ལོ་ལ་དགོད་པའི་ཚུལ་ལ་དཔལ་རྡོ་རྗེ་མཁའ་འགྲོའི་ལེའུ་དགུ་པ་ལས་སྤྱིར་ལས་ཆེན་བཅུ་གཉིས་ལས། འཁོར་ལོའི་ཡི་གེ་དགོད་ཚུལ་བཞིར་བཏུས་པ་དེ་བཞིན་ཡིན་ལ། འདིར་མདོར་བསྡུས་པ་སྦྲུལ་འགྲོས་ཆེན་པོའི་ཡི་གེ་དགོད་པར་བླ་མ་གོང་མ་རྣམས་ཀྱི་དཔེ་ཆུང་ལ་སྣང་སྟེ། དབུས་ཀྱི་ལེ་ཚེ་སྟོང་པ་ལ་སྒྲུབ་བྱའི་མིང་དགོད་པའོ། །འདི་ལས་ཐམས་ཅད་ཅེས་བྱ་བ་ལ་ཆ་ཆེན་བཅུ་གཉིས་བྱེད་ཅེས་བྱ་སྟེ། དབང་དང་དགུག་དང་དབྱེ་བ་དང༌། །གསད་དང་བསྐྲད་པ་ལ་སོགས་དང༌། །རྨུགས་དང་རེངས་པར་བྱ་བ་དང༌། །རྨོངས་དང་དེ་བཞིན་ཕུར་བུས་གདབ། །ཚིག་འཕྲོག་ལྐུགས་པར་གྱུར་པ་དང༌། །འོན་དང་དེ་བཞིན་ལོང་བ་དང༌། །མ་ནིང་ཉིད་དུ་བྱ་བ་དང༌། །གཟུགས་ནི་ཡོངས་སུ་བརྗེ་བ་སྟེ། །ལས་ཆེན་བཅུ་གཉིས་འདི་དག་ནི། དྲན་པས་འགྲུབ་འགྱུར་གདོན་མི་ཟ། །ཞེས་བཤད་དོ། །ཡ་ཚན་བརྒྱད་པའི་ཞེས་བྱ་བ་ལ་སོགས་པས་ནི་གོ་ཆའི་ལས་སྟོན་ཏེ། དང་པོ་ཤླཽ་ཀ་གཅིག་གིས་ནི་སྔགས་བཏུ་བ་སྟོན་ཏེ། ཡ་ཚན་བརྒྱད་པའི་ས་བོན་ནི་ཡི་གེ་ཧའོ། །དེ་ལ་མ་མོ་བཅུ་གཉིས་ནི་དབྱངས་བཅུ་གཉིས་སོ། །དེའི་ཡི་གེ་བར་མ་ནི་རིང་པོ་སྟེ་རིང་པོ་དྲུག་ཕྱིས་པས་ཐུང་ངུ་དྲུག་སྟེ། དེ་ཧེ་རུ་ཀ་ནི་ཧའོ། །དེའི་ཡན་ལག་དྲུག་ཏུ་སྦྱར་བས་ཧ་ཧི་ཧུ་ཧེ་ཧོ་ཧཾ་ངོ༌། །དེ་ལ་རྒྱུད་གཞན་ནས་འབྱུང་བ་ཨོཾ་ན་མ་ཿསྭཱ་ཧཱ་བཽ་ཥ་ཊ་ཧཱུྃ་ཧཱུྃ་ཕཊ་སྦྱར་བས་ཨོཾ་ཧཱ། ན་མ་ཧི་སྭཱ་ཧཱ་ཧུ་བཽ་ཥ་ཊ་ཧེ་ཧཱུྃ་ཧཱུྃ་ཧོ་ཕཊ་ཧྃ་དུ་འགྱུར་རོ། །དེ་དང་དཔའ་བོ་དྲུག་ནི། རྡོ་རྗེ་སེམས་དཔའ་དང༌། རྣམ་པར་སྣང་མཛད་དང༌། འོད་དཔག་མེད་དང༌། མི་བསྐྱོད་པ་དང༌། རིན་ཆེན་འབྱུང་ལྡན་དང༌། དོན་ཡོད་གྲུབ་པ་རྣམས་དང་རིམ་པ་བཞིན་སྦྱར་རོ། །དེ་དྲུག་གོ་ཆར་དགོད་པའི་གནས་ནི་སྙིང་ག་རུ་ནི་ཞེས་བྱ་བ་ལ་སོགས་པ་རྐང་པ་དྲུག་གོ །དེ་ལྟ་བུ་དེ་ལྷའི་རྣལ་འབྱོར་ཇི་ལྟ་བུ་བྱས་ནས་དགོད་སྙམ་པ་ལ། རྡོ་རྗེ་ཕག་མོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གོང་དུ་བསྟན་པའི་ཚུལ་གྱིས་ཚོགས་གཉིས་བསགས་པ་དང༌། སྲུང་འཁོར་སྔོན་དུ་སོང་ནས་ཆོ་ག་གསུམ་ལ་སོགས་པའི་ཚུལ་གྱིས་བསྐྱེད་ནས་དེ་ལ་ཡེ་ཤེས་པ་བཅུག གོ་ཆ་བཅིངས་ནས་དབང་བསྐུར་བ་ཡོངས་སུ་རྫོགས་པར་བྱས་ལ། དེ་ནས་ཡེ་ཤེས་སེམས་དཔའ་ཞེས་བྱ་བ་ལ་སོགས་པས་བགེགས་ཚར་གཅད་པ་བསྟན་ཏོ། །དེ་ལ་གོ་ཆ་དང་སྲུང་འཁོར་དང་བགེགས་ཚར་གཅད་པ་བྱ་སྟེ། གོ་ཆ་ཉིད་བཟླས་པ་བྱས་ན་གོ་ཆའི་སྒྲུབ་ཐབས་སུ་འགྱུར་རོ། །དེ་ལྟར་གོ་ཆའི་རྣལ་འབྱོར་ལ་གནས་ནས་གོ་ཆའི་འཁོར་ལོ་བྲིས་ཏེ་ལས་བསྒྲུབ་པ་བསྟན་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་བཞིན་དུ་གཞན་ལ་མཁའ་འགྲོ་མ་ནི་དཔའ་མོའི་གོ་ཆ་དྲུག་ཀྱང་དགོད་ཅེས་བྱ་སྟེ། འདི་ན་མདོར་བསྡུས་པའི་བཤད་པའི་རྒྱུད་ཡིན་ལ། རྒྱས་པ་དོན་དུ་གཉེར་ན་དཔལ་རྡོ་རྗེ་མཁའ་འགྲོ་དང༌། མངོན་བརྗོད་བླ་མ་དང༌། བདེ་མཆོག་ཉུང་ངུ་ལས་རྒྱས་པར་ཤེས་པར་བྱའོ། །འདིས་ནི་བསྲུང་བའི་ལས་གཙོར་སྟོན་ཏོ། །ཡང་ན་ཞེས་བྱ་བ་ལ་སོགས་པས་འཁོར་ལོ་འདི་སྒོ་དང་བྲལ་བ་ལས་གཞན་བསྒྲུབ་པ་སྟོན་ཏོ། །དེ་ནས་གཞན་ཡང་ཞེས་བྱ་བ་ལ་སོགས་པས་སྒྲོལ་མའི་འཁོར་ལོ་གཉིས་སྟོན་ཏེ་གོ་སླའོ། །བརྟག་པ་བདུན་པའི་རབ་ཏུ་བྱེད་པ་གསུམ་པའི་བཤད་པའོ།། །།རབ་གནས་མཚན་ཉིད་བཟང་པོ་ནི་ཞེས་བྱ་བ་ལ་སོགས་པས་ནི་རབ་གནས་དང་འབྲེལ་པར་སའི་ཆོ་ག་དང་སྦྱིན་སྲེག་སྟོན་ཏེ། འདིའི་བརྗོད་པར་བྱ་བའི་དོན་ལ་སོགས་པ་གང་ཡིན་ཞེ་ན། བརྗོད་པར་བྱ་བའི་དོན་ནི་བསྐྱེད་པའི་རིམ་པ་དང་སྤྱི་ཡིན་ལ། རྗོད་བྱེད་ཀྱི་སྒྲ་ནི་ཡན་ལག་གི་དོན་གྱིས་འཆད་པར་བྱེད་དོ། །མངོན་པར་རྟོགས་པ་ནི་ཐབས་ཀྱི་རྒྱུད། དེ་ལས་ཀྱང་དངོས་གྲུབ་མཐའ་དག་གི་མངོན་པར་རྟོགས་པ། དེ་ལ་དྲུག་ཡོད་པ་ལས་སྐུ་གསུམ་ལ་སོགས་པ་བྱིན་གྱིས་བརླབ་པའི་ཕྱིར་རབ་ཏུ་གནས་པ་དང༌། ལས་མཐའ་དག་བསྒྲུབ་པའི་ཕྱིར་སྦྱིན་སྲེག་དང༌། སའི་ཆོ་ག་ལ་སོགས་པ་བསྟན་པས་དབང་བསྐུར་བ་དང་འབྲེལ་བར་ཡང་འགྱུར་བས་དམ་ཚིག་དང་སྡོམ་པ་ཡང་སྟོན་པ་ཡིན་ནོ། །རྒྱུད་སྡེ་གཞན་གང་གི་བཤད་པའི་རྒྱུད་ཡིན་ན། དཔལ་བརྟག་པ་གཉིས་པའི་ཕྱི་མའི་ལེའུ་དང་པོར་རབ་གནས་ཀྱི་ལེའུར་སྦྱིན་སྲེག་དང་ས་ཆོག་གི་དོན་གསལ་བར་བཤད། ཡང་གོང་དུ་རབ་གནས་བྱེད་པ་གཉིས་པ་དང་འདི་ཕྱོགས་གཅིག་ཏུ་བྱས་ཏེ་ལས་བཞི་བསྒྲུབ་པ་ལ་སོགས་པ་ལའང་བཤད་པས་མི་གསལ་བ་གསལ་བར་བྱེད་པས་བཤད་པའི་རྒྱུད་དོ། །ཡང་དཔལ་རྡོ་རྗེ་མཁའ་འགྲོའི་ལེའུ་བཞི་བཅུ་གསུམ་པ་དང་ཞེ་བརྒྱད་པར་ལས་བཞི་ལ་སོགས་པའི་སྦྱིན་སྲེག་གི་ཆོ་ག་རྒྱས་པར་གསུངས་པ་དང་ཕལ་ཆེར་ཆ་མཐུན་པས་ངེས་པ་བསྐྱེད་ལ། རྒྱུད་དེར་སའི་ཆོ་ག་མ་གསུངས་པས་དེར་མ་ཚང་བ་ཁ་བསྐང་བས་བཤད་པའི་རྒྱུད་ཡིན་ཞིང༌། ཡང་དེར་ས་ཆོག་དང་སྟ་གོན་ལ་སོགས་པ་གོ་རིམ་ཙམ་གསུངས་པ་དེ་མི་གསལ་བ་གསལ་བར་བྱེད་པས་བཤད་པའི་རྒྱུད་དོ། །ཡང་དཔལ་རྡོ་རྗེ་མཁའ་འགྲོ་དེ་ཉིད་ཀྱི་ལེའུ་བཞི་བཅུ་ལྔ་པར་སློབ་མ་དབང་བསྐུར་བའི་སྐབས་སུ་སའི་ཆོ་ག་ལ་སོགས་པ་གསུངས་པ་དང༌། འདིར་སྦྱིན་སྲེག་གི་སྐབས་སུ་གསུངས་པ་གཉིས་ཆོ་གའི་གནས་སྐབས་ཚུལ་མི་འདྲ་ཡང༌། ཆོ་ག་རང་གི་ངོ་བོ་འདྲ་བས་གནས་སྐབས་གསུམ་ཀར་འབྲེལ་ལོ། །ཞེས་མི་གསལ་བ་གསལ་བར་བྱེད་པས་བཤད་པའི་རྒྱུད་དོ། །འདིར་ནི་སངས་རྒྱས་མཉམ་སྦྱོར་གྱི་ཆོ་ག་གསུམ་པོ་དེར་ཡང་མི་གསལ་བ་གསལ་བར་བྱེད་པས་བཤད་པའི་རྒྱུད་དུའང་འགྱུར་རོ། །མེའི་ལྷའི་ཁྱད་པར་ཞལ་གསུམ་པར་མཁའ་འགྲོར་གསུངས་ལ། འདིར་ཞལ་བཞི་པར་གསུངས་པ་ལ་སོགས་པ་ཁྱད་པར་འགའ་ཞིག་ཚུལ་མི་འདྲ་བས་བཤད་པའི་རྒྱུད་དུའང་འགྱུར་རོ། །ཡང་རྡོ་རྗེ་གུར་གྱི་ལེའུ་བརྒྱད་པ་དང་བཅུ་བཞི་པར་སྦྱིན་སྲེག་གསུངས་པའི་དོན་དང༌། ས་ཆོག་ཀྱང་མི་གསལ་བ་གསལ་བར་བྱེད་པས་བཤད་པའི་རྒྱུད་ཡིན་ལ། མེའི་ལྟས་བརྟག་པ་ལ་སོགས་པའི་མ་ཚང་བ་ཁ་བསྐང༌། ཐབ་ལ་སོགས་པ་གཞན་དག་མདོར་བསྡུས་པས་བཤད་པའི་རྒྱུད་དོ། །ཡང་རྣམ་སྣང་ལ་མངོན་པར་བྱང་ཆུབ་པའི་རྒྱུད་དུ་མེ་ལྷ་བཞི་བཅུ་རྩ་གཉིས་ཚིམ་པར་བྱ་བར་གསུངས་པ་འདིར་པ་པཱ་ཀའི་མེ་ཞེས་བྱ་བ་གཅིག་ཏུ་བསྡུས་ཏེ་གསལ་བར་བཤད་དོ། །མདོར་ན་རྒྱུད་སྡེ་བཞི་ཀའི་སྦྱིན་སྲེག་གི་སྐབས་གསལ་བར་སྟོན་ཀྱང་ཁྱད་པར་དུ་བླ་ན་མེད་པའི་རྒྱུད་གང་དང་གང་དུ་སྦྱིན་སྲེག་དང་ས་ཆོག་མ་གསུང་པ་རྣམས་སུ་མ་ཚང་བ་ཁ་བསྐང་གསུངས་པ་རྣམས་གསལ་བར་བྱེད་པས་ཐུན་མོང་གི་བཤད་པའི་རྒྱུད་དུ་འགྱུར་རོ། །གཞུང་གི་དོན་ལ་ཞུས་པ་དང༌། མཉན་པར་གདམས་པ་དང༌། དོན་དངོས་སོ། །དང་པོ་ནི་རབ་གནས་ཞེས་བྱ་བ་ལ་སོགས་པ་སྟེ་རབ་ཏུ་གནས་པ་ནི་སྐུ་གཟུགས་གང་ཞིག་ཐ་མལ་པའི་རང་བཞིན་དུ་གནས་པ་དེ་ཡེ་ཤེས་པར་བྱིན་གྱིས་བརླབ་པའོ། །དེའི་མཚན་ཉིད་བཟང་པོ་ནི་བཟང་པོ་དྲུག་དང་ལྡན་པ་སྟེ། རྟེན་བཟང་པོ་དང༌། སློབ་དཔོན་བཟང་པོ་དང༌། དུས་བཟང་པོ་དང༌། གནས་བཟང་པོ་དང༌། ཡོ་བྱད་བཟང་པོ་དང༌། ཆོ་ག་བཟང་པོའོ། །དེ་རིམ་པ་ཇི་ལྟ་བ་ནི་དེའི་ཆོ་ག་ཇི་ལྟར་བྱ་ཞེས་ཞུ་བའོ། །བཟླས་པ་དང་བསམ་གཏན་ཞེས་བྱ་བ་ནི་ཞར་ལས་བྱུང་བ་ནི་བསམ་གཏན་ལ་བརྟེན་པའི་ལས་ཇི་ལྟ་བུ་ཞེས་ཞུ་བའོ། །མཉན་པར་གདམས་པ་ནི་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྟེ། བསམ་གཏན་ལས་ཞེས་བྱ་བ་འོག་ནས་འབྱུང་བའི་བསམ་གཏན་ལས་ཀྱིས་ལས་ཀུན་འགྲུབ་ཅེས་བྱའོ། །འདིར་འདི་སྐད་ཅེས་རྣམ་པར་རྟོག་པས་བརྒལ་བ་དང་དེའི་ལན་གདབ་པར་བྱ་དགོས་སོ། །གལ་ཏེ་གོང་དུ་རབ་གནས་ཞེས་ཞུས་པ་དང༌། བཅོམ་ལྡན་རྡོ་རྗེ་སྙིང་པོ་བདག །ཅེས་ཞུ་བ་པོ་ཞེས་རྡོ་རྗེ་སྙིང་པོས་ཞུས་ལ། ལན་དུ། བསམ་གཏན་ལས་ཆོ་ག་ཇི་ལྟ་བར། །བཤད་པར་བྱ་ཡིས་ལྷ་མོ་ཉོན། །ཞེས་བརྒལ་བ་དང༌། ལན་དངོས་ཀྱི་སྐབས་སུ་སའི་ཆོ་ག་དང་སྦྱིན་སྲེག་གསུང་པ་འདི་ཚིག་དང་དོན་གཉིས་ཀ་འགལ་བར་གྱུར་ཏོ་སྙམ་དུ་རྒོལ་བའོ། །དེའི་ལན་ནི་ཞུ་བ་པོ་དང་མཉན་པར་གདམས་པ་འགལ་བ་ཡོད་པ་མ་ཡིན་ཏེ། རྡོ་རྗེ་སྙིང་པོ་བདག་ནི་རྡོ་རྗེ་སྙིང་པོའི་བདག་པོ་ཞེས་བཅོམ་ལྡན་འདས་ལ་ལྷ་མོ་ཉིད་ཀྱིས་བོས་པའོ་ཞེས་གསུང་ངོ༌། །ཡང་རྡོ་རྗེ་སྙིང་པོ་ཉིད་ཀྱིས་ཞུས་ཀྱང་ལྷ་མོ་ལ་མཉན་པར་གདམས་པ་འགལ་བ་མེད་དེ། དཔེར་ན་འཇིག་རྟེན་མི་གཅིག་གིས་མི་ཞིག་ལ་གཏམ་གཅིག་དྲིས་པའི་ཚེ། གཏམ་དེ་དགོས་པ་མི་གཞན་དག་ལ་ཉོན་ཅིག་ཅེས་འབྱུང་བ་མཐོང་ངོ༌། །དེ་བཞིན་དུ་འདིར་ཡང་རྡོ་རྗེ་སྙིང་པོས་ཞུས་ཀྱང་རབ་ཏུ་བྱེད་པ་འདིས་དཔལ་རྡོ་རྗེ་མཁའ་འགྲོའི་བཤད་པའི་རྒྱུད་དུ་འགྱུར་བས། རྡོ་རྗེ་མཁའ་འགྲོའི་ཞུ་བ་པོ་ནི་ལྷ་མོ་འོད་ཟེར་ཅན་ཡིན་པ་དེས་ན་དེ་ལ་ཕན་པའི་ཕྱིར་ལྷ་མོ་ཉོན་ཞེས་བྱའོ། །རབ་གནས་ཞུས་པ་ལ་བསམ་གཏན་དང་ས་ཆོག་ཀྱང་འགལ་བ་ཡོད་པ་མ་ཡིན་ཏེ། རབ་གནས་མཚན་ཉིད་བཟང་པོ་ཉིད་ལ་དཀྱིལ་འཁོར་དང་སྦྱིན་སྲེག་དགོས་སོ། །དེས་ན་དཀྱིལ་འཁོར་གྱི་སའི་ཆོ་ག་དང་སྦྱིན་སྲེག་གོང་དུ་མ་བསྟན་པ་དེ་འདིར་བསྟན་པར་བྱའི། དཀྱིལ་འཁོར་དང་རབ་ཏུ་གནས་པ་དངོས་ནི་གོང་དུ་དབང་བསྐུར་བའི་སྐབས་དང༌། བསྐྱེད་པའི་རིམ་པ་ཉིད་ཀྱིས་ཤེས་པར་ནུས་སོ་ཞེས་དགོངས་སོ། །དེ་ལྟར་སློབ་དཔོན་དག་གིས་ཀྱང་བཤད་པ། དཀྱིལ་འཁོར་སྦྱིན་སྲེག་མ་གཏོགས་པར། །རབ་གནས་འདིར་ནི་བསྟན་ཡོད་མིན། །ཞེས་ཀྱང་རྟོགས་པར་བྱའོ། །ལན་གྱི་དོན་དངོས་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི་དེ་ལ་དང་པོ་སྦྱང་བ་ཞེས་བྱ་བ་ནས་དཀྱིལ་འཁོར་བྲི་བར་བྱ་ཞེས་བྱ་བའི་བར་གྱིས་སོ། །ཁྲོ་བོ་ཞེས་བྱ་བ་ལ་སོགས་པ་ནས་རྒྱས་པར་འཆད་དོ། །འདི་ལ་གསུམ་སྟེ། སའི་ཆོ་ག་དང༌། དཀྱིལ་འཁོར་དང༌། སྦྱིན་སྲེག་གི་ཕྱིར་རིག་མ་གཞུག་པ་དང༌། དཀྱིལ་འཁོར་དང་འབྲེལ་པར་སྦྱིན་སྲེག་གི་ཆོ་གའོ། །འདི་དག་ཀྱང་གོང་དུ་རབ་ཏུ་བྱེད་པ་གཉིས་པར་དང་པོར་སྔགས་པས་འབུམ་བཟླས་པ་བྱ་བ་ལ་སོགས་པ་ཤླཽ་ཀ་ཕྱེད་དང་གསུམ་གྱིས་དོན་དང་འབྲེལ་པ་ཅན་དུ་ཤེས་པར་བྱས་ལ་ཡན་མན་དུ་སྦྱར་བར་བྱའོ། །དེ་ལ་དང་པོའི་ཆོ་ག་ལའང་གསུམ་སྟེ། ས་ཡོངས་སུ་གཟུང་བ་དང༌། སའི་ལྷ་མོ་མཁྱེན་པར་གསོལ་བ་དང༌། དཀྱིལ་འཁོར་བྱུག་ཅིང་བདུག་པ་བྱ་བའོ། །དང་པོ་ནི་ཁྲོ་བོ་ཞེས་བྱ་བ་ལ་སོགས་པ་སྟེ། འདིའང་སྔོན་དུ་བསྙེན་པ་ནི་དང་པོ་སྔགས་པས་འབུམ་བཟླས་ཏེ་ཞེས་བྱ་བས་སོ། །དེའི་རྗེས་ལ་ས་བརྟག་པ་དང༌། བསླང་བ་དང༌། སྦྱང་བ་གསུམ་ལ་གཉིས་གཉིས་སུ་ཕྱེ་བའི་ཆོ་ག་དྲུག་སྔོན་དུ་སོང་བས་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་ཆོ་གའི་སྤྱིའི་ལུགས་སོ། །དེ་ནས་དཀྱིལ་འཁོར་གྱི་དབུས་སུ་གནས་ལ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་རྫོགས་པར་བསྒོམས་ཏེ། ཕྱོགས་བཞི་ནས་སློབ་མས་དཀྱིལ་འཁོར་བྲི་བའི་ཕྱིར་གསོལ་བ་བཏབ་སྟེ། དེའི་རྗེས་ལ་རང་གི་དཀྱིལ་འཁོར་ནམ་མཁའ་ལ་བཏེག་སྟེ་རང་ཕྱག་གཉིས་པའི་ང་རྒྱལ་དུ་གནས་པ་ནི་རྡོ་རྗེ་སེམས་དཔར་སྙེམས་བྱས་སོ། །དེ་ནས་ཧཱུྃ་ཞེས་བརྗོད་པ་ཙམ་གྱིས་འཇིག་རྟེན་གསུམ་རྒྱལ་དུ་གྱུར་པར་བསྒོམ་པ་ནི་ཁྲོ་བོ་ཞེས་བྱ་བ་ལ་སོགས་པའོ། །དེ་ནས་སངས་རྒྱས་ཐམས་ཅད་ལ་གསོལ་བ་གདབ་པ་ནི། ཁྲོ་བོའི་སྤྲིན་ཕྱུང་སྟེ་ཞེས་བྱ་བ་ལ་སོགས་པའོ། །དེ་ནས་སངས་རྒྱས་ཐམས་ཅད་ཀྱིས་བདག་ལ་བྱིན་གྱིས་བརླབ་པ་ནི་དེ་ནས་དེ་བསྡུས་ཏེ་ཞེས་བྱ་བ་ལ་སོགས་པའོ། །དེ་ནས་རྣམ་ལྔའི་འདོད་པ་བསྐོར་པས་རིམ་གྱིས་ལངས་ཏེ། གར་བླང་བ་དང་འགྱིང་བཙལ་བ་ལ་སོགས་པ་བྱས་ལ། མིག་གཉིས་ཉི་མ་དང་ཟླ་བ་བྱིན་གྱིས་བརླབས་ལ་ཁྲོ་བོའི་ལྟ་བས་བལྟས་ཏེ་བགེགས་བསྲེག་པ་དང་གསོ་བར་ཡང་བྱས་ལ་རྐང་པ་བྱིན་གྱིས་བརླབ་པ་ནི་རྐང་པའི་མཐིལ་ཞེས་བྱ་བ་ལ་སོགས་པའོ། །དེ་ནས་དཀྱིལ་འཁོར་གྱི་དབུས་སུ་དེ་ནས་དགའ་བས་ཡོངས་སུ་འགྱུར་བའི་འགྲོས་ཀྱིས་དབང་ལྡན་གྱི་མཚམས་སུ་སོང་ལ་བགེགས་རྣམས་ལ་བཀའ་བསྒོས་ཏེ་བསྐྲད་པ་ནི་ལྷ་དང་ལྷ་མ་ཡིན་ཞེས་བྱ་བ་ལ་སོགས་པའོ། །དེ་ནས་ཞི་བའི་འགྲོས་དང་ཁྲོ་བོའི་འགྲོས་ཀྱིས་དཀྱིལ་འཁོར་ལ་ལན་རེ་རེའམ་ལན་གསུམ་གསུམ་དུ་བསྐོར་བ་ནི་རྡོ་རྗེ་ཆེན་པོ་ལག་པར་བཟུང་བས་ཞེས་བྱ་བ་ལ་སོགས་པའོ། །དེ་ནས་ཡང་རྐང་པའི་དགོད་པ་ཅི་གསུང་པ་དང་ཞེས་མདོར་བསྟན་གྱི་སྐབས་སུ་བསྟན་པ་དང༌། གོང་དུ་རབ་ཏུ་བྱེད་པ་གཉིས་པར་ཡང༌། གཡས་བརྐྱང་བ་དང་གཡོན་བརྐྱང་ཉིད། །ཅེས་བྱ་བ་ལ་སོགས་པ་གསུངས་པ་དེ་སྐབས་འདིར་འཇུག་པས། འོག་ཏུ་རྒྱུད་ཕྱི་མ་ནས་འབྱུང་བ་དང༌། རྣམ་སྣང་སྒྱུ་འཕྲུལ་དྲྭ་བ་ནས་འབྱུང་བ་རྣམས་རྟོག་པ་གཅིག་ཏུ་བྱས་ལ། རྐང་སྟབས་དང་ལག་སྟབས་རྣམས་མདོར་བསྡུས་པའམ་རྒྱས་པར་བྱ་བ་རང་གི་བློ་གྲོས་ཀྱི་སྒོ་ནས་སྐབས་འདིར་བྱའོ། །དེ་ལྟར་ན་ས་ཡོངས་སུ་བཟུང་བ་ཡིན་ནོ། །དེ་ནས་བགེགས་རྣམས་ལ་ཕུར་བུས་གདབ་པ་ལ་སོགས་པའི་སྒོ་ནས་ས་བསྲུང་བའམ་ཚུལ་ཇི་ལྟ་བ་བཞིན་བྱའོ། །དེ་ནས་སའི་ལྷ་མོ་ཞེས་བྱ་བ་ལ་སོགས་པས་ནི་སའི་ལྷ་མོ་མཁྱེན་པར་གསོལ་ཏེ། འདི་ནི་ས་བསླང་བར་ཡང་འགྱུར་ལ་ལྷག་པར་གནས་པར་ཡང་འགྱུར་བས་ཐུན་མོང་བའོ། །བླ་མ་ལ་ཕྱག་འཚལ་ནས་སྔགས་ཀྱི་མཁན་པོ་ལ་ཕྱག་བཙལ་ཏེ་ཞེས་བྱ་བ་འདིས་ཅི་སྟོན་ཞེ་ན། བདག་གི་རྣལ་འབྱོར་གྱི་སྔོན་དུ་ཚོགས་བསགས་པ་སྟོན་ཏོ། །ཞེས་གསུང་ངོ༌། །ལྷག་མ་ནི་གོ་སླ་བ་ཉིད་དོ། །ས་བྱུག་པའི་ཕྱིར་ཞེས་བྱ་བ་ལ་སོགས་པས་ནི། དཀྱིལ་འཁོར་བྱུགས་ཏེ་བདུག་པ་སྟོན་ཏོ། །འདིས་ཅི་ཞིག་ལ་དགོངས་ཤེ་ན། བསླངས་པའི་ས་ལེགས་པར་སྦྱངས་པའི་རྗེས་ལ་བྱུག་པ་དང༌། ལྷ་ལྷག་པར་གནས་པར་བྱ་བའི་ཕྱིར་བྱུག་པ་དང༌། དཀྱིལ་འཁོར་ཆེན་པོ་བྲི་བའི་ཕྱིར་བྱུག་པ་སྟེ། གནས་སྐབས་གསུམ་ཆར་དུ་འཇུག་གོ །དེ་ལ་དབུས་སུ་ཕྱག་རྒྱ་བཞག་པ་ཞེས་བྱ་བ་ལ་སོགས་པས་ནི་དཀྱིལ་འཁོར་དང་སྦྱིན་སྲེག་གི་ཕྱིར་རིག་མ་གཞུག་པ་སྟོན་ཏོ། །གོང་དུ་རབ་ཏུ་བྱེད་པ་གཉིས་པར་ཡང་ནི་ཕྱི་ནས་རིག་མ་གཞུག་ཅེས་བྱ་བ་ལ་སོགས་པའི་རྒྱས་པར་བཤད་པར་འགྱུར་རོ། །འདིས་ཅི་ཞིག་སྟོན་ཞེ་ན། རབ་གནས་ཀྱི་ཕྱིར་རམ་དམ་ཚིག་གི་ཕྱིར་དཀྱིལ་འཁོར་བསྒྲུབ་པའི་རྟེན་ལས་ཀྱི་ཕྱག་རྒྱ་བྱིན་གྱིས་བརླབ་པ་དང་བཅས་པ་སྟོན་པ་དང༌། ཡང་སྦྱིན་སྲེག་གི་དཀྱིལ་འཁོར་བསྒྲུབས་པས་ལས་ཀྱི་ཕྱག་རྒྱ་ལ་བརྟེན་ཏེ་ཆགས་ཅན་རྣམས་ཀྱིས་བསྒྲུབ་པར་བྱའོ་ཞེས་བྱ་བ་འདིས་སྟོན་པར་བྱེད་དོ། །ཚིག་གི་དོན་ཕལ་ཆེར་གོ་སླའོ། །དེ་ལྟར་ན་སྦྱིན་སྲེག་གི་ས་སྦྱང་བ་བྱས་པ་ཡིན་ནོ། །ཞེས་བྱ་བ་ཆོ་ག་འདིས་སྦྱིན་སྲེག་གི་ཐབ་ཀྱི་ལྷ་བསྐྱེད་པ་ཉིད་ལ་ས་སྦྱང་བ་ཞེས་བྱ་བའམ། ཡང་ན་བླ་ན་མེད་པའི་སྦྱིན་སྲེག་ནི་བདེ་བ་ཆེན་པོའི་ཡེ་ཤེས་ཡིན་ལ། དེའི་ས་སྦྱང་བ་ནི་ལས་ཀྱི་ཕྱག་རྒྱ་བྱིན་གྱིས་བརླབ་པ་ཉིད་ཡིན་པས་དེ་ལ་དེ་སྐད་ཅེས་བྱའོ། །དཀྱིལ་འཁོར་གྱི་ཆོ་ག་ལའང་ཞེས་བྱ་བ་ནི་དམ་ཚིག་དབང་བསྐུར་བའི་དཀྱིལ་འཁོར་ལའོ། །དཀྱིལ་འཁོར་གྱི་ཕྱིར་སྦྱིན་སྲེག་གི་ཆོ་ག་ཞེས་བྱ་བ་ལ་སོགས་པ་ལ་བཞི་སྟེ། དམ་བཅའ་བ་དང༌། དཀྱིལ་འཁོར་གྱི་རབ་ཏུ་དབྱེ་བ་དང༌། དེ་དང་འབྲེལ་པའི་ཐབ་ཁུང་གི་རབ་ཏུ་དབྱེ་བ་དང༌། སྦྱིན་སྲེག་གི་ཆོ་ག་དངོས་སོ། །དང་པོ་ནི་དཀྱིལ་འཁོར་གྱི་ཕྱིར་ཞེས་བྱ་བ་ནི་མ་གྲུབ་པ་གྲུབ་པར་བྱེད་པའི་ཕྱིར་དཀྱིལ་འཁོར་ལ་སྦྱིན་སྲེག་དགོས་སོ། །ཞེས་བྱ་བའི་དོན་ཏོ། །གཉིས་པ་དཀྱིལ་འཁོར་གྱི་དབྱེ་བ་ནི་གང་ལ་གསང་བ་ཆོས་ཀྱི་ཞེས་བྱ་བ་ལ་སོགས་པ་སྟེ། རྒྱུད་ཕྱི་མ་ལས། དཀྱིལ་འཁོར་ལུས་སུ་གསུངས་པ་དེ། །དཀྱིལ་འཁོར་བྷ་གར་བརྗོད་པ་ཉིད། །དཀྱིལ་འཁོར་ཡང་ནི་བྱང་ཆུབ་སེམས། །དཀྱིལ་འཁོར་གསུམ་ཡང་བརྟག་པར་བྱ། །ཞེས་བྱ་བ་འདིས་གསང་བ་ཆོས་ཀྱི་དཀྱིལ་འཁོར་གསུམ་མོ། །ཕྱི་རོལ་གྱི་དཀྱིལ་འཁོར་ཞེས་བྱ་བ་ནི་བསྐྱེད་པ་རྡུལ་ཚོན་གྱི་དཀྱིལ་འཁོར་རོ། །ཆོ་ག་འདིས་ཐིག་གདབ་པར་བྱ་ཞིང་ཞེས་བྱ་བ་ནི་སྦྱིན་སྲེག་གི་ཆོ་གས་སྦྱངས་པས་དཀྱིལ་འཁོར་བྲི་ཞེས་བྱ་བའམ། ཡང་ན་གོང་དུ་བསྟན་པའི་ལས་ཀྱི་ཕྱག་རྒྱའི་ཆོ་གས་དཀྱིལ་འཁོར་བྲིས་པ་བསྒྲུབ་པ་ཉིད་ལ་ཐིག་གདབ་པ་ཞེས་བྱའོ། །དེ་བཞིན་དུ་གསང་བ་ཆོས་ཀྱི་དཀྱིལ་འཁོར་གསུམ་པོའང་ཤེས་པར་བྱའོ། །དེ་ལྟར་དཀྱིལ་འཁོར་ལ་དབྱེ་བ་ཡོད་པ་བཞིན་སྦྱིན་སྲེག་ལའང་དབྱེ་བ་ཡོད་དོ་ཞེས་བསྟན་པའི་ཕྱིར་རྡུལ་ཚོན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱིའི་དཀྱིལ་འཁོར་ལ་ནི་ཕྱིའི་སྦྱིན་སྲེག་ཡིན་ལ། གསང་བའི་དཀྱིལ་འཁོར་གསུམ་ལ་ནི་ནང་གི་སྦྱིན་སྲེག་དང༌། བླ་ན་མེད་པའི་སྦྱིན་སྲེག་གཉིས་ཅིག་ཅར་དུ་འཇུག་གོ །དེ་ལྟར་སྦྱིན་སྲེག་ལ་དབྱེ་བ་ཡོད་པ་ཉིད་ཀྱི་ཐབ་ཁུང་ལའང་དབྱེ་བ་ཡོད་པས་འདི་སྐད་དུ་ཞེས་བསྟན་ཏོ། །སྣ་ཚོགས་ལས་ནི་ཞེས་བྱ་བ་ལ་སོགས་པས་སྦྱིན་སྲེག་གི་ཆོ་ག་དངོས་བསྟན་ཏེ། འདི་ལ་གཉིས། དགོས་པ་དང༌། ཆོ་གའོ། །དང་པོ་ནི་སྣ་ཚོགས་ལས་ནི་ཞེས་བྱ་བ་ལ་སོགས་པ་རྐང་པ་བཅུ་སྟེ། འདི་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱི་ཐུན་མོང་སྟེ། མུ་སྟེགས་ཀྱི་གཞུང་ནས་རྣལ་འབྱོར་བླ་ན་མེད་པའི་བར་དུ་གསུངས་སོ། །གཉིས་པ་ཆོ་ག་ལ་གཞུང་ནི་དུམ་བུར་གནས་ཀྱང་དོན་གྱིས་གསུམ་དུ་དགོས་ཏེ། སྦྱོར་བ་དང༌། དངོས་གཞི་དང༌། རྗེས་ཀྱི་བྱ་བའོ། །སྤྱིར་སྦྱོར་བ་ལ་དོན་དྲུག་ཚང་དགོས་པ་ལས འདིར་གཙུབས་པ་ལས་ནི་ཞེས་བྱ་བ་ལ་སོགས་པ་ཤླཽ་ཀ་གཅིག་གིས་མེ་བསྟན། ཟླུམ་པོ་དང་ནི་ཞེས་རྐང་པ་བདུན་གྱིས་ཐབ་བསྟན། སྦྱིན་སྲེག་དེ་ཉིད་ཅེས་རྐང་པ་ལྔས་སྒྲུབ་པ་པོ་བསྟན་ཏེ། འདི་ལའང་ཁ་ལྟ་ཕྱོགས་དང༌། ཆ་ལུགས་དང༌། འདུག་སྟངས་དང༌། བསམ་པ་སྟེ་ཁྱད་པར་བཞི་དང་ལྡན་དགོས་སོ། །གཡས་སུ་སྦྱིན་སྲེག་ཡོ་བྱད་ཅེས་བྱ་བ་ལ་སོགས་པས་བསྲེག་རྫས་དང༌། མཆོད་རྫས་ཀྱི་བཤམ་ཐབས་སྟོན་ཏོ། །ལས་འཇམ་པོ་གསུམ་གྱི་གཞུང་ནས་འབྱུང་བ་བཞིན་ཡིན་ལ། དྲག་པོ་ནི་དེ་ལས་བཟློག་པས་སོ། །བསྲེག་རྫས་དང་བུད་ཤིང་གི་ཁྱད་པར་ནི་རབ་ཏུ་བྱེད་པ་གཉིས་པ་ལ་ལྟོས་ཏེ་འདིར་མ་གསུངས་སོ། །སྤྱིར་སྦྱོར་བའི་ཆོ་གའི་ཁྱད་པར་དངོས་གཞིའི་སྔགས་ཀྱི་སྤེལ་ཚིག་གི་ཁྱད་པར་ནི་རབ་ཏུ་བྱེད་པ་གཉིས་པར་རྒྱས་པར་བསྟན་པ་དེ་འདིར་ཡང་ཤེས་པར་བྱའོ། །དངོས་གཞིའི་ཆོ་ག་ལ་སྤྱིར་ཆོ་ག་བདུན་ཚང་དགོས་ཏེ། དང་པོར་བདག་གི་རྣལ་འབྱོར་དང༌། ཐབ་དང་ཡོ་བྱད་བསང་ཞིང་བྱིན་གྱིས་བརླབ་པ་དང༌། ཀུ་ཤ་དགྲམ་པ་དང༌། ཐབ་ཏུ་མེ་བཙལ་ཞིག་བསྒྲུབ་པ་དང༌། ཐབ་ཁུང་མངོན་པར་འདུ་བྱ་བའི་ཁྱད་པར་དང༌། འཇིག་རྟེན་པའི་མེ་ལྷ་མཆོད་པའི་ཆོ་ག་དང༌། འཇིག་རྟེན་ལས་འདས་པའི་མེ་ལྷ་མཆོད་པའི་ཆོ་གའོ། །དང་པོ་བདག་གི་རྣལ་འབྱོར་ནི་གཞུང་ན་མེད་པས་ཁ་བསྐང༌། གཉིས་པ་ཐབ་དང་ཡོ་བྱད་བསང་ཞིང་བྱིན་གྱིས་བརླབ་པ་ནི་ལས་ཀུན་བྱེད་པས་ཞེས་བྱ་བ་ལ་སོགས་པ་སྟེ། བྱིན་གྱིས་བརླབ་པའི་ཆོ་ག་ནི་སྤྱིའི་ལུགས་བཞིན་ནོ། །གསུམ་པ་ཀུ་ཤ་དགྲམ་པ་ནི་ཐབ་ཁུང་ཀུན་ཏུ་ཞེས་བྱའོ། །ཀུ་ཤ་དགྲམ་པ་འདི་ཁ་ཅིག་གིས་མེ་སྦར་བའི་རྗེས་ལ་བྱས་པ་དག་ཀྱང་ཡོད་དོ། །བཞི་པ་མེ་བཙལ་ཞིང་བསྒྲུབ་པ་ནི་བསྲེག་ཤིང་ལ་མེ་སྦར་ཏེ། ཨོཾ་ཛྭ་ལ་ཛྭ་ལ་རྃ་ཞེས་བྱ་བས་ལན་གསུམ་བསྐོར་བས་དབུས་སུ་གཞུག་སྟེ་བླུགས་གཟར་གྱི་མར་གྱིས་གསོ། རླུང་གཡབ་ཀྱིས་སྦར་བ་ནི་ཁ་བསྐོང་ངོ༌། །ལྔ་པ་ཐབ་ཁུང་མངོན་པར་འདུ་བྱ་བ་ནི། ཐབ་ཁུང་ཧཱུྃ་ལས་དྭངས་ཤིང་ཐོགས་པ་མེད་པ་ལས་དང་མཐུན་པར་བསྐྱེད་པའོ། །དྲུག་པ་འཇིག་རྟེན་པའི་མེ་ལྷ་མཆོད་པའི་ཆོ་ག་ནི། མེ་ནི་འབར་བ་ཞེས་བྱ་བ་ལ་སོགས་པ་སྟེ། དང་པོར་དམ་ཚིག་སེམས་དཔའ་ཆོ་ག་ཡན་ལག་གསུམ་གྱིས་བསྐྱེད་པ་ཁ་བསྐང་ངོ༌། །ཡེ་ཤེས་སེམས་དཔའ་སྤྱན་དྲང་བ་ནི་གཞུང་ན་གསལ་ལ། དེ་ནས་མཆོད་པ་ལྔས་མཆོད་ལ་དང་པོའི་སྲེག་བླུགས་གསུམ་སྦྱིན་ནོ། །དེ་ནས་གཞུང་ནས་འོག་ཏུ་འབྱུང་ཡང་བར་འདིར་མེའི་ལྟས་བརྟག་པ་ཤེས་པར་བྱའོ། །དེ་ནས་བསྲེག་རྫས་གཞན་ཡང་ཇི་ལྟར་འབྱོར་པར་རྫོགས་པར་འབུལ་ལོ། །དེ་ནས་འཇིག་རྟེན་པའི་མེ་ལྷ་སྦར་བའི་རྣམ་པར་ཐིམ་པར་བྱའོ། །བདུན་པ་འདས་པའི་མེ་ལྷ་མཆོད་པ་ནི་རིམ་པའི་སྦྱོར་བ་འདིས་ཞེས་བྱ་བ་སྟེ། ཐབ་ཀྱི་དབུས་དེར་ལྷ་གང་ཡིན་པའི་དཀྱིལ་འཁོར་བསྐྱེད་དེ་ཡན་ལག་བཞི་རྫོགས་པར་བྱས་ལ་མཆོད་པ་སྔོན་དུ་སོང་བས་བསྲེག་རྫས་དབུལ་ཞེས་བྱ་བའི་དོན་ཏོ། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་གཉིས་ཀ་ལ་འབུལ་བའི་སྔགས་ཀྱི་ཁྱད་པར་དང་བསམ་པའི་ཁྱད་པར་ནི་རྒྱས་པར་གོང་དུ་བཤད་ལ། མདོར་བསྡུས་ཏེ་བསྟན་པའི་ཕྱིར་ཨོཾ་དང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གོ་སླའོ། །གཞན་ཡང་ཁ་དང་ལྡན་པའི་ལྷ་ཞེས་བྱ་བ་ནི་གོང་དུ་མེ་ནི་ལྷ་ཡི་ཁ་རུ་གསུངས་ཞེས་བྱ་བའི་རིགས་པས་སོ། །མཆོད་སྦྱིན་དབུལ་བའི་གོ་རིམ་བསྟན་པའི་ཕྱིར་སྦྱིན་སྲེག་ཆོ་གས་ཐམས་ཅད་ལ་ཞེས་གསུངས་ཏེ། ཐོག་མར་མར་གྱི་དགང་བླུགས་གསུམ་དབུལ་བ་ནི་སྤེལ་ཚིག་མི་དགོས་ལ་ལྷག་མ་རྣམས་ལ་དགོས་ཞེས་བྱ་བའི་དོན་ཏོ། །སྦྱིན་སྲེག་ཆོ་གའི་རིམ་པ་འདི་ཞེས་བྱ་བ་འདི་ཤ་ལྔ་བདུད་རྩི་ལྔའི་སྦྱིན་སྲེག་གིས་ལྷག་ཆད་ཁ་བསྐང་བའི་སྦྱིན་སྲེག་ཏུ་འགྱུར་ཞེས་བྱ་བ་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་བསམ་གཏན་ལ་བརྟེན་པའི་ལས་གསུངས་ཏེ། འདིའི་བརྗོད་པར་བྱ་བའི་དོན་ནི་བསྐྱེད་པའི་རིམ་པ་སྤྱིའི་དོན་ཡིན་ལ། རྗོད་བྱེད་ཀྱི་སྒྲ་ནི་གསུམ་ཀ་ཅི་རིགས་པར་འཇུག་ཀྱང་ཡན་ལག་གི་དོན་གྱིས་གཙོ་ཆེར་འཆད་དོ། །མངོན་པར་རྟོགས་པ་ནི་ཐབས་ཀྱི་མངོན་པར་རྟོགས་པ་ལས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མཐའ་དག་གི་མངོན་པར་རྟོགས་པ། དེ་ལའང་དྲུག་ལས་དམན་པ་ལ་མོས་པའི་གང་ཟག་རྗེས་སུ་གཟུང་བའི་ཕྱིར་ལས་ཀྱི་ཚོགས་རབ་འབྱམ་དང་འབྲེལ་ལོ། །ལས་ཀྱི་ཚོགས་འདི་ལའང་སྤྱིར་རབ་བསམ་གཏན་ལ་བརྟེན་པ། འབྲིང་འཁྲུལ་འཁོར་དང་གཉིས་ལ་བརྟེན་པ། སྦྱིན་སྲེག་དང་གསུམ་ལ་བརྟེན་པ། ཐ་མ་རྫས་སྦྱོར་དང་བཞི་ལ་བརྟེན་པ། ཡང་ལས་ཀྱི་ཁ་སྐོང་སྦྱིན་སྲེག་དང་བཅས་པ་ལ་བརྟེན་པ་ཞེས་བྱ་བ་ལས། འདིར་བསམ་གཏན་ལ་བརྟེན་པའི་ལས་སུ་གཙོར་གསུངས་ལ། གཞན་དག་ཀྱང་ཅུང་ཟད་ཙམ་འཇུག་ཏུ་རུང་སྟེ། གཤིན་རྗེ་གཤེད་ཀྱི་འཁོར་ལོ་དང༌། ཉི་ཟླ་གཟུང་བ་ལ་སོགས་པའི་སྐབས་ལྟ་བུའོ། །རྒྱུད་སྡེ་གཞན་གང་གི་བཤད་པའི་རྒྱུད་ཡིན་ན། གོང་དུ་འཁོར་ལོའི་སྐབས་སུ་བཤད་པ་ལྟར་འདིས་ཀྱང་རྒྱུད་སྡེ་བཞི་ཀའི་བཤད་པའི་རྒྱུད་དུའང་འགྱུར་ལ་དེ་ཐམས་ཅད་དྲིལ་ཏེ། བླ་ན་མེད་པའི་རྒྱུད་རྣམས་ཀྱི་བཤད་པའི་རྒྱུད་དུའང་འགྱུར་རོ། །དེ་ལ་བསམ་གཏན་ལ་བརྟེན་པའི་ལས་ཉི་ཤུ་རྩ་དྲུག་ལས། ལྷའི་རྣལ་འབྱོར་བཅུ་བདུན་ཡོད་པ་ལས། དང་པོ་ལྷའི་རྣལ་འབྱོར་ལ་བརྟེན་ཏེ་ལས་བསྒྲུབ་པ་སྤྱིའི་རྣམ་པར་གཞག་པ་བསྟན་པ་ནི། རྣམ་སྣང་སྒྱུ་འཕྲུལ་དྲྭ་བའི་ལེའུ་བརྒྱད་པ་དང་ཆ་མཐུན་པས་ངེས་པ་བསྐྱེད་པ་དང༌། མདོར་བསྡུས་པ་བཤད་པའི་རྒྱུད་ཡིན་ལ། འོག་གི་སྒྲུབ་ཐབས་ཀྱི་རྒྱུད་གཞན་རྣམས་སུ་མི་གསལ་བ་གསལ་བ་དང༌། མ་ཚང་བ་ཁ་བསྐང་བ་དང་ཚུལ་མི་འདྲ་བས་བཤད་པའི་རྒྱུད་དུ་འགྱུར་རོ། །སོ་སོའི་སྒྲུབ་ཐབས་ལ་དང་པོ་སྒྲོལ་མའི་རྣལ་འབྱོར་གྱིས་མཆོག་བསྒྲུབ་པ་འདི། གསང་བ་འདུས་པ་དང༌། སྒྱུ་འཕྲུལ་དྲྭ་བ་དང༌། རྡོ་རྗེ་མཁའ་འགྲོ་དང༌། རྡོ་རྗེ་གུར་ལ་སོགས་པ་སྒྲོལ་མའི་སྒྲུབ་ཐབས་གསུངས་པ་རྣམས་སུ། སྤྱིར་སྒྲོལ་མའི་སྒྲུབ་ཐབས་མང་དུ་གསུངས་ཀྱང༌། རྣམ་པ་འདི་ལྟ་བུ་ལ་བརྟེན་ཏེ་མཆོག་བསྒྲུབ་པ་མ་གསུངས་པས་མ་ཚང་བ་ཁ་བསྐང་བའམ་ཚུལ་མི་འདྲ་བས་བཤད་པའི་རྒྱུད་དོ། །རྡོ་རྗེ་འཇིགས་བྱེད་ཀྱི་དྲག་ཤུལ་གྱི་ལས་བསྒྲུབ་པ་ནི། རྡོ་རྗེ་འཇིགས་བྱེད་ཀྱི་རྟོག་པ་བཞི་པར་བསྒོམ་པ་དང༌། རྟོག་པ་ལྔ་པར་བྲིས་སྐུ་གསུངས་པ་གཉིས་འདིར་ཕྱོགས་གཅིག་ཏུ་བསྡེབས་ཏེ་གསལ་བར་སྟོན་པས་བཤད་པའི་རྒྱུད་དང༌། ཆོ་ག་དང་རྣམ་པ་ཆ་མཐུན་པས་ངེས་པ་བསྐྱེད་པས་བཤད་པའི་རྒྱུད་དོ། །འོད་ཟེར་ཅན་གྱིས་ཆོམ་རྐུན་བཅིང་པ་དང༌། རི་ཁྲོད་ལོ་མ་ཅན་གྱིས་ནད་ཞི་བ་གཉིས་ནི། རྣམ་སྣང་སྒྱུ་འཕྲུལ་དྲྭ་བའི་ལེའུ་བཞི་པར་ཆ་མཐུན་པས་ངེས་པ་བསྐྱེད་པས་བཤད་པའི་རྒྱུད་ཡིན་ལ། དཔལ་རྡོ་རྗེ་མཁའ་འགྲོའི་ལེའུ་བཅུ་གཅིག་པར་ཡང་ཁུ་བ་དགུག་པ་ལ་སོགས་པའི་ལྷ་མང་པོའི་སྒྲུབ་ཐབས་གསུངས་པ་ལས། འདི་གཉིས་མ་གསུངས་པས་མ་ཚང་བ་ཁ་བསྐང་བས་བཤད་པའི་རྒྱུད། གུར་གྱི་ལེའུ་བཅོ་ལྔ་པར་ཚུལ་མི་འདྲ་བས་བཤད་པའི་རྒྱུད། འོད་ཟེར་ཅན་གྱི་རྟོག་པར་མདོར་བསྡུས་པས་བཤད་པའི་རྒྱུད་དུའང་འགྱུར་རོ། །བདེ་མཆོག་གི་རྣལ་འབྱོར་ལ་བརྟེན་ཏེ་ཁུ་བ་དགུག་པ་ནི། དཔལ་བདེ་མཆོག་ཉུང་ངུའི་ལེའུ་སོ་གཉིས་པ་དང༌། དཔལ་རྡོ་རྗེ་མཁའ་འགྲོའི་ལེའུ་གཉིས་པ་དང༌། ལེའུ་བཅུ་གཅིག་པ་ཁུ་བ་དགུག་པར་གསུངས་པ་རྣམས་སུ་ཚིག་ཕལ་ཆེར་ཆ་མཐུན་པས་ངེས་པ་བསྐྱེད་པ་ཡིན་ལ། ཡང་དེ་གསུམ་ཕྱོགས་གཅིག་ཏུ་བསྡེབས་པས་མི་གསལ་བ་གསལ་བར་བྱེད་པས་བཤད་པའི་རྒྱུད་དོ། །མངོན་བརྗོད་བླ་མའི་ལེའུ་བཅུ་བདུན་པ། དབང་པོ་འབྲིང་གི་བསྒོམ་པའི་མདོར་བསྡུས་པས་སམ། ཚུལ་མི་འདྲ་བས་བཤད་པའི་རྒྱུད་དུའང་འགྱུར་བར་གསུང་ངོ༌། །རྡོ་རྗེ་མཁའ་འགྲོ་མས་ཁྲག་དགུག་པའམ། རྡོ་རྗེ་མཁའ་འགྲོ་ལེའུ་བཅུ་གཅིག་པར་སྐུ་མདོག་ལ་སོགས་པ་ཆ་མཐུན་ལ། ཕ་གིར་ཡབ་ཏུ་གསུངས་ལ། འདིར་ཡུམ་དུ་གསུངས་པས་ཚུལ་མི་འདྲ། སྔགས་མ་ཚང་བ་ཁ་བསྐང༌། སྤྲོ་བ་ལ་སོགས་པ་གསལ་བར་བྱེད། རྣམ་སྣང་སྒྱུ་འཕྲུལ་དྲྭ་བའི་ལེའུ་བརྒྱད་པར་མ་ཚང་བ་ཁ་བསྐང༌། སྤྲོ་བ་དང་སྔགས་ཆ་མཐུན། མདོར་ན་རྒྱུད་གཉིས་ཕན་ཚུན་གསལ་བར་བྱེད་པས་བཤད་པའི་རྒྱུད་དོ། །གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་ལ་བརྟེན་ཏེ་གསད་པ་དང༌། བསྐྲད་པ་དང༌། དབྱེ་བ་གསུམ་ནི་ནག་པོའི་ལེའུ་བཅུ་གཅིག་པར་ལྷའི་རྣལ་འབྱོར་མི་འདྲ་བས་བཤད་པའི་རྒྱུད། བསྙེན་པའི་སྔགས་ཆ་མཐུན་པས་ངེས་པ་བསྐྱེད་པས་བཤད་པའི་རྒྱུད། ལན་གསུམ་མདོར་བསྡུས་པས་གསལ་བར་བྱེད་པས་བཤད་པའི་རྒྱུད། ཡང་རྣམ་སྣང་སྒྱུ་འཕྲུལ་དྲྭ་བའི་ལེའུ་བརྒྱད་པར་ལས་གསུམ་པོ་སྔགས་དང་བཅས་པ་ཆ་མཐུན་པ་ངེས་པ་བསྐྱེད་པས་བཤད་པའི་རྒྱུད། དེར་ལྷ་དང་སྔགས་མ་ཚང་བ་ཁ་བསྐང་བས་བཤད་པའི་རྒྱུད་དོ། །རྟ་མགྲིན་གྱི་རྣལ་འབྱོར་གྱིས་ཆང་དགུག་པ་ནི་རྡོ་རྗེ་མཁའ་འགྲོའི་ལེའུ་བཅུ་གཅིག་པར་སྤྱིར་ཆ་མཐུན་ཡང་ཕ་གིར་ཕྱག་བཞི་པར་གསུངས་པ་དང༌། འདིར་ཕྱག་བརྒྱད་པར་གསུངས་པས་ཚུལ་མི་འདྲ་བས་བཤད་པའི་རྒྱུད། ཆང་སྐྱུག་པར་བྱེད་པས་མ་ཚང་བ་ཁ་བསྐང་བས་བཤད་པའི་རྒྱུད་དོ། །དེ་གཉིས་གུར་གྱི་ལེའུ་བཞི་པར་ཚུལ་མི་འདྲ་བས་བཤད་པའི་རྒྱུད་དེ་ཕ་གིར་བུ་མོ་དགུག་པ་དང་དུག་ཞི་བའི་ལས་སུ་གསུངས་པའི་ཕྱིར་རོ། །མི་གཡོ་བས་རླུང་བཅིང་བ་དང༌། སྟོབས་པོ་ཆེས་ཆར་དབབ་པ་དང༌། རྣམ་སྣང་དང་མི་གཡོ་བས་བགེགས་ཞི་བར་བྱ་བ་དང༌། ནམ་མཁའ་ལྡིང་གིས་ཆར་བཅད་པ་སྟེ་བཞི་པོ་ནི་རྣམ་པར་སྣང་མཛད་སྒྱུ་འཕྲུལ་དྲྭ་བའི་ལེའུ་བརྒྱད་པར་ཆ་མཐུན་པས་ངེས་པ་བསྐྱེད་པས་བཤད་པའི་རྒྱུད་དོ། །རྒྱུད་གཞན་རྡོ་རྗེ་གུར་དུ་མི་གཡོ་བའི་ལས་ཚུལ་མི་འདྲ་བས་བཤད་པའི་རྒྱུད། སྟོབས་པོ་ཆེ་དང༌། ནམ་མཁའ་ལྡིང་གུར་དུ་ཕྱོགས་གཅིག་ཏུ་བྱས་པ་འདིར་སོ་སོར་བྱས་ཏེ་གསལ་བར་བྱེད་པས་བཤད་པའི་རྒྱུད། མི་གཡོ་བ་དང་རྣམ་སྣང་གིས་བགེགས་ཞི་བར་ཚུལ་མི་འདྲ་བས་བཤད་པའི་རྒྱུད་དོ། །སྟོབས་པོ་ཆེས་ཆར་དབབ་པ་རྡོ་རྗེ་མཁའ་འགྲོའི་ལེའུ་གསུམ་པར་མདོར་བསྡུས་པས་གསལ་བར་བྱེད་པས་བཤད་པའི་རྒྱུད་དོ། །མི་གཡོ་བས་རླུང་བཅིང་བ་རྣམ་སྣང་མངོན་བྱང་གི་རྒྱུད་དུ་མདོར་བསྡུས་པས་བཤད་པའི་རྒྱུད་དུ་འགྱུར་གསུང༌། རྣམ་སྣང་དང་མི་གཡོ་བས་བགེགས་ཞི་བར་བྱ་བ་རིག་པ་མཆོག་ཏུ་གདོན་ཆེན་པོ་བཅོ་བརྒྱད་ལ་སོགས་པ་གསུངས་པ་དེ། འདིར་སྐྱེས་པའི་བགེགས་སུ་བསྡུས་ཏེ་ཞི་བར་བྱེད་པས་མདོར་བསྡུས་ཏེ་བཤད་པའི་རྒྱུད་དུ་འགྱུར་རོ། །ཞེས་གསུང་ངོ༌། །སྒྲོལ་མའི་རྣལ་འབྱོར་གྱིས་དབང་དུ་བྱ་བའི་ལས་བསྟན་པ་ནི་རྡོ་རྗེ་གུར་གྱི་ལེའུ་བརྒྱད་པར་ཞལ་གཅིག་ཕྱག་བརྒྱད་མ་ལྷ་བཅུའི་དཀྱིལ་འཁོར་གསུངས། རྡོ་རྗེ་མཁའ་འགྲོའི་ལེའུ་བཅུ་གཅིག་པར་ཞལ་གཅིག་ཕྱག་བཞི་མར་གསུངས། རྣམ་སྣང་སྒྱུ་འཕྲུལ་དྲྭ་བའི་ལེའུ་བཞི་པར་ཞལ་གསུམ་ཕྱག་དྲུག་མར་གསུངས་ཏེ། འདིར་ཞལ་གསུམ་ཕྱག་བརྒྱད་མའི་རྣལ་འབྱོར་དུ་གསུངས་པས་ཚུལ་མི་འདྲ་བས་བཤད་པའི་རྒྱུད། ཡང་ལས་ཀྱི་ལྷ་ཕྱག་གཉིས་པ་རང་གི་སྐུ་ལས་ཕྱུང་སྟེ་བྱ་བ་རྒྱུད་དེ་དག་ཏུ་མི་གསུང་བས་མ་ཚང་བ་ཁ་བསྐང་བས་བཤད་པའི་རྒྱུད་ཡིན་ལ། དབང་གི་ལས་ནི་ཁ་ཅིག་ཏུ་མི་གསལ་བ་གསལ་བར་བྱེད་ལ། ཁ་ཅིག་ཏུ་མདོར་བསྡུས་པས་བཤད་པའི་རྒྱུད་དོ། །དཔལ་མཆོག་དང་པོའི་རྣལ་འབྱོར་ལ་བརྟེན་ཏེ་ཐོག་བཟློག་པ་ནི་རྣམ་སྣང་སྒྱུ་འཕྲུལ་དྲྭ་བར་ཕལ་ཆེར་ཆ་མཐུན་ལ། ཆོ་ག་འགའ་ཞིག་མ་གསལ་བ་གསལ་བར་བྱེད་པས་བཤད་པའི་རྒྱུད་དོ། །འཁོར་ལོ་ལ་བརྟེན་པའི་ལས་བསྒྲུབ་པའི་ཡི་གེ་དབྱེ་བ་བཤད་པ་ནི་གཤིན་རྗེ་གཤེད་ནག་པོའི་ལེའུ་ལྔ་པར་ཆ་མཐུན་པ་དང་མདོར་བསྡུས་པས་བཤད་པའི་རྒྱུད་དོ། །མྱོས་མ་དབང་དུ་བྱ་བ་ནི་བརྟག་པ་གཉིས་པའི་དང་པོའི་ལེའུ་གཉིས་པར་མི་གསལ་བ་གསལ་བར་བྱེད་པས་བཤད་པའི་རྒྱུད་དོ། །དུས་སུ་ཟིན་པ་བསླང་བ་ནི་དཔལ་རྡོ་རྗེ་མཁའ་འགྲོའི་ལེའུ་བཅུ་པར་གསུངས་པ་དེ་མདོར་བསྡུས་ཏེ་གསལ་བར་བྱེད་པས་བཤད་པའི་རྒྱུད་དོ། །ཡང་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྟོག་པ་བདུན་པར་དུག་ཞི་བའི་ལས་གསུངས་པ་དང་ཡང་ཆ་མཐུན་པས་ངེས་པ་བསྐྱེད་པར་ཡང་འགྱུར་རོ། །ཞེས་གསུང་ངོ༌། །གཞན་ཟླ་བ་དང་ཉི་མ་གཟུང་བ་ལ་སོགས་པ་རྣམས་ནི་ཧེ་བཛྲའི་ལེའུ་གཉིས་པར་ཆ་མཐུན་པས་ངེས་པ་བསྐྱེད་པས་བཤད་པའི་རྒྱུད་དུ་འགྱུར་རོ། །སྤྱིའི་དོན་བསྟན་པའོ།། །།གཞུང་གི་དོན་འཆད་པ་ལ་གསུམ་སྟེ། སྟོན་པ་ཏིང་ངེ་འཛིན་ལ་བཞུགས་ཏེ་བཀའ་སྩལ་བར་བསྟན་པ་དང༌། དཀྱིལ་འཁོར་གྱི་འཁོར་ལོའི་སྒོ་ནས་ལས་བསྒྲུབ་པ་སྤྱིར་བསྟན་པ་དང༌། ལྷའི་རྣལ་འབྱོར་སོ་སོའི་སྒོ་ནས་ལས་དང་བཅས་ཏེ་བཤད་པའོ། །དང་པོ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། རྣམ་པར་སྣང་མཛད་ཆེན་པོ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། གསང་སྔགས་ཀྱི་རྒྱུད་ཐམས་ཅད་ལ་སྟོན་པར་འགྱུར་བས་སོ། །འཁོར་ལོས་བསྒྲུབ་པ་ནི་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་སྟེ་ལས་བསྒྲུབ་པར་སྟོན་པས་སོ། །ལས་རྒྱས་པ་ཕྱི་དང་ནང་དུ་གྱུར་པ་ཞེས་བྱ་བ་ནི་ཕྱི་ནི་བསྐྱེད་པ་བསྒོམ་པ་ཡིན་ལ། ནང་ནི་འདིར་གསང་བ་ཆོས་ཀྱི་དཀྱིལ་འཁོར་རྫོགས་པའི་རིམ་པར་འགྱུར་ཞེས་བྱ་བར་དགོངས་སོ། །ཡང་ན་ཕྱི་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་ལ། ནང་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལ་བརྟེན་ཏེ་བསྒྲུབ་པ་ཞེས་བྱའོ། །གཉིས་པ་ལས་བསྒྲུབ་པའི་དཀྱིལ་འཁོར་སྤྱིར་བསྟན་པ་ནི་གང་གི་གང་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། གང་གི་ཞེས་བྱ་བ་ནི་གོང་དུ་རིགས་བསྡུས་པའི་དཀྱིལ་འཁོར་གསུངས་པ་དེ་ལ་དགོངས་སོ། །གང་ཡང་ནི་ལྷ་གང་ཡང་རུང་བའོ། །དེ་ལྷའི་འཁོར་ལོའི་དབུས་སུ་བཅུག་པ་ནི་རིགས་ཀྱི་བདག་པོ་ཉིད་དམ། རིགས་ཏེ་བདག་པོ་མི་བསྐྱོད་པ་ལྟ་བུ་ཡིན་ལ། རིགས་ནི་རྡོ་རྗེ་འཇིགས་བྱེད་ལྟ་བུའོ། །དེའི་མཚན་ཉིད་དུ་གྱུར་པ་ནི་རིགས་ཀྱི་བདག་པོའི་མིང་ནས་འདོགས་ཏེ་མི་བསྐྱོད་པའི་དཀྱིལ་འཁོར་ཞེས་བྱ་བ་ལྟ་བུའོ། །དེ་ལྟར་ཡང་རྣམ་སྣང་སྒྱུ་འཕྲུལ་དྲྭ་བ་ལས་ཀྱང༌། ལྷ་ནི་གང་ཡང་རུང་བ་ཞིག །འཁོར་ལོའི་དབུས་སུ་བཞག་ནས་ནི། །དེ་ཡི་མིང་སྨོས་རྡོ་རྗེ་ཡི། །དཀྱིལ་འཁོར་ཡིན་ཞེས་སངས་རྒྱས་གསུང༌། །ཞེས་གསུངས་སོ། །ལས་རྣམས་ལ་བདག་པོས་འཁོར་ལོའི་རྒྱལ་མོ་བསྒོམ་ཞེས་བྱ་བ་ནི། ལས་གང་དང་གང་བྱེད་པར་འདོད་པ་ལ་དེ་དང་དེའི་ལྷའི་རྣལ་འབྱོར་གྱིས་བྱའོ། །འདི་ལའང་རྣམ་པ་གཉིས་ཏེ། དཀྱིལ་འཁོར་གྱི་འཁོར་ལོས་བྱ་བ་དང༌། དཔའ་བོ་གཅིག་པས་བྱ་བའོ། །དང་པོ་ནི་གཞུང་གི་ཆ་འདིས་སོ། །ཕྱི་མ་ནི་འོག་ནས་འཆད་པར་འགྱུར་བས་སོ། །དེ་ལ་དཀྱིལ་འཁོར་དུ་བསྒོམ་པའི་དབང་དུ་བྱས་ན་འོག་ནས་འབྱུང་བའི་ལྷ་སོ་སོའི་རིགས་ངོ་ཤེས་པར་བྱས་ལ། སྔར་བརྟག་པ་གསུམ་པར་གསུངས་པའི་ཆོ་གས་དཀྱིལ་འཁོར་གྱི་དབུས་སུ་བསྐྱེད་པའོ། །འདི་ལའང་ལུགས་གཉིས་ཏེ་ལྷ་གང་ཡིན་པ་དེ་དབུས་སུ་བསྐྱེད་ནས་དེའི་རིགས་ཀྱི་བདག་པོ་དབུ་རྒྱན་དུ་བསྐྱེད་ནས་དེའི་གནས་སུ་མི་བསྐྱོད་པ་འཕོ་བ་ནི་གཙོ་བོ་འཕོ་བའོ། །ཡང་ན་ལས་གང་བསྒྲུབ་པའི་ལྷའི་རིགས་ཀྱི་བདག་པོ་གང་ཡིན་པས་གཙོ་བྱས་ལ། ལས་ཀྱི་ལྷ་དེའི་ཞབས་དྲུང་དུ་བསྐྱེད་ནས་ལས་བསྒྲུབ་པ་དེ་དཀྱིལ་འཁོར་གྱི་གཙོ་བོ་ནི་རིགས་ལྔ་པོ་ཉིད་འཕོ་བའོ། །དེ་ལ་སྔ་མ་ནི་བླ་མའི་མན་ངག་ཙམ་ཡིན་ལ། ཕྱི་མ་ནི་སྒྱུ་འཕྲུལ་དྲྭ་བ་ལས་གསུངས་ཏེ། མི་ངས་གནོད་པ་གཞིག་པའི་ཕྱིར། །འོད་ཟེར་ཅན་དང་རི་ཁྲོད་མ། །རྡོ་རྗེ་དོན་ཡོད་ཞབས་དྲུང་དུ། །བདུད་རྩི་ཡིས་ཀྱང་རྣམ་པར་བཟློག །ཅེས་བྱ་བ་ལ་སོགས་པ་རིག་ལྔ་ཀའི་ལས་ཀྱི་ལྷ་གསུངས་པ་ལྟ་བུའོ། །གཉིས་པ་ལྷ་སོ་སོ་ལ་བརྟེན་ཏེ་བསམ་གཏན་གྱི་སྒོ་ནས་ལས་བསྒྲུབ་པ་བསྟན་པའི་ཕྱིར་བྷ་གའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ཐམས་ཅད་ལ་བདག་ལྷ་གང་ཡིན་པར་བསྐྱེད་དེ། དེའི་ཐུགས་ཀར་དེའི་ས་བོན་བསམས་ཏེ་དེའི་འོད་ཀྱིས་ལྷ་དང་བླ་མ་སྤྱན་དྲངས་ཏེ། དེ་ལ་མཆོད་པ་དང༌། སྡིག་པ་བཤགས་པ་དང༌། ཡི་རང་བ་དང༌། སྐྱབས་སུ་འགྲོ་བ་དང༌། སེམས་བསྐྱེད་པ་རྣམས་བྱ་བ་དང༌། ཚད་མེད་པ་བཞི་བསྒོམ་པ་དང༌། ཡེ་ཤེས་ཀྱི་ཚོགས་སྟོང་པ་ཉིད་བསྒོམ་པ་དང༌། སྲུང་བའི་འཁོར་ལོ་བསྒོམ་པ་དང༌། ཆོས་ཀྱི་འབྱུང་གནས་བསྒོམ་པའི་བར་ནི་ཐམས་ཅད་ལ་ཁ་བསྐང་ངོ༌། །དེ་ནས་ལྷ་བསྐྱེད་པ་ནི་ཕལ་ཆེར་སྙིང་པོ་ཚིག་ཙམ་ལས་བསྐྱེད་ལ། ཁ་ཅིག་ཆོ་ག་ཡན་ལག་གསུམ་དང་བཞིས་བསྐྱེད་ལ། རྡོ་རྗེ་འཇིགས་བྱེད་ལྟ་བུ་ཆོ་ག་ཡན་ལག་དགུས་བསྐྱེད་པ་ཡང་ཡོད་དོ། །དེ་ནས་སྤྲོས་པའི་བྱེ་བྲག་གིས་དབུ་རྒྱན་རང་ཆས་སུ་བསམས་ཏེ་བཟླས་པ་བྱ་བ་ནི་བསྡུས་པའི་ལུགས་ཡིན་ལ་རྒྱས་པར་ནི་ཉེ་བར་སྒྲུབ་པ་དང༌། སྒྲུབ་པ་དང༌། སྒྲུབ་པ་ཆེན་པོ་གསུམ་ཀ་རྫོགས་པར་བྱས་ཏེ། སྔགས་བཟླས་པ་ལ་སོགས་པ་ལས་བསྒྲུབ་པའོ། །སྤྱིར་བསྟན་པའོ། །རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་གྱིས་དྲག་ཤུལ་གྱི་ལས་བསྒྲུབ་པ་ནི་སྔ་མར་བསྟན་པའི་ཆོ་གས་སྔོན་དུ་འགྲོ་བ་བྱས་ཏེ་བྷ་གའི་ནང་དུ་ཞེས་བྱ་བ་གསུངས་སོ། །འདི་ནི་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྟོག་པ་བཞི་པ་དང་ཕལ་ཆེར་ཆ་མཐུན་ཞིང༌། ཆོ་གའི་ཡན་ལག་འགའ་ཞིག་བསྡུས་ནས་བསྟན་པ་སྟེ། འདི་ཉིད་ནས་བསྟན་པའི་ཆོ་ག་ཙམ་གྱིས་ཀྱང་བསྐྱེད་པར་བྱ་བ་ཡིན་ལ། ཡང་ན་རྟོག་པ་བཞི་པ་ལས་གསུངས་པ་ལྟར་བྱས་ཏེ། སྟོང་པའི་ངང་ལས་ནི་རླུང་ངོ༌། །དེའི་སྟེང་དུ་ཨ་ལས་ཟླ་བའོ། །དེར་དྷཱིཿལས་འཇམ་དཔལ་ལོ། །དེའི་ཐུགས་ཀར་ཨྃ་ལས་ཉི་མ་སྟེ་བཞི་འདིར་བཤད་དོ། །དེ་ནས་ཉི་མ་ལས་འོད་སྤྲོས་ཏེ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་དང་ཁྲོ་བོ་ལ་སོགས་པ་བསྐུལ་ཏེ་འོངས་ནས་ཉི་མ་ལ་ཞུགས་ཏེ་འོངས་ནས་དེ་དག་ཉི་མ་ལ་གཞུག་པ་དང༌། དེ་ནས་དེ་ཐམས་ཅད་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་རབ་ཏུ་འབར་བ་བསམ་ཞིང༌། དེའི་སྟེང་དུ་ཧཱུྃ་བསམ་པ་དང༌། དེ་ལས་འོད་ཟེར་སྤྲོ་བསྡུ་སྔར་བཞིན་བྱས་པ་ལས་རྡོ་རྗེ་ཆེན་པོ་ནག་པོ་གདེངས་པ་ས་བོན་དང་བཅས་པ་བསམ་པ་དང༌། དེ་ལས་རྡོ་རྗེའི་རྣམ་པའི་འོད་ཟེར་སྔ་མ་བཞིན་སྤྲོ་བ་དང་བསྡུ་བ་བྱ་བ་སྟེ་བཞི་པོ་རྟོག་པ་བཞི་པ་ལས་གསུངས་པ་ཡིན་ནོ། །དེ་ནས་དེ་དག་ཡོངས་སུ་གྱུར་པ་ལས་སྐུར་བསྐྱེད་པ་ནི་གཞུང་དུ་གསལ་ལོ། །ཆོ་ག་ལྷག་མ་ནི་སྔ་མ་བཞིན་བྱའོ། །འོད་ཟེར་ཅན་གྱི་སྒྲུབ་ཐབས་ལ་སོགས་པའང་ཆོ་ག་དེས་བསྒྲེས་ཏེ་ཤེས་པར་བྱ་སྟེ་གཞུང་གི་ཆ་ནི་རྟོགས་པར་སླ་བས་འདིར་མ་ཕྱེའོ། །ཁུ་བ་དགུག་པའི་སྐབས་ལས་ཡ་ར་ལ་ཝས་རྣམ་པར་བརྒྱན་ཞེས་བྱ་བ་ལ། བདག་ཉིད་ལྷ་གང་བསྐྱེད་པའི་གཙོ་བོའི་ཞལ་བཞི་ལ་དགོད་པ་དང༌། ལྷ་མོ་བཞིའི་ཐུགས་ཀར་དགོད་པ་སྟེ། གཡོན་རྒྱབ་གཡས་པ་རྩ་ཞལ་བར་དུ་དུ་བ་ཞེས་རིམ་པ་བཞིན་སྦྱར་རོ། །ཡང་འདིས་དཔལ་རྡོ་རྗེ་མཁའ་འགྲོ་ལས། རླུང་དང་མེ་དང་ལྡན་པ་དང༌། །དབང་ཆེན་དང་ནི་ཆུས་མནན་པ། །བསྒྲུབ་པར་བྱ་བ་དམིགས་ནས་ནི། །ཁུ་བ་དགུག་པ་དམ་པ་ཉིད། །ཅེས་གསུངས་པས། བསྒྲུབ་བྱའི་འོག་ཏུ་རླུང༌། དེའི་སྟེང་དུ་རྃ་ལས་མེ། དེར་བསྒྲུབ་བྱ། དེའི་སྟེང་དུ་ས། དེའི་སྟེང་དུ་ཆུས་མནན་ལ། དེ་ནས་འོག་གི་རླུང་མི་འགུལ་བས་རྐང་པར་རླུང༌། མགྲིན་པར་མེ། སྙིང་གར་ཆུ། ནུ་མའི་བར་དུ་ས། ས་བོན་གྱིས་མཚན་པ་བསམས་ཏེ་ཁུ་བ་དགུག་པར་བསམས་པས་དབང་དུ་འགྱུར་རོ། །ལྷག་མ་ནི་གོ་སླའོ། །ཞི་བ་ལ་མཐའི་ཡ་དང་ཞེས་བྱ་བ་ལ་སོགས་པས་གཤིན་རྗེ་གཤེད་ནག་པོའི་ལེའུ་ལྔ་པར་འཁོར་ལོ་ལ་བརྟེན་ཏེ་ལས་བསྒྲུབ་པ་གསུངས་པ་ལས། གྲུབ་ནས་ཡི་གེ་དབྱི་དགོས་སོ། །ཞེས་བསྟན་པ་དེའི་དོན་གསལ་བར་བྱེད་པས་སོ། །དེ་ལ་འདིའི་འཁོར་ལོ་རྒྱུད་འདིར་མ་གསུངས་ཏེ། དེ་ཉིད་ཀྱི་ལེའུ་དྲུག་པ་ལས། དཀྱིལ་འཁོར་རིམ་གསུམ་བྱས་ནས་ནི། །བརྒྱད་དང་བཅུ་གཉིས་བཅུ་དྲུག་པའི། །འཁོར་ལོ་མཁས་པས་ཡང་དག་བྲི། །སྔགས་ནི་ཀུན་ཏུ་དགོད་པར་བྱ། །རྒྱུ་དང་མི་རྒྱུ་འཇིག་རྟེན་གསུམ། །མ་ལུས་ལུས་པ་མེད་པ་འགྲུབ། །ཡ་མ་རཱ་ཛ་ས་དོ་མེ་ཡ། །ཡ་མེ་དོ་རུ་ཎ་ཡོ་ད་ཡ། །ཡ་ད་ཡོ་ནི་ར་ཡ་ཀྵེ་ཡ། །ཡ་ཀྵེ་ཡཙྪ་ནི་ར་མ་ཡ། །དཀྱིལ་དུ་ཡ་བྱས་ཤར་དུ་ཀྵ། །ལྷོ་རུ་འཇམ་པའི་རྡོ་རྗེ་སྟེ། །མེ་ནི་ནུབ་ཏུ་བྲི་བར་བྱ། །བྱང་དུ་སྦྱིན་པ་ད་ཡིན་ནོ། །བསྒྲུབ་བྱའི་མེ་ནི་སྦྱིན་བྱ་བ། །མཚམས་ཀྱི་སྟོང་པ་དག་ཏུའོ། །ཧཱུྃ་གཉིས་ཀྱིས་ནི་བརྟན་བྱས་པས། །དགོས་པ་ཐམས་ཅད་རབ་སྒྲུབ་བྱེད། །ཡཙྪ་ནིར་ཛ་ས་དོ་རུ། །ཎ་ཡོ་ནི་ར་ལ་སོགས་པ། །ཕྱི་རོལ་གཡོན་ནས་བརྩམས་ཏེ་བྲི། །རིམ་པ་གསུམ་པ་དེ་ལ་ནི། །ཀུན་ཏུ་ཆ་དེ་བོར་བ་ལ། །ཨོཾ་ཧྲཱིཿཥྚྲཱི་ལ་སོགས་པའི་སྔགས། །ཤར་ནས་བརྩམས་ཏེ་བྲི་བར་བྱ། །དེ་བར་བོར་བའི་ཆ་བརྒྱད་ལ། །ལས་དང་རྗེས་སུ་མཐུན་པ་བྲི། །ཞེས་བྱ་བའི་འཁོར་ལོ་བྲིས་ནས་ལས་གྲུབ་པ་དང་ཡི་གེ་དབྱིའོ། །དེ་དབྱི་བའི་གོ་རིམ་ནི་ཞི་བ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དང་པོར་དབུས་ཀྱི་ཡ་ཆུས་བཀྲུ། དེ་ནས་ནི་གཉིས་བཀྲུ། དེ་ནས་དབུས་ཀྱི་ཡ་ཡང་བཀྲུ། ཡི་གེ་ལྷག་མ་བཀྲུ་བ་ལ་གོ་རིམ་ངེས་པ་མེད་པར་སྟོན་པའོ། །གལ་ཏེ་ལས་ཟིན་ནས་མ་བཀྲུས་པ་ལ་སྐྱོན་ཅི་ཡོད་སྙམ་པ་ལ། དཔལ་གཤིན་རྗེ་གཤེད་ལས། རབ་ཏུ་གྲགས་པའི་འཁོར་ལོ་འདི། །ཡི་གེ་བྲིས་ནས་གནས་པ་དང༌། །འཁོར་ལོ་བྲིས་ནས་གནས་པ་ཡིས། །ཁྱིམ་དེར་འཐབ་མོ་རྟག་ཏུ་འབྱུང༌། །ཞེས་གསུངས་སོ། །འདི་ལྟར་སློབ་དཔོན་རཀྵི་ཏ་པ་ཡང་བཞེད་དོ། །ཨ་བི་ཛུ་ཀ་ཏ་པ་དང་བླ་མ་ཕྱག་ན་ནི་ལས་ཟིན་ནས་བཀྲུ་བ་མ་ཡིན་གྱི། ཞི་བ་ལ་ནི་ཞེས་ཟེར་བ་ལས་གསུམ་པོ་ལ་ཡི་གེ་འདི་དག་མི་དགོས་སོ་ཞེས་བཞེད་དོ། །དེ་ཡང་ཛུ་ཀ་ཏ་པས་དང་པོར་ཡི་གེ་རྫོགས་པར་བྲི། དེ་ནས་བཀྲུ་བར་བཞེད་དོ། །ཕྱག་ན་ནི་དང་པོ་རང་ནས་མི་བྲི་བ་ལ་དབྱི་ཞེས་བྱ་བར་རོ། །ཡིག་འབྲུ་ལྷག་མ་ཇི་ལྟར་བདེ་བར་བྲིས་པ་ལ་འགལ་བ་མེད་ཅེས་བཞེད་དོ། །དུས་སུ་ཟིན་པ་བསླང་བ་ཞེས་བྱ་བ་ནི་ཞག་གཅིག་ལ་དུས་བཅུ་གཉིས་ལ་ཀླུ་བཅུ་གཉིས་གནས་པས་དེ་དག་གི་དུག་སོ་སོར་ཤེས་པར་བྱས་ལ་ཞི་བར་བྱ་ཞེས་དགོངས་སོ། །འདི་ནི་དཔལ་རྡོ་རྗེ་མཁའ་འགྲོའི་ལེའུ་བཅུ་པ་ལས། རོ་ཧི་ཏ་ལ་ནོར་རྒྱས་བུ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་དང༌། རྡོ་རྗེ་འཇིགས་བྱེད་ཀྱི་རྟོག་པ་བདུན་པ་ལས་གསལ་བར་ཤེས་པར་བྱའོ། །ལྷག་མ་རྣམས་ནི་གོ་སླ་བ་ཉིད་ཀྱིས་མ་ཕྱེའོ། །བརྟག་པ་བདུན་པའི་བཤད་པའོ།། །།དེ་ལྟར་བརྟག་པ་བདུན་པས་ལས་ཀྱི་ཚོགས་གཙོ་བོར་གྱུར་པ་བསྟན་ནས། དེ་ལས་གཞན་པའི་དངོས་གྲུབ་མཐའ་དག་གི་ཐབས་བྱ་བ་ཐམས་ཅད་འབྱུང་བ་བསྟན་པའི་ཕྱིར་བརྟག་པ་བརྒྱད་པ་གསུངས་སོ། །འདི་ལ་གཉིས་ཏེ། དེ་ཁོ་ན་ཉིད་བཞི་བསྟན་པ་དང༌། སྔགས་བསྟན་པའོ། །དེ་ལ་དེ་ཁོ་ན་ཉིད་བཞི་བསྟན་པ་ནི། བརྗོད་པར་བྱ་བའི་དོན་ནི་གང༌། རྗོད་པར་བྱེད་པའི་སྒྲ་ནི་གང༌། མངོན་པར་རྟོགས་པ་ནི་གང༌། རྒྱུད་སྡེ་གཞན་གང་གི་བཤད་པའི་རྒྱུད་ཡིན་སྙམ་པ་ལ། བརྗོད་བྱའི་དོན་ནི་བསྐྱེད་པའི་རིམ་པ་སྤྱིའི་དོན་ཡིན་ནོ། །དེ་ལས་ཀྱང་རྡོ་རྗེ་དང་དྲིལ་བུ་དང་ཕྲེང་བ་ནི་སྤྱི་ཁོ་ན་ཡིན་ལ། ཡེ་ཤེས་ཀྱི་དེ་ཁོ་ན་སྦས་པའི་དོན་དུའང་ཅུང་ཟད་འགྱུར་རོ། །རྗོད་བྱེད་ཀྱི་སྒྲ་ནི་ཡན་ལག་གི་དོན་གཙོ་ཆེ་བའི་ཡི་གེ་དང་མན་ངག་ཀྱང་འཇུག་སྟེ་གསུམ་ཀའོ། །མངོན་པར་རྟོགས་པ་ནི་དངོས་གྲུབ་མཐའ་དག་དང་འབྲེལ་ལ། དེ་ལས་ཀྱང་རྡོ་རྗེ་དང་དྲིལ་བུ་ནི་དམ་ཚིག་དང་སྡོམ་པ་ཡིན་ལ། བགྲང་ཕྲེང་ནི་སྔགས་ཀྱི་བཟླས་པ་དང་འབྲེལ། ཡེ་ཤེས་ཀྱི་དེ་ཁོ་ན་དམ་ཚིག་ཏུ་འགྱུར་མོད། གཙོ་ཆེར་ལས་ཀྱི་ཚོགས་ཡིན་ནོ། །གལ་ཏེ་ཡེ་ཤེས་ཀྱི་དེ་ཁོ་ན་རྫོགས་པའི་རིམ་པ་བསྒོམ་པ་དང་འབྲེལ་པས་སྦས་དོན་ཡང་ཡིན་ལ། འདིར་ལས་ཀྱི་ཚོགས་སུ་ཇི་ལྟར་འགྱུར་སྙམ་ན། སྤྱིར་འབྲས་བུ་མཆོག་མ་གཏོགས་པ་འབྲིང་རིག་འཛིན་མན་ཆད་ཐམས་ཅད་གྲུབ་པའི་ཆ་ནས་ལས་ཚོགས་ཡིན་ལ། སྦས་པའི་དོན་ཡང་དངོས་གྲུབ་མཐའ་དག་ཏུ་མི་འགལ་ཏེ། ནང་ཟབ་མོ་ལ་མོས་པས་སྦས་པ་ཡིན་ཞིང༌། ཏིང་ངེ་འཛིན་ལ་བརྟེན་པ་ཉིད་ཀྱིས་ལས་དུ་མ་བཅོམ་ལྡན་འདས་ཀྱིས་གསུངས་སོ། །འདི་ལྟར་རྫོགས་རིམ་ལ་བརྟེན་ཏེ་རལ་གྲི་ལ་སོགས་པ་གྲུབ་པ་སྔར་བརྟག་པ་དང་པོར་ཡང་གསུངས་སོ། །གལ་ཏེ་དེ་ནི་རྫོགས་རིམ་གྱི་ཆེ་བ་བརྗོད་པའི་ཡན་ལག་ཙམ་ཡིན་ནོ་སྙམ་ན། བྱང་ཆུབ་ཀྱི་སེམས་བསྐྱེད་ཚུན་ཆད་མཐའ་དག་ཐམས་ཅད་ཡན་ལག་ཙམ་ཡིན་ན་འདི་ལ་ཁྱད་པར་ཅི་ཡོད། རྒྱུད་སྡེ་གཞན་གྱི་གང་ཡིན་ན། གདན་བཞི་པའི་སྦྱོར་བའི་གདན་གྱི་རབ་ཏུ་བྱེད་པ་དང་པོར་དེ་ཁོ་ན་ཉིད་བཞི་གསུངས་ལ། གསང་བའི་གདན་གྱི་རབ་བྱེད་གསུམ་པར་འཕོ་བ་གསུངས་པ་དེ་ཕྱོགས་གཅིག་ཏུ་བྱས་ཏེ་གསལ་བར་བྱེད་པས་བཤད་པའི་རྒྱུད་ཡིན་ནོ། །ཡང་དཔལ་རྡོ་རྗེ་མཁའ་འགྲོ་ལེའུ་ཉི་ཤུ་རྩ་གཅིག་པར་ཡེ་ཤེས་ཀྱི་འཕོ་བ་གསུངས་ལ། སུམ་ཅུ་པར་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་གསུངས་སོ། །སོ་གཅིག་པར་རྡོ་རྗེ་དང་དྲིལ་བུའི་དེ་ཁོ་ན་ཉིད་གསུངས། ཞེ་ལྔ་པར་ཕྲེང་བའི་དེ་ཁོ་ན་ཉིད་གསུངས་པ་དེ་འདིར་ཕྱོགས་གཅིག་ཏུ་གསལ་བར་བཤད་པས་བཤད་པའི་རྒྱུད་དོ། །དེ་ཁོ་ན་ཉིད་བཞི་པོ་དེ་རྒྱུད་འདི་ན་བཞུགས་པ་རྣམས་རྒྱུད་གཉིས་པོ་དེར་ཡང་གསུངས་པས་ཚིག་ཆ་མཐུན་པས་ངེས་པ་སྐྱེད་པའི་བཤད་རྒྱུད་ཀྱང་ཡིན་ནོ། །ཡང་བྱེ་བྲག་ཏུ་ཕྱེ་ན་རྡོ་རྗེའི་དེ་ཁོ་ཉིད་ལ་གདན་བཞི་པར་རྩེ་ལྔ་པ་དང་རྩེ་དགུ་པ་གཉིས་གསུངས། རྡོ་རྗེ་མཁའ་འགྲོར་རྩེ་དགུ་པ་ཡེ་ཤེས་ཀྱི་རྡོ་རྗེ། རྩེ་ལྔ་པ་དམ་ཚིག་གི་རྡོ་རྗེ། རྩེ་གསུམ་པ་ལས་ཀྱི་རྡོ་རྗེ། རྩེ་གཅིག་པ་ཀླུ་རྣམས་འཇིགས་པའི་རྡོ་རྗེ། ཡང་གསང་བ་དང་རྒྱན་གྱི་རྡོ་རྗེ་ཞེས་དྲུག་ཏུ་གསུངས་ཏེ། འདིར་རྩེ་དགུ་པ་ཉིད་ཀྱིས་སློབ་དཔོན་གྱི་ལས་ཀུན་བསྒྲུབས་པས་མདོར་བསྡུས་ཏེ། དྲིལ་བུ་ལ་རྡོ་རྗེ་མཁའ་འགྲོར་རྡོ་རྗེ་འཆང་ཆེན་པོའི་དྲིལ་བུ་དང༌། རིགས་སོ་སོའི་དྲིལ་བུ་དང༌། དཔའ་བོའི་དྲིལ་བུ་ཞེས་གསུམ་དུ་གསུངས་པ་འདིར་ཡེ་ཤེས་ཀྱི་དྲིལ་བུ་ཞེས་བྱ་བར་མདོར་བསྡུས་ཏེ་བཤད་པའི་རྒྱུད། དྲིལ་བུ་དང་ཕྲེང་བ་འཕོ་བ་གདན་བཞི་དང་ཆ་མཐུན་པ་ཁོ་ན་ཡིན། ཡང་རྡོ་རྗེ་དང་དྲིལ་བུ་བླང་བ་དང་དཀྲོལ་བ་དང་དེ་ཁོ་ན་ཉིད་ཤེས་པའི་དགོངས་པ། མཁའ་འགྲོར་མ་ཚང་བ་ཁ་བསྐང་བས་བཤད་པའི་རྒྱུད་དོ། །ཕྲེང་བའི་རྒྱུད་ལ་སོགས་པ་མཁའ་འགྲོར་ཆ་མཐུན། བྱིན་གྱིས་བརླབ་པ་མཁའ་འགྲོར་ཁ་བསྐང་བས་བཤད་པའི་རྒྱུད་དོ། །ཡེ་ཤེས་ཀྱི་འཕོ་བ་རྡོ་རྗེ་མཁའ་འགྲོ་ཚུལ་དུ་མ་གསུངས་པ་དེ་འདིར་འཕོ་བ་དང་གྲོང་འཇུག་ཚུལ་གཉིས་སུ་བསྡུས་ཏེ་བཤད་པའི་རྒྱུད་ཡིན་ལ། ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་རྡོ་རྗེ་མཁའ་འགྲོར་ཕལ་ཆེར་ཆ་མཐུན་ཡང་འདིར་མདོར་བསྡུས་པས་བཤད་པའི་རྒྱུད་དུ་འགྱུར་རོ། །སྤྱིའི་རྣམ་པར་གཞག་པའོ། །གཞུང་གི་དོན་ལ་གཉིས་ཏེ། ཞུས་པ་དང༌། ལན་ནོ། །དང་པོ་ནི་མཚན་ཉིད་མཚོན་པ་གཞན་དག་ཅེས་བྱ་བ་ལ་སོགས་པ་ཚིགས་བཅད་གཅིག་སྟེ། གཞན་ནི་དེ་ལྟར་བརྟག་པ་བདུན་པར་སྦྱིན་སྲེག་དང་ལས་ཀྱི་ཚོགས་ལ་སོགས་པ་མང་དུ་གསུངས་པས་དེ་ལས་གཞན་ཡང་ཞེས་བྱ་བའི་དོན་ཏོ། །ལན་ལ་གཉིས་ཏེ། མདོར་བསྟན་པའི་ཚུལ་གྱིས་མཉན་པར་གདམས་པ་དང༌། དོན་དངོས་སོ། །དང་པོ་ནི་འཁོར་སྒྲོལ་བ་ཞེས་རྐང་པ་དྲུག་སྟེ། དེ་ཁོ་ན་ཉིད་བཞི་པོ་ལེགས་པར་རྟོགས་ན་འཁོར་བ་ལས་སྒྲོལ་བས་ན་སྒྲོལ་བའོ། །ལྷག་མ་ནི་གོ་སླའོ། །དོན་དངོས་ལ་བཞི་ལས། རྡོ་རྗེ་དང་དྲིལ་བུའི་དེ་ཁོ་ན་དང་འབྲེལ་པས་ཕྱོགས་གཅིག་ཏུ་བསྟན་ཏོ། །འདི་ལ་གཉིས་ཏེ། མཉན་པར་གདམས་པས་ནི་རྐང་པ་གཉིས་སོ། །ལྷག་མས་ནི་དོན་དངོས་བསྟན་ཏོ། །དེ་ལ། ཤེས་རབ་དཀྲོལ་བའི་དེ་ཉིད་ནི། །ལྷ་རྣམས་ཀུན་གྱིས་ཐོས་པར་འགྱུར། །ཞེས་རྐང་པ་གཉིས་པོ་ནི་འདིར་མ་འབྲེལ་པ་ཡིན་ལ། གདན་བཞི་པ་ལས་ཀྱང༌། དྲིལ་བུའི་སྐབས་སུ་འབྱུང་བས་དེར་སྦྱར་བར་བྱའོ། །དེ་བས་ན་འདིར་དོན་བཞི་སྟེ། རྡོ་རྗེའི་དེ་ཁོ་ན་ཉིད་དང༌། དྲིལ་བུའི་དེ་ཁོ་ན་ཉིད་དང༌། རྡོ་རྗེ་དང་དྲིལ་བུ་གཟུང་བའི་ཆོ་ག་དེ་ཁོ་ན་ཉིད་དང་བཅས་པ་དང༌། དེ་ཁོ་ན་ཉིད་མ་ཤེས་པའི་ཉེས་དམིགས་བསྟན་པའོ། །དང་པོ་ལ་གསུམ་སྟེ། རྡོ་རྗེའི་མཚན་ཉིད་དང༌། དེའི་རྣམ་དག་དང༌། དེ་ཁོ་ན་ཉིད་བསྡུ་བའོ། །དང་པོ་ནི་ཆ་གསུམ་ཞེས་བྱ་བ་ཚིགས་བཅད་གཅིག་སྟེ། འདིར་མཚན་ཉིད་བསྡུས་པ་ཡིན་ལ། རྒྱས་པར་ནི་ཚད་དང་བཅས་པ་སྟེ་རྡོ་རྗེ་མཁའ་འགྲོ་བཞིན་ནོ། །ཚིག་གི་དོན་གོ་སླའོ། །གཉིས་པ་རྣམ་པར་དག་པ་ནི་ཕྱོགས་མཚམས་བརྒྱད་ཅེས་བྱ་བ་ཚིགས་བཅད་གཅིག་སྟེ། དེ་ལ་སྟེང་གི་རྭ་བརྒྱད་ནི་བྱང་ཆུབ་སེམས་དཔའ་བརྒྱད་དེ། པདྨའི་ཕྱག་དང་བྱམས་པ་དང༌། །ནམ་མཁའི་མཛོད་དང་ཀུན་དུ་བཟང༌། །གནོད་སྦྱིན་བདག་པོ་འཇམ་པའི་དཔའ། །སྒྲིབ་པ་སེལ་དང་ས་སྙིང་ཉིད། །འོག་གི་རྭ་བརྒྱད་ནི་ལྷ་མོ་བརྒྱད་དེ། རྡོ་རྗེ་ལྕགས་ཀྱུ་ཞགས་པ་མ། །རྡོ་རྗེ་ལྕགས་སྒྲོག་དྲིལ་བུ་དང༌། །སྐུལ་བྱེད་རིན་ཆེན་སྒྲོལ་ལྷ་མོ། །ལྕགས་སྒྲོགས་གཞན་གྱིས་མི་ཐུབ་མ། །ཞེས་མཁའ་འགྲོ་ལས་འབྱུང་ངོ༌། །དབུས་ཀྱི་རྭ་ནི་རྡོ་རྗེ་རྣམ་པར་སྣང་མཛད་དོ། །རྭའི་འོག་གི་པདྨ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་དག་པ་སྟེ། བླ་མའི་མན་ངག་གོ །ཆུ་སྲིན་ཁ་ལས་བྱུང་ཞེས་པ་ནི་སྔར་གྱི་མཚན་ཉིད་ཀྱི་འཕྲོས་གསུམ་པ་དེ་ཁོ་ན་ཉིད་བསྡུས་པ་ནི་རྩེ་མོ་དགུ་པ་ཞེས་རྐང་པ་གཉིས་ཏེ། གསུང་རབ་ཡན་ལག་དགུ་རྣམ་པར་དག་པས་རྩེ་མོ་དགུའོ། །ཡེ་ཤེས་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ནོ། །དེའི་རྡོ་རྗེ་ནི་རྩེ་མོ་དགུ་པ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རང་བཞིན་གྱི་ཕྱིར་རོ། །འདིས་འགྲོ་བ་འདོན་ཏེ་རྣམ་པར་དག་པ་འདི་ཤེས་ནའོ། །ཡང་ན་ཡེ་ཤེས་ནི་རྣམ་པ་ལྔའོ། །དེའི་རྡོ་རྗེ་སྟེ་འདིས་རྩེ་མོ་ལྔ་པའི་རྣམ་པར་དག་པའང་ཤེས་པར་འགྱུར་རོ། །ཞེས་བླ་མ་རྣམས་གསུང་ངོ༌། །འདིའི་རྗེས་ལ་དཔལ་གདན་བཞི་པ་ལས། རྡོ་རྗེའི་དེ་ཉིད་གང་ཡིན་པ། །བདག་ཉིད་རྡོ་རྗེའི་བདག་ཉིད་བསམ། །རྡོ་རྗེ་སྙིང་པོ་རྣལ་འབྱོར་པ། །རྡོ་རྗེ་ཡི་ནི་སེམས་སུ་བྱ། །ཞེས་བྱ་བ་ལ་སོགས་པ་རྡོ་རྗེའི་དེ་ཁོ་ན་ཉིད་ཤེས་ནས་དེའི་དོན་ལ་སེམས་མཉམ་པར་གཞག་པ་ཚིགས་སུ་བཅད་པ་དྲུག་གསུངས་སོ། །རྡོ་རྗེའི་དེ་ཉིད་དོ། །དྲིལ་བུའི་དེ་ཁོ་ན་ཉིད་ལ་གཉིས་ཏེ། དྲིལ་བུའི་སྒྲའི་དེ་ཁོ་ན་ཉིད་དང༌། གཟུགས་ཀྱི་དེ་ཁོ་ན་ཉིད་མཚན་ཉིད་དང་བཅས་པའོ། །དང་པོ་ནི་སྔར་གོང་དུ་བསྟན་པའི་ཤེས་རབ་སྒྲའི་དེ་ཉིད་ནི། ཞེས་རྐང་པ་གཉིས་པོ་དེ་འདིར་སྦྱར་ཏེ། དྲིལ་བུའི་སྒྲ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲ་སྟེ། སྒྲ་དེས་ཆོས་ཐམས་ཅད་སྟོང་པ་ཉིད་དང༌། མངོན་པར་འདུས་མ་བྱས་པ་དང༌། རང་བཞིན་གྱི་རྣམ་པར་དག་པ་སྟོན་པར་བྱེད་དོ། །སྒྲ་དེ་ཀུན་གྱིས་ཐོས་པས་ནམ་མཁའི་མཐར་ཐུག་པར་བསམ་ཞིང་དེས་ཁྱབ་པ་སྟེ་ཡུལ་རྒྱ་ཆེ་བའོ། །བྱང་ཆུབ་ཀྱི་སྙིང་པོ་ནི་དུས་རིང་བའོ། །ཕྱོགས་བཅུ་ཞེས་པ་ཡུལ་ཉིད་བཤད་པའོ། །དྲིལ་བུའི་མཚན་ཉིད་རྒྱས་པར་ནི་རྡོ་རྗེ་མཁའ་འགྲོ་ལས་ཤེས་པར་བྱའོ། །འདིར་མཚན་ཉིད་དང་བཅས་ཏེ་དེ་ཁོ་ན་ཉིད་བསྟན་པ་ནི་དོན་གཉིས་པ་སྟེ་ཕྱོགས་བརྒྱད་ཅེས་བྱ་བ་ལ་སོགས་པ་སྟེ། སྟེང་གི་པདྨ་བརྒྱད་ལ་ཕྱག་མཚན་དགོད་པ་སྣང་བ་ནི་མཁའ་འགྲོ་ལས་རིགས་སོ་སོའི་དྲིལ་བུ་ལས་བཤད་དོ། །འདི་ནི་ཡེ་ཤེས་ཀྱི་དྲིལ་བུ་ཞེས་བྱ་བ་ཡིན་པས་འདབ་མ་བརྒྱད་པོ་ལ་ལྷ་མོ་བརྒྱད་པོའི་མིང་གི་ཡི་གེ་དང་པོ་ཟླ་ཚེས་ཐིག་ལེ་དང་བཅས་པ་དགོད་པའོ། །ལྷག་མ་ནི་གོ་སླའོ། །ཡེ་ཤེས་ཀྱི་དྲིལ་བུ་ལ་རྡོ་རྗེའི་རྩེ་མོའང་དགུ་པ་ཡིན་ཞིང་འདིས་དངོས་གྲུབ་ཐམས་ཅད་སྟེར་བར་ཡང་དཔལ་རྡོ་རྗེ་མཁའ་འགྲོ་ལས་གསུངས་པ། ལས་རྣམས་ཐམས་ཅད་སྒྲུབ་བྱེད་ཅིང༌། །དངོས་གྲུབ་མཆོག་ནི་སྟེར་བར་བྱེད། །ཡེ་ཤེས་རྡོ་རྗེར་གྱུར་དྲིལ་བུ། །དེ་བཞིན་དུ་ནི་རྩེ་དགུ་པའོ། །ཞེས་སོ། །དྲིལ་བུའི་དེ་ཉིད་དོ། །གསུམ་པ་རྡོ་རྗེ་དང་དྲིལ་བུ་གཟུང་བའི་ཆོ་ག་དེ་ཁོ་ན་ཉིད་དང་བཅས་པ་ནི་ཨཱ་ལི་ཞེས་བྱ་བ་ལ་སོགས་པའོ། །འདི་ལ་གསུམ་སྟེ། རྡོ་རྗེ་དང་དྲིལ་བུའི་དགོས་པ་དཀྲོལ་བའི་གྲངས་དང་བཅས་པ་དང༌། རྡོ་རྗེ་དང་དྲིལ་བུ་བླང་བའི་ཆོ་ག་སྔགས་དང་བཅས་པ་དང༌། དེ་ཁོ་ན་ཉིད་བསྡུས་ཏེ་བསྟན་པའོ། །དང་པོ་ནི་ཨཱ་ལི་ཀཱ་ལི་ནི་རྡོ་རྗེ་དྲིལ་བུའི་བརྡའི་མིང་སྟེ། ཐབས་ཤེས་རབ་བོ། །དྲིལ་བུ་དེ་གནས་བརྒྱད་དུ་བསྐྱོད་པ་ནི་ཕྱོགས་མཚམས་བརྒྱད་དུ་བསྐྱོད་པར་གྲགས་པའོ། །དེ་ནི་ཕྱོགས་ཀུན་ཏུ་བསྐོར་ཞིང་དཀྲོལ་བའོ། །གསུམ་དུ་དཀྲོལ་བ་ནི་རྒྱུན་དུ་དྲིལ་བུའི་སྒྲའོ། །རེ་རེའང་ཟུང་དུ་ཆུད་པར་བསྟན་པ་ནི། རྡོ་རྗེ་དྲིལ་བུ་ཐབས་ཉིད་དེ། །ཞེས་པ་ལ་སོགས་པའོ། །གཉིས་པ་བླང་བའི་ཆོ་ག་ནི་ལག་གཉིས་བརྐྱང་ཞེས་བྱ་བ་ལ་སོགས་པ་སྟེ། ལག་པ་གཡས་པར་ནི་རྡོ་རྗེ་རྩེ་ལྔ་པ་སྟེ་དེའི་ལྟེ་བ་ལ་ཉི་མའི་སྟེང་དུ་ཧཱུྃ་བསྒོམ། གཡོན་པ་ནི་པདྨ་འདབ་མ་ལྔ་པ་སྟེ། དེའི་ལྟེ་བར་ཟླ་བ་ལ་ཨ་བཀོད་ལ། རྣམ་ལྔའི་བསྐོར་བ་བྱས་ཏེ། རང་ལྷའི་སྐུར་བསམས་ལ། གཡས་པའི་མཐེ་བོང་དང་སྲིན་ལག་གིས་རྡོ་རྗེ་བླངས་ཏེ། ངག་ཏུ་ཧཱུྃ་གི་གླུ་བླང་ཞིང་གཡས་པ་ལས་གཡོན་དུ་སྟེ། སྙིང་ག་ནས་སྨིན་མཚམས་ཀྱི་བར་དུ་ལན་གསུམ་གསོར་བས་སངས་རྒྱས་ཐམས་ཅད་དགྱེས་པར་བྱ་སྟེ། ཚིགས་སུ་བཅད་པའི་དོན་དྲན་པར་བྱའོ། །དེ་ནས་སྙིང་གར་བཟུང་ལ་སྔགས་བརྗོད་དོ། །ཡང་གཡོན་པའི་མཐེ་བོང་དང་སྲིན་ལག་གིས་དྲིལ་བུ་བླངས་ལ། འོག་གི་སྔགས་བརྗོད་ཅིང་གནས་བརྒྱད་དུ་བསྐྱོད་པ་དཀུར་བཀན་ཏེ་བཟུང་ལ་སྟོང་པ་ཉིད་ཀྱི་སྒྲས་སེམས་ཅན་ཐམས་ཅད་སད་པར་བྱེད་པའི་དོན་དྲན་པར་བྱའོ། །ཚིག་གི་དོན་ནི་རྟོགས་པར་སླའོ། །གསུམ་པ་དེ་ཁོ་ན་ཉིད་བསྡུས་ཏེ་བསྟན་པ་ནི། ཐབས་དང་ཤེས་རབ་ཅེས་བྱ་བ་ལ་སོགས་པ་ཚིགས་བཅད་གཉིས་སོ། །དེ་ཉིད་ཀྱིས་རྡོ་རྗེ་བཟུང་ཞེས་བྱ་བ་ལ་སོགས་པ་ནི་དཔལ་མཆོག་དང་པོ་ལས་གསུངས་པའི་དམ་ཚིག་གསུམ་གྱི་དེ་ཁོ་ན་ཉིད་དེ་དཀྱིལ་འཁོར་གྱི་ཆོ་ག་ལས་བཤད་ཟིན་ཏོ། །བཞི་པ་དེ་ཁོ་ན་མ་ཤེས་པའི་ཉེས་པ་ནི་དེ་ཉིད་མེད་སེམས་ཞེས་བྱ་བ་ལ་སོགས་པ་སྟེ། དཔེར་ན་གླང་པོ་ཆེའི་དྲིལ་བུ་དང་འདྲ་ཞེས་འདིར་དྲིལ་བུ་ལ་སྦྱར་ཏེ་རྡོ་རྗེ་ཤུགས་ལས་ཤེས་པའོ། །མཁས་པ་སྨྲྀ་ཏིས་ནི། རྡོ་རྗེའི་དེ་ཉིད་མི་ཤེས་པ། །བརྒྱ་བྱིན་ལག་གི་མཚོན་ཆ་བཞིན། །ཞེས་བཤད་དོ། །བརྒྱད་པ་ལས་རབ་ཏུ་བྱེད་པ་དང་པོའི་བཤད་པའོ།། །།གསུམ་པ་ཕྲེང་བའི་དེ་ཁོ་ན་ཉིད་ལ་གཉིས་ཏེ། མཉན་པར་གདམས་པ་དང༌། དོན་དངོས་སོ། །དང་པོ་ནི་ཕྲེང་བ་ལ་སོགས་པ་ཞེས་པ་སྟེ། སོགས་ནི་ཕྲེང་ཐག་དང་དེ་དང་རྗེས་སུ་འབྲེལ་བའི་རྣལ་འབྱོར་ལ་སོགས་པའང་ཞེས་དགོངས་སོ། །དེའི་ཕན་ཡོན་ནི་གང་གིས་ཞེས་རྐང་པ་གཉིས་སོ། །དོན་དངོས་ལ་བརྒྱད་དེ་ཕྲེང་བའི་རྒྱུ་དང་གྲངས་བསྟན་པ་དང༌། ཕྲེང་བའི་དེ་ཁོ་ན་ཉིད་བྱིན་གྱིས་བརླབ་པ་དང་བཅས་པ་དང༌། ཕྲེང་བ་བགྲང་པའི་ཚུལ་དང༌། དེ་ཁོ་ན་ཉིད་མ་ཤེས་པའི་ཉེས་པ་དང༌། ཤེས་པའི་ཕན་ཡོན་བསྟན་པ་དང༌། ཕྲེང་བ་བྱིན་གྱིས་བརླབ་པའི་སྔགས་དང༌། ཕྲེང་བའི་བྱིན་རླབས་ཀྱི་ཁྱད་པར་གྱི་རྣལ་འབྱོར་དང༌། བགྲང་བའི་ཚུལ་སྤྱིར་བསྟན་པ་དང༌། བརྒྱུ་བའི་ཚུལ་ཕན་ཡོན་དང་བཅས་པའོ། །དང་པོ་ནི་ཤེལ་དང་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་ཕྱེད་དང་བདུན་ཏེ། གོ་སླའོ། །བར་འདིར་རྡོ་རྗེ་མཁའ་འགྲོ་ལས་ནི་ལས་སོ་སོ་ལ་ཕྲེང་ཐག་སོ་སོར་སྦྱར་བ་ལའང་གསུངས་ལ། ཡང་གདན་བཞི་པ་དང་གཉི་ག་ལས་ཐུན་མོང་དུ་ཕྲེང་ཐག་གསུངས་པ། ཡང་ན་རས་བལ་སྐུད་པ་ནི། །གཞོན་ནུ་མ་ཡིས་བཀལ་བའོ། །དེ་ཡང་གཟུགས་མཛེས་ལུས་རྫོགས་ཤིང༌། །གཙང་ཞིང་དྲན་ལྡན་སྙན་པར་སྨྲ། །དེ་ཡིས་བཀལ་བའི་ཕྲེང་ཐག་གིས། །གྲོལ་བའི་དངོས་གྲུབ་སྐྱེ་བར་འགྱུར། །ཞེས་པ་འདིར་རྟོགས་པར་བྱའོ། །དེ་ལྟར་ཚིགས་བཅད་བརྒྱད་ནི་ཕྲེང་བའི་མཚན་ཉིད་དོ། །གཉིས་པ་ཕྲེང་བའི་དེ་ཁོ་ན་ཉིད་བྱིན་གྱིས་བརླབ་པ་དང་བཅས་པ་དང༌། བླངས་པ་བྱིན་གྱིས་བརླབ་པའི་སྔགས་དང༌། དྲུག་པ་ལྷའི་རྣལ་འབྱོར་དང༌། བརྒྱད་པ་བརྒྱུ་བའི་ཚུལ་རྣམས་ནི་མངོན་པར་རྟོགས་པ་ཕྱོགས་གཅིག་ཏུ་ཤེས་པར་བྱའོ། །འདི་ལྟར་དང་པོར་བདག་ཉིད་ཀྱི་རྣལ་འབྱོར་བྱ་སྟེ། ཡེ་ཤེས་དེ་ཉིད་ཅེས་བྱ་བ་ལ་སོགས་པ་གཞུང་འདིར་གདན་བཞི་པའི་བཤད་པའི་རྒྱུད་ཡིན་པ་ལ་དགོངས་ནས་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་གསུངས་ཀྱི་རང་གི་རྣལ་འབྱོར་གང་ཡང་རུང་བ་སྔོན་དུ་བྱའོ། །དེ་ནས་ཕྲེང་ཐག་བྱིན་གྱིས་བརླབ་པ་ནི་ཕྱོགས་དང་མཚམས་ནི་བརྒྱད་ཅེས་བྱ་བ་ལ་སོགས་པ་སྟེ། དབུས་མ་ནི་རྡོ་རྗེ་འཆང་ཆེན་པོ་ཡིན་ལ། ཕྱོགས་མཚམས་ཀྱི་བརྒྱད་ནི་བྱང་ཆུབ་སེམས་དཔའ་བརྒྱད་དེ་སྔར་རྡོ་རྗེའི་དེ་ཁོ་ན་གསུངས་པ་བཞིན་ནོ། །དེ་ལྟར་ཕྲེང་ཐག་སངས་རྒྱས་དང་བྱང་ཆུབ་སེམས་དཔར་ཤེས་ནས། ཕྲེང་བའི་རྡོག་མ་རྣམས་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པར་བྱས་ཏེ་ཧཱུྃ་གི་སྲད་བུས་བརྒྱུ་བ་སྟེ་ངག་ཏུ་དེ་འདོན་ཅིང་བརྒྱུའོ། །མར་མདོ་འཛིན་ཡང་ཆོས་ཀྱི་དཔང་པོ་ཆོས་ཀྱི་དབྱིངས་སུ་བྱས་ཏེ་སྟེང་དུ་བརྒྱུའོ། །དེ་ནས་བྱིན་གྱིས་བརླབ་པ་ནི་ལག་མཐིལ་ཉི་མ་བསམ། ཞེས་བྱ་བ་ལ་སོགས་པ་སྟེ། སྔར་རྡོ་རྗེ་དང་དྲིལ་བུ་བླངས་པའི་སྐབས་སུ་བསྟན་པ་ལྟར་ལག་པ་བྱིན་གྱིས་བརླབས་ཏེ། ཁྱད་པར་གཡོན་པ་ལ་ཨཱ་ལི། གཡས་པ་ལ་ཀཱ་ལི་བཀོད། བར་དུ་སུྃ་དཀར་པོ་བསམ་མོ། །དེ་ནས་ལག་པའི་བར་དུ་ཕྲེང་བ་བཅུག་ལ། རྡོ་རྗེ་དང་པདྨ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་སུྃ་ལ་ཁྱབ། དེ་ཨཱ་ལི་དང་ཀཱ་ལི་ལ་ཁྱབ། དེ་ཕྲེང་བ་དང་གཉིས་སུ་མེད་པར་གྱུར་པར་བསམས་ལ་ཨོཾ་པ་དེ་ཞེས་བྱ་བའི་སྔགས་དེ་ཕྲེང་བའི་སྐོར་གཅིག་བཟླས་པར་བྱའོ། །སྔགས་འདི་ཕྲེང་བ་ལ་ནམ་བཟླས་པ་བྱེད་པའི་དུས་སུའང་གསུམ་ལ་སོགས་པ་བཟླས་ན་ནུས་པའི་མཐུ་དང་ལྡན་པར་འགྱུར་རོ། །ཞེས་བླ་མ་དམ་པ་གསུང་ངོ༌། །དེ་དག་གི་ཚིག་གི་དོན་ནི་རྟོགས་པར་སླའོ། །ལས་སོ་སོའི་ཕྲེང་བ་བགྲང་བའི་ཚུལ་ནི་སོར་མོ་ལ་སོགས་ཞེས་པ་ཚིགས་སུ་བཅད་པ་གསུམ་དང༌། ཟུང་ལྟར་ཞེས་ཚིགས་བཅད་གཅིག་གིས་བསྟན་ཏོ། །དེ་ཁོ་ན་མ་ཤེས་པའི་ཉེས་པ་དང༌། ཤེས་པའི་ཕན་ཡོན་ནི་དེ་ཉིད་མེད་པའི་ཞེས་བྱ་བ་ནས། རྣལ་འབྱོར་མ་ཡི་སྙིང་པོ་འགྲུབ། །ཅེས་བྱ་བའི་བར་རྐང་པ་བཅུས་བསྟན་ཏོ། །ཚིག་ནི་རྟོགས་པར་སླ་བས་མ་ཕྱེའོ། །བརྒྱད་པ་ལས་རབ་ཏུ་བྱེད་པ་གཉིས་པའོ།། །།བཞི་པ་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་བསྟན་པ་ལ་གསུམ་སྟེ། ཡེ་ཤེས་ཀྱི་འཕོ་བ་བསྟན་པ་དང༌། ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དངོས་དང༌། ཡེ་ཤེས་ཀྱི་དེ་ཁོ་ན་གང་ལས་ཤེས་པར་བསྟན་པའོ། །དང་པོ་ལ་གསུམ་སྟེ། གོང་དུ་འཕོ་བ་དང༌། འཕོ་བའི་དུས་ཀྱི་ལྷའི་རྣལ་འབྱོར་དང༌། གཞན་གྱི་གྲོང་དུ་འཇུག་པའོ། །དང་པོ་ལ་གཉིས་ཏེ། མཉན་པར་གདམས་པ་དང༌། དོན་དངོས་སོ། །དང་པོ་ནི་འཕོ་བའི་ཞེས་བྱ་བ་ལ་སོགས་པ་སྟེ། འཕོ་བ་ནི་གོང་དུ་འཕོ་བ་རང་འཆི་བ་ལས་མ་ཤི་བའི་གོང་དུ་ལུས་ལས་རྣམ་ཤེས་འཕོ་བའམ། བཟང་པོའི་ལམ་ནས་ཐོན་ཏེ་གོང་ནས་གོང་དུ་འཕོ་བའོ། །གཞན་གྱི་གྲོང་དུ་འཇུག་པ་ནི་ཕ་རོལ་ཤི་བའི་ལུས་སྐྱོན་མེད་པ་ལ་འཇུག་པའམ། གདུག་པ་ཅན་བསྒྲལ་བ་རྣམ་པར་ཤེས་པ་དབྲོག་པའི་ལས་ཀྱི་ཚོགས་ཏེ། བདག་གི་རྟེན་རྙིང་པ་དང་གཞན་གྱི་རྟེན་གསར་པ་བརྗེ་བའོ། །འཕོ་བའི་དུས་སུ་བཟང་པོའི་ལམ་ནི་ལམ་བཟང་པོ་ནས་ཕྱུང་བའི་སྒོ་ནས་གོང་ནས་གོང་དུ་འགྲོ་བ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆེ་བའོ། །དེ་ལྟ་བུ་དེ་བསྟན་གྱིས་ཉོན་ཞེས་སྦྱར་རོ། །དོན་དངོས་ལ་དྲུག་སྟེ། སྒོའི་དབྱེ་བ་དང༌། འཕོ་བའི་རྣལ་འབྱོར་བྱ་བའི་དུས་དང༌། སྔོན་དུ་སྦྱང་བའི་ཆོ་ག་དང༌། འཕོ་བའི་རྣལ་འབྱོར་དངོས་དང༌། འཕོ་བའི་རྣལ་འབྱོར་གྱི་ཕན་ཡོན་དང༌། འཕོ་བ་བྱ་བའི་དུས་ཀྱི་ངེས་བཟུང་འཐད་པ་དང་བཅས་པའོ། །དང་པོ་ནི་ལེགས་པར་ལམ་ནི་ཞེས་བྱ་བ་ལ་སོགས་པ་སྟེ། རྐང་པ་ལྔས་ནི་མདོར་བསྟན་ལ། ལྟེ་བ་འདོད་པའི་མཚན་ཉིད་ཅན། །ཞེས་བྱ་བ་རྐང་པ་བཅུས་ནི་རྒྱས་པར་བཤད་དོ། །དོན་ནི་འདི་ཡིན་ཏེ། ལྟེ་བ་ལས་ནི་འདོད་པའི་ཁམས་ཀྱི་ལྷ་རིགས་དྲུག་ཏུའོ། །ཐིག་ལེ་སྟེ་སྨིན་མཚམས་ལས་ནི་གཟུགས་ལུས་ཅན་ཏེ། གཟུགས་ཁམས་གནས་རིས་བཅུ་བདུན་དུ་འགྲོའོ། །སྟེང་སྟེ་སྤྱི་གཙུག་ལས་ནི་སྟེང་དུ་གནས་པ་སྟེ་གཟུགས་མེད་སྐྱེ་མཆེད་མུ་བཞིར་འགྲོའོ། །དེ་གསུམ་ལྷའོ། །སྣ་ལས་ནི་གནོད་སྦྱིན་ནོ། །འདི་ནི་ལྷའི་རིགས་སུའང་བསྡུ་ལ། ཡང་ཡི་དྭགས་ཀྱི་རིགས་ལས་ལྷ་དང་སྐལ་བ་མཉམ་པར་སྤྱོད་པ་ཞེས་བྱ་བ་ཡིན་ནོ། །རྣ་བ་ལས་ནི་གྲུབ་པའི་ལྷ་སྟེ་རིག་འཛིན་གྲུབ་པ་ཞེས་བྱ་སྟེ་འདི་གཉིས་རིགས་མཐུན་ནོ། །དཔལ་རྡོ་རྗེ་མཁའ་འགྲོ་ལས་ནི་མིའི་ཅིར་འགྱུར་བར་བཤད་དོ། །མདོར་ན་རྣ་བ་དང་སྣ་ལས་ལྷ་མ་སྲིན་དུ་འགྲོའོ། །མིག་ལས་མི་རྒྱལ་ཏེ། དེའང་གཡས་པ་ལས་ནི་རྒྱལ་པོ་ཡིན་ལ། གཡོན་པ་ལས་ནི་མི་ཕལ་བ་ཡིན་ནོ། །ཞེས་བྱ་བ་བླ་མའི་མན་ངག་གོ །སྲིད་པའི་སྒོ་ནི་ཁ་སྟེ་དེ་ལས་ཡི་དྭགས་ཁོ་ནའོ། །བཏུང་བ་སྟེ་གཅི་བའི་ལམ་ལས་ནི་བྱོལ་སོང་དུ་འགྲོའོ། །བཏུང་མིན་ཏེ་བཤང་ལམ་ལས་ནི་དམྱལ་བར་འགྱུར་རོ། །ཞེས་བྱ་བ་འདི་དག་ནི་རྒྱུད་ཐམས་ཅད་དུ་ངེས་པ་ཡིན་ནོ། །དེ་ལ་ཐར་པའི་འགྲོ་བ་ནི་སྤྱི་གཙུག་ཡིན་ཏེ་གཟུགས་མེད་པ་རྣམས་དང༌། ཤེས་རབ་ཀྱི་ཁྱད་པར་གྱིས་ཅུང་ཟད་ཕྱེ་བ་ཡིན་པས་སོ། །ཞེས་སློབ་དཔོན་ཁ་ཅིག་བཞེད་ལ་ཁ་ཅིག་ནི་ལམ་འདི་རྣམས་ནི་འཁོར་བའི་འཕོ་བ་འབའ་ཞིག་ཡིན་ལ། མྱ་ངན་ལས་འདས་པ་ནི་ཤེས་རབ་ཁོ་ནས་འགྱུར་རོ་ཞེས་བཞེད་དོ། །གཉིས་པ་འཕོ་བའི་རྣལ་འབྱོར་བྱ་བའི་དུས་ནི་འཆི་བའི་དུས་ཀྱི་ཐོབ་པ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་སྟེ། དེ་ལས་འཆི་བའི་ལྟས་ནི་ཕྱིའི་ལྟས་དང་ནང་གི་ལྟས་སོ། །ནང་གི་ལའང་མ་ངེས་པའི་ལྟས་དང༌། ངེས་པའི་ལྟས་སོ། །ངེས་པའི་ལྟས་ལའང་གཉིས་ཏེ། འཆི་བ་ངེས་པ་ཙམ་དང༌། དེ་ཁོ་ནར་འཆིའི་དེ་ལས་གཞན་དུ་མི་འཆི་བ་རྒྱས་པའི་དུས་ཀྱི་ལྟས་ཞེས་བྱ་བ་སྟེ། འདི་དག་རྒྱས་པར་ཤེས་པར་འདོད་པས་གཞན་དུ་བཙལ་བར་བྱའོ། །ཅིའི་ཕྱིར་འཕོ་བའི་དུས་ངེས་པར་གཟུང་སྙམ་ན། ངེས་པར་འཆི་ལྟས་མ་བྱུང་བར་འཕོ་བ་བྱས་ན། དུས་མིན་ལྷ་ནི་གསོད་པ་ཉིད། །ཅེས་འོག་ནས་འབྱུང་བས་ལྟུང་བ་བརྒྱད་པར་འགྱུར་ལ། འཆི་ངེས་པའི་ལྟས་བྱུང་སྟེ་འཆི་བ་བསླུ་བས་ཀྱང་མ་བསླུས་པ་ན་ཟླ་བ་དྲུག་ཙམ་གྱི་གོང་དུ་འཕོ་བ་བྱ་བར་གསུངས་ཏེ། འཆི་བའི་རྐྱེན་རིམས་ལ་སོགས་པས་བྱས་ན་འཕོ་བ་ལ་སྦྱོར་མི་ནུས་པའི་ཕྱིར་རོ། །དེ་བས་ན་རྣལ་འབྱོར་པ་ཐ་མ་འཆི་བ་ཤེས་པ་ཞེས་བྱ་བ་ཡིན་ནོ་ཞེས་བདག་གི་བླ་མ་གསུང་ངོ༌། །གསུམ་པ་སྔོན་དུ་བྱ་བའི་ཆོ་ག་ནི། བུམ་པ་ཞེས་བྱ་བའི་ཤླཽ་ཀ་ཕྱེད་དང་གསུམ་བསྟན་ཏོ། །དེའང་སྤྱིར་འཕོ་བའི་རྣལ་འབྱོར་གྱི་སྔོན་དུ་སྦྱང་བ་ནི། དང་པོར་འཁོར་ལོ་བཞི་ལ་བརྟེན་པ་ལ་སོགས་པའི་རྣལ་འབྱོར་གྱིས་ཙཎྜཱ་ལཱི་ལ་གོམས་པར་བྱ་བའོ། །དེ་ནས་རླུང་ལ་གོམས་པར་བྱ་སྟེ། དཔལ་རྡོ་རྗེ་མཁའ་འགྲོ་ལས་ནི། ཀུཾ་པ་ཀ་དང༌། སུ་ར་ཀ་དང༌། རོ་ཙ་ཀ་དང༌། པྲ་ཤན་ཏི་ཀ་སྟེ་བཞི་གསུངས་ཀྱང་འདིར་བུམ་པ་འབའ་ཞིག་གསུངས་ལ། འདི་ཁོ་ན་ལ་སྦྱར་བས་གྲུབ་པར་ཡང་གསུངས་སོ། །དེ་ལ་བུམ་པ་ནི་ལྟེ་བར་རླུང་རང་ཉིད་ཀྱི་ངང་གི་ཞུགས་པ་སྟེ། སྟེང་དང་འོག་གི་སྒོ་བསྡམས་ཏེ་གནས་པར་བྱེད་པའོ། །དེ་ལྟར་སྒོ་གཉིས་པོ་བསྡམས་པས་སྒོ་དགུ་ཀ་ནས་མི་རྒྱུ་བས་སྒོ་རྣམས་ཐམས་ཅད་རེངས་པར་བྱེད་ཅེས་བྱའོ། །སྒོ་གཉིས་པོ་བསྡོམས་པ་ཙམ་གྱིས་ཁེགས་སམ་འོན་ཏེ་ཐབས་གཞན་ཡང་ཡོད་སྙམ་པ་ལ། རླུང་གཉིས་པོ་བསྡེབས་པ་ཙམ་ཡིན་པས་ཏིང་ངེ་འཛིན་གྱིས་སྒོ་ཐམས་ཅད་ཡི་གེས་དགག་པ་བསྟན་པའི་ཕྱིར། མཆོད་རྟེན་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྲོགས་པ་ལྔ་ནི་ཧཱུྃ་ཆ་ལྔ་པ་སྟེ། རྗེས་མ། >>
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།