ཆོས་ལ་འཇུག་པའི་སྒོ་ཞེས་བྱ་བའི་བསྟན་བཅོས། ༢

ཞེས་བྱ་བ་ལ་སོགས་པས་གསོལ་བ་བཏབ་བོ། །དེ་ནས་དེའི་ནུབ་མོ་ནམ་གྱི་ཆ་སྟོད་ལ་ཅང་མི་གསུང་བར་བཞུགས་སོ། །ནམ་གྱི་གུང་ལ་ཆགས་པར་འགྱུར་བའི་གཏམ་རྣམས་གསུངས་སོ། །ནམ་གྱི་ཆ་སྨད་ལ་བཀའ་སྩལ་པ། དགེ་སློང་དག་མཐའ་གཉིས་པོ་འདི་དག་ནི་རབ་ཏུ་བྱུང་བས་འཇུག་པར་བྱ་བ་མ་ཡིན་ནོ། །གང་འདོད་པ་རྣམས་ལ་བསོད་སྙོམས་སུ་སྦྱར་བ་དང༌། ངལ་ཞིང་དུབ་པ་སྟེ་མཐའ་གཉིས་པོ་འདི་དག་ནི་འདོད་ཆགས་དང་བྲལ་བར་མི་འགྱུར་ལ། ཕྱི་མ་ལའང་སྡུག་བསྔལ་བར་འགྱུར་བའོ། །དེ་བས་ན་མཐའ་གཉིས་པོ་སྤངས་པ་དབུ་མའི་ལམ་ཉིད་ཀྱིས་དེ་བཞིན་གཤེགས་པས་ཆོས་བསྟན་ཏོ། །དེ་ནི་འདི་ལྟ་སྟེ། འཕགས་པའི་ལམ་ཡན་ལག་བརྒྱད་དོ། །ཡང་དགེ་སློང་དག་བཞི་པོ་འདི་དག་ནི་འཕགས་པའི་བདེན་པ་བཞི་སྟེ། གང་ཞེ་ན། སྡུག་བསྔལ་བ་དང༌། ཀུན་འབྱུང་བ་དང༌། འགོག་པ་དང༌། ལམ་མོ། །དེ་ལ་སྡུག་བསྔལ་ནི། སྐྱེ་བ་དང༌། རྒ་བ་དང༌། ན་བ་དང༌། འཆི་བ་དང༌། ཕྲད་པ་དང་བྲལ་བ། འདོད་པ་བཙལ་ཡང་མ་རྙེད་པ་སྟེ། མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔའོ། །དེ་ལ་ཀུན་འབྱུང་ནི། གང་འདི་འབྱུང་བའི་སྲིད་པ་དང༌། དགའ་བའི་ཆགས་པ་དང༌། དེ་དང་དེར་དགའ་བའོ། །དེ་ལ་སྡུག་བསྔལ་འགོག་པ་ནི་གོང་མ་གསུམ་གྱི་རྗེས་ལ་སྲིད་པ་དང་བྲལ་བ་དང་མ་ལུས་པ་འགོག་པའོ། །གང་འགོག་པར་འགྲོ་བའི་ལམ་ནི་ལམ་ཡན་ལག་བརྒྱད་དོ། །དགེ་སློང་དག་བཞི་པོ་འདི་དག་ནི་འཕགས་པའི་བདེན་པ་བཞི་ཞེས་བྱའོ། །ངས་སྔོན་མ་ཐོས་པའི་ཆོས་ལ་ནི་སྡུག་བསྔལ་ལོ་ཞེས་ཚུལ་བཞིན་ཡིད་ལ་བྱས་ཤིང་མང་དུ་བྱས་པས། ཡེ་ཤེས་སྐྱེས། མིག་སྐྱེས། རིག་པ་སྐྱེས། མང་དུ་ཤེས། ཡིད་གཞུངས་པ། ཤེས་རབ་དང་སྣང་བ་བྱུང་ངོ་ཞེས་ལན་དང་པོ་གསུངས་པས། ཀུན་ཤེས་ཀཽཎྜི་ཎྱས་དགྲ་བཅོམ་པ་ཐོབ་བོ། །ཡང་དགེ་སློང་དག་སྡུག་བསྔལ་ཤེས་པར་བྱའོ། །ཀུན་འབྱུང་སྤང་བར་བྱའོ། །འགོག་པ་མངོན་དུ་བྱའོ། །ལམ་བསྟེན་པར་བྱའོ། །ཞེས་ལན་གཉིས་པའོ། །ཡང་དགེ་སློང་དག་སྡུག་བསྔལ་ཤེས་སོ། །ཀུན་འབྱུང་སྤངས་སོ། །འགོག་པ་མངོན་དུ་བྱས་སོ། །ལམ་བསྟེན་ཏོ། །ཡེ་ཤེས་སྐྱེས་ནས་ངས་སེམས་ཅན་གྲོལ་ནས། ཤེས་རབ་རྣམ་པར་གྲོལ་བ་ལ་མི་འཁྲུག་པར་མངོན་དུ་བྱས་ཚུན་ཆད་དགེ་སློང་དག་ང་སངས་རྒྱས་སོ། །ཞེས་ཁས་འཆེས་ཏེ། ཡེ་ཤེས་མཐོང་བ་སྐྱེས་སོ། །སྐྱོན་ཟད་དོ། །ཚངས་སྤྱོད་བསྟན་ཏོ། །བྱ་བ་བྱས་སོ། །འདི་ལས་སྲིད་པ་གཞན་མི་ཤེས་སོ་ཞེས་ལན་གསུམ་དུ་བཀའ་སྩལ་ཏོ། །དགེ་སློང་ལྔ་པོས་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་ཐོབ་བོ། །དེ་དག་ལ་སོགས་ཏེ་གནས་དེ་དང་དེ་དག་ཏུ་བདེན་པ་བཞི་ནས་བརྩམས་ཏེ་དགེ་སློང་དག་ཁུར་ཡང་ཡོད། ཁུར་ཁྱེར་བ་པོ་ཡང་ཡོད་དོ། །ཞེས་གཟུང་བ་དང་འཛིན་པ་ཡོད་པར་གསུངས་ཏེ། དེ་ལྟར་མ་ཡིན་ན་སྐྲག་པར་འགྱུར་བས་སོ། །དེ་ལྟར་གསུངས་པས་གདུལ་བྱ་ཉན་ཐོས་ཀྱི་རིགས་ཅན་དང༌། རང་སངས་རྒྱས་ཀྱི་རིགས་ཅན་རྣམས་སྨིན་པར་མཛད་དོ། །དེས་ཡོད་པར་འཛིན་པ་ཤས་ཆེ་བར་གྱུར་པ་ལ། བྱ་རྒོད་ཕུང་པོའི་རི་ལ་སོགས་པར་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་ཏེ། དེ་ཉིད་ལས་ཀྱང༌། ལྷ་རྣམས་ན་རེ་ཀྱེ་མ་འཇིག་རྟེན་དུ་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་བ་མཐོང་ངོ་ཞེས་གསུངས་སོ། །དེ་ལྟར་གསུངས་པས་སྔར་གྱི་ལས་བཟློག་སྟེ་ཐམས་ཅད་མེད་པར་འཛིན་པ་ཤས་ཆེ་བར་གྱུར་ཏོ། །དེ་ལྟར་ཡོད་པ་དང་མེད་པ་གཉིས་ནི་མཐའ་ཡིན་པས་མཐའ་ཐམས་ཅད་དང་བྲལ་བ་དབུ་མའི་ལམ་སྟེ། མཚན་མ་མེད་པ་རྣམ་པར་རིག་པ་ཙམ་དུ་སྟོན་པའི་ཆོས་ཀྱི་འཁོར་ལོ་མཉན་ཡོད་དང་བྱ་རྒོད་ཕུང་པོ་ལ་སོགས་པར་གསུངས་སོ་ཞེས་འདོད་དེ། ཇི་སྐད་དུ། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོའི་རྒྱུན་བཞིན་འབབ། །བདག་ཏུ་རྟོག་པར་གྱུར་ན་མི་རུང་ཞེས། །འདི་ནི་བྱིས་པ་རྣམས་ལ་ངས་མ་བསྟན། །ཞེས་གསུངས་སོ། །ཡང༌། ཡོད་པས་མེད་པ་ཡོད་པས་ན། །འདི་ནི་དབུ་མའི་ལམ་ཡིན་ནོ། །ཞེས་གསུངས་སོ། །དེ་ལྟར་རྣལ་འབྱོར་སྤྱོད་པ་དག་གི་གཞུང་ལུགས་སོ། །ངོ་བོ་ཉིད་མེད་པར་སྨྲ་བ་དག་ན་རེ། དེ་ཉིད་ཚོལ་བས་ཐོག་མར་ནི། །ཐམས་ཅད་ཡོད་ཅེས་བརྗོད་པར་བྱ། །འདི་ཉིད་རིག་འདོད་དེ་ནས་ནི། །ཕྱི་ནས་རྣམ་པར་དབེན་པ་ཉིད། །ཅེས་གསུངས་པ་ལྟར་ཡིན་པས། བར་པ་རྣམ་པར་རིག་པ་ཙམ་དུ་སྟོན་པ་ཡིན་ལ། ཐ་མ་ནི་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་ཡིན་ནོ་ཞེས་འདོད་དོ། །དེ་ལྟར་གོ་རིམ་གསུམ་པོ་ཡང་ཁ་ཅིག་ནི་དེ་ལྟར་ངེས་པ་ཁོ་ནར་འདོད་ལ། ཁ་ཅིག་ནི་དེ་བཞིན་གཤེགས་པའི་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པས་ཁ་ཅིག་ཏུ་སྐུའི་བཀོད་པ་མཛད་ལ། ཁ་ཅིག་ཏུ་གསུང་གི་བཀོད་པ་མཛད་པས་ཐེག་པ་གསུམ་ཀའི་ཆོས་དུས་གཅིག་ཉིད་དུ་གསུངས་པའང་རུང་བས། འཛམ་བུ་གླིང་པའི་སྐྱེ་བོའི་གདུལ་བྱ་གཙོ་ཆེ་བའི་དབང་དུ་བྱས་ཏེ་གོ་རིམ་ངེས་པར་གཞག་གོ་ཞེས་འདོད་དོ། །དེ་ལྟར་རིམ་པ་གསུམ་དུ་བསྐོར་བར་འདོད་པ་ནི་ཐེག་པ་ཆེན་པོའི་ལུགས་ཡིན་ནོ། །འཕགས་པ་ཉན་ཐོས་དག་ནི་རང་གི་ལུགས་ཀྱི་ཆོས་ཁོ་ནས་གདུལ་བྱ་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གསུམ་ཀའི་ལམ་གསུངས་ཀྱི། ཐེག་པ་ཆེན་པོ་ཞེས་བྱ་བ་ཆོས་ཐམས་ཅད་སྟོང་པ་ཉིད་དུ་སྟོན་པའམ། རྣམ་པར་རིག་པ་ཙམ་དུ་སྟོན་པའི་གཞུང་ལུགས་དེ་ལྟ་བུ་གསུངས་པར་མི་འདོད་དོ། །དེའི་ཕྱིར་ཡང་ཐེག་པ་ཆེན་པོའི་ལུགས་ཕྱི་མ་ལེགས་པ་ཡིན་ཏེ། ཇི་སྐད་དུ། མདོ་སྡེ་རྒྱན་ལས། སྔར་ལུང་མ་བསྟན་ལྷན་ཅིག་བྱུང༌། །ཞེས་གསུངས་པ་ལྟ་བུའོ། །དེ་བས་ན་རང་རང་གི་འདོད་པ་སོ་སོར་བྱས་སུ་ཟད་ཀྱི། དེ་བཞིན་གཤེགས་པས་གདུལ་བྱ་སོ་སོ་ལ་གསུངས་པའམ་མ་གསུངས་པ་མེད་དེ། ཇི་སྐད་དུ། ཡིད་འོང་རྡོ་རྗེའི་ཚིག་གཅིག་པུ། །རྟོག་པ་མེད་ཅིང་འཁྲུལ་མེད་པ། །གདུལ་བྱའི་བསམ་པའི་དབང་གིས་ནི། །བྱེ་བྲག་མང་པོར་འགྱུར་བ་ཡིན། །ཞེས་གསུངས་པ་ལྟ་བུའོ། །དེ་བས་ན་རང་རང་གི་གཞུང་ལུགས་རེ་རེ་ལ་རིགས་ཅན་གསུམ་ཀའི་ལམ་ཡོད་པར་འདོད་དོ། །ཇི་ལྟར་ཡང་རུང་སྟེ་དེ་བཞིན་གཤེགས་པས་གདུལ་བྱ་ལ། ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་ཡོད་པའི་གཉེན་པོར་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་པར་འདོད་དོ། །ཇི་སྐད་དུ། མཛོད་ལས། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དག །གང་རྣམས་ཐུབ་པས་གསུངས་དེ་དག །སྤྱོད་པ་རྣམས་ཀྱི་གཉེན་པོར་ནི། །ཆོས་ཀྱི་ཕུང་པོ་གསུངས་པར་མཐུན། །ཞེས་གསུངས་པ་ལྟ་བུའོ། །དེ་དག་ཀྱང་གསུང་རབ་ཡན་ལག་བཅུ་གཉིས་སུ་བསྡུས་ཏེ་ཚིག་གི་སྡེབ་སྦྱོར་གྱིས་སོ། །དོན་ལ་བསམས་ཏེ་སྡེ་སྣོད་གསུམ་དུ་བསྡུ་བར་བྱའོ་ཞེས་བྱ་བར་མཐུན་པ་ཡིན་ནོ། །དེ་ལྟར་ན་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་མཉན་ཡོད་ལ་སོགས་པར་ཆོ་འཕྲུལ་ཆེན་པོ་ཡང་མཛད་པས་འོས་སུ་གྱུར་པའི་གདུལ་བྱ་རྣམས་ཀྱི་དོན་མཛད་དོ། །དེ་ལྟར་དེ་བཞིན་གཤེགས་པས་ཆོས་ཀྱི་འཁོར་ལོ་དང་ཆོ་འཕྲུལ་ཆེན་པོ་མཛད་པས། འོས་སུ་གྱུར་པའི་གདུལ་བྱ་ཕལ་ཆེར་ཡོངས་སུ་སྨིན་པར་མཛད་ནས་ཡུལ་ཡངས་པ་ཅན་དུ་སྟེ་ཙམ་པ་ལའི་མཆོད་རྟེན་གྱི་དྲུང་དུ་བཞུགས་སོ། །དེའི་ཚེ་ཀུན་དགའ་བོ་ལ་བཀའ་སྩལ་པ། དེ་བཞིན་གཤེགས་པ་ནི་རྫུ་འཕྲུལ་གྱི་རྐང་པ་མངའ་བས་བསྐལ་བའམ་ལྷག་པར་ཡང་གནས་པར་ནུས་སོ་ཞེས་ལན་གསུམ་གྱི་བར་དུ་གསུངས་ན། ཀུན་དགའ་བོ་ལན་ཅི་ཡང་མ་བྱུང་ངོ༌། །འདི་ནི་དགོངས་པ་ཅན་ནོ། །དེའི་ཚེ་བདུད་ཀྱིས་ཞུས་པ། ཀྱེ་གོའུ་ཏ་མ་ཁྱོད་མྱ་ངན་ལས་འདས་པའི་དུས་ལ་བབ་བོ། །བཀའ་སྩལ་པ། ཟླ་བ་གསུམ་ནས་མྱ་ངན་ལས་འདའོ། །དེ་ནས་དེའི་ཚེ་འདུ་བྱེད་སྤོང་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བཞེངས་ཏེ་གསུངས་པ། མཉམ་དང་མི་མཉམ་སྲིད་པ་ནི། །སྲིད་པའི་འདུ་བྱེད་ཐུབ་པས་སྤངས། །ནང་གི་འདུ་བྱེད་མཉམ་གཞག་པས། །བཅོམ་པ་སྐྱོང་མཛད་ལས་གཞུང་བཞིན། །ཞེས་གསུངས་སོ། །དེའི་ཚེ་ས་གཡོ་བ་ལ་སོགས་པ་བྱུང༌། སྲིད་པ་གསུམ་པོ་ཐམས་ཅད་ན་ཡང་ཟླ་བ་གསུམ་ནས་མྱ་ངན་ལས་འདའོ་ཞེས་གྲགས་པར་གྱུར་པས་སྐལ་བ་དང་ལྡན་པའི་གདུལ་བྱ་དུ་མ་ཡང་འདུས་པར་གྱུར་ཏོ། །དེ་ནས་དགེ་འདུན་རྣམས་བསྡུས་ཏེ་མི་རྟག་པའི་ཆོས་གསུངས་སོ། །ཡུལ་ཡངས་པ་ཅན་ལ་གཟིགས་པའི་ཐ་མའོ་ཞེས་གསུངས་སོ། །དེ་ནས་རུ་ཏ་ནར་གཤེགས་སོ། །དེ་བཞིན་དུ་མ་ལའི་གྲོང་དང༌། ལོངས་སྤྱོད་ཅན་དང༌། སཱ་ལའི་གྲོང་ལ་སོགས་པ་ནས་རིམ་གྱིས་གཤེགས་ཏེ། ཆུ་བོ་ཧི་ན་བ་ཏའི་འགྲམ་དུ་བཞུགས་ཏེ། ཆུ་ལྷུང་བཟེད་གང་གསོལ་ལོ། །དེ་ནས་ཡང་ལམ་ལས་ལོགས་ཤིག་ཏུ་ཅུང་ཟད་གཅིག་བཞུགས་ནས་ཀུན་དགའ་བོ་ལ་བྱང་ཆུབ་ཀྱི་ཡན་ལག་དྲིས་སོ། །དགེ་སློང་དག་གིས་སྨྲས་པ། སྟོན་པ་ཆོས་དབང་དེ་ཡིས་ཀྱང༌། །རིན་ཆེན་ཆོས་ནི་གསན་བྱེད་ན། །དགེ་སློང་ཤེས་རབ་མཆོག་ཏུ་གསུངས། །འདི་ལ་གཞན་དག་ཅི་ཕྱིར་ཉན། །ཞེས་སོ། །དེ་ནས་ཟླ་བ་གསུམ་འདས་ཏེ་ཚེས་བཅོ་ལྔ་ལ་བབ་པ་ན། རྩྭ་ཅན་གྱི་གྲོང་ཁྱེར་གྱད་སྟོབས་པོ་ཆེ་འབྱུང་བའི་གནས། ཤིང་སཱ་ལ་ཟུང་གི་ཚལ་ག་ལ་བ་དེར་གཤེགས་སོ། །དེར་རྩྭ་ཅན་གྱི་གྲོང་ཁྱེར་བ་རྣམས་ཀྱིས་ལམ་ཐམས་ཅད་བརྒྱན་ཏེ་མཛེས་པར་བྱས་ཏེ་སཱ་ལ་ཟུང་བཞིའི་ཚལ་གྱི་དབུས་སུ་ཁྲི་བཤམས་སོ། །དེ་ནས་ཀུན་དགའ་བོ་ལ་བཀའ་སྩལ་པ། ཁྱོད་ཀྱིས་ང་མགུ་བར་བྱས་པས་མ་འོངས་པ་ན་ཁྱོད་གཞན་གྱིས་མགུ་བར་བྱེད་དོ། །ཞེས་ཀྱང་གསུངས་སོ། །དེ་ནས་སྔ་དྲོའི་དུས་ཀྱི་ཚེ་དེ་བཞིན་གཤེགས་པས་འོད་བཀྱེ་སྟེ། འཇིག་རྟེན་གྱི་ཁམས་ཐམས་ཅད་གང་བར་བྱས་སོ། །དེ་དང་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་བས་ཐེ་ཚོམ་དུ་བྱ་བ་འདྲི་བ་ཐམས་ཅད་འདིར་ཤོག་ཅིག་ཅེས་སྦྲན་ནོ། །དེར་ལྷ་དུ་མ་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་འདུས་པར་གྱུར་ཏོ། །གནས་བརྟན་འོད་སྲུངས་མ་གཏོགས་སོ། །དེ་ནས་འཁོར་འདུས་པ་རྣམས་ལ་ཅི་དང་ཅིས་འདུལ་བའི་ཆོས་ཀྱིས་དོན་མཛད་དོ། །ཡང་དེའི་ཚེ་ཤིན་ཏུ་ལེ་ལོའི་མཐར་ཐུག་པ་དྲི་ཟའི་རྒྱལ་པོ་རབ་དགའ་ཞེས་བྱ་བ་ཞིག་སུམ་ཅུ་རྩ་གསུམ་ན་ཡོད་དོ། །དེ་གདུལ་བའི་ཕྱིར་དེ་བཞིན་གཤེགས་པས་སྤྲུལ་པའི་ལུས་མཛད་དེ་དྲི་ཟའི་རྒྱལ་པོས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་མཛད་དོ། །དེ་ནས་ཡང་གདུལ་དཀའ་བའི་མཐར་ཐུག་པ་རྩ་ཅན་གྱི་གྲོང་ཁྱེར་གྱི་ཕྱི་རོལ་ན་ཀུན་དུ་རྒྱུ་རབ་བཟང་ཞེས་བྱ་བ་ལྷག་སྤྱོད་ཀྱི་སློབ་མ་ལོ་བརྒྱ་ཉི་ཤུ་ལོན་པ་མངོན་པར་ཤེས་པ་ལྔ་ཐོབ་པ་དེ་ང་རྒྱལ་མ་སྤངས་པར་མྱ་ངན་ལས་འདས་པ་ཐོབ་པར་སེམས་པ་ཅིག་ཡོད་དེ། དེ་གདུལ་བའི་ཕྱིར་ཀུན་དགའ་བོ་ལ་བཀའ་སྩལ་པ། ཁྱོད་སོང་ལ་རབ་བཟང་ལ་དེ་བཞིན་གཤེགས་པ་ཨུ་དུམྦཱ་རའི་མེ་ཏོག་དང་འདྲ་སྟེ། དེ་ནི་དེང་གི་ནམ་གུང་ལ་མྱ་ངན་ལས་འདའི། ཕྱིས་འགྱོད་པའི་སེམས་མ་བྱེད་ཅིག་ཅེས་སྨྲོས་ཤིག ཀུན་དགའ་བོས་སྨྲས་པ་དང༌། དེས་བསམས་པ་ངའི་ཨུ་དུམྦཱ་རའི་ཚལ་འདིར་མེ་ཏོག་གཅིག་བྱུང་བ་དེ་འདིར་བསྐམས་གྱི་དེ་ངེས་པར་བདེན་ནོ་ཞེས་བསམས་ནས། ཀྱེ་ལེགས་ཀྱིས་ག་ལ་བ་དེར་འདོང་ངོ༌། །དེ་དེ་བཞིན་གཤེགས་པའི་ཅན་དུ་སོང་བ་དང༌། སྙུན་གསོལ་ནས་འདི་སྐད་དུ་གསོལ་ཏེ། གོའུ་ཏ་མ་ཕྱོགས་འགའ་ཞིག་ཞུའོ་བསྟན་དུ་གསོལ། བཀའ་སྩལ་པ། དྲིས་ཤིག གསོལ་པ། དགེ་སྦྱོང་དང་བྲམ་ཟེ་དག་ན་རེ། བདེ་སྡུག་ཐམས་ཅད་ལས་ཡིན་ཏེ། དེ་ཚུལ་ཁྲིམས་ཀྱིས་ཟད་པས་མྱ་ངན་ལས་འདའ་བ་ཐོབ་བོ་ཞེས་སྨྲ་ན་དེ་ལྟར་ངེས་སམ། དེ་ལ་བརྩད་པ་དུ་མ་མཛད་ནས་བཀའ་སྩལ་པ། ཐམས་ཅད་སྔོན་གྱི་ལས་མ་ཡིན་ཏེ་རྐྱེན་གྱིའང་ཡོད་དོ། །འདི་ལྟ་སྟེ། རྒྱལ་པོ་བསད་པས་ནོར་ཐོབ་པའམ། རྒྱལ་པོའི་བུ་བསད་པས་རང་ཉམས་པ་ལ་སོགས་པ་ནི་རྐྱེན་གྱིས་ཡིན་ནོ། །གལ་ཏེ་ལས་སད་པས་ཟད་པར་མི་འགྱུར་ཏེ། ཐོག་མའི་མཐའ་མེད་པའི་ཕྱིར་རོ། །དེ་བས་ན་ལམ་བསྒོམས་པས་ཟད་པར་འགྱུར་རོ། །དེའི་ཕྱིར་སྔར་སེམས་འདུལ་ལོ་ཞེས་བཀའ་སྩལ་ཏོ། །གསོལ་པ། བདག་གིས་སེམས་བཏུལ་ལོ། །བཀའ་སྩལ་པ། ཇི་ལྟར་བཏུལ། འདོད་པའི་འདོད་ཆགས་དང་ཡང་བྲལ། གཟུགས་དང་ཡང་བྲལ་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་ཐོབ་བོ། །བཀའ་སྩལ་པ། དེ་ནི་འདུ་ཤེས་ཏེ། ལམ་ནི་འདི་ལྟ་བུའོ་ཞེས་སྟོང་པ་ཉིད་བཤད་པ་དང༌། དེ་ཟག་པ་ཟད་པ་ལས་སེམས་རྣམ་པར་གྲོལ་ནས་དགྲ་བཅོམ་པ་ཉིད་ཐོབ་སྟེ། དགེ་སློང་གི་དངོས་པོར་གྱུར་ཏོ། །དེ་ནས་རབ་བཟང་གིས་དེ་བཞིན་གཤེགས་པ་ལ་བཞུགས་པར་གསོལ་བ་བཏབ་པས་མ་གནང་ནས། རང་ཉིད་སྔར་ཡོངས་སུ་མྱ་ངན་ལས་འདའ་བར་ཞུས་སོ། །དེར་བཀའ་སྩལ་པ། ང་ཐོག་མར་སངས་རྒྱས་ནས་ཀཽཎྜི་ཎྱས་དགྲ་བཅོམ་པ་ཐོབ་བོ། །ཐ་མ་མྱ་ངན་ལས་འདའ་ཀར་རབ་ཏུ་བཟང་པོས་དགྲ་བཅོམ་པ་ཐོབ་པས་མཛད་པ་རྣམས་ཡོངས་སུ་རྫོགས་ཀྱིས། ཁྱེད་ཀྱིས་རབ་བཟང་གི་རུས་པ་ལ་མཆོད་རྟེན་གྱིས་ཤིག ཅེས་གསུངས་སོ། །འཁོར་རྣམས་ཀྱིས་ཀྱང་དེ་བཞིན་དུ་བྱས་སོ། །དེ་ནས་དེ་བཞིན་གཤེགས་པས་བཀའ་སྩལ་བ། ཀུན་དགའ་བོ་ངའི་སྔོན་དུ་མུ་སྟེགས་ཀྱི་བསྟན་པ་ཡོད་དེ། ངས་དེ་དག་མེད་པར་བྱས་ནས་སངས་རྒྱས་ཀྱི་མཛད་པ་མཐར་ཕྱུང་ངོ༌། །ད་ང་མྱ་ངན་ལས་འདའ་བས་ཁྱོད་ཀྱིས་དམ་པའི་ཆོས་རྣམས་ཟུང་ཤིག་ཅེས་རྗེས་སུ་གདམས་སོ། །དེ་ནས་ཡང་ཀུན་དགའ་བོ་མྱ་ངན་གྱི་ཟིན་པ་ལ་མ་འགགས་པ་སྤྲོ་བ་བསྐྱེད་དེ་ཐེ་ཚོམ་དྲི་བར་བསྒོས་ཏེ། ཀུན་དགའ་བོས་དྲིས་པ། དྲུག་སྡེ་ལ་སོགས་པ་སུས་འདུལ་བ་དང༌། མྱ་ངན་ལས་འདས་ནས་སྟོན་པ་སུས་བྱེད་པ་དང༌། རྟེན་སུས་བྱེད་པ་དང༌། ཆོས་བསྡུ་བ་ཇི་ལྟར་བསྡུ་བ་དང༌། མྱ་ངན་ལས་འདས་ནས་མཆོད་པའི་ཡོ་བྱད་ཇི་ལྟར་བྱ་བ་དང༌། བཞུགས་པ་དང་རིང་བསྲེལ་མཆོད་པའི་བསོད་ནམས་ཀྱི་ཁྱད་པར་དང༌། མྱ་ངན་ལས་འདས་ནས་ཆོ་ག་ཇི་ལྟར་བྱས་ནས་སྐུ་གདུང་ཇི་ལྟར་ཐོབ་པར་འགྱུར། ཞེས་བྱ་བ་དྲི་བ་བདུན་དྲིས་སོ། །བཀའ་སྩལ་པ། ངས་བསྟན་པ་བཞིན་ཁྱོད་ཀྱིས་སྟོན་ཅིག དྲུག་སྡེ་རང་གྲོལ་ལོ། །ཚུལ་ཁྲིམས་སྟོན་པའོ། །དྲན་པ་ཉེ་བར་གཞག་པ་བཞི་བརྟེན་ནོ། །ཆོས་བསྡུ་བའི་ཐོག་མར་འདི་སྐད་བདག་གིས་ཐོས་ཞེས་བྱ་བ་ཆུག་ཅིག མཆོད་པའི་ཡོ་བྱད་རྣམས་མེ་ཏོག་དང་སྤོས་དང་མར་མེ་ལ་སོགས་པས་གྱིས་ཤིག དྲུག་པ་བསོད་ནམས་ལ་ཁྱད་པར་མེད་དོ། །བདུན་པ་ལ་འཁོར་ལོས་སྒྱུར་བའི་རྒྱལ་པོ་བཞིན་ཏེ། དེ་ནི་ཞག་བདུན་དུ་འཇོག་པའོ། །དེ་ནས་ལྕགས་ཀྱི་སྒྲོམ་བུ་འབྲུ་མར་གྱིས་བཀང་བར་བཅུག་སྟེ་ཞག་བདུན་དུ་འཇོག་གོ །དེ་ནས་ཕྱུང་ནས་དྲི་ཞིམ་པོས་བཀྲུས་ཏེ་ཤིང་བལ་གྱིས་དཀྲིས་རས་ཡུག་སྟོང་གིས་བཅིངས་ནས་ཡང་སྔར་གྱི་སྒྲོམ་དུ་བཅུག་ནས་མཆོད་པ་དང་བཅས་པས་བསྲེག་གོ །དེ་ནས་རིང་བསྲེལ་བསྡུས་ནས་ལམ་གྱི་བཞི་མདོར་མཆོད་རྟེན་བྱེད་དོ། །འཁོར་ལོས་སྒྱུར་བའི་དེ་ལྟ་བུ་སྟེ་དེ་བས་དེ་བཞིན་གཤེགས་པ་དཔག་ཏུ་མེད་པས་ལྷག་གོ་ཞེས་གསུངས་སོ། །དེ་དག་ལ་སོགས་པ་མཆོད་རྟེན་གྱི་ཐབས་རྣམས་ཀྱང་གསུངས་སོ། །དེ་ནས་འཁོར་རྣམས་ལ་བཀའ་སྩལ་པ། ཁྱེད་ཐེ་ཚོམ་ཡོད་པ་ཐམས་ཅད་དྲིས་ཤིག དེ་དག་ཐེ་ཚོམ་མེད་པར་ཅང་མི་སྨྲ་བར་གྱུར་ཏོ། །དེ་དག་ལ་ཐེ་ཚོམ་མེད་པ་ལེགས་སོ་ཞེས་ཀྱང་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པས་ན་བཟའ་ཕུད་ནས་འཁོར་རྣམས་ལ་བསྟན་ཏེ། ངའི་སྐུ་ལ་ལྟོས་ཤིག ངས་དཀའ་བ་དཔག་ཏུ་མེད་པ་སྤྱད་དེ་སྙིགས་མ་ལྔ་འདིར་སངས་རྒྱས་པས། ངའི་སྐུ་མཐོང་བ་དོན་མེད་པར་མ་བྱེད་ཅིག དེ་ནས་ཏ་ལ་བདུན་ཙམ་དུ་ནམ་མཁའ་ལ་འཕགས་ཏེ། ཡང་བསྟན་ཡང་བབས་ཡང་འཕར་བ་ལན་གསུམ་དུ་མཛད་དེ་སྐུ་བསྟན་ནོ། །དེ་ནས་བསམ་གཏན་དང་པོ་ནས་བརྩམས་ཏེ། འགོག་པ་ཟད་པའི་ཏིང་ངེ་འཛིན་གྱི་བར་དུ་དགུ་པོ་ལ་ཡང་སྙོམས་པར་ཞུགས་ནས་མར་ཡང་བལྟབས་སོ། །དེ་ནས་ཡང་འཁོར་རྣམས་ལ་སྤྲོས་པ་དང་བྲལ་བའི་ཆོས་གསུངས་ནས། ཡང་སྔར་བཞིན་དུ་བསམ་གཏན་ལ་བཞུགས་སོ། །ཡང་སྔར་བཞིན་དུ་འཁོར་རྣམས་ལ་ཆོས་གསུངས་ནས། སྔར་བཞིན་ཏིང་ངེ་འཛིན་ལ་བཞུགས་སོ། །ཡང་འཁོར་རྣམས་ལ་ཆོས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པས་དབུ་བྱང་དུ་བསྟན། ཞལ་ནུབ་ཏུ་གཟིགས། རྒྱབ་ཤར་དུ་བསྟན། ཞབས་ལྷོར་བསྟན་ཏེ་གཟིམས་སོ། །དེ་ནས་བསམ་གཏན་བཞི་པ་ལ་བཞུགས་ཏེ་ཡོངས་སུ་མྱ་ངན་ལས་འདས་སོ། །དེའི་ཚེ་ས་གཡོ་བ་ལ་སོགས་པའི་ཆོ་འཕྲུལ་དུ་མ་ཡང་བྱུང་ངོ༌། །དེ་ནས་ཀུན་དགའ་བོ་ལ་སོགས་པ་མྱ་ངན་གྱིས་བརྒྱལ་བ་ལས། མ་འགགས་པས་བསླངས་ཏེ་སྨྲས་པ། མྱ་ངན་མ་བྱེད་ཅིག སངས་རྒྱས་ཀྱི་ཆོས་སེམས་ཅན་ལ་བྱིན་ཏེ་སྡུག་བསྔལ་ལས་བསྒྲལ་བས། དྲིན་བླན་པར་བྱའོ་ཞེས་སྨྲས་སོ། །དེ་ནས་འཁོར་རྣམས་ཀྱང་རང་རང་གི་སྨྲེ་སྔགས་ཀྱི་ཚིགས་སུ་བཅད་པ་སོ་སོ་ནས་སྨྲས་སོ། །དེ་ནས་རྩྭ་ཅན་གྱི་གྲོང་པ་རྣམས་ཀྱིས་ཀུན་དགའ་བོ་ལ་མྱ་ངན་ལས་འདས་པ་ལ་ཇི་ལྟར་བྱ་ཞེས་སྨྲས་པ་དང༌། བརྒྱ་བྱིན་གྱིས་གོང་དུ་གསུངས་པ་བཞིན་གྱིས་ཤིག་ཅེས་བསྒོའོ། །དེ་དག་གིས་ཀྱང་དེ་བཞིན་དུ་བྱས་ནས། གྱད་སྟོབས་པོ་ཆེ་བཞིས་བཏེག་པས་མ་ཐེག་གོ །དེ་བཞིན་དུ་བཅུ་དྲུག་གིས་ཀྱང་མ་ཐེག་གོ །ལྷ་དང་བཅས་པ་ཐམས་ཅད་ཀྱིས་མཆོད་པ་དང་བཅས་ཏེ་གསོལ་བ་བཏབ་པས། ཤིང་སཱ་ལའི་ཚལ་ནས་གྲོང་ཁྱེར་དུ་ནམ་མཁའ་ལ་གཤེགས་སོ། །གྲོང་ཁྱེར་གྱི་སྒོ་ཐམས་ཅད་ནས་གཤེགས་ཏེ། གྲོང་ཁྱེར་ལ་ལན་གསུམ་བསྐོར་ཏེ་བཞུགས་སོ། །ལྷ་དང་མི་དཔག་ཏུ་མེད་པས་མཆོད་པའི་ཡོ་བྱད་སོ་སོ་ནས་ཀྱང་བཤམས་སོ། །གནས་དེ་ནི་སངས་རྒྱས་ཐམས་ཅད་ཀྱིས་མྱ་ངན་ལས་འདས་པའི་པུར་ཞུགས་ལ་བཞེན་པའི་ས་སྟེ་མི་འཇིགས་པའི་སའོ། །དེར་གཤེགས་པའི་ཚེ་ཞག་བདུན་འདས་སོ། །དེ་ནས་སྒྲོམ་ནས་ཕྱུང་ནས་མཆོད་པ་བྱས་ཏེ་ཡང་བཞུགས་སུ་གསོལ་ཏེ་མཆོད་པ་ཡང་བྱས་སོ། །དེ་ནས་སྤོས་ཀྱི་ཤིང་བརྩེགས་པའི་ཁྲི་ལ་བཞག་སྟེ། རིན་པོ་ཆེའི་སྒྲོན་མ་ཤིང་བརྩེགས་ཀྱི་དྲུང་དུ་ཕྱིན་མ་ཐག་ཏུ་རང་ཤིའོ། །དེ་བཞིན་དུ་སྒྲོན་མ་དུ་མ་བྱས་ཀྱང་ཤིའོ། །དེའི་ཚེ་གནས་བརྟན་འོད་སྲུངས་ཆེན་པོ་འཁོར་ལྔ་བརྒྱ་དང་བཅས་པ་རྩྭ་མཆོག་ལས་དཔག་ཚད་ལྔ་བཅུ་ན་བྱ་རྒོད་ཕུང་པོར་ཡོད་པས་ས་གཡོས་པས་སངས་རྒྱས་མྱ་ངན་ལས་འདས་པར་ཤེས་ཏེ་འཁོར་རྣམས་ལ་སྨྲས་པ། སངས་རྒྱས་མྱ་ངན་ལས་འདས་ནས་ཞག་བདུན་ལོན་གྱི་འདོང་ངོ༌། །དེ་ནས་རྫུ་འཕྲུལ་གྱིས་མ་སོང་བར་རྐང་པས་སོང་བས་ཞག་བདུན་གྱིས་རྩྭ་མཆོག་ཏུ་ཕྱིན་ཏོ། །དེ་ནས་འོད་སྲུངས་ཀྱིས་གྲོང་ཁྱེར་ནས་མཆོད་པའི་ཡོ་བྱད་བླངས་པས་རས་ཡུག་སྟོང་ལ་སོགས་པ་རྙེད་དེ། ནུབ་སྒོ་ནས་ཕྱུང་ནས་ཞུགས་ལ་བཞེན་པའི་སར་སོང་ངོ༌། །དེར་བརྒྱལ་སངས་ནས་བདག་ཇི་ལྟར་སྒྲོམ་དབྱེ་བར་བགྱི། འཁོར་རྣམས་ཀྱིས་སྨྲས་པ། ཞག་བདུན་གསུམ་ལོན་ཏེ་དེ་ཙམ་ཞིག་གོ །སྨྲས་པ། རྡོ་རྗེའི་སྐུ་མི་འཇིག་གོ །ཞེས་ནས་བསྙེན་ཏེ་གསོལ་བ་དང༌། སྒྲོམ་རང་ཁ་བྱེ་སྟེ་སྐུ་བསྟན་ནོ། །དེ་ནས་དུས་ཏེ་མཆོད་པ་བྱས་ནས་བཀྲུས་ཏེ་སྔར་གྱི་ཡོ་བྱད་དང་འོད་སྲུངས་ཀྱི་རྙེད་པ་རྣམས་ཀྱིས་ཀྱང་དཀྲིས་སོ། །དེ་ནས་འོད་སྲུངས་ཀྱིས་ད་བདག་གིས་བཅོམ་ལྡན་འདས་ཀྱི་རྐང་པ་ལ་ཕྱག་འཚལ་ཞེས་ཚིགས་སུ་བཅད་དེ་སྨྲས་པ་དང༌། ཞབས་སྒྲོམ་གྱི་ཕྱིར་ཕྱུང་སྟེ་དེ་ལ་ཕྱག་འཚལ་ལོ། །དེ་ལས་ཀྱང་འོད་བྱུང་ངོ༌། །དེ་ནས་ཇི་སྙེད་ཀྱི་མེ་སྤར་ཡང་ཚིག་པར་མ་གྱུར་ནས་འོད་སྲུངས་ལ་དྲིས་པ་དང༌། སྨྲས་པ། གང་གིས་ཀྱང་ཚིག་པར་མི་ནུས་ཀྱི་ཅི་བདེ་བར་སྡོད་ཅིག དེ་ནས་ཐམས་ཅད་ཀྱིས་ལན་བདུན་བསྐོར་བ་དང་ཐུགས་རྗེ་ཆེན་པོའི་ཐུགས་ཀ་ནས་མེ་བྱུང་སྟེ་ཞག་བདུན་དུ་མེ་ཤི་བར་མ་གྱུར་ཏོ། །དེ་ནས་སོ་སོ་ནས་རིང་བསྲེལ་འདོད་པས་མེ་བསད་ཀྱང་མ་ཤིའོ། །དེ་ནས་བརྒྱ་བྱིན་འོངས་པ་དང་མེ་རང་ཞི་སྟེ། བརྒྱ་བྱིན་གྱིས་ཚེམས་མཆེ་བ་གཡས་པ་ཁྱེར་རོ། །མཆེ་བ་གཅིག་སྲིན་པོ་ཤིན་ཏུ་མྱུར་བ་གཉིས་ཀྱིས་བརྐུས་ཏེ་ཁྱེར་རོ། །དེ་ནས་སོ་སོར་རིང་བསྲེལ་གཏོད་པར་ཆས་པ་དང༌། མ་འགགས་པས་ལེགས་པར་བགོའོ་ཞེས་སྨྲས་པས་སོ་སོར་འཁོད་དོ། །དེའི་ཚེ་ཚིགས་སུ་བཅད་པ། དེ་བཞིན་གཤེགས་པས་དབང་བསྐུར་ཆེན་པོའི་ཤུགས། །འཇིག་རྟེན་ཐམས་ཅད་ཀུན་ལ་དབང་བསྐུར་མཛད། །བདག་ཅག་བསོད་ནམས་ཟད་དེ་རྒྱུ་མེད་པས། །དེ་བཞིན་གཤེགས་པ་ཡོངས་སུ་གཏང་བར་གྱུར། །དེ་བཞིན་གཤེགས་པའི་རིན་ཆེན་པུར་སྒྲོམ་ནི། །གྱད་ཀུན་ལོག་སྟེ་བཏེག་ཀྱང་བསྐྱོད་མ་ནུས། །ཐུགས་རྗེ་ཆེན་པོའི་ཤུགས་ཀྱིས་འཕགས་པ་ནི། །མཁའ་ལ་རྩྭ་མཆོག་གྲོང་ཁྱེར་བསྐོར་ཞིང་གཤེགས། །རྡོ་རྗེ་ལྟ་བུའི་མི་འཇིགས་དབང་བསྐུར་མཐུ། །ཐམས་ཅད་མེས་ནི་གཞོམ་པར་མ་གྱུར་ཏེ། །ཐུགས་ཀ་ནས་ནི་བྱམས་པའི་མེ་བྱུང་ནས། །ཞག་བདུན་བར་དུ་གཞོམ་པར་གྱུར་བ་བསྟེན། །ཤིང་བལ་བཟང་པོས་སངས་རྒྱས་སྐུ་དཀྲིས་པས། །མེ་ཆེན་ནང་དུ་ཚིག་པར་མ་གྱུར་ཏོ། །ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དེ་ནས་མ་འགགས་པས་རས་ཀྱི་དུམ་བུ་དང་ཤིང་བལ་ཐམས་ཅད་འཁོར་རྣམས་ལ་བགོས་ཏེ་བྱིན་ནོ། །ཐལ་བ་གཞན་ནི་སོ་སོར་གཏད་དེ་ཁྱེར་རོ། །དེ་ནས་གྲོང་ཁྱེར་བ་རྣམས་ཀྱིས་གསེར་གྱི་སྒྲོམ་མ་གདྷཱའི་ཁལ་ཕྱེད་ཕྱེད་ཤོང་བ་བརྒྱད་བྱས་ཏེ། དེ་དག་རིང་བསྲེལ་གྱིས་བཀང་སྟེ། རིན་པོ་ཆེའི་ཁྲི་ལ་བཞག་ནས་མཆོད་པ་བྱས་སོ། །དེ་ནས་རིང་བསྲེལ་ཆ་བརྒྱད་པོ་དེ་དག་བགོས་པའི་ཚུལ་འདུལ་བ་ལས་འབྱུང་བ། སེར་སྐྱའི་གྲོང་དུ་ཤཱཀྱའི་རིགས། །ཡངས་པ་ཅན་གྱི་ལིཙྪ་བྱི། །མཉམ་དགའི་གྲོང་དུ་མ་སྐྱེས་དགྲ། །འགྲོ་ནའི་གྲོང་དུ་འགྲོ་ནའི་རིགས། །བཏྶའི་གནས་ཀྱི་མ་ལ་དང༌། །ཀ་ལ་ཐ་ཡི་བུ་ལུ་ཀ །རཱ་མའི་གྲོང་དུ་ཀྲོ་དྷ་ཀ །བིཥྞུ་དཱི་པའི་བྲམ་ཟེའོ། །ཐུབ་ཆེན་མཆེ་བ་བཞི་གཅིག་ལྷ། །གནྡྷ་ར་ག་རབ་དགའི་གྲོང༌། །ཀ་ལིངྒ་ཡི་རྒྱལ་པོའི་ཁབ། །རཱ་མི་གྲོང་དུ་ཀླུ་རྒྱལ་པོ། །དེའི་ཚེ་ལྷས་ཚིགས་སུ་བཅད་དེ་སྨྲས་པ། སེར་སྐྱར་སྐྱེས་ནས་མཉམ་དགར་བྱང་ཆུབ་སྟེ། །ཀ་ཤིར་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །མ་ལར་སྙིང་རྗེ་ལྡན་པ་ཤེས་རབ་མཆོག །རྩྭ་ཅན་གྲོང་དུ་གཤེགས་ནས་མྱ་ངན་འདས། །ཞེས་མཛད་པ་བཅུ་གཉིས་པའོ།།  །།དེ་ལྟར་མཛད་པ་དེ་དག་གོང་དུ་བརྗོད་པའི་ཚུལ་གྱིས་ཐེག་པ་ཆེན་པོའི་ལུགས་གསུམ་ནི་ཤིན་ཏུ་ལྐོག་ཏུ་གྱུར་པའི་ཡང་ལྐོག་ཏུ་གྱུར་པས་ཆེར་མ་གྲགས་ལ་འདིར་སྨོས་པ་དེ་དག་ནི། འཕགས་པ་རྒྱ་ཆེར་རོལ་པ་དང་མྱ་ངན་ལས་འདས་པའི་མདོ་སྡེའི་རྗེས་སུ་འབྲངས་ནས། གདུལ་བྱ་གཙོ་ཆེ་ལ་སྣང་བའི་རྣམ་པར་འཕྲུལ་པ་དང་བཅས་ཏེ་རྒྱས་པར་བརྗོད་དོ། །དེའི་ལུགས་ཀྱིས་དེ་བཞིན་གཤེགས་པ་འདི་ཡང་ཤ་ཁྲག་ལས་བྱུང་བ་སྲིད་པ་ཐ་མ་པའི་བྱང་ཆུབ་སེམས་དཔའི་ལུས་ལས་བྱུང་བས་རིང་བསྲེལ་བཞག་པ་ལ་སོགས་པ་མཛད་ཀྱིས། སེང་ལྡེང་གི་ཚལ་པ་ཟུག་པ་ལ་སོགས་པ་ནི་ཆེས་དྲང་བའི་དོན་དུ་འདོད་ལ། འདིའི་ལུགས་དང་ཉན་ཐོས་དང་ཅུང་ཟད་མཚུངས་སོ། །འཕགས་པ་ཉན་ཐོས་དག་ནི་གཟུང་བ་དང་འཛིན་པ་ཉིད་དོན་དམ་པར་འདོད་པའི་དབང་གིས་དེ་བཞིན་གཤེགས་པའི་སྐུ་དང༌། སྐུ་ཚེའི་ཚད་ལ་སོགས་པའང་ངེས་པར་འདོད་དོ། །སྲིད་པ་ཐ་མ་པའི་ལུས་ལ་འབྱུང་བ་ཕུང་པོ་ལྷག་མ་བཅས་པའི་མྱ་ངན་ལས་འདས་པ་ཡིན་པས། ཞབས་ལ་སེང་ལྡེང་གི་ཚལ་པ་ཟུག་པའི་སྡུག་བསྔལ་ཀྱང་ངེས་པ་ཉིད་དུ་འདོད་ལ། ཐེག་པ་ཆེན་པོ་བས། སངས་རྒྱས་མྱ་ངན་མི་འདའ་ཞིང༌། །ཞེས་བྱ་བ་ལ་སོགས་པ་འདོད་པ་ལྟར་མི་འདོད་དེ། ཤ་ཁྲག་གི་ལུས་ལྷག་མ་དང་བཅས་པ་དོར་ནས་རིང་བསྲེལ་ཙམ་བཞག་སྟེ། ལྷག་མ་མེད་པའི་དབྱིངས་སུ་མྱ་ངན་ལས་འདའ་བར་ཡང་ངེས་པར་འདོད་ལ། དེའི་ཚེའི་ཚད་ཀྱང་ངེས་ཏེ། ཆོས་འཁོར་གནས་དང་ཡངས་པ་ཅན། །ས་དཀར་ཅན་དང་ལྷ་ཡི་གནས། །བྱིས་པ་གསོད་དང་ཀཽ་ཤཱམྦཱི། །འབྲོག་གནས་མཆོད་རྟེན་རི་དང་ནི། །འོད་མའི་གྲོང་དང་སྒྲར་བཅས་དང༌། །སེར་སྐྱ་ཡི་ནི་གྲོང་ཁྱེར་ཏེ། །དེ་རྣམས་སུ་ནི་ཐུབ་པ་ཡི། །སྐྱེས་མཆོག་ལོ་རེ་ལོ་རེ་བཞུགས། །སྨན་གྱི་ནགས་སུ་ལོ་བཞི་སྟེ། །འབར་བའི་ཕུག་གི་གནས་སུ་གཉིས། །རྒྱལ་པོའི་ཁབ་ཀྱི་གྲོང་དུ་ལྔ། །མཉན་དུ་ཡོད་པར་ཉི་ཤུ་བཞི། །དཀའ་བ་སྤྱོད་པ་ལོ་དྲུག་སྟེ། །ཉི་ཤུ་རྩ་དགུ་ཁབ་གནས་སུ། །རྒྱལ་བ་དེ་ལྟར་བརྒྱད་ཅུ་ལ། །ཐུབ་མཆོག་དམ་པ་མྱ་ངན་འདས། །ཐམས་ཅད་མཁྱེན་པ་བཞུགས་པ་ཡི། །བསོད་ནམས་གནས་ནི་འདི་དག་ལ། །རྟག་ཏུ་ལུས་དང་ངག་ཡིད་ཀྱིས། །གུས་པས་བཏུད་དེ་རྟག་ཕྱག་འཚལ། །དེ་བས་ན་སྟོན་པ་དགྲ་བཅོམ་པ་སློབ་དཔོན་གྱི་རིགས་ཅན་ཞེས་བྱ་བ་སངས་རྒྱས་དེའི་སྐུ་དང༌། ཚེ་དང་འཁོར་དང་ཆོས་ལ་སོགས་པ་ཐམས་ཅད་ཕྱོགས་གཅིག་ཏུ་ངེས་པ་ཁོ་ནའོ། །ཐེ་ཚོམ་བསལ་བ་གཉིས་པའོ།།  །།གལ་ཏེ་དེ་ལྟར་སྟོན་པ་ཡང་ངེས་པ་ཁོ་ནར་བདེན་ཞིང་དེས་ཆོས་གསུངས་མོད། དེའི་གསུང་ཡང་དུད་པ་བཞིན་དུ་མ་གྱུར་ཏམ། འདི་གང་དང་གང་ལས་བརྒྱུད་དེ་འོངས་པ་ཡིན། ཞེས་རྣམ་པར་རྟོག་པ་གསུམ་པ་འཇུག་གོ །དེའི་ཐེ་ཚོམ་ནི་འདི་ལྟར་ཆོས་བསྡུ་བ་ལ་སོགས་པའི་ཚུལ་གྱིས་སེལ་བར་བྱེད་པས་དེ་བརྗོད་དགོས་སོ། །དེའང་ཐེག་པ་ཆེན་པོ་ཁ་ཅིག་ནི་ཡུལ་ལྷོ་ཕྱོགས་ཀྱི་རྒྱུད་དུ་བི་མ་ལ་སམྦྷ་ཝ་ཞེས་བྱ་བར་བྱང་ཆུབ་སེམས་དཔའ་བྱེ་བས་བསྡུས་སོ་ཞེས་འདོད་ལ། ཁ་ཅིག་ཚུལ་གཞན་ཡང་སྨྲ་ལ། ཁ་ཅིག་ནི་ཉན་ཐོས་ཀྱི་ཚུལ་དང་མཚུངས་ལ། དེ་ཉིད་སངས་རྒྱས་ཀྱིས་གསུངས་པ་ལྟར། ཁྱེད་ཉན་ཐོས་ཀྱིས་དེ་ལྟར་མ་རྟོགས་ཀྱི། ཁོ་བོ་ཅག་ལ་ལུགས་གཉིས་ཀ་སྣང་སྟེ། འདི་ལྟར། གང་འོད་སྲུངས་ཆེན་པོ་ལ་སོགས་པས་གཏིང་དཔོགས་མ་ནུས་པ། དེ་ནི་ཁྱེད་ཀྱིས་མ་རྟོགས་པས། །བཟུང་ཡང་དམན་པར་སུ་ཞིག་བཞེད། །ཅེས་གསུངས་པ་ལྟར་འདོད་དོ། །དེ་བས་ན་ཉན་ཐོས་ཀྱི་བསྡུ་བའི་ལུགས་ཁ་ནས་བརྗོད་པས་རུང་ངོ་ཞེས་བརྗོད་དོ། །དེ་བས་ན་འཕགས་པ་ཉན་ཐོས་ཀྱི་འདུལ་བའི་གཞུང་ལས་འབྱུང་བ་དེའི་ལུགས་ལ་བསྟན་ཏེ་བརྗོད་ཀྱིས་ཉོན་ཅིག འདི་ལྟར་སངས་རྒྱས་ནི་མཛད་པ་ཡོངས་སུ་རྫོགས་ནས་མྱ་ངན་ལས་འདས་པར་གྱུར་པ་དེའི་ཚེ། བསྐལ་པ་མང་པོ་ཐུབ་པའི་ལྷ་དག་འཕྱ་སྟེ། དབང་དང་ལྡན་པའི་དགེ་སློང་མང་པོ་དག་ནི་མྱ་ངན་ལས་འདས་ན། བཅོམ་ལྡན་འདས་ཀྱི་མདོ་སྡེ་དང་འདུལ་བ་དང་མ་མོ་དག་མ་བཟུང་སྟེ་གསུང་དུད་པ་བཞིན་དུ་མ་གྱུར་ཏམ་ཞེས་སྨྲའོ། །དེ་འོད་སྲུངས་ཆེན་པོས་ཤེས་ཏེ། དགེ་སློང་རྣམས་ལ་སྨྲས་པ། ཚེ་དང་ལྡན་པ་དག་ཤེས་པར་གྱིས་ཤིག ཚེ་དང་ལྡན་པ་ཤཱ་རིའི་བུ་མྱ་ངན་ལས་འདས་པའི་ཚེ། དགེ་སློང་སྟོང་ཕྲག་བརྒྱད་ཅུ་མྱ་ངན་ལས་འདས་སོ། །མཽའུ་གལ་གྱི་བུ་མྱ་ངན་ལས་འདས་པའི་ཚེ་སྟོང་ཕྲག་བདུན་ཅུ་མྱ་ངན་ལས་འདས་སོ། །བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་ཚེ། སྟོང་ཕྲག་བརྒྱད་ཅུ་མྱ་ངན་ལས་འདས་སོ། །དེ་ནས་བསྐལ་པ་མང་པོ་ཐུབ་པའི་ལྷ་དག་འཕྱ་བས། བདག་ཅག་འདོང་ལ་ཡང་དག་པར་བཤད་པར་བྱའོ། །དགེ་སློང་རྣམས་ཀྱིས་སྨྲས་པ། བཤད་པར་བྱ་བ་ལེགས་སོ། །སྨྲས་པ། དགེ་སྐོས་སུས་བྱེད། པུརྞི་ཀས་བྱེད་དོ། །འོ་ན་དགེ་འདུན་སྡུས་ཤིག གང་པོས་ཏིང་ངེ་འཛིན་ལས་ལངས་ཏེ་གཎྜཱི་བརྡུངས་ནས་བསྡུས་པས་དགྲ་བཅོམ་པ་ལྔ་བརྒྱར་གཅིག་གིས་མ་ཚང་ངོ༌། །འོད་སྲུངས་ཀྱིས་སྨྲས་པ། ད་སུ་མ་ཚང༌། དགེ་སློང་དག་གིས་སྨྲས་པ། བ་ལང་བདག་མ་ཚང་ངོ༌། །འོད་སྲུངས་ཀྱིས་སྨྲས་པ། དེ་ནི་བས་མཐའི་གནས་ལ་དད་པ་སྟེ་ཡུལ་སུམ་ཅུ་རྩ་གསུམ་གྱིས་བས་མཐའ་ན་ཤིང་ཤེརྴ་ཀའི་གཞལ་མེད་ཁང་ན་ཡོད་པས། པུརྞི་ཀ་སོང་ལ་བོས་ཤིག གང་པོས་རྫུ་འཕྲུལ་གྱི་སྟོབས་ཀྱིས་ཕྱིན་ཏེ་ཕྱག་བཙལ་ནས་འོད་སྲུངས་ལ་སོགས་དགེ་འདུན་རྣམས་ལ་བྱ་བ་མང་དུ་མཆིས་པས་གཤེགས་པར་གསོལ་ཞེས་སྨྲས་པ་དང༌། དེས་བསམས་པ། འོད་སྲུངས་ཞེས་ཐོག་མར་སྨྲོས་པས་དེ་བཞིན་གཤེགས་པ་མྱ་ངན་ལས་འདའ་བར་ངེས་ཞེས་བསམས་ནས། ནད་མེད་པར་གྱུར་ཅིག སྙིང་རྗེ་ཆེན་པོ་དང་ལྡན་པའི་སྟོན་པ་མྱ་ངན་ལས་འདས་པའི་དབྱིངས་སུ་མ་གཤེགས་སམ། ཆོས་ཀྱི་འཁོར་ལོ་མུ་སྟེགས་བས་མ་བསྒྱུར་ཏམ། དགེ་སློང་རྣམས་ཀློག་འདོན་པ་ལས་བསྒྱུར་ཏེ་བྲེ་མོའི་གཏམ་གྱིས་དུས་འདའ་བར་མི་བྱེད་དམ། སད་པར་མཛད་པའི་མགོན་པོས་མ་གཟིགས་སམ། ཞེས་དྲིས་པས། གང་པོས་སྨྲས་པ། གྲུ་ཆེན་རྒྱལ་པོ་དེ་ཞིག་སྟེ། །ཡེ་ཤེས་རི་ཡང་རྣམ་པར་ཉིལ། །བསྟན་པ་རབ་མཆོག་ལྡན་པ་ཡི། །དགེ་སློང་མང་པོ་རྣམས་ཀྱང་ཞི། །བསྟན་པ་གནས་པར་བྱ་བའི་ཕྱིར། །ཉན་ཐོས་དགེ་འདུན་ཀུན་ཀྱང་འདུས། །འདུས་པ་ཀུན་ཀྱང་བློ་ལྡན་ཏེ། །ཁྱོད་ལབ་སྟོད་ཅིང་རབ་ཏུ་འཁོད། །ཁྱོད་ཀྱིས་བསྟན་པ་གནས་པའི་ཕྱིར། །ཁྱེད་ནི་ངེས་པར་འགྲོ་བར་རིགས། །བདག་ནི་ཕོ་ཉར་འདིར་འོངས་པ། །རྒྱུ་མེད་པར་ནི་མ་ལགས་སོ། །ཞེས་བ་ལང་བདག་ལ་སྨྲས་པ། ཆོག་གོ་འགྲོ་བའི་དུས་ནི་མ་མཆིས་སོ། །འགྲོ་བའི་སྒྲོན་མེ་མགོན་པོ་བཞུགས་པ་ན། །བདག་གི་དེ་རིང་འགྲོ་བར་རྩོམ་པ་ལས། །དེ་ནི་མཆོག་ཏུ་ཞི་བར་གཤེགས་ཟིན་ན། །བློ་ལྡན་སུ་ཞིག་འཇིག་རྟེན་དེར་ཡང་འགྲོ། །ཆོས་གོས་ལྷུང་བཟེད་རྣམ་གསུམ་ཆོག་འདི་དག །ཁྱོད་ཀྱིས་དགེ་འདུན་དག་ལ་དབུལ་བར་གྱིས། །བདག་ནི་ཞི་བ་ཡང་སྲིད་མེད་པར་འགྲོ། །བདག་གིས་བསམས་པ་འཕགས་ལ་བཟོད་པར་གསོལ། །ཞེས་བརྗོད་ནས་ཡོངས་སུ་མྱ་ངན་ལས་འདས་ནས། ཡེ་ཤེས་ཀྱི་མེས་ལུས་བསྲེགས་ནས། དེ་ལ་བསིལ་བར་བྱེད་པའི་ཆུའི་རྒྱུན་བཞི་བྱུང་ནས། ཆུ་བོ་དང་པོ་ལས་ཚིགས་སུ་བཅད་པ། ད་ལྟ་དུས་རྣམས་ངན་གྱུར་ཏེ། །སེམས་ཅན་སོ་སོའི་ལས་དང་ལྡན། །འགྲོ་བ་ཀུན་འཇུག་མཁྱེན་པ་ཡི། །སྐྱེ་བོའི་སྒྲོན་མ་རབ་ཏུ་ནུབ། །ཆུ་བོའི་རྒྱུན་གཉིས་པ་ལས་ཚིགས་སུ་བཅད་པ། འདུས་བྱས་ཕུང་པོ་སྐད་ཅིག་མ་རུ་འཇིག །སྐྱེས་ལ་སོགས་པའི་སྡུག་བསྔལ་ཆགས་དང་ལྡན། །སུ་ཡིས་ཀྱང་ནི་བྱས་པ་མེད་པའོ། །སོ་སོ་སྐྱེ་བོ་དག་ཏུ་སེམས་པར་བྱེད། །གསུམ་པ་ལས། མཁས་པ་རྟག་ཏུ་བག་ཡོད་པ་རུ་བྱ། །ཡིད་ཀྱིས་བསོད་ནམས་དག་ནི་རབ་ཏུ་བྱ། །འབྱུང་པོ་རྣམས་ཀྱིས་བསགས་པའི་མཐའ་འཇིག་ཅིང༌། །སྲོག་དང་བཅས་པའི་དཔལ་ནི་གཡོ་བར་འགྱུར། །ཞེས་སོ། །ཆུ་རྒྱུན་བཞི་པ་ལས། ཐུབ་པ་དེ་ལ་བློ་མཆོག་ཡང་དག་འདུད། །བདག་གི་དགོས་པ་མ་ལུས་ཀུན་བགྱིས་སོ། །དད་ཅིང་རབ་ཏུ་གུས་པའི་བླ་མ་དེས། །ཕྱི་བཞིན་བ་ལང་བདག་ཀྱང་དེ་ལྟར་སོང༌། །ཞེས་ཆོས་ཀྱི་མདོ་བཞི་འཛིན་པའི་ཚིགས་སུ་བཅད་པ་བྱུང་ངོ༌། །དེ་ནས་དེའི་རིང་བསྲེལ་བསྡུས་ནས། གང་པོས་འོངས་ཏེ་སྨྲས་པ། མགོན་པོའི་སྐུ་ནི་མེད་པར་དེས་ཐོས་ནས། །བསོད་ནམས་ལས་ཀྱི་དབང་གིས་རབ་ཏུ་ཞི། །དེ་ཡི་ཆོས་གོས་རྣམ་གསུམ་འདི་ཡིན་ཏེ། །དེ་བསམས་དགེ་འདུན་ཚོགས་ལ་བཟོད་པར་གསོལ། །ཞེས་བྱས་ཏེ་རྒྱས་པར་བཤད་དོ། །དེ་ནས་འོད་སྲུངས་ཀྱིས་སྨྲས་པ། ཀྱེ་ཚངས་པ་མཚུངས་པར་སྤྱོད་པ་དག་གསོན་ཅིག འཕགས་པའི་ཚུལ་ཁྲིམས་ཇི་བཞིན་རབ་ནུས་ན། །གཞན་ཡང་དེ་བཞིན་རབ་ཏུ་འདོད་པའི་མི། །དབང་ཆེན་འདི་དག་ཇི་བཞིན་འཚོགས་ནས་ནི། །དེ་སྲིད་ཡང་དག་བཤད་པའི་དགོངས་པ་བྱ། །སླར་ཡང་སྨྲས་པ། བསོད་ནམས་ལས་ཀྱི་གཞིར་གྱུར་བ། །ཤིརྴའི་གྲོང་མཆོག་བ་ལང་བདག །ཁྱེད་ཅག་དེ་བཞིན་བསམ་མི་བྱ། །འདུས་ཏེ་འགྲོ་དོན་ཕྱིར་བླང་བྱ། །ཞེས་བཅའ་བ་དམ་པར་བྱས་སོ། །དེ་ནས་ཡང་སྨྲས་པ། དགེ་སློང་དག་བདག་ཅག་ཆོས་བསྡུ་བ་ནི། ཉམས་དགའི་གྲོང་དུ་མངོན་པར་རྫོགས་པར་བྱང་ཆུབ་བས་དེར་བྱའོ། །དེ་བཞིན་དུ་ལེགས་སོ་ཞེས་སྨྲས་སོ། །དེ་ནས་ཆུ་འགྲིམ་པའི་ཞལ་ཏུ་བྱེད་པར་ཀུན་དགའ་བོ་ལ་བསྒོས་ཏེ། སེར་སྐྱའི་གྲོང་ནས་ལྗོངས་རྒྱུ་ཞིང་སོང་ངོ༌། །དེ་ནས་མ་ག་དྷཱར་སླེབས་ཏེ་འོད་སྲུངས་རྒྱལ་པོའི་ཁབ་ཏུ་སོང་ངོ༌། །དེ་ནས་མ་སྐྱེས་དགྲ་གླང་པོ་ཆེ་ལས་ལྷུང་བས། འོད་སྲུངས་ཀྱིས་དེ་མ་སྣང་བར་བྱས་ཏེ། སྨྲས་པ། རྒྱལ་པོ་ཆེན་པོ་དེ་ལྟར་མ་མཛད་ཅིག དེ་བཞིན་གཤེགས་པ་ནི་དུས་ལས་འཁྲུལ་པ་མི་མངའ་བ་ཡིན་གྱི། ཉན་ཐོས་རྣམས་དེ་ལྟར་མ་ཡིན་གྱི་ཁྱེད་སྣང་བར་འགྱུར་ཏ་རེ་ཞེས་བསྒོའོ། །དེ་ནས་རྒྱལ་པོས་དབྱར་གནས་ཀྱི་ཡོན་བདག་བྱས་ཏེ། གནས་གཞན་དུ་སངས་རྒྱས་དྲན་པར་འགྱུར་བས། བི་མ་ལ་ཡཱ་ན་ཞེས་བྱ་བའི་ཕུག་ཏུ་བྱས་སོ། །དེ་ནས་རྒྱལ་པོས་འོད་སྲུངས་ལ་སྨྲས་པ། དེ་བཞིན་གཤེགས་པས་མི་བདག་མ་སྦྲོན་ན། ཁྱོད་མྱ་ངན་ལས་འདའ་བའི་ཚེ་བདག་སྦྲོན་ཅིག་ཅེས་སྨྲས་ནས་ཡོན་བདག་བྱས་སོ། །དེས་ཀྱང་ཁས་བླངས་ཏེ་དབྱར་ཕྱི་མ་ལ་དགེ་འདུན་རྣམས་ཚུལ་དུ་བཞུགས་སོ། །དེ་ནས་འོད་སྲུངས་ཀྱིས་ཀུན་དགའ་བོ་ལ་བསམས་ཏེ་མ་འགགས་པ་ལ་སྨྲས་པ། ཁྱོད་ཀྱིས་སུས་དགྲ་བཅོམ་པ་ཐོབ་མ་ཐོབ་རྟོགས་ཤིག དེས་བསམས་པ་དང་ཀུན་དགའ་བོའོ། །དེ་ནས་འོད་སྲུངས་ཀྱིས་དེའི་རྒྱུད་ལ་བརྟགས་པས་སྐལ་བ་ཡོད་པས་སྐྱོ་བས་འདུལ་བར་ཤེས་ནས་དགེ་འདུན་འདུས་པ་དང༌། ཀུན་དགའ་བོ་ལ་སྨྲས་པ། ཚེ་དང་ལྡན་པ་ཁྱོད་དགེ་སློང་གི་དགེ་འདུན་གངས་ཀྱི་གླང་པོ་ལྟར་གནས་པ་རྣམས་ཀྱི་ནང་ནས། ཁྱོད་འདོད་ཆགས་ཀྱི་རྡུལ་ལ་གནས་པ་སྡོད་པར་མི་འོས་ཀྱི་སོང་ཤིག ཀུན་དགའ་བོས་སྨྲས་པ། བདག་ནི་ཚུལ་ཁྲིམས་ཀྱང་མ་འཆལ། ལྟ་བ་ཡང་ཉམས་པ་མ་ལགས་ན་ཅིའི་ཕྱིར་སྐྲོད། འོད་སྲུངས་ཀྱིས་སྨྲས་པ། ཁྱོད་ནི་ཆོས་ཀྱི་རྒྱལ་པོའི་ཞབས་འབྲིང་བ་ཡིན་པས། ལྟ་བ་དང་ཚུལ་ཁྲིམས་མ་ཉམས་པ་ཅི་ཞིག་མཚར། ཁྱོད་ཀྱིས་ཉེས་པ་འདི་དག་བྱས་སོ། །ཁྱོད་ཀྱིས་བསྙེན་བཀུར་གསོལ་ཏེ་བུད་མེད་རབ་ཏུ་བྱུང་བས་བསྟན་པ་ལྔ་བརྒྱ་བ་ཕྲག་བཅུ་གནས་པ་ལ། འབྲས་བུའི་དུས་གཅིག་བྲི་སྟེ་རྟགས་ཙམ་འཛིན་པར་གྱུར་ཏེ། ཀུན་དགའ་བོས་སྨྲས་པ། སྐྱེ་དགུའི་བདག་མོ་ནི་བཅོམ་ལྡན་འདས་ཀྱི་ཡུམ་གྱི་དོད་དེ་དྲིན་ཆེ་བའི་ཕྱིར་རོ། །འོད་སྲུངས་ཀྱིས་སྨྲས་པ། བཅོམ་ལྡན་འདས་ཀྱི་དྲིན་མི་མཁྱེན་པ་མ་ཡིན་ནོ། །ཡང་དེ་བཞིན་གཤེགས་པ་ལ་བདུད་ཀྱིས་ཁྱེད་མྱ་ངན་ལས་འདའ་བར་ཞུས་པ་ན། དེ་བཞིན་གཤེགས་པས་ཁྱོད་ལ་དྲིའོ་ཞེས་གསུངས་ནས་ལན་གསུམ་དུ་དྲིས་པས་ཁྱོད་ཀྱིས་ཞུ་བ་མ་བྱས་སོ། །དེས་སྨྲས་པ། དེའི་ཚེ་ཁོ་བོ་བདུད་ཀྱིས་བྱིན་གྱིས་བརླབས་པས་མ་ཐོས་སོ། །སྨྲས་པ། དེས་ན་ཉེས་པ་དང་བཅས་སོ། །ཡང་དེ་བཞིན་གཤེགས་པས་ཕུང་པོ་ལ་མཁས་པ་དྲིས་པ་ན། ཁྱོད་ཀྱིས་ཁམས་ལ་མཁས་པར་སྨྲས་པས་སྒྱུ་ཐབས་ཀྱིས་ལན་བཏབ་བོ། །ཡང་དེ་བཞིན་གཤེགས་པའི་ན་བཟའ་དྲུབས་པའི་ཚེ་ཁྱོད་ཀྱི་རྡོག་པས་བརྫིས་སོ། །དེས་སྨྲས་པ། ཁོ་བོ་ལ་གྲོགས་མེད་དོ། །སྨྲས་པ། ནམ་མཁའ་ལ་སྒྱུར་ན་ལྷས་འཛིན་པ་ལ། དེ་མ་ཤེས་པས་ཉེས་པ་དང་བཅས་སོ། །ཡང་དེ་བཞིན་གཤེགས་པ་ཞལ་སྐྱེམས་པ་ན་ཁྱོད་ཀྱིས་ཆུ་རྙོག་མ་ཅན་དྲངས་སོ། །ཀུན་དགའ་བོས་སྨྲས་པ། དེའི་ཚེ་རྒྱལ་ཕྲན་བཻ་ཌཱུརྻ་ཞེས་བྱ་བའི་དམག་གིས་ཆུ་ཐམས་ཅད་བརྫིས་པས་དེ་ལས་མེད་དོ། །སྨྲས་པ། ནམ་མཁའ་ལ་བཟེད་ན་ལྷའི་བདུད་རྩིས་འགེངས་པ་ལ་དེ་མ་ཤེས་པས་ཉེས་པ་དང་བཅས་སོ། །དེ་ནས་དེ་བཞིན་གཤེགས་པས་ངའི་དགེ་སློང་གི་དགེ་འདུན་རྣམས་བདེ་བ་ལ་རེག་པར་བྱ་བའི་ཕྱིར་བསླབ་པའི་གནས་ལ་བག་ཡངས་པ་ཡོད་པས་དྲིས་ཤིག་གསུངས་པ་ན་ཁྱོད་ཀྱིས་མ་དྲིས་པས་ད་ལྟ་རྩོད་པ་དང་བཅས་པར་གྱུར་ཏོ། །ཀུན་དགའ་བོས་སྨྲས་པ། དེའི་ཚེ་དེ་བཞིན་གཤེགས་པ་མྱ་ངན་ལས་འདའ་བའི་མྱ་ངན་གྱིས་ཟིན་ཏོ། །དེས་སྨྲས་པ། དེ་བཞིན་གཤེགས་པ་ལ་གྲོངས་པ་མི་མངའ་བས། དེ་ཁྱོད་ཀྱིས་མ་ཤེས་པས་ཉེས་པ་དང་བཅས་པའོ། །ཡང་ཁྱོད་ཀྱིས་དེ་བཞིན་གཤེགས་པའི་གསང་བའི་གནས་སྦུབས་སུ་ནུབ་པ་སྤྱོད་པ་དམན་པ་ལ་བསྟན་ཏོ། །དེས་དེ་བཞིན་གཤེགས་པའི་སྐུ་ལ་མཆི་མའི་ཐིགས་པས་མ་རུང་བར་བྱས་སོ། །དེ་ལྟར་ཁྱོད་ཉེས་པ་བརྒྱད་བྱས་པ་ཡིན་པས་སོང་ཤིག ཀུན་དགའ་བོས་སྨྲས་པ། དེ་བཞིན་གཤེགས་པས་ནི་སྒྲ་གཅན་འཛིན་ནི་ངའི་བུ། ཀུན་དགའ་བོ་ནི་ངའི་གོ་རེ་ལོང༌། དགེ་སློང་དགེ་འདུན་རྣམས་ལ་གཏད། ཅེས་བདག་ཁྱེད་ལ་གཏད་པ་ཡིན་ནོ། །འོད་སྲུངས་ཀྱིས་སྨྲས་པ། ཁྱོད་ཉིད་ལ་ཕན་པའི་ཕྱིར་དང་བསྟན་པ་རྒྱས་པར་བྱ་བའི་ཕྱིར་ཆད་པས་བཅད་དོ། །དེའི་ཚེ་མ་འགགས་པས་སྨྲས་པ། ཀུན་དགའ་བོ་ནི་མང་དུ་ཐོས་པ་ཅན་ཡིན་ན། དེ་མིན་ན་ཇི་ལྟར་བཤད་པར་བྱ། འོད་སྲུངས་ན་རེ། ཡོན་ཏན་དང་ལྡན་པ་ཡོད་མོད། སོ་སོ་སྐྱེ་བོ་དང་མི་གཅིག་གོ །སླར་ཀུན་དགའ་བོ་ལ་འོད་སྲུངས་ཀྱིས་སྨྲས་པ། ཁྱོད་ཀྱིས་དགྲ་བཅོམ་པ་ཐོབ་པ་ན་འདིར་ཤོག་ཅིག དེ་ནས་ཀུན་དགའ་བོས་དགེ་འདུན་ལ་ཕྱག་བཙལ་ཏེ་མཆི་མ་ཕྱུང་ནས་ཡུལ་བྲྀ་ཛི་ག་ལ་བ་དེར་སོང་ངོ༌། །དེར་ཀུན་དགའ་བོས་ཁྱིམ་བདག་གི་བུ་བཞི་རབ་ཏུ་ཕྱུང་པ་སྟེ། གདམས་ངག་བྱིན་པས་དེ་དག་གིས་དགྲ་བཅོམ་པ་ཐོབ་བོ། །དེ་ནས་ཁྱིམ་བདག་བྲྀ་ཛིའི་བུས་མཁན་པོ་དགྲ་བཅོམ་པ་ཡིན་ནམ་མ་ཡིན་མངོན་པར་ཤེས་པས་བལྟས་པ་ན་མ་ཡིན་པར་མཐོང་ངོ༌། །སྐལ་པ་ཡོད་དམ་མེད་བལྟས་པ་ན་ཡོད་པར་མཐོང་ངོ༌། །དེས་མཁན་པོ་ལ་སླར་གདམས་པ། གཽ་ཏ་མ་ཁྱོད་ནི་བག་མེད་མ་མཛད་པར། །མྱ་ངན་འདས་ལ་ཐུགས་བསྐྱེད་མཛད་ནས་ཀྱང༌། །ཤིང་དྲུང་སྟུག་པོར་ཡང་དག་གནས་མཛོད་ཅིག །རིང་པོར་མི་ཐོགས་ཞི་བ་ཐོབ་པར་འགྱུར། །ཞེས་གདམས་སོ། །དེ་ནས་ཀུན་དགའ་བོས་དེའི་ལྟར་མཉན་ནས། ཞག་བདུན་ན་སྔས་ནང་ཚངས་ཅན་ལ་མ་བརྟེན་པར་བདག་མེད་པའི་བསམ་གཏན་ལ་གནས་པས་དག་བཅོམ་པ་ཐོབ་པར་གྱུར་ཏོ། །དེ་ ནས་བདག་ནི་དགྲ་བཅོམ་པ་རྣམས་ཀྱི་ནང་དུ་འགྲོ་བ་ལ་དབང་ཞེས་བསམས་ཏེ་བི་མ་ལ་ཡཱ་ནིའི་ཕུག་ག་ལ་བ་དེར་སོང་སྟེ། རྒན་པ་རྣམས་ལ་ཕྱག་བཙལ་ཏེ་རང་གི་གནས་སུ་འདུག་གོ །དེའི་ཚེ་ཀུན་དགའ་བོ་རྒྱང་མ་ནས་འོངས་པ་མཐོང་བས་དགེ་སློང་མང་པོས་དེ་བཞིན་གཤེགས་པའང་རྗེས་སུ་དྲན་པར་གྱུར་ཏོ། །དེ་ནས་དགེ་འདུན་འདུས་ཏེ་འོད་སྲུངས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་དག་མ་འོངས་པ་ན་དགེ་སློང་དག་དྲན་པ་ཉམས་པ་བྱུང་བས་དེ་དག་གི་མདོ་ཙམ་མ་ཡིན་པ་སྡེ་སྣོད་གསུམ་རྒྱས་པར་འཛིན་མི་ནུས་སོ། །དེའི་ཕྱིར་སྔ་དྲོ་མདོ་ཙམ་བཟླས་པར་བྱའོ། །ཕྱི་དྲོ་སྡེ་སྣོད་གསུམ་པོ་བཟླས་པར་བྱའོ། །དགེ་སློང་རྣམས་ཀྱིས་དེ་བཞིན་ནོ་ཞེས་གསོལ་ཏེ། ཆོས་ཀྱི་ཁྲི་བཤམས། དེར་འོད་སྲུངས་བཞུགས་ཏེ། དེ་ལ་བསྐོར་ནས་འདུག་སྟེ་མདུན་དུ་བདར་རོ། །དེ་ནས་འོད་སྲུངས་ཀྱིས་ཀུན་དགའ་བོ་ལ་སྨྲས་པ། ཚེ་དང་ལྡན་པ་ཀུན་དགའ་བོ་ཁྱོད་ནི་རྣམ་པར་གསལ་བ་ཡིན་ན་མདོ་ཟློས་པར་དད་དམ། ཀུན་དགའ་བོས་སྨྲས་པ་དད་དོ། །དེ་ནས་འོད་སྲུངས་ཀྱིས་ཐོག་མར་བྱས་ཏེ། བླ་གོས་རྣམས་སྟན་དུ་བཏིང་སྟེ་ཁྲི་བཤམས་པ་དང༌། ཀུན་དགའ་བོས་ཀྱང་རྒན་པ་ལ་ཕྱག་བཙལ་ཏེ། སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བ་སེམས་ལ་བཞག་སྟེ་ཁྲི་ལ་འདུག་གོ །འདུག་ནས་ཀྱང་སྔོན་བཅོམ་ལྡན་འདས་ཀྱིས་མདོ་གང་དུ་བཤད་པའི་དྲན་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེའི་ཚེ་ལྷ་རྣམས་ཀྱིས། འཕགས་པ་འདི་ཡང་དོགས་མེད་པར། །སེང་གེ་སྒྲ་བཞིན་ཆོས་ཀྱང་འཆད། །ཞི་བའི་ཆོས་འདི་བཤད་པ་ལ། །དད་པས་ཆོས་འདི་མཉན་པར་གྱིས། །ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཆོས་ལ་མཉན་པའི་ཕྱིར་ལྷགས་སོ། །ཡང་འོད་སྲུངས་ཀྱིས་སྨྲས་པ། ཆོས་འདི་ཐམས་ཅད་ནང་ན་མཆོག་གྱུར་པ། །རྒྱལ་བས་གསུངས་པ་ཚེ་ལྡན་ཁྱོད་ཀྱིས་བཤད། །སྟོན་པས་གོང་དུ་བཤད་པ་བཞིན། །འཇིག་རྟེན་ཕན་འདོད་སྡེ་སྣོད་ཤོད། །ཅེས་གསོལ་བ་བཏབ་བོ། །དེ་ནས་ཀུན་དགའ་བོས་སྟོན་པ་དྲན་པ་དང་བཅས་པས་གནས་རྣམས་ལ་ཕྱག་འཚལ་ཏེ། དང་པོ་མངོན་པར་བྱང་ཆུབ་པའི་ཕྱོགས་སུ་བལྟས་ཏེ། ཐལ་མོ་སྦྱར་བ་བྱས་ནས། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་ཡུལ་འཁོར་མོ་འཇིག་ན་བཞུགས་ཏེ། དགེ་སློང་གི་དགེ་འདུན་ཆེན་པོ་དང་ཡང་ཐབས་ཅིག་གོ །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་འདི་ལ་འཕགས་པའི་བདེན་པ་ཞེས་བྱ་བ་འདི་ནི་སྔོན་མ་ཐོས་པའི་ཆོས་སོ་ཞེས་སྨྲས་སོ། །དེའི་ཚེ་ལྷ་དག་འདོད་ཆགས་དང་བཅས་པ་རྣམས་ཀྱིས་སྨྲས་པ། ཀྱེ་མའོ་འཇིག་རྟེན་འདི་ཡང་ནི། །མི་རྟག་ཕྱིར་ན་ཁྱད་པར་མེད། །གང་གི་རིན་ཆེན་གཏེར་དེ་ཡི། །ཡོན་ཏན་རྒྱ་མཚོ་དག་ནི་སྐེམས། །བདག་གིས་དེ་ལས་མངོན་ཐོས་ཏེ། །ཆོས་ནི་ཐར་བར་བྱེད་པ་ལ། །འདི་སྐད་ཐོས་ཞེས་སྦྱོར་བར་བྱེད། །འདི་ནི་དེ་རིང་བཤད་པ་ཡིན། །ཞེས་སྨྲས་སོ། །དེ་ནས་ཀུན་ཤེས་ཀཽཎྜི་ཎྱས་སྨྲས་པ། འདི་ནི་ང་ལ་བཤད་དོ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དེ་ནས་ཐམས་ཅད་སྟན་ལས་ལངས་ཏེ། སྟོན་པའང་ཐོས་པའི་ལམ་དུ་གྱུར་ཏོ། །ཞེས་ཀྱང་སྨྲས་སོ། །གཞན་ཡང་ཆོས་ཀྱི་འཁོར་ལོ་གང་དུ་གསུང༌། གཉིས་པའང་དེ་ཉིད་དུ་སྟེ་བདེན་པ་བཞིའོ། །གསུམ་པའང་དེ་ཉིད་དུ་སྟེ་གཟུགས་ནི་བདག་མ་ཡིན་པའོ་ཞེས་བྱ་བ་ལ་སོགས་པ་བཤད་དོ། །དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་གནས་གང་དང་གང་དུ་མདོ་གང་དང་གང་བཤད་པ་དེ་དག་ཐམས་ཅད་བཤད་དེ། གང་ཕུང་པོ་ལྔ་སྟོན་པ་དེ་དང་དེ་ཕུང་པོ་ལྔའི་སྡེ་དང༌། དེ་བཞིན་དུ་སྐྱེ་མཆེད་ཀྱི་སྡེ་དང༌། གང་རྟེན་ཅིང་འབྲེལ་བར་འབྱུང་བའི་སྡེ་དང༌། གང་འཕགས་པའི་བདེན་པའི་སྡེ་དང༌། གླེང་གཞིའི་སྡེ་དང༌། བཅོམ་ལྡན་འདས་ཀྱི་བཀའ་མང་བ་རྣམས་བཅོམ་ལྡན་འདས་ཀྱི་སྡེ་དང༌། ཉན་ཐོས་ཀྱི་བཀའ་མང་བ་ཉན་ཐོས་ཀྱི་སྡེ་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་སྟོན་པ་ལམ་གྱི་སྡེ་དང༌། བསླབ་པ་སྟོན་པ་བསླབ་པའི་སྡེ་དང༌། ཚིགས་སུ་བཅད་པ་རིང་པོའི་སྡེ་དང༌། བར་པ་ལ་བར་པའི་སྡེ་དང༌། ཚིགས་སུ་བཅད་པ་གཅིག་ནས་བཅུའི་བར་ལ་གཅིག་ནས་བསྐྱེད་པའི་སྡེ་ཞེས་མིང་དུ་བཏགས་སོ། །དེ་ལྟར་མདོ་སྡེ་རྣམས་བསྡུས་པ་ལ་ལྷ་རྣམས་ཀྱིས་ཀྱང་བསྔགས་པ་བྱིན། དགྲ་བཅོམ་པ་རྣམས་ཀྱིས་ཀྱང་མཐུན་པར་བསྔགས་སོ། །དེནས་འོད་སྲུངས་ཀྱིས་སྨྲས་པ། ཁྱོད་ཀྱིས་དེ་སྐད་དུ་ཟད་དམ། ཀུན་དགའ་བོས་དེ་སྙེད་དུ་ཟད་དོ་ཞེས་སྨྲས་ཏེ་ཁྲི་ལས་བབས་སོ། །ཡང་འོད་སྲུངས་ཀྱིས་ཁྲི་ལ་འདུག་སྟེ། ཉེ་བ་འཁོར་ལ་སྨྲས་པ། ཨུ་པ་ལི་ཁྱོད་ནི་བཅོམ་ལྡན་འདས་ཀྱིས་འདུལ་བ་འཛིན་པར་གསུངས་ན་འདུལ་བ་སྨྲ་བར་དད་དམ། སྨྲས་པ་དད་དོ་ཞེས་ཁྲི་ལ་འདུག་གོ །དེ་ནས་གླེང་གཞི་ནི་བཱ་རཱ་ཎ་སཱི་སྟེ། དགེ་སློང་དག་ཤམ་ཐབས་ཟླུམ་པོར་བགོ་བར་བྱའོ། །གཉིས་པ་ཆོས་གོས་ཟླུམ་པོར་བགོ་བར་བྱའོ། །གསུམ་པ་གྲོང་ཀ་ལནྟ་ཀར་འཁྲིག་པ་སངས་པའོ། །དེ་བཞིན་དུ་ཐམས་ཅད་བཤད་དེ་ཕམ་པའི་སྡེ་དང༌། ལྷག་མའི་སྡེ་དང༌། མ་ངེས་པའི་ཆོས་གཉིས་དང༌། སྤང་བའི་ལྟུང་བ་སུམ་ཅུ་དང༌། ལྟུང་བྱེད་དགུ་བཅུ་ཐམ་པ་དང༌། བསླབ་པའི་ཆོས་མང་པོ་དང༌། རྩོད་པ་ཞི་བར་བྱེད་པའི་ཆོས་བདུན་བཅས་སོ། །འདི་དག་ནི་གནང་བའོ། །འདི་དག་ནི་བཀག་པའོ་ཞེས་བྱ་བ་འདུལ་བ་སྨྲས་ཏེ་ཁྲི་ལས་བབས་སོ། །དེ་ནས་འོད་སྲུངས་ཀྱིས་མ་འོངས་པའི་སེམས་ཅན་ཟབ་མོའི་དོན་ལ་མོས་པར་བྱ་བའི་ཕྱིར་བདག་ཉིད་ཀྱིས་མ་ལྟ་བུ་བཤད་དོ་སྙམ་སྟེ་ཁྲི་ལ་འདུག་སྟེ་སྨྲས་པ། ཚེ་དང་ལྡན་པ་དག་ཤེས་བྱའི་མཚན་ཉིད་ཡོངས་སུ་སྒྲོགས་པ་འདི་ནི་མ་ལྟ་བུའོ། །འདི་ལྟ་སྟེ། དྲན་པ་ཉེ་བར་གཞག་པ་བཞི་དང༌། ཡང་དག་པར་སྤོང་བ་བཞི་དང༌། ཞེས་བྱ་བ་ལ་སོགས་པ་དང༌། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་ལ་སོགས་ཏེ། ཆོས་ཀྱི་ཕུང་པོ་དང་ལྡན་པ་འདི་དག་ནི་མ་ལྟ་བུའོ། །ཞེས་བྱ་བ་ནས་བརྩམས་ཏེ། མ་ལྟ་བུའི་སྡེ་སྣོད་རྒྱས་པར་བསྡུས་སོ། །དེ་ལྟར་སྡེ་སྣོད་རིན་པོ་ཆེ་གསུམ་བསྡུས་པ་རེ་རེ་ལ་ཡང་དགྲ་བཅོམ་པ་ཐམས་ཅད་ཀྱིས་འདི་ནི་བདག་ཅག་ལ་བཤད་དོ། །ཞེས་བྱ་བ་ལ་སོགས་པས་མཐུན་པར་བསྟན་ཅིང་ལྷ་རྣམས་ཀྱིས་ཀྱང་རྗེས་སུ་མཐུན་པར་བསྔགས་པ་བྱས་སོ། །དེ་ནས་ཡང་གནས་བརྟན་འོད་སྲུངས་ཀྱིས་སྨྲས་པ། ཀྱེ་ཧོ་འགྲོ་ལ་ཕན་པའི་ཆོས་གཙུག་ལག །སྟོབས་བཅུའི་བཀའ་ལ་ཚད་ཡོད་མ་ཡིན་ཀྱང༌། །འཇིག་རྟེན་ངན་པས་མུན་པ་དག་ཏུ་སྟོན། །ཡང་དག་བསྟན་པ་བློ་རིག་གསལ་བའི་སྒྲོན། །ཞེས་སྨྲས་ཏེ། དེས་བསམས་པ། སྟོན་པའི་བཀའ་བཞིན་བྱ་བ་ནི་བྱས། སེམས་ཅན་མ་ནུས་པ་ལ་ཕན་གདགས་པ་སུས་ནུས། ད་ནི་མྱ་ངན་ལས་འདའ་སྙམ་སྟེ། ངོ་ཚ་མེད་ལ་ཆད་པས་བཅད། །ངོ་ཚ་ཅན་ལ་ཕན་ཡང་བཏགས། །བདག་ལ་ཕན་ཡང་ཞི་བྱས་ཀྱི། །བདག་ནི་མྱ་ངན་འདའ་དུས་བབ། །ཅེས་སྨྲས་ཏེ། ཀུན་དགའ་བོ་ལ་བསྙེན་ཏེ་སྨྲས་པ། ཚེ་དང་ལྡན་པ་ཀུན་དགའ་བོ་ཤེས་པར་གྱིས་ཤིག བཅོམ་ལྡན་འདས་ཀྱིས་བདག་ལ་བསྟན་པ་གཏད་དེ་མྱ་ངན་ལས་འདས་སོ། །ད་ནི་བདག་ཀྱང་མྱ་ངན་ལས་འདའ་བས་སྟོན་པའི་བསྟན་པ་ཁྱོད་ཀྱིས་སྐྱོངས་ཤིག ཁྱོད་ཀྱིས་ཀྱང་རྒྱལ་པོའི་ཁབ་ན་དེད་དཔོན་ཞིག་གི་བུ་རྩྭ་ཤ་ན་ཀའི་གོས་ཀྱིས་དཀྲིས་པ་ཞིག་འབྱུང་བས། དེའི་མིང་ཡང་རྩྭ་ཤ་ན་ཀའི་གོས་ཅན་ཞེས་བྱ་བར་གདགས་སོ། །དེ་ནི་ད་ལྟར་རྒྱ་མཚོ་ལ་སོང་སྟེ་དེ་ཕྱིར་ལོག་པ་དང་སངས་རྒྱས་ཀྱི་བསྟན་པ་ལ་ལོ་ལྔར་མཆོད་སྦྱིན་བྱེད་པས། དེ་རབ་ཏུ་ཕྱུང་ལ་དེ་ལ་བསྟན་པ་གཏོད་ཅིག ཅེས་སྨྲས་ནས། ད་ནི་བདག་འདའ་བར་བྱ་སྙམ་སྟེ། སྐུ་གདུང་གི་མཆོད་རྟེན་བརྒྱད་དང་ཚེམས་མཆེ་བ་བཞི་ལ་ཡང་རྫུ་འཕྲུལ་གྱིས་སོང་སྟེ་མཆོད་པ་བྱས་སོ། །དེ་ནས་གནས་བརྟན་འོད་སྲུངས་ཀྱིས་རྒྱལ་པོ་མ་སྐྱེས་དགྲ་ལ་སྦྲན་པ་དང་དེ་གཉིད་དུ་སོང་བས་མ་ཚོར་རོ། །དེ་ནས་བདག་ཉིད་རི་བྱ་རྐང་དུ་སོང་སྟེ། དེ་བཞིན་གཤེགས་པས་གནང་བའི་ཕྱག་དར་ཁྲོད་ཀྱི་ལྷུང་བཟེད་དང་ཆོས་གོས་དང་བཅས་ཏེ། རི་ཀུ་ཀུ་པཱ་ཏིའི་རྩེ་མོ་ལ་བྲག་ཚལ་པ་བཞི་ཡོད་པའི་དབུས་སུ་འདུག་ནས་སྨོན་ལམ་བཏབ་པ། བདག་གསོན་བཞིན་དུ་འདིར་གནས་པར་གྱུར་ཅིག དེ་ནས་བདག་གི་ལུས་ལ་མེས་མི་ཚིག་པ་ལ་སོགས་པ་གནོད་པ་མེད་པར་གྱུར་ཅིག དེ་ནས་བྲག་བཞི་པོ་འདིས་འགེབས་པར་གྱུར་ཅིག གལ་ཏེ་རྒྱལ་པོ་མ་སྐྱེས་དགྲ་འོངས་ན་དེ་ལ་བསྟན་ཏེ་ཡང་འགེབས་པར་གྱུར་ཅིག དེ་ནས་ཡང་གསོན་བཞིན་དུ་གནས་ཏེ་སངས་རྒྱས་བྱམས་པའི་བསྟན་པའི་ཚེ། འཁོར་འདུས་པ་དང་པོ་དང་གཉིས་པ་དང་གསུམ་པའི་ཚེའང་འདིར་གཤེགས་པར་གྱུར་ཅིག དེའི་ཚེ་དགེ་སློང་རྣམས་ལ་བདག་གི་ལུས་འདི་སྟོན་པར་གྱུར་ཅིག དེའི་ཚེ་དགེ་སློང་མང་པོ་ཕྱག་དར་ཁྲོད་ལ་བརྟེན་ཏེ་དགྲ་བཅོམ་པ་ཐོབ་པར་གྱུར་ཅིག དེ་ནས་བདག་གིས་ལུས་འདི་རྫུ་འཕྲུལ་གྱིས་པུར་སྦྱོང་བར་གྱུར་ཅིག ཞེས་སྨོན་ལམ་བཏབ་སྟེ་མྱ་ངན་ལས་འདས་སོ། །དེའི་ཚེ་ལྷ་རྣམས་ཀྱིས་ཀྱང་མཆོད་པ་བྱས་སོ། །དེའི་ཚེ་ས་ཆེན་པོ་གཡོས་པར་གྱུར་པ་དང༌། དེས་རྒྱལ་པོ་མ་སྐྱེས་དགྲ་གཉིད་སད་པ་དང༌། དེས་བསམས་པ། འཕགས་པ་འོད་སྲུངས་མྱ་ངན་ལས་འདས་ངེས་སྙམ་སྟེ་གནས་བརྟན་ཀུན་དགའ་བོ་ག་ལ་བ་དེར་སོང་ངོ༌། །དེ་ནས་གནས་བརྟན་ཀུན་དགའ་བོས་རི་ཀུ་ཀུ་པཱ་ཏ་ག་ལ་བ་དེར་རྒྱལ་པོ་ཁྲིད་དེ་འོངས་ནས་འཕགས་པ་འོད་སྲུངས་ཀྱི་པུར་བསྟན་ཏེ། དེ་ནས་རྒྱལ་པོས་འདི་ཞུགས་ལ་བཞེན་པར་བགྱིའོ་ཞེས་སྨྲས་སོ། །ཀུན་དགའ་བོས་སྨྲས་པ། རྒྱལ་པོ་ཆེན་པོ་འདི་མི་ནུས་ཏེ་སྨོན་ལམ་གྱི་ཁྱད་པར་འདི་ལྟ་བུ་བཏབ་པའི་ཕྱིར་རོ་ཞེས་སྨྲས་སོ། །དེ་ནས་ཡང་རི་བཞིས་བཀབ་པར་གྱུར་ཏོ། །དེ་ནས་རྒྱལ་པོས་ཀུན་དགའ་བོ་ལ་སྨྲས་པ། བཅོམ་ལྡན་འདས་དང་འཕགས་པ་འོད་སྲུངས་ཀྱིས་བདག་ལ་མ་སྦྲེན་ན། འཕགས་པ་ཁྱོད་མྱ་ངན་ལས་འདའ་བའི་ཚེ་བདག་སྦྲོན་ཅིག་ཅེས་གསོལ་ནས་ཡོན་བདག་ཏུ་ཁས་བླངས་སོ། །འཕགས་པ་འོད་སྲུངས་ཀྱིས་གཞི་བཟུང་སྟེ་དགྲ་བཅོམ་པ་ལྔ་བརྒྱས་ཆོས་བསྡུས་པ་སྟེ་བསྡུ་བ་དང་པོའོ།།  །།དེ་ནས་གནས་བརྟན་ཀུན་དགའ་བོ་འཁོར་དང་བཅས་ཏེ་སྨྱིག་མའི་ཚལ་ན་འདུག་གོ །དེའི་ཚེ་རྩྭ་ཤ་ན་ཀའི་གོས་ཅན་རྒྱ་མཚོ་ལས་ཕྱིར་ལོག་སྟེ། ཀུན་དགའ་བོ་ག་ལ་བ་དེར་སོང་སྟེ་ཕྱག་བཙལ་ནས། འཕགས་པ་བཅོམ་ལྡན་འདས་གང་ན་བཞུགས། བདག་ལོ་ལྔའི་དུས་སྟོན་བགྱིད་པར་འཚལ་ལོ་ཞེས་ཞུས་སོ། །ཀུན་དགའ་བོས་སྨྲས་པ། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་སོ། །དེས་དེ་ཐོས་པ་དང་བརྒྱལ་ཏེ་ས་ལ་འགྱེལ་ཏེ། དེ་སངས་པ་དང་ལོ་ལྔའི་དུས་སྟོན་བྱས་སོ། །དེ་ནས་གནས་བརྟན་ཀུན་དགའ་བོས་དེ་ལ་སྨྲས་པ། བུ་ཁྱོད་སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ཤིག དེས་ཀྱང་དེ་བཞིན་ནོ་ཞེས་སྨྲས་ཏེ་རབ་ཏུ་བྱུང་ངོ༌། །དེའང་ཐོས་པ་འཛིན་པ་ཞིག་སྟེ་མྱུར་དུ་ཆོས་ཐམས་ཅད་ཁོང་དུ་ཆུད་པར་གྱུར་ཏོ། །དེ་ནས་ཀུན་དགའ་བོ་སྨྱིག་མའི་ཚལ་ན་འདུག་པའི་ཚེ་དགེ་སློང་ཞིག་གིས་སྨྲས་པ། ལོ་བརྒྱའི་བར་དུ་གང་འཚོ་བས། །ཆུ་ལ་ཆུ་སྐྱར་མཐོང་བ་ནི། །བདག་གི་འཚོ་བ་ཉིན་གཅིག་དགེ །ཞེས་སྨྲས་པ་དང༌། ཀུན་དགའ་བོས་དེ་ཐོས་ཏེ། དེ་ལ་སྨྲས་པ། བུ་བཅོམ་ལྡན་འདས་ཀྱིས་ནི་དེ་ལྟར་མ་གསུངས་ཏེ། ལོ་བརྒྱའི་བར་དུ་གང་འཚོ་བས། །སྐྱེ་དང་འཇིག་པ་མ་མཐོང་བས། །གང་ཟག་གཉིས་ལ་སྟོན་པ་ཡི། །ས་འདི་རྟག་པར་བཤད་པ་སྟེ། །མ་དད་ཞེ་སྡང་བློ་ཅན་དང༌། །དད་པ་ལོག་པར་འཛིན་པའོ། །མདོ་སྡེ་ལོག་པར་འཛིན་པ་ནི། །བ་ལང་འདམ་དུ་བྱིང་བ་བཞིན། །ཞེས་བྱ་བ་ལ་སོགས་པ་བྱས་པས་དེས་ཀྱང་རང་གི་མཁན་པོ་ལ་སྨྲས་སོ། །མཁན་པོས་སྨྲས་པ། ཀུན་དགའ་བོ་ཡང་རྒས་པར་གྱུར། །དེའི་དྲན་པ་ཉམས་པར་འགྱུར། །སེམས་ཅན་རྒ་བས་གཙེས་པ་ནི། །ནུས་པ་དང་ཡང་བློ་ཡང་རྙིང༌། །ཞེས་བརྗོད་པ་དང༌། དེས་ཀྱང་སླར་གནས་བརྟན་ཀུན་དགའ་བོ་ལ་སྨྲས་སོ། །ཀུན་དགའ་བོས་བསམས་པ། འདི་ལ་ནི་བདག་ཉིད་ཀྱིས་མི་ཕན་ལ། ཤཱ་རིའི་བུ་ལ་སོགས་པ་དང༌། དེ་བཞིན་གཤེགས་པས་ཀྱང་ལོ་སྟོང་གི་བར་དུ་བཞུགས་པས་ཀྱང་ཕན་པར་མི་འགྱུར་གྱིས། དེ་བས་ན་བདག་ཀྱང་མྱ་ངན་ལས་འདའ་སྙམ་སྟེ། ཡང་རབ་དེ་དག་སྔར་ཡང་འདས། །གསར་བུ་དག་ནི་བདག་མི་མཐུན། །བདག་ནི་གཅིག་པུ་ཏིང་འཛིན་ལ། །སྒོ་ང་སྐྱེས་བཞིན་གནས་སུ་འདུག །ཅེས་སྨྲས་ཏེ། རྩྭ་ཤ་ན་ཀའི་གོས་ཅན་ལ་སྨྲས་པ། བུ་བཅོམ་ལྡན་འདས་ཀྱིས་གནས་བརྟན་འོད་སྲུངས་ལ་བརྟན་པ་གཏད་དོ། །དེས་ཀྱང་ཁོ་བོ་ལ་གཏད་དོ། །ངས་ཁྱོད་ལ་གཏད་ཀྱིས། ཁྱོད་ཀྱིས་ཀྱང་གྲོང་ཁྱེར་མ་ཏུ་ར་ཏི་མུནྟོ་ཞེས་བྱ་བར་ཡོན་བདག་འབྱུང་བས། དེར་ལྷ་ཁང་གྱིས་ཤིག དེར་དྲི་འཚོང་མ་གུཔྟ་ལ་བུ་ཨུ་པ་གུཔྟ་ཞེས་བྱ་བ་འབྱུང་བས། དེ་རབ་ཏུ་བྱུང་ཤིག དེ་བཅོམ་ལྡན་འདས་ཀྱིས་ལུང་བསྟན་ཏེ། མྱ་ངན་ལས་འདས་ནས་ལོ་བརྒྱ་ན་མཚན་དང་མི་ལྡན་པ་ཞེས་བྱ་བ་སངས་རྒྱས་ཀྱིས་བསྟན་པ་ལ་བྱ་བ་བྱེད་དོ། །ཞེས་གསུངས་པས་དེ་ལ་གཏོད་ཅིག རྩྭ་ཤ་ན་ཀའི་གོས་ཅན་གྱིས་སྨྲས་པ། མཁན་པོ་དེ་བཞིན་དུ་བགྱིའོ། །དེ་ནས་ཀུན་དགའ་བོས་བསམས་པ། ད་ནི་བདག་མྱ་ངན་ལས་འདའ་བར་བྱ་ན་ཡུལ་གང་དུ་མྱ་ངན་ལས་འདའ་ན། དེ་དང་ཡུལ་གཞན་རིང་བསྲེལ་ལ་རྩོད་པ་འབྱུང་བས་ཡུལ་གཉིས་ཀྱི་ཆུའི་སྟེང་དུ་མྱ་ངན་ལས་འདས་ལ། རིང་བསྲེལ་བགོ་བར་བྱ་སྙམ་སྟེ་དེར་གཤེགས་སོ། །དེའི་ཚེ་རྒྱལ་པོ་མ་སྐྱེས་དགྲ་ལ་རྨི་ལམ་ངན་པ་བྱུང་སྟེ། སད་ནས་རྩྭ་ཤ་ན་ཀའི་གོས་ཅན་གྱི་དྲུང་དུ་སོང་སྟེ། འཕགས་པ་ཀུན་དགའ་བོ་གར་གཤེགས་ཞེས་སྨྲས་པ་དང༌། དེས་སྨྲས་པ། བཅོམ་ལྡན་འདས་ཀྱི་གཅུང་པོ་འདི། །གསུང་ལས་ཀྱང་ནི་མངོན་པར་ཤེས། །ཡངས་པ་ཅན་གྱི་གྲོང་ཁྱེར་དུ། །མངོན་དུ་ཡང་ནི་དེ་རུ་སོང༌། །དེ་ནས་རྒྱལ་པོས་དེ་མྱ་ངན་ལས་འདའ་བར་ཤེས་ཏེ་དཔུང་དང་བཅས་ཏེ་དེར་དོང་ངོ༌། །སོང་ནས་ཀྱང་འཕགས་པ་ལ་བདག་ཅན་དུ་གཤེགས་ཞེས་གསོལ་བ་བཏབ་བོ། །ཡངས་པ་ཅན་གྱི་ལིཙྪ་བྱི་རྣམས་ཀྱིས་ཀྱང་གསོལ་བ་བཏབ་བོ། །འཕགས་པ་ནི་ཆུའི་དབུས་སུ་རྫུ་འཕྲུལ་གྱིས་བཞུགས་སོ། །དེའི་ཚེ་ས་གཡོ་བ་ཆེན་པོ་བྱུང་བས་དྲང་སྲོང་ཉི་མའི་གུང་ཞེས་བྱ་བ་འཁོར་ལྔ་བརྒྱ་དང་བཅས་པ་ཡོད་དེ། དེས་ཚོར་ནས་འཕགས་པ་ག་ལ་བ་དེར་འོངས་སོ། །དེས་འཕགས་པ་ལ་གསོལ་བ། འཕགས་པ་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བར་ཞུའོ། །འཕགས་པས་ཀྱང་སློབ་མ་ཚུར་ཤོག་པར་བསམས་ཏེ་ཆུ་ལས་ལམ་སྤྲུལ་ཏོ། །དེ་འོངས་ཏེ་གསོལ་བར་བྱས་ཏེ་ས་ཕྱིར་མི་ལྡོག་པར་གྱུར་ཏོ། །ལན་གསུམ་པོས་དགྲ་བཅོམ་པ་ཐོབ་པར་གྱུར་ཏོ། །དེས་མཁན་པོ་བདག་ཀྱང་མྱ་ངན་ལས་འདའ་བར་ཞུའོ་ཞེས་ཞུས་པས་མ་གནང་སྟེ། ཁྱོད་ཁ་ཆེར་སོང་ལ་སངས་རྒྱས་ཀྱི་བསྟན་པ་ཟུང་ཤིག བཅོམ་ལྡན་འདས་ཀྱིས་ཀྱང་ཁ་ཆེ་ནི་ལྷག་མཐོང་དང་རྗེས་སུ་འབྲེལ་བ་ཡིན་གྱིས་ང་མྱ་ངན་ལས་འདས་ནས་ལོ་བརྒྱ་ན་དགེ་སློང་ཉི་མའི་གུང་ཞེས་བྱ་བ་འབྱུང་ངོ་ཞེས་ལུང་བསྟན་པས། ཁྱོད་ཀྱིས་དེ་ལ་བསྟན་པ་གཏོད་ཅིག་ཅེས་ཀྱང་བསྒོའོ། །དེས་ཀྱང་མཁན་པོ་དེ་བཞིན་ནོ་ཞེས་མཉན་ནོ། །དེ་ནས་མྱ་ངན་ལས་འདས་ཏེ་རྫུ་འཕྲུལ་གྱིས་པུར་སྦྱངས་ཏེ་རིང་བསྲེལ་ཕྱེད་ཕྱེད་དུ་བགོས་ཏེ། ཡེ་ཤེས་རྡོ་རྗེ་རྣོན་པོས་ནི། །བདག་གི་ལུས་ཀྱི་རི་ཡང་བཅོམ། །སྤྲུལ་པ་ཕྱེད་ནི་མི་དབང་ལ། །ཕྱེད་ནི་དབང་ཕྱུག་བདག་ལ་བྱིན། །ཞེས་བྱའོ། །ཉི་མའི་གུང་ནི་ཁ་ཆེར་སོང་སྟེ། དེར་མཚོ་ཡོད་པ་ལ་ཀླུ་རྣམས་བཏུལ་ཏེ་བསྟན་པ་གནས་ཀྱི་བར་དུ་ཡུལ་བྱས། དེར་རི་དྲི་རྒྱས་ནས་གུར་གུམ་ཡང་བླངས་ཏེ་བཏབ་ནས་སངས་རྒྱས་ཀྱི་བསྟན་པ་རྒྱས་པར་བྱས་སོ། །རྩྭ་ཤ་ན་ཀའི་གོས་ཅན་གྱིས་མཁན་པོས་གསུངས་པ་བཞིན་བྱས་ཏེ། ཨུ་པ་གུཔྟ་ལ་བསྟན་པ་གཏད་དེ་མྱ་ངན་ལས་འདས་སོ། །དེས་དྷི་དྷི་ཀ་ལའོ། །དེས་ཀྲྀཥྞ་པ་ལའོ། །དེས་སུ་དརྴ་ན་ལ་བསྟན་པ་གཏད་དེ་མྱ་ངན་ལས་འདས་སོ། །དེའི་ཚེ་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བཅུ་ལོན་ནོ། །དེའི་དུས་སུ་ཡངས་པ་ཅན་གྱི་དགེ་སློང་དག་གིས་རང་གི་ལག་པས་ས་བརྐོར་རུང་ངོ༌། །ཞེས་བྱ་བ་ལ་སོགས་པ་མི་རུང་བའི་གཞི་བཅུ་བྱས་སོ། །དེའི་ཚེ་ན་ཡངས་པ་ཅན་ཉིད་ན་ཀུན་དགའ་བོའི་སློབ་མ་ཐམས་ཅད་འདོད་ཅེས་བྱ་བ་དགྲ་བཅོམ་པ་རྣམ་པར་གྲོལ་བ་ལ་བསྒོམས་པ། འདོད་པ་ཆུང་བ་ཞིག་ཡོད་དེ། དེའི་སློབ་མ་ཡ་ཤ་ཞེས་བྱ་བ་ཞིག་གྲོང་ཁྱེར་ནོར་ཅན་ན་ཡོད་དོ། །དེ་སློབ་དཔོན་ཅན་དུ་འོངས་པའི་ལམ་དུ་མི་རུང་བའི་གཞི་བཅུ་ཐོས་སོ། །དེས་སློབ་དཔོན་ལ་སྨྲས་པ། འདི་ལྟ་བུ་དག་རུང་ངམ། སློབ་དཔོན་གྱིས་སྨྲས་པ། འདི་དག་མི་རུང་སྟེ་གནས་འདི་དང་འདིར་བཅས་སོ་ཞེས་སྨྲས་སོ། །དེས་སྨྲས་པ། དེ་ཡལ་བར་འདོར་རམ། སློབ་དཔོན་གྱིས་སྨྲས་པ། མི་འདོར་རོ། །ཁྱོད་ཀྱིས་གྲོགས་ཚོལ་ཅིག ཁོ་བོ་ཡང་གྲོགས་ཚོལ་དུ་འགྲོའོ་ཞེས་སྨྲས་ནས། དེ་བསམ་གཏན་ལ་ཞུགས་ནས། ཡུལ་ཤལ་པ་ན་གནས་བརྟན་ཤ་ཏ་ཞེས་བྱ་བ་ཡོད་པ་ཅན་དུ་ཕྱིན་ཏོ། །དངོས་པོ་རྒྱས་པར་བརྗོད་དེ། ཤ་ཏ་ཡང་དེ་བཞིན་དུ་གྲོགས་ཚོལ་དུ་སོང་ངོ༌། །དེའི་ཚེ་དེའི་སློབ་མའི་ཉེ་གནས་ཀྱི་དྲུང་དུ། ཡངས་པ་ཅན་གྱི་དགེ་སློང་འོངས་ཏེ་དེ་དག་ལ་སྨྲས་པ། མཁན་པོ་གར་སོང༌། དེས་སྨྲས་པ། གྲོགས་ཚོལ་དུ་སོང༌། ཡངས་པ་ཅན་པས་སྨྲས་པ། ཅིའི་དོན་དུ། དེས་སྨྲས་པ། ཁྱེད་ལ་ཆད་པས་བཅད་པའི་ཕྱིར་རོ། །ཡངས་པ་ཅན་པས་སྨྲས་པ། ངེད་ཀྱིས་ཅི་བྱས། དེས་ཞིབ་པར་སྨྲས་སོ། །ཡངས་པ་ཅན་པས་སྨྲས་པ། དེས་ཅི་ཉེས། དེས་ཞིབ་མོར་སྨྲས་ཏེ་བསྟན་པ་ལ་གནོད་པའི་ཕྱིར་རོ། །དེ་ནས་ཡངས་པ་ཅན་པ་དག་སྐྲག་ནས་གྲོས་བྱས་པ། ཁ་ཅིག་ན་རེ་རང་ཅག་ཀྱང་གྲོགས་བཙལ་ལོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་རྩོད་པར་འགྱུར་བས་བྲོས་པར་བྱ་ཞེས་ཟེར་རོ། །ཁ་ཅིག་ན་རེ་བཟོད་པར་གསོལ་ལོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་སློབ་མ་འདི་དག་ལ་བསུག་སྦྱིན་ཞེས་ཟེར་ཏེ། དེ་ལ་མཐུན་ནས་བསུག་བྱིན་ནས་སོང་ངོ༌། །དེ་ནས་ཚེ་དང་ལྡན་པ་ཡ་ཤ་འོངས་ནས། དེའི་སློབ་མ་དག་གིས་སྨྲས་པ། མཁན་པོ་དེ་དག་ལ་སྐྲག་པར་བགྱིད་མི་འཚལ་ཏེ་བཟློག་ཟིན་ཏོ། །མཁན་པོས་སྨྲས་པ། ཁྱོད་ཀྱིས་བསུག་ཟོས་སམ། དེ་དག་ཅང་མི་ཟེར་བར་འཁོད་དོ། །དེ་ནས་འཕགས་པ་ཡ་ཤས་སྔོན་སྨྲས་པའི་གྲོགས་རྣམས་ལ་སྤྲིངས་པ། གྲོགས་པོ་དག་བསླབ་པ་ལ་ལྷོད་པའི་ཕྱོགས་འཕེལ་གྱི་རིངས་པར་འོངས་པར་རིགས་སོ། །བསྟན་པའི་དགོས་པ་ལ་མ་བཤོལ་ཅིག ཡང་ཚིགས་སུ་བཅད་དེ་སྨྲས་པ། བགས་ཀྱིས་བྱ་ལ་རིངས་པར་དང༌། །རིངས་པར་བྱ་ལ་བགས་ཀྱིས་བྱེད། །ཚུལ་བཞིན་བྱེད་པ་རབ་ཏུ་སྤངས། །དེ་ནི་བྱིས་པའི་སྡུག་བསྔལ་རྙེད། །དེ་ནི་གྲགས་པའི་སྐལ་བ་མེད། །མཛའ་བོ་ལ་ནི་དེས་སྤངས་པའོ། །དེ་ཡི་དོན་ཀྱང་མི་འཕེལ་ཏེ། །ཟླ་བ་ཁམ་པ་ཇི་བཞིན་ནོ། །གང་གིས་དགོས་པ་བགས་ཀྱིས་བྱེད། །དེ་ལྟར་བློ་ཆེན་རིངས་པར་བྱེད། །ཚུལ་བཞིན་མ་ཡིན་རབ་ཏུ་སྤངས། །མཁས་པ་དེས་ནི་བདེ་བ་རྙེད། །གྲགས་པར་དེ་གྱུར་སྐལ་བ་ཅན། །གྲོགས་པོ་ལས་ཀྱང་སྤང་མི་འགྱུར། །དེ་ཡི་དོན་ཀྱང་འཕེལ་བས་ཏེ། །དཔེ་རུ་ཟླ་བ་ཚེས་པ་འདྲ། །ཞེས་སྨྲས་ཏེ། ཡ་ཤ་འདུ་ཁང་དུ་ཞུགས་ནས་བས་མཐར་སོང་ནས་བསམ་གཏན་བཞི་པ་ལ་སྙོམས་པར་ཞུགས་ནས་གཎྜཱི་བརྡུངས་སོ། །དེའི་ཚེ་དགྲ་བཅོམ་པ་བདུན་བརྒྱར་གཅིག་གིས་མ་ལངས་པ་འདུས་ཏེ། ཐམས་ཅད་ཀྱང་གནས་བརྟན་ཀུན་དགའ་བོའི་སློབ་མ་ཤ་སྟག་གོ །དེའི་ཚེ་ཚེ་དང་ལྡན་པ་ཀུག་ཙ་སོ་མི་ནི་ཞེས་བྱ་བ་དེ་འགོག་པ་ལ་ཞུགས་པས་མ་ཐོས་སོ། །དེ་ནས་སྙོམས་པར་ཞུགས་པ་ལས་ལངས་པ་དང༌། ལྷ་དག་གིས་སྨྲས་པ། འཕགས་པ་མྱུར་དུ་བཞུད་ཅིག བསྟན་པ་ལ་རྨ་འབྱིན་པའི་དགེ་སློང་སུན་དབྱུང་བའི་ཕྱིར་དགེ་འདུན་ཐམས་ཅད་འདུས་སོ། །འཕགས་པ་དེའང་སོང་སྟེ། དེ་ལྟར་ན་དགེ་སློང་བདུན་བརྒྱ་འདུས་པར་གྱུར་ཏོ། །དེ་ནས་འཕགས་པ་ཡེ་ཤེས་ཐོག་མར་དངོས་པོ་བཅུ་པ་བརྗོད་དེ་བཅའ་བ་དག་པར་བཅས་སོ། །སྡེ་སྣོད་ལྷག་མ་རྣམས་ཀྱང་དག་པར་བྱས་ཏེ་བསྡུས་སོ། །དགྲ་བཅོམ་པ་བདུན་བརྒྱས་ཡང་དག་པར་བཟླས་པ་ཞེས་བྱས་ཏེ་ཆོས་བསྡུ་བ་གཉིས་པའོ།།  །།ཆོས་བསྡུ་བ་གཉིས་པོ་ཉིད་ནི་འདུལ་བ་ཕྲན་ཚེགས་ཀྱི་གཞི་ལས་ཇི་ལྟར་འབྱུང་བ་བཞིན་བྲིས་པ་ཡིན་ནོ། །རྒྱལ་པོ་མྱ་ངན་མེད་ཡིན་ཞེས་གཏམ་དུ་གྲག་གོ །དེ་ནས་ཡང་དུས་ཕྱིས་དགེ་སློང་ལྷ་ཆེན་པོའི་རིང་ལ་སྟོན་པའི་དགེ་སློང་གི་དགེ་འདུན་རྩ་བའི་སྡེ་བཞི་ལ་སྡེ་པ་ཐ་དད་པ་བཅོ་བརྒྱད་དུ་གྱེས་ཏེ་འདི་ལྟར། ཤར་དང་ནུབ་དང་གངས་རི་དང༌། །འཇིག་རྟེན་འདས་པར་སྨྲ་བ་དག །རྟག་པར་སྨྲ་པའི་སྡེ་པ་རྣམས། །ལྔ་ཚན་ཕལ་ཆེན་དགེ་འདུན་སྡེ། །བཞི་པ་དང་ནི་འོད་སྲུངས་སོ། །ས་སྟོན་དང་ནི་ཆོས་སྲུང་དང༌། །མང་ཐོས་གོས་དམར་སློབ་མ་དང༌། །རྣམ་པར་ཕྱེ་སྟེ་སྨྲ་བ་རྣམས། །ཐམས་ཅད་ཡོད་པར་སྨྲ་བའི་སྡེ། །འཇིགས་བྱེད་ཚལ་གནས་རྒྱལ་བྱེད་གནས། །གཙུག་ལག་ཁང་ཆེན་གནས་བརྟན་པ། །སར་སྒྲོགས་རི་དང་བསྲུང་བ་པ། །གནས་མ་བུ་ཡི་སྡེ་པ་རྣམས། །ཀུན་གྱིས་བཀུར་བ་རྣམ་པ་གསུམ། །ཡུལ་དོན་སློབ་དཔོན་བྱེ་བྲག་གིས། །ཐ་དད་རྣམ་པ་བཅོ་བརྒྱད་གྱུར། །ཞེས་ལྟ་བ་དང་སྤྱོད་པ་མི་མཐུན་པ་དུ་མ་བྱུང་བར་གྱུར་ཏེ། དེའི་ཚེ་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་སུམ་བརྒྱ་ལོན་ནོ། །དེ་ལྟར་མི་མཐུན་པ་དེ་དག་དག་པར་བྱ་བའི་ཕྱིར་ཁ་ཆེའི་ཡུལ་གྱི་བྱེ་བྲག་ཀུན་པ་ན་ཞེས་བྱ་བའི་དགོན་པ་ཛཱ་ལནྡྷ་རར་ཡོན་བདག་རྒྱལ་པོ་ཀ་ནི་ཀས་བྱས་ནས། གནས་བརྟན་དགྲ་བཅོམ་པ་དགེ་སློང་སེང་གེ་ཞེས་བྱ་བས་གཞི་བཟུང་སྟེ། དགྲ་བཅོམ་པ་ལྔ་བརྒྱ། བྱང་ཆུབ་སེམས་དཔའ་གཟུངས་ཐོབ་པ་ལྔ་བརྒྱ་སོ་སོ་སྐྱེ་བོ་པཎྜི་ཏ་ལྔ་བརྒྱ་སྟེ་སྟོང་ལྔ་བརྒྱ་འདུས་ནས་ཆོས་ཐམས་ཅད་དག་པར་བྱས་སོ། །དེ་དག་ཡན་ཆད་ནི་ཐོས་པ་འཛིན་པ་ཡིན་ཡང༌། མ་འོངས་པའི་སྐྱེ་བོ་བློ་རྨོངས་པར་གྱུར་པ་དག་དེ་བས་ཀྱང་ལྟ་བ་དང་སྤྱོད་པ་མི་མཐུན་པ་དུ་མ་བྱུང་བས་དེ་སྤང་བར་བྱ་བའི་ཕྱིར། གླེགས་བམ་ལ་ཡི་གེར་བྲིས་སོ། །འདི་སྐད་དུ་བཅོམ་ལྡན་འདས་ལ་ཉེ་བ་འཁོར་གྱིས་ཞུས་པ། བཅོམ་ལྡན་འདས་འདུལ་བ་ཡི་གེར་མི་བྲི། འདུལ་བ་དང་འདྲ་བ་ཡི་གེར་མི་བྲི་ཞེས་གསུངས་ན། མ་འོངས་པའི་སེམས་ཅན་དག་དྲན་པ་ཉམས་པར་གྱུར་ན་ཇི་ལྟར་བསྒྲུབ་པར་བགྱི། བཀའ་སྩལ་པ། ཨུ་པ་ལི་དྲན་པ་ཉམས་ན་ལོ་མ་ལ་ཡི་གེར་བྲིས་ཏེ་བཅང་བར་བྱའོ། །ཞེས་བྱ་བའི་དུས་སུ་གྱུར་ཏོ། །འདི་ནི་གནས་བརྟན་སེང་གེས་གཞི་བཟུང་སྟེ་དགེ་སློང་སྟོང་ལྔ་བརྒྱས་བསྡུས་པ་ཞེས་བྱ་བ་སྟེ་བསྡུ་བ་གསུམ་པའོ།།  །།འདི་ནི་བླ་མ་བརྒྱུད་པའི་གཏམ་རྒྱུད་ལ་བརྟེན་ཏེ་བྲིས་པ་ཡིན་ནོ། །དེ་ལྟར་ན་ཆོས་བསྡུ་བ་གསུམ་པོ་འདི་ནི་འཕགས་པ་ཉན་ཐོས་ཀྱི་ལུགས་ལས་ཇི་ལྟར་གྲགས་པ་ལྟར་དུ་བྲིས་པ་ཡིན་ཏེ། འཕགས་པ་ཉན་ཐོས་ཀྱི་ལུགས་དང༌། རྟེན་དེ་ལས་དགེ་སློང་གི་དངོས་པོ་ནི་སངས་རྒྱས་ཀྱི་བསྟན་པའི་རྩ་བ་ལྟ་བུར་གྱུར་པའི་ཕྱིར། དེ་ལྟར་ཐུབ་པ་ཆེན་པོས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་དེ་སྙེད་ཅིག་གསུངས་པ་དེ་དག་སྟོན་པའི་སྲས་རྣམས་ཀྱིས་ལེགས་པར་བསྡུས་པའོ། །བར་བར་དུ་ཆོས་ལ་ལྷད་ཞུགས་པ་རྣམས་ཀྱང་དག་པར་ཞུས་དག་བྱས་ཏེ། སངས་རྒྱས་ཀྱི་བསྟན་པ་རྒྱས་པར་བྱས་པ་ཡིན་ནོ། །བཀའ་རྣམས་ཀྱི་འབྱུང་བའི་རིམ་པའོ།།  །།བཀའ་དེ་དག་ལ་བརྟེན་ནས་གཅིག་ནས་གཅིག་ཏུ་བརྒྱུད་པས། ལེགས་པར་བསླབས་ཤིང་སྦྱངས་ནས། ལེགས་པར་རྟོགས་པའི་སློབ་དཔོན་རྣམས་ཀྱིས་བཀའ་དོན་གསལ་བར་བྱེད་པའི་བསྟན་བཅོས་རྣམས་ཀྱང་རིམ་གྱིས་འཇིག་རྟེན་དུ་ཤར་བར་གྱུར་ཏོ། །དེ་ལ་བཀའི་རྣམ་པར་འགྲེལ་པ་ལ་ནི་གཉིས་ཏེ། བཀའ་སྤྱིའི་འགྲེལ་པ་དང༌། སོ་སོའི་རྣམ་པར་འགྲེལ་པའོ། །དང་པོ་ནི་མུ་སྟེགས་བྱེད་ཀྱི་རྒོལ་བ་ངན་པ་ཚར་གཅད་པའི་ཕྱིར་དང༌། ཆོས་ཀྱི་རྗེས་སུ་འབྲང་བ་རྣམས་ཡིད་ཆེས་པར་བྱ་བའི་སྒྲའི་བསྟན་བཅོས་དང་རྟོག་གེའི་ཚུལ་ལོ། །གལ་ཏེ་དེ་གཉིས་ཕྱི་རོལ་པའི་མ་ཡིན་ནམ་སྙམ་ན། བདེན་ཏེ་དེ་ནི་ལུགས་སྔོན་དུ་གྲགས་པས་ཏེ། དེ་ཉིད་ལ་བརྟེན་ཏེ་བསྟུན་ནས་ཡང་དག་པར་ན་སྒྲ་དང་རིག་པ་ཁྱད་པར་དུ་འདི་ལྟར་འཕགས་སོ་ཞེས་སྟོན་པ་བདེ་བར་གཤེགས་པའི་སྒྲ་དང་ཚད་མ་སྟེ། དགྲ་བཅོམ་པ་ཆོས་སྐྱོབ་དང༌། གནས་བརྟན་དབྱིག་གཉེན་དང༌། བཙུན་པ་ཕྱོགས་ཀྱི་གླང་པོ་དང༌། སློབ་དཔོན་ཆོས་ཀྱི་གྲགས་པ་ལ་སོགས་པ་རྣམས་ཀྱིས་ཚད་མའི་ཚུལ་མཛད་དོ། །སློབ་དཔོན་ཟླ་གྲགས་དང༌། ཙནྟྲ་གོ་མི་ལ་སོགས་པ་རྣམས་ཀྱིས་སྒྲའི་བསྟན་བཅོས་མཛད་དོ། །སོ་སོའི་རྣམ་པར་འགྲེལ་པ་ནི། ནང་རིག་པའི་དོན་གཏན་ལ་འབེབས་པ་སྟེ། སྡེ་སྣོད་གསུམ་འབྱེད་པའོ། །དེའང་འཕགས་པ་ཉན་ཐོས་ཀྱི་ལུགས་ལས། བཙུན་པ་ཆོས་སྐྱོབ་དང༌། དབྱིག་བཤེས་དང༌། དབྱངས་སྒྲོགས་དང༌། སངས་རྒྱས་ལྷ་ཞེས་བྱ་བ་བྱེ་བྲག་ཏུ་སྨྲ་བའི་གཙོ་བོ་བཞི་དང༌། གཞན་ཡང་བཙུན་པ་རཱ་མ་དང༌། གོ་ཆ་མཐའ་ཡས་ལ་སོགས་པ་དང༌། མདོ་སྡེ་པའི་བཙུན་པ་དཔལ་ལེན་དང༌། གཞོན་ནུ་ལེགས་དང༌། གནས་བརྟན་བཙུན་པ་ལ་སོགས་པའང་ཡིན་ནོ། །ཐེག་པ་ཆེན་པོའི་ཚུལ་གསལ་བར་མཛད་པ་ནི། འཕགས་པ་ཀླུ་སྒྲུབ་དང༌། འཕགས་པ་ལྷ་དང༌། བྷ་དྱ་དང༌། སངས་རྒྱས་བསྐྱངས་དང༌། ཟླ་གྲགས་དང༌། ཡེ་ཤེས་སྙིང་པོ་དང༌། ཞི་བ་འཚོ་ལ་སོགས་པ་དབུ་མའི་ཚུལ་ངོ་བོ་ཉིད་མེད་པར་སྟོན་པ་གསལ་བར་མཛད་པ་དང༌། འཕགས་པ་ཐོགས་མེད་དང༌། དབྱིག་གཉེན་དང༌། བློ་བརྟན་དང༌། ཡོན་ཏན་འོད་དང༌། ཕྱོགས་ཀྱི་གླང་པོ་དང༌། ཆོས་ཀྱི་གྲགས་པ་དང༌། ཤངྐ་ར་ནནྟ་དང༌། ཤེས་རབ་འབྱུང་གནས་སྦས་པ་དང༌། ཤཱནྟི་བ་ལ་སོགས་པ་རྣམས་རྣམ་རིག་སེམས་ཙམ་གསལ་བར་མཛད་པ་ཡིན་ནོ། །སློབ་དཔོན་འདི་དག་གིས་ཕྱོགས་གང་དང་གང་གསལ་བར་མཛད་པ་དང༌། འདི་དག་གི་གཏམ་རྒྱུད་རྣམས་ནི་གཞན་དུ་གོ་བར་བྱའོ། །ཐེག་པ་ཆེན་པོ་གསང་སྔགས་ཀྱི་འབྱུང་བའི་ཚུལ་ཡང་གཞན་དུ་གོ་བར་བྱ་བས་འདིར་རེ་ཞིག་གཞག་གོ །དེ་ལྟར་བསྟན་བཅོས་མཁན་པོ་དེ་རྣམས་ཀྱིས་རྒྱ་གར་གྱི་ཡུལ་དང༌། ཁ་ཆེ་དང༌། རྒྱ་ནག་དང༌། ལི་ཡུལ་དང༌། བལ་ཡུལ་ལ་སོགས་པ་རྣམས་སུ་སངས་རྒྱས་ཀྱི་བསྟན་པ་རྒྱས་པར་མཛད་པ་ཡིན་ནོ།།  །།ཁ་བ་ཅན་གྱི་ཁྲོད་འདིར་སངས་རྒྱས་ཀྱི་བསྟན་པ་ཇི་ལྟར་རྒྱས་པར་གྱུར་སྙམ་ན། ལྷ་མོ་དྲི་མ་མེད་པས་ཞུས་པ་ལས། གདོང་དམར་ཅན་གྱི་ཡུལ་དུ་སྟོན་པ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་ན་དམ་པའི་ཆོས་རྒྱས་པར་འགྱུར་རོ་ཞེས་གསུངས་སོ། །དེའང་འདི་ལྟར་རྟོགས་པར་བྱ་སྟེ། བོད་ཀྱི་སྐྱེ་བོ་འདི་དག་ནི་ཁ་ཅིག་ན་རེ་རྒྱལ་པོ་སྐྱ་བསེང་གི་དམག་མི་སྙིང་རྗེ་ཆེ་བ་རྣམས་རི་བྲག་དུ་བྲོས་པར་གྱུར་པ་ལས་འཕེལ་ལོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་སྤྲེའུ་བྱང་ཆུབ་སེམས་དཔའ་ཞིག་ལ་བྲག་སྲིན་མོ་ཞིག་གིས་འདོད་པ་བསྟེན་པར་གསོལ་བ་བཏབ་པ་ལས་འཕེལ་ལོ་ཞེས་ཟེར་ཏེ། གང་ལྟར་ནའང་སྙིང་རྗེ་དང་ལྡན་པ་ཐེག་པ་ཆེན་པོའི་རིགས་ཅན་ནོ། །དེ་ལྟར་འཕེལ་བ་ལས་དུས་རེ་ཞིག་ན་རྒྱལ་པོ་བྱང་ཆུབ་སེམས་དཔའི་རིགས་ཅན་སྐལ་བ་དང་ལྡན་པ་ལྷ་ཐོ་ཐོ་རི་ཞེས་བྱ་བ་འཁོར་དང་བཅས་པ་སྨིན་པར་བྱ་བའི་ཕྱིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐུགས་རྗེའི་བྱིན་གྱི་རླབས་ཀྱིས་སྤྲུལ་ཏེ། གསེར་གྱི་མཆོད་རྟེན་ཁྲུ་གང་པ་ཅིག་དང༌། པད་ཀོང་ཕྱག་བརྒྱ་པ་ཞིག་ནམ་མཁའ་ལས་རྒྱལ་པོའི་ཁབ་ཀྱི་སྟེང་དུ་བབས་སོ། །དེ་སྡུག་ཅིང་མཛེས་པས་གཉེན་པོ་གསང་བ་ཞེས་བཏགས་ནས་གསེར་སྐྱེམས་ཀྱི་མཆོད་པས་བཀྲ་ཤིས་པར་གྱུར་ཏོ། །རྒྱལ་པོའི་མནལ་མལ་དུ་ད་སྟེ་གདུང་རབས་བདུན་ན་འདི་ཤེས་པར་འགྱུར་རོ་ཞེས་བྱ་བ་ཡང་བྱུང་ངོ༌། །དེ་ནས་གདུང་རབས་བདུན་ནས་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་གྱི་རྒྱལ་པོ་སྲོང་བཙན་སྒམ་པོ་ཞེས་བྱ་བར་སྤྲུལ་ཏེ་བྱོན་ནས། དགེ་བ་བཅུ་ལས་བརྩམས་ཏེ་ཁྲིམས་བཅས། སྒྱུར་བྱེད་དམ་པ་སམྦྷོ་ཊ་ཞེས་བྱ་བས་བོད་ཀྱི་སྐད་དང་མཐུན་པར་ཡི་གེའང་བྱས་ཏེ། མདོ་དཀོན་མཆོག་སྤྲིན་ལ་སོགས་པ་འགའ་ཞིག་ཀྱང་བསྒྱུར་རོ། །རྒྱལ་པོའི་བཙུན་མོ་ཀོང་ཇོ་དང་ཁྲི་བཙུན་གྱིས་ཀྱང་མཆོད་གནས་དེ་བཞིན་གཤེགས་པའི་སྐུ་གཟུགས་སྤྱན་དྲངས་སོ། །རྗེ་འབངས་རྣམས་ཀྱིས་གཙུག་ལག་ཁང་དུ་མ་ཡང་བརྩིགས་ཏེ་དམ་པའི་ཆོས་ཀྱི་སྲོལ་བཏོད་དོ། །དེ་ནས་གདུང་རབས་ལྔར་ཡང་ཀ་ཆུ་ལ་སོགས་པའི་ལྷ་ཁང་བཞེངས་ཏེ་ཆོས་མ་ནུབ་པར་བྱས་སོ། །དེ་ནས་ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ཞེས་བྱ་བའི་སྐུ་རིང་ལ། ཟ་ཧོར་གྱི་མཁན་པོ་བོ་དྷི་ས་ཏྭ་དང༌། ཨུ་རྒྱན་གྱི་མཁན་པོ་པདྨ་སཾ་བྷ་ཝ་ལ་སོགས་པ་སྤྱན་དྲངས་ནས་བོད་ཀྱི་ལྷ་སྲིན་གདུག་པ་ཅན་རྣམས་བཏུལ། སྒྱུར་བྱེད་དམ་པ་བཻ་རོ་ཙ་ན་རཀྵི་ཏ་དང༌། ལྕེ་ཁྱི་འབྲུག་ལ་སོགས་པས་བཀའ་དང་བསྟན་བཅོས་དུ་མ་བསྒྱུར། དཔལ་བྲག་དམར་ལ་སོགས་པ་གཙུག་ལག་ཁང་བརྒྱ་རྩ་བརྒྱད་ཀྱང་བརྩིགས་ཏེ་དམ་པའི་ཆོས་རྒྱས་པར་མཛད་དོ། །དེའི་སྲས་ཁྲི་ལྡེ་སྲོང་བཙན་ཞེས་བྱ་བའི་སྐུ་རིང་ལ་སྐར་ཆུ་ལ་སོགས་པའི་གཙུག་ལག་ཁང་ཀྱང་བཞེངས། རྒྱ་གར་གྱི་མཁན་པོ་ཛྙཱ་ན་སེ་ན་ལ་སོགས་པ་སྤྱན་དྲངས། སྒྱུར་བྱེད་དམ་པ་ཡེ་ཤེས་སྡེ་ལ་སོགས་པས་སྔར་མ་བསྒྱུར་བ་རྣམས་ཀྱང་བསྒྱུར། བསྒྱུར་བ་རྣམས་ཀྱང་སྐད་གསར་བཅད་ཀྱིས་དག་པར་བྱས་ཏེ་རྒྱས་པར་མཛད་དོ། །དེའི་སྲས་ཁྲི་གཙུག་ལྡེ་བཙན་གྱི་སྐུ་རིང་ལ་འོན་ཅང་རྡོ་ལ་སོགས་པའི་གཙུག་ལག་ཁང་སྟོང་བཞེངས། འཛམ་བུའི་གླིང་སུམ་གཉིས་ལ་མངའ་མཛད། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་ལ་སོགས་པ་སྤྱན་དྲངས། སྒྱུར་བྱེད་དམ་པ་བནྡེ་དཔལ་བརྩེགས་དང་ཀླུའི་རྒྱལ་པོ་རྒྱལ་མཚན་ལ་སོགས་པས་བཀའ་དང་བསྟན་བཅོས་དུ་མ་བསྒྱུར་ཏེ་བསྟན་པ་དར་ཤིང་རྒྱས་པར་མཛད་དོ། །དེ་ཡན་ཆད་བོད་འབངས་སྐྱིད་ཀྱི་ཉི་མ་འདེ་ཞིང་བཀྲ་ཤིས་པའི་དུས་ཡིན་ནོ།།  །།དེའི་མཆེད་ཟླ་རྒྱལ་པོ་གླང་དར་མ་ཞེས་བྱ་བ་ཞིག་བྱུང་སྟེ། དེའི་ཐུགས་སྔོན་མི་དགེ་བ་ལ་གོམས་པའི་སྟོབས་ཀྱིས་སངས་རྒྱས་ཀྱི་བསྟན་པ་ལ་ཞེ་སྡང་བར་གྱུར་ཏེ། དཀོན་མཆོག་གི་དབུ་འཕང་སྨད་དེ་བསྟན་པ་བསྣུབས་སོ། །ད་དུང་དུ་ལྷ་ཁང་རྣམས་ཀྱང་བཞུགས་ཤིང་བསྟན་པའི་མེ་རོ་ཅུང་ཟད་ཙམ་ལུས་པ་ལ། བྱང་ཆུབ་སེམས་དཔའ་དཔལ་གྱི་རྡོ་རྗེ་ཞེས་བྱ་བས་སྡིག་སྤྱོད་ཀྱི་རྒྱལ་པོ་བཀྲོངས་ནས་ཉིད་ལིའི་ཡུལ་དུ་རྫུ་འཕྲུལ་གྱིས་གཤེགས་སོ། །རྒྱལ་པོ་དེའི་སྲས་ཁྲི་གནམ་ལྡེ་འོད་སྲུངས་ཞེས་བྱ་བ་དང༌། དེའི་མཆེད་ཟླ་ཡུམ་བརྟེན་གྱིས་རྒྱལ་སྲིད་སོ་སོར་བགོས་ཏེ། དེ་གཉིས་ཀྱི་སྐུ་རིང་ལ་མདོ་སྨད་ཀྱི་ཁམས་རྨ་ལུང་རྡོ་རྗེ་བྲག་དན་ཏིག་གི་ཡང་དགོན་ན། གཙང་རབ་གསལ་དང༌། གཡོ་དགེ་འབྱུང་དང༌། དམར་བན་ཤཱཀྱ་མུ་ནེ་ཞེས་བྱ་བའི་དགེ་སློང་གསུམ་བཞུགས་སོ། །དེའི་ཚེ་མདོ་སྨད་དེ་ཉིད་ན་བོན་པོའི་རིགས་སུ་གྱུར་ཀྱང་མོས་པ་སྤྱོད་པའི་བྱང་ཆུབ་སེམས་དཔའ་དགོངས་པ་གསལ་ཞེས་བྱ་བ་ཞིག་བྱུང་སྟེ། དེས་སངས་རྒྱས་ཀྱི་བསྟན་པ་ལ་དད་དེ་སྔར་གྱི་དགེ་སློང་གསུམ་དང༌། རྒྱའི་ཧ་ཤོང་ཀེང་ཝང་དང༌། གིམ་ཕག་དང༌། ཌཱ་པོ་དང་བཅས་པ་ལས་བསྙེན་པར་རྫོགས་པར་བྱས་སོ། །དེ་དག་ལ་སོགས་ཏེ་མདོ་སྨད་ཀྱི་ཁམས་སུ་བསྟན་པ་ཅུང་ཟད་དར་བར་གྱུར་ཏོ། །དེ་ནས་རྒྱལ་པོ་འོད་སྲུངས་ཀྱི་སྲས་ཁྲི་དཔལ་འཁོར་བཙན་གྱི་སྐུ་རིང་ལ། སྨན་ལུང་ལ་སོགས་པ་གཙུག་ལག་ཁང་གི་དབེན་ས་བརྒྱད་བཙུགས་སོ། །དེའི་དུས་སུ་གཙང་པ་མི་གཉིས་དང༌། དབུས་པ་མི་གཉིས་ཀྱིས་མདོ་སྨད་དུ་ཕྱིན་ཏེ་སྡོམ་པ་བླངས་སོ། །ལོ་སྟོན་རྡོ་རྗེ་དབང་ཕྱུག་དང༌། ཚོང་གེ་ཤེས་རབ་སེང་གེ་དང༌། སླུ་མེས་ཚུལ་ཁྲིམས་ཤེས་རབ་དང༌། འབྲི་རྗེ་ཡེ་ཤེས་ཡོན་ཏན་རྫིང་ཀར་བ་རྣམས་ཏེ། དེ་དག་གིས་དབུས་གཙང་དུ་བསྟན་པ་འོངས་སོ། །ཁ་ཅིག་ན་རེ་བླ་ཆེན་དགེ་བ་གསལ་ལས་བླངས་ཟེར། ཁ་ཅིག་ན་རེ་ཐུལ་པ་ཡེ་ཤེས་རྒྱལ་མཚན་ལས་བླངས་ཟེར། དེའི་ཚེ་མཁན་པོས་སྤྲིངས་པ། ལོ་སྟོན་མཐུ་ཆེས་བསྟན་པ་སྲུངས། །སླུ་མེས་བཙུན་པས་མཁན་པོ་གྱིས། །ཚོང་གེ་བློ་རྣོ་སྟོན་པར་བསྐོ། །འབྲིང་དུ་སྐྱོང་མཁས་གནས་བརྟན་གྱིས། །ཞེས་གདམས་ཀྱང་སྔ་སོར་བྱས་ནས་བསྟན་པ་རྒྱས་པར་དགོངས་ཏེ་སོ་སོར་གཙུག་ལག་ཁང་བརྩིགས་ཏེ་རྒྱས་པར་བྱས་སོ། །རྒྱལ་པོ་དེའི་སྲས་གཉིས་ཏེ། ཁྲི་བཀྲ་ཤིས་བརྩེགས་པ་དཔལ་དང༌། ཁྲི་སྐྱིད་ལྡེ་ཉི་མ་མགོན་ནོ། །སྔ་མས་ནི་གཡོར་གཙང་གི་མངའ་མཛད་དོ། །གཅུང་མངའ་རིས་སྟོད་དུ་གཤེགས་སོ། །གཅེན་ལ་སྲས་གསུམ་སྟེ། དཔལ་ལྡེ། འོད་ལྡེ། སྐྱིད་ལྡེའོ། །གཅུང་ལ་གསུམ་སྟེ། ལྡེ་གཙུག་མགོན། བཀྲ་ཤིས་མགོན། དཔལ་ཀྱི་མགོན་ནོ། །འོད་སྲུངས་ནས་བརྩམས་ཏེ། དེ་ཡན་ཆད་ཀྱི་གངས་ཅན་འདི་ནི་གཙུག་ལག་ཁང་དང༌། གླེགས་བམ་བཞུགས་མོད། བཤད་པའི་བཀའ་ཉམས་པས་གཟུ་ལུམས་དུ་མ་བྱུང་སྟེ། སངས་རྒྱས་ཀྱི་བསྟན་པའི་གཟུགས་བརྙན་ལ་སྤྱོད་པ་ཡིན་ནོ། །དེ་ནས་འདིར་བསྟན་པ་རྒྱས་ཤིང་དག་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་ཐུགས་རྗེ་དང༌། སྨོན་ལམ་གྱི་སྟོབས་ཅན་ཞིག་སའི་བདག་པོ་བཀྲ་ཤིས་མགོན་གྱི་སྲས་སུ་སྐུ་བལྟམས་པ་མཚན་ཡང་ཁྲི་དཔལ་སྲོང་ངེ་ཞེས་བྱའོ། །དེའི་མཆེད་ཀྱང་ཁྲི་དཔལ་འཁོར་སྡེ་ཞེས་བྱ་སྟེ། དེའང་སྨོན་ལམ་དང་ལྡན་པའོ། །བྱང་ཆུབ་སེམས་དཔའ་དེ་རབ་ཏུ་བྱུང་སྟེ་མཚན་ཡང་ཡེ་ཤེས་འོད་ཅེས་བྱ་བ་ཡིན་ལ། དེ་ནི་སྙིང་རྗེ་ཆེན་པོ་པདྨ་དཀར་པོ་དང༌། འཇམ་དཔལ་གྱི་རྒྱུད་ཆེན་པོ་ནས་ལུང་བསྟན་ཏེ། ཁ་བ་ཅན་དུ་རྒྱལ་པོའི་རིགས། །ཡེ་ཤེས་འོད་ཅེས་བྱ་བ་འབྱུང༌། །ཞེས་པ་དང༌། བྱང་ཕྱོགས་སུ་འོད་ཀྱི་མཐས་བརྒྱན་པ་ཅན་གྱི་དགེ་སློང་འབྱུང་བར་འགྱུར་རོ། །དེས་ཀྱང་བསྟན་པ་རྒྱས་པར་བྱེད་དོ། །ཞེས་གསུངས་སོ། །དེ་བས་ན་སྔོན་གྱི་སྨོན་ལམ་དང༌། ཐུགས་རྗེའི་དབང་གིས་ནི་ལྷ་རིགས་བྱང་ཆུབ་སེམས་དཔའི་སྤྲུལ་པ་སྟེ། བླ་མ་བྱང་ཆུབ་སེམས་དཔའ་ཡེ་ཤེས་འོད། །མངའ་རིས་སྟོད་འདིར་གདུལ་བྱའི་དོན་དུ་བྱུང༌། །ཞེས་བྱའོ། །དེས་དཔལ་ཐོ་ལིང་གི་གཙུག་ལག་ཁང་བཞེངས། བནྡེ་རིན་ཆེན་བཟང་པོ་ལ་སོགས་པ། བློ་གསལ་བའི་ཁྱེའུ་ཉི་ཤུ་རྩ་གཅིག་ལེགས་པར་སྦྱར་བའི་སྒྲ་སྐད་སློབ་ཏུ་བཅུག་ནས། རྒྱ་གར་གྱི་མཁན་པོ་ཤྲརྡྷཱ་ཀ་ར་ཝརྨ་ལ་སོགས་པ་དང༌། རིན་ཆེན་བཟང་པོ་དཔོན་དང་གཡོག་ཏུ་བཅས་པ་སྤྱན་དྲངས་ནས། སྔར་ཆོས་མ་བསྒྱུར་བ་དང༌། བསྒྱུར་བ་རྣམས་ཞུས་དག་བྱས། བསྟན་པ་རྒྱས་པར་མཛད་དོ། །དེའི་མཆེད་ཀྱིས་རྒྱལ་སྲིད་བཟུང་སྟེ། དེས་ཀྱང་ཁ་ཆར་གྱི་གཙུག་ལག་ཁང་བཙུགས་སོ། །དེའི་སྲས་རྒྱལ་པོ་ལྷ་སྡེས་ཀྱང་དམ་པའི་ཆོས་དུ་མ་བསྒྱུར་བའི་ཡོན་བདག་མཛད་དོ། །དེའི་སྲས་པོ་བཙུན་པ་བྱང་ཆུབ་འོད་དེ། དེས་ཀྱང་རྒྱ་གར་གྱི་མཁན་པོ་དཱི་པ་ཀ་ར་ལ་སོགས་པ་སྤྱན་དྲངས་ནས། སྒྱུར་བྱེད་རིན་ཆེན་བཟང་པོའི་སྐུ་ཚེའི་སྨད་དེ་དགེ་བའི་བློ་གྲོས་དང༌། བཤེས་གཉེན་བཟང་པོ་ལ་སོགས་པས་དམ་པའི་ཆོས་བསྒྱུར་ཅིང་བཤད་དོ། །དེའི་ཚེ་རྒྱལ་སྲིད་སྐྱོང་བ་རྒྱལ་པོ་འོད་ལྡེས་མཛད་དེ། མཁན་པོ་ཛྙཱ་ན་ཤྲཱི་ལ་སོགས་པ་སྤྱན་དྲངས་སོ། །དེའི་དུས་སུ་རུ་བཞིའི་ས་འདིར། ཆོས་སྐྱོང་བའི་རྒྱལ་པོའི་བཀས་བསྐུལ་བ་མ་ཡིན་པར། སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་རྒྱ་གར་གྱི་མཁན་པོ་སྨྲྀ་ཏི་ཛྙཱ་ན་ལ་སོགས་པ་དང༌། སྒྱུར་བྱེད་དམ་པ་ཏིང་ངེ་འཛིན་བཟང་པོ་དང༌། ཤཱཀྱ་ཡེ་ཤེས་དང༌། ལྷས་བཙས་ལ་སོགས་པ་དུ་མ་བྱུང་སྟེ། བསྟན་པ་དར་ཞིང་རྒྱས་པར་མཛད་དོ། །དེའི་སྲས་རྒྱལ་པོ་ཙེ་ལྡེའི་སྐུ་རིང་ལ་ནི། རྒྱ་གར་གྱི་མཁན་པོ་ཆེན་པོ་པུ་ཎྱ་ཤྲཱི་དང༌། ཞི་བ་བཟང་པོ་ལ་སོགས་པ་སྤྱན་དྲངས་སོ། །དེའི་ཚེ་ལོ་ཙཱ་བ་དགའ་རབ་རྡོ་རྗེ་དང༌། ཆོས་བརྩོན་དང༌། བློ་ལྡན་ཤེས་རབ་ལ་སོགས་པ་བརྒྱ་ཐམ་པ་ཡང་བྱུང་སྟེ་དག་པར་བྱས་པ་ཡིན་ནོ། །དེ་ལྟར་ཁ་བ་ཅན་གྱི་ཁྲོད་འདིར་ཡང༌། རྒྱལ་བློན་བྱང་ཆུབ་སེམས་དཔའ་རྣམས་དང༌། པཎྜི་ཏ་དང༌། ལོ་ཙཱ་བ་སྐྱེས་ཆེན་ཁྱད་པར་དུ་འཕགས་པ་རྣམས་ཀྱིས་ལེགས་པར་བྱས་པ་ཡིན་པས། གཟུ་ལུམས་དང༌། རང་དགའི་ཆོས་མ་ཡིན་ནོ། །རྣམ་པར་སྤྲོས་པས་ཆོག་གོ།  །།ད་ནི་ཞར་ལས་འོངས་པ་འདི་ཡང་བརྗོད་པར་བྱ་སྟེ། སངས་རྒྱས་མྱ་ངན་ལས་འདས་ནས་དམ་པའི་ཆོས་ལོ་དུར་གནས། དེང་སོང་ཡན་ཆད་ལོ་དུ་སོང་སྙམ་ན། འཛམ་བུའི་གླིང་འདིར་སྟོན་པའི་བསྟན་པ་ལོ་ལྔ་སྟོང་ཞིག་གནས་ཏེ། དེ་ལ་ལོ་ལྔ་བརྒྱ་པ་ཕྲག་བཅུར་བྱས་ཏེ། ལྔ་བརྒྱ་པ་དང་པོ་ལ་དགྲ་བཅོམ་པའི་འབྲས་བུ་ཐོབ་པ་མང༌། གཉིས་པ་ལ་ཕྱིར་མི་འོངས་པ་ཐོབ་པ་མང༌། གསུམ་པ་ལ་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པ་མང་སྟེ། འབྲས་བུའི་དུས་གསུམ་མོ། །བཞི་པ་ལ་ལྷག་མཐོང་སྒོམ་པ་མང༌། ལྔ་པ་ལ་ཏིང་ངེ་འཛིན་སྒོམ་པ་མང༌། དྲུག་པ་ལ་ཚུལ་ཁྲིམས་ལ་གནས་པ་མང་སྟེ། སྒྲུབ་པའི་དུས་གསུམ་མོ། །བདུན་པ་ལ་མངོན་པ་ལ་སྤྱོད་པ་མང༌། བརྒྱད་པ་ལ་མདོ་སྡེ་ལ་སྤྱོད་པ་མང༌། དགུ་པ་ལ་འདུལ་བ་ལ་སྤྱོད་པ་མང་སྟེ། ལུང་གི་དུས་གསུམ་མོ། །བསྟན་པ་གཤའ་མའོ། །བཅུ་པ་ལ་ནི་རྟགས་དང་མཚན་མ་ལ་བརྟེན་པས་ཏེ། འདི་ལ་ནི་ལྔ་བརྒྱ་ཐ་མའོ་ཞེས་འབྱུང་ངོ༌། །འདི་འདས་ནས་འཇམ་བུའི་གླིང་དུ་བསྟན་པ་མི་གནས་སོ། །སྔར་ལོ་དུ་ལོན་པ་ཡང་འདི་ལྟར་བརྩི་བར་བྱ་སྟེ། སྤྱིར་རྒྱ་གར་གྱི་ལུགས་ལས་བོད་དང༌། རྒྱ་ནག་བཞིན་ལོ་སྐོར་བཅུ་གཉིས་སུ་བརྩི་བ་ནི་མེད་དེ། ལུགས་ཀྱི་བསྟན་བཅོས་ལས་རྒྱལ་པོ་རེས་ལོ་ཚིགས་བཅོས་ནས། གཅིག་གཉིས་ཞེས་བྱ་བ་ལ་སོགས་པའི་བར་ལ་ལོ་ཚིགས་འདི་མ་བཅོས་ཀྱི་བར་དུ་བརྩིའོ།།  །།ཁ་ཅིག་ལ་ལོ་དྲུག་ཅུར་བརྩི་བ་ཡོད་དེ། དེ་ཐུན་མོང་ལ་གྲགས་པ་མ་ཡིན་ནོ། །ལོ་ཚིགས་བཅོས་ཞེས་བྱ་བ་རྒྱལ་པོ་བསོད་ནམས་དང༌། གྲགས་པ་འདོད་པ། གཏང་ཕོད་ཆེ་བ་ཅིག་གིས་མངའ་རིས་སུ་གཏོགས་སོ་ཅོག་གི་བུ་ལོན་ཐམས་ཅད་རྒྱལ་པོའི་དཀོར་མཛོད་ཀྱིས་བཅལ་ནས་རིན་མེད་པར་བྱས་ཏེ། སྔར་གྱི་ཟོང་དུ་སྤྱོད་པ་རྣམས་བོར་ནས། ཕྱིས་སྤྱོད་པ་རྣམས་གསར་དུ་བྱས་ཏེ། བདག་གིས་མིང་བཏགས་ནས་སྤྱོད་དོ། །དེ་ནས་བཟུང་སྟེ་ཡང་བརྩི་བ་ཡིན་ནོ། །འདི་ཡི་གཏམ་ནི་ལུགས་ཆེན་པོ་ཞེས་བྱ་བ་ལས། གཡུལ་བརྟན་འོག་ཏུ་ཉིས་སྟོང་ལོན། །དགའ་བྱེད་འོག་ཏུ་བརྒྱད་བརྒྱ་སྟེ། །ཟླ་སྲུང་ཉིས་བརྒྱ་སུམ་ཅུ་གཅིག རྗེད་མངས་བདུན་བརྒྱ་ཉི་ཤུ་བཞི། །བལ་གནས་བརྒྱད་བརྒྱ་བཅུ་རྩ་བཞི། །གོ་ཆ་ཉིས་བརྒྱ་བཞི་བཅུ་གཉིས། །ཞེས་འབྱུང་སྟེ། ཡུལ་དབུས་ན་སྒྲ་ངན་གྱི་སྲས་ལྔ་བརྒྱའི་གཅེན་འཐབ་པར་དཀའ་བ་ཞེས་བྱ་བ་བལྟམས་པའི་དུས་སུ་རྩོད་དུས་ཀྱི་མགོ་བཟུང་ངོ༌། །དེའི་དགྲ་ཟླ་རྒྱལ་པོ་སྐྱ་བསེང་གི་སྲས་ལྔའི་གཅེན་གཡུལ་ངོར་བརྟན་པ་ཞེས་བྱ་བས་ལོ་བཅོས་ནས་ལོ་ཉིས་སྟོང་ཉེ་བའི་ཚེ་སངས་རྒྱས་ཤཱཀྱ་ཐུབ་པ་བྱོན་ནོ། །དེ་བཞིན་གཤེགས་པའི་ལོ་ནི་རྒྱའི་ལུགས་བརྩི་བས་བྱི་བའི་ལོ་ཡིན་ལ། བརྒྱད་ཅུ་རྩ་གཉིས་བྱའི་ལོ་ལ་འདས་སོ། །ཞེས་ཟེར་ཏེ་འདི་ནི་མ་དག་པ་ཡིན་ནོ། །འོ་ན་ཇི་ལྟར་བྱ་ཞེ་ན། རྒྱ་གར་གྱི་ལོ་དྲུག་ཅུའི་མིང་དུ་བྱས་ན་རབ་ཏུ་སྐྱེ་བ་ལ་ལྷུམས་སུ་ཞུགས་ནས་འབྱོར་པ་ལ་བལྟམས་སོ། །རྒྱ་དང་བོད་ཀྱི་ལོའི་མིང་ནི་མེ་མོ་ཡོས་ལ་ལྷུམས་སུ་ཞུགས་ནས། ས་ཕོ་འབྲུག་ལ་སྐུ་བལྟམས་སོ། །ཆུ་ཕོ་སྟག་ལ་བྱང་ཆུབ་ནས་མེ་མོ་ཕག་གི་ལོ་རྫོགས་ནས། ས་ཕོ་བྱི་བའི་ལོ་མགོ་རྩོམ་པའི་བར་མྱ་ངན་ལས་འདས་སོ། །དེ་ནས་ས་ཕོ་བྱི་བ་ནས་བརྩམས་ནས། བརྒྱ་སུམ་ཅུ་རྩ་བདུན་ན་རྒྱལ་པོ་དགའ་བྱེད་བྱུང་ངོ༌། །ཞེས་རྟོག་གེ་འབར་བ་ལས་འབྱུང་ངོ༌། །རྒྱལ་པོ་དེས་ལོ་བཅོས་ནས་ལོ་བརྒྱད་བརྒྱ་ན་རྒྱལ་པོ་ཟླ་སྲུང་བྱུང་ངོ༌། །དེས་ལོ་བཅོས་ནས་ཉིས་བརྒྱ་སུམ་ཅུ་རྩ་གཅིག་ན་རྒྱལ་པོ་རྗེད་མངས་བྱུང་ངོ༌། །དེས་ལོ་བཅོས་ནས་བདུན་བརྒྱ་ཉི་ཤུ་རྩ་བཞི་ལོན་པ་ན། ལོ་དེའི་འཕྲོ་ནས་བཟུང་སྟེ་བལ་པོས་ཀྱང་བརྩིས་ཏེ། དེ་ནས་ལོ་བརྒྱད་བརྒྱ་སུམ་ཅུ་བཞི་ལོན་བ་ན་རྒྱལ་པོ་འོད་ཟེར་གོ་ཆ་བྱུང་ངོ༌། །དེས་ལོ་བཅོས་ནས་ཉིས་བརྒྱ་བཞི་བཅུ་རྩ་གཉིས་ལོན་པ་ན། བོད་ཀྱི་རྒྱལ་པོ་ཁྲི་གཙུག་ལྡེ་བཙན་གྱི་སྐུ་རིང་ལ་བརྩིས་ཏེ། བྲན་བློན་ཆེན་པོ་ཞང་ཁྲི་གསུམ་རྗེ་སྟག་སྙ་ལ་སོགས་པ་བརྒྱ་དྲུག་སྤ་བཀོང་ནས་མཇལ་དུམ་ཆུས་གསོན་ཏེ། ཆུ་ཕོ་སྟག་གི་ལོ་ལ་རྒྱ་དང་མཇལ་དུམ་བགྱིས། ཆུ་མོ་ཡིས་བུའི་ལོ་ལ་ཧོར་དང་མཇལ་དུམ་བགྱིས་ཏེ། ཆུ་ཕོ་སྟག་ལོ་འདི་ཕན་ཆད་སངས་རྒྱས་མྱ་ངན་ལས་འདས་ཚུན་ཆད་སྤྱིར་སྡོམ་ན་ལོ་ཉིས་སྟོང་དགུ་བརྒྱ་ལྔ་བཅུ་རྩ་ལྔ་ལོན་ཏེ། སླན་ཆད་ཀྱང་དེ་བཞིན་དུ་བརྩིའོ། །མེ་ཕོ་འབྲུག་གི་ལོ་ལ་བྲུ་ཞ་ཡུལ་གྱི་མདུན་ས་ཤིབ་པེ་ཅོག་ལ་ཚལ་དུ། སྟོད་ཀྱི་ཆོས་ཀྱི་གཞི་འཛིན་པ་བནྡེ་ཆོས་ཀྱི་བློ་གྲོས་དང༌། ཞང་སྐྱིད་སུམ་རྗེ་ལ་སོགས་པས་བསྡུས་པའི་དུས་སུ་བརྩིས་ན། མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་དགུ་བརྒྱ་དྲུག་ཅུ་རྩ་དགུ་ལོན་ནོ། །ཤིང་མོ་གླང་གི་ལོ་ལ་གཙང་དང་གཡོན་རུའི་བཙན་པོ་ཁྲི་དཔལ་འཁོར་བཙན་གཙང་གྲོམ་པ་ལྷ་རྩེ་ན་བཞུགས་ནས་ཡབ་ཀྱི་མདད་མཛད་པའི་དུས་སུ་བརྩིས་ན། ལོ་སུམ་སྟོང་སུམ་ཅུ་རྩ་བརྒྱད་ལོན་ནོ། །དེའི་དུས་སུ་རྒྱལ་པོ་མགོན་སྤྱན་འཕན་ཡུལ་བྲག་མཁར་ན་བཞུགས་སོ། །ཆུ་ཕོ་འབྲུག་གི་ལོ་ལ་ཅོག་ལ་ཡུལ་སྦེག་མཁར་དུ་སྟོད་སྨད་ཀྱི་ཡབ་མཆེད་བྱིང་གདན་འཛོམ་པའི་དུས་སུ་མོལ་བ་ཆེན་པོ་མཛད། རུམ་ཡུལ་པ་སྒམ་གྱི་དབེན་ས་གསར་དུ་བཙུགས་པའི་དུས་སུ་བརྩིས་ན་ལོ་སུམ་སྟོང་ཆིག་བརྒྱ་ཉི་ཤུ་རྩ་ལྔ་ལོན་ནོ། །མེ་ཕོ་འབྲུག་གི་ལོ་ལ་ལྷ་བླ་མ་ཡེ་ཤེས་འོད་ཡབ་སྲས་དབེན་གནས་པ་སྒམ་བྱམས་སྙོམས་གླིང་དུ་གདན་འཛོམ་མོ། །ལྷ་སྲས་གཅུང་ལྷ་འཁོར་རབ་ཏུ་གཤེགས། གུ་གེའི་ཡུལ་ན་གནས་པའི་འབངས་ཞང་ཞུང་ཞིག་གིས་གཅེན་གྱི་འཁོས་ཆེན་པོ་མཛད་པའི་དུས་སུ་བརྩིས་པ་ན། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་སུམ་སྟོང་ཆིག་བརྒྱ་བཞི་བཅུ་ཞེ་དགུ་ལོན་ཏེ་སླན་ཆད་ཀྱང་འདི་བཞིན་དུ་བརྩིའོ། །དེ་ལྟར་བརྩིས་པ་ལས་ལོ་བཞི་བསྐྱེད་པ་ནི་རྒྱ་གར་གྱི་རྒྱལ་པོ་རྣམས་ཀྱིས་བརྩིས་པ་དང༌། བཙད་པོ་ཁྲི་གཙུག་ལྡེ་བཙན་གྱིས་བརྩིས་པ་ནི་མཐུན། མར་ཡུལ་དུ་བནྡེ་ཆོས་ཀྱི་བློ་གྲོས་ཀྱིས་བརྩིས་པ་མན་ཆད་མ་མཐུན་པས་གཞུང་སྔ་མ་བཙན་པར་བགྱིས་སོ། །དེ་ནས་སྟོད་དུ་མངའ་བདག་འོད་ལྡེ་བཙན་གྱིས། བཙད་པོ་བཀྲ་ཤིས་ཁྲི་ལྡེ་བཙན་ཕྱག་ནས་སྤྱན་དྲངས་པའི་ཚེ། སྟོད་ཀྱི་ཆོས་ཉན་པའི་ར་ས་འཛིམས་སུ་བརྩིས་པས་ལོ་སུམ་སྟོང་ཆིག་བརྒྱ་དགུ་བཅུ་ཐམ་པ་ལོན་ནོ། །དེ་ནས་ས་མོ་ཕག་གི་ལོ་ལ་ལོ་ཙཱ་བ་ཆེན་པོ་བློ་ལྡན་ཤེས་རབ་འདས་ཏེ། ལྕགས་ཕོ་སྟག་གི་ལོ་ལ་འདུ་བ་ཆེན་པོ་བྱས་པའི་དུས་སུ་བརྩིས་ན་ལོ་སུམ་སྟོང་ཉིས་བརྒྱ་བཞི་བཅུ་རྩ་གསུམ་ལོན་ནོ། །མེ་མོ་ཕག་གི་ལོའི་མཇུག་ཏུ། ན་ལ་རྩེ་གནས་པོ་ཆེའི་གཙུག་ལག་ཁང་དུ་ཆོས་ལ་འཇུག་པའི་སྒོ་འདི་བྲིས་ཏེ། དེའི་དུས་སུ་བརྩིས་པ་ན་སངས་རྒྱས་མྱ་ངན་ལས་འདས་ནས་ཕག་གི་ལོ་འདི་ཡན་ཆོད་ལོ་སུམ་སྟོང་སུམ་བརྒྱ་ཐམ་པ་ལོན་ནོ། །ཁ་ཅིག་ལ་འདི་ལས་ལོ་གསུམ་གྱིས་མང་བ་ཡོད་དེ། དེ་ནི་ལོའི་མིང་དང་མི་མཐུན་པས་འདི་བཞིན་བརྩིའོ། །དེང་སང་ནི་སངས་རྒྱས་ཀྱི་བསྟན་པ་ཆོས་མངོན་པའི་མཇུག་ཏུ་ཉེ་བ་ཡིན་ཏེ། ད་ནི་སངས་རྒྱས་ཀྱི་བསྟན་པ་ལོ་སྟོང་ལྷག་པ་ཙམ་དུ་རྣལ་མར་གནས་སོ། །ཞར་ལས་འོངས་པ་རྫོགས་སོ།།  །།འདིར་སྨྲས་པ་བརྩེ་ཆེན་ལྡན་པ་སྟོན་པས་ལེགས་གསུངས་དགྲ་བཅོམ་དང༌། །བློ་གསལ་རྣམ་བཤད་མཛད་དང་ས་བདག་སྒྱུར་བྱེད་དང༌། །ལེགས་བཤད་ལ་གོམས་སྐྱེ་བོ་མཁས་གཞན་དག་གིས་ཀྱང༌། །བསྟན་པ་དྲི་མ་མེད་པ་ཉི་བཞིན་གསལ་བར་བྱས། །དེང་སང་ཐུབ་པའི་གསུང་ནི་སྨྲ་བར་བྱེད་པ་ཉུངས། །སྨྲ་དེའང་རྙེད་ཕྱིར་སྐྱེ་བོ་ཕལ་ཆེར་བསྟན་ལ་སྡང༌། །འགའ་ཞིག་ཞུགས་ཏེའང་དམན་པ་ལ་མོས་ཐོས་པ་ལས། །ཕྱིར་ཕྱོགས་གསེར་ལས་ཁྱད་པར་བྱེད་གྱུར་བསྟན་པ་རྙིངས། །ཉོན་མོངས་ནད་ཀྱིས་གཟིར་རྣམས་སྨན་ལ་མི་བརྟེན་ལ། །ཀྱེ་མའོ་སྡུག་བསྔལ་རབ་འཇིགས་ཀྱེ་མའོ་བརླག་ལ་ཕྱོགས། །སྨན་འདིའང་ཟད་ལ་ཐུག་གི་ཐམས་ཅད་མ་ནུབ་པ། །དེ་སྲིད་ཇི་བཞིན་དོན་རྣམས་འབྱེད་ལ་འབད་པར་གྱིས། །ད་ནི་དབུས་འགྱུར་ཚལ་དུ་མུ་སྟེགས་རྣམས་འཕེལ་ཞིང༌། །གངས་ཅན་ཁྲོད་འདིར་ཆོས་ལྟར་བཅོས་པ་དུ་མ་བྱུང༌། །མཐའ་འཁོབ་སྡིག་སྤྱོད་རྒྱལ་པོས་གཙུག་ལག་ཁང་རྣམས་འཇིག །ཀྱི་ཧུད་བསྟན་པ་འཇིག་ལ་ཁད་དོ་བརྩོན་འགྲུས་སྐྱེད། །དེ་ལྟར་ཁོ་བོས་སྨྲས་གྱུར་ཀྱང༌། །ཉན་པར་བྱེད་པ་ཤིན་ཏུ་ཉུང༌། །རང་ཡིད་སྒྲོ་འདོགས་གཅད་པའི་ཕྱིར། །བྱ་བཏང་ཙམ་དུ་སྨྲས་པར་ཟད། །དེ་ལྟར་ཀུན་ལ་ཕན་པར་མ་གྱུར་ཀྱང༌། །རང་ཉིད་ལེགས་བཤད་གོམས་པར་བྱ་ཕྱིར་དང༌། །འགའ་ཞིག་ཉན་ནའང་དེ་ལ་ཕན་པའི་ཕྱིར། །བསྟན་པའི་མཇུག་འདིར་བྱ་བ་འདི་བྱས་སོ། །ཆོས་ལ་འཇུག་པའི་སྒོ་འདི་ནི། །བསྡེབས་ལས་བསོད་ནམས་གང་ཐོབ་པ། །དེ་ཡིས་འགྲོ་བ་འདིར་ཞུགས་ནས། །ས་བཅུའི་རྩེ་མོར་འགྱུར་བར་ཤོག །ཅེས་ཆོས་ལ་འཇུག་པའི་སྒོ་ཞེས་བྱ་བའི་རབ་ཏུ་བྱེད་པ། བློ་གྲོས་རྣམ་པར་དཀའ་བ་དང་ལྡན་པའི་དགེ་བསྙེན་བསོད་ནམས་རྩེ་མོས་སྦྱར་བ་རྫོགས་ཏེ་ལེགས་པར་བྱས་པའོ། །ཡོངས་སུ་རྫོགས་སོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*