༼ཅ༽
༄༅། །ལས་བཞིའི་སྦྱིན་སྲེག་བཞུགས།།
༄༅། །དཔལ་ཀྱེའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །དཔལ་ཀྱེའི་རྡོ་རྗེའི་བསྙེན་པ་ཡོངས་སུ་རྫོགས་པའི་རྣལ་འབྱོར་པས། གསང་སྔགས་ཀྱི་འབྲས་བུ་དབྱུང་བར་བྱ་བའི་ཕྱིར་རམ། དཀྱིལ་འཁོར་དང་རབ་གནས་ལ་སོགས་པའི་དོན་གྱི་ཕྱིར་རམ། ཕྲིན་ལས་བསྒྲུབ་པར་བྱ་བའི་ཕྱིར་སྦྱིན་སྲེག་གི་ཆོ་ག་བརྗོད་པར་བྱའོ། །དེ་ལ་རབ་གནས་ལ་སོགས་རྗེས་ལ་ནི་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་ཀྱིས་གཞུང་སྔ་མ་དང་མཚམས་སྦྱར་བ་སྟེ། དགོས་པ་དང༌། སྦྱིན་སྲེག་དབྱེ་བ་དང་བཅས་ཏེ་བཤད་པར་དམ་བཅའ་བའོ། །སྔགས་དང་ཞེས་བྱ་བ་ལ་སོགས་པས་ཆོ་ག་སྟོན་ཏོ། །དེའང་ཆོ་གའི་དབྱེ་བ་བསམ་གྱིས་མི་ཁྱབ་པ་ཅིག་གནས་ཀྱང༌། མདོར་བསྡུ་ན་སྦྱོར་བ་དང༌། དངོས་གཞི་དང༌། མཇུག་ཏུ་བྱ་བའི་ཆོ་གར་འདུས་པ་ཡིན་ནོ། །དང་པོ་ལ་བདུན་ཏེ། ཐབ་དང༌། ཕྱོགས་དང༌། དུས་དང༌། བུད་ཤིང་དང༌། མེ་དང༌། བསྲེག་རྫས་དང༌། མཆོད་རྫས་ཀྱི་བཤམ་ཐབས་དང༌། སྒྲུབ་པ་པོའོ། །ཐབ་ལའང་དྲུག་སྟེ། སའི་ཆོ་ག་དང༌། དབྱིབས་དང༌། ཚད་དང༌། མཚན་མ་དང༌། མུ་རན་དང༌། ཁ་དོག་གོ །དེ་ལ་སའི་ཆོ་ག་ནི། སྔར་དཀྱིལ་འཁོར་དང་རྗེས་སུ་འབྲེལ་པར་སའི་ཆོ་ག་བྱས་པ་ཡིན་ན་འདིར་ལོགས་སུ་བྱ་མི་དགོས་ལ། སྔར་མ་བྱས་པ་ཡིན་ན་འདིར་མདོར་བསྡུས་པ་ཙམ་གྱི་ཆོ་ག་ནི། སྔགས་དང་ཕྱག་རྒྱར་ཞེས་བྱ་བ་ལ་སོགས་པ་སྟེ། རང་ལྷའི་ང་རྒྱལ་དང་ལྡན་པས་ལག་པ་གཡས་པ་རྡོ་རྗེ་རྩེ་གསུམ་པར་བསྒོམས་ལ་ས་ལ་བཞག་ལ་སའི་སྐྱོན་ཐམས་ཅད་དག་པར་བསྒོམས་ལ། གཞུང་ནས་བྱུང་བའི་སྔགས་བརྗོད་དོ། །དེ་ལྟར་སྦྱངས་པའི་སར་ཐབ་ཀྱི་དབྱིབས་དང་ཚད་ལ་སོགས་པ་དང་ལྡན་པས་ཐབ་བྱ་སྟེ། དེ་ལ་གཉིས་ཏེ། ལས་ཐམས་ཅད་པའི་ཐབ་དང༌། ལས་སོ་སོ་བའི་ཐབ་བོ། །དང་པོ་ནི། ཐབ་ཁུང་རྒྱ་རུ་ཞེས་བྱ་བ་ལ་སོགས་པ་སྟེ། ཞི་བའི་ཐབ་ཁུང་གི་དབྱིབས་དང་ཚད་དང་མཐུན་པར་བྱ་བ་སྟེ། དེའི་ཁ་དོག་དང་མཚན་མ་ལ་སོགས་པ་ལ་ཁྱད་པར་ཡོད་དེ། ཐབ་ཁུང་ཁྲུ་ཕྱེད་བརྐོས་པའི་ནང་དཀར་པོར་བྱས་ལ། དེའི་ཕྱིར་སོར་བཞི་བསྐྱེད་པ་ནི་གཞི་ཞེས་བྱ་སྟེ། དེ་ལ་པདྨའི་གེ་སར་སེར་པོར་བྱའོ། །དེ་ནས་དཔངས་སུ་སོར་བཞི་བསྟོད་པ་ནི་ཁ་ཁྱེར་ཏེ། དེ་ལ་པདྨ་དམར་པོ་བྱའོ། །དེའི་སྟེང་ཡང་སོར་བཞི་པ་སྟེ་དེ་ལ་རྡོ་རྗེའི་ཕྲེང་བ་སྔོན་པོ་བྱ་སྟེ། ཕྱི་རོལ་དུ་རྡོ་རྗེ་ཕྲེང་བ་ཞེས་བྱ་བའོ། །དེའི་ནང་དུ་པདྨ་འདབ་མ་བརྒྱད་པ་ལ་དབུས་སུ་རྡོ་རྗེ་ཞིང་དུ་སོར་གཅིག་པ་ཆུར་སོར་བརྒྱད་པ་ཁ་དོག་སྔོན་པོ་བྱ། དེའི་ཕྱོགས་བཞིར་འཁོར་ལོ་ལ་སོགས་པ་བཞི་པོ་སོ་སོའི་ཁ་དོག་དང་མཐུན་པ་བྱ། རྡོ་རྗེ་ཕྲེང་བའི་ཕྱི་རོལ་གྲུ་བཞི་དཀར་པོར་བྱས་ལ་དེའི་གྲ་བཞིར་རྡོ་རྗེ་ཕྱེད་པ་བྱ་བ་ནི་མན་ངག་གོ །ཐབ་འདིར་ལས་ཐམས་ཅད་བསྒྲུབ་ཏུ་རུང་བས་ན་ལས་ཐམས་ཅད་པའི་ཐབ་ཅེས་བྱའོ། །ལས་སོ་སོ་བའི་ཐབ་ལ་ནི། ཞི་བ་རྡུལ་ཚོན་དཀར་པོ་སྟེ། །ཞེས་བྱ་བ་ལ་སོགས་པ་སྟེ་འདི་ནི་སྤྱི་དང་མཐུན་པས་ན་རྒྱས་པར་མ་སྤྲོས་སོ། ཕྱོགས་ནི་སྔགས་པས་བྱང་དུ་མངོན་པར་བལྟས་ལ་ཞེས་བྱ་བ་ལ་སོགས་པ་སྟེ། དཀྱིལ་འཁོར་ཆེན་པོ་དང་འབྲེལ་བའི་དབང་དུ་བྱས་ན། ཞི་བ་ལ་ཤར། རྒྱས་པ་ལ་ལྷོ། དབང་ལ་ནུབ། དྲག་པོ་ལ་བྱང་དུ་ཐབ་བྱ་སྟེ། དཀྱིལ་འཁོར་ལ་མངོན་པར་ཕྱོགས་པར་བྱས་པ་ན་དེ་དང་དེའི་ཕྱོགས་སུ་ཁ་བལྟ་བ་སྟེ། དྲག་པོ་ལ་ལྷོར་བལྟ་བ་ཞེས་བྱ་བ་ནི་དཀྱིལ་འཁོར་ལ་རྒྱབ་ཀྱིས་མི་ཕྱོགས་པར་བྱ་བའི་ཕྱིར་རོ། །སྤྱིར་ནི་ལས་འཇམ་པོ་གསུམ་ལ་བལྟ་ཕྱོགས་ལ་ངེས་པ་མེད་ལ། དྲག་པོ་ལ་ལྷོར་བལྟ་བ་ཞེས་བྱ་བ་ནི་ངེས་པའོ། །དཀྱིལ་འཁོར་དང་མ་འབྲེལ་བ་རྣམས་ལ་ནི་ཁ་ལྟ་ཕྱོགས་ཉིད་ཕྱོགས་ཡིན་ནོ། །ཞི་བ་ལ་དགོངས་མོ་ཞེས་བྱ་བ་ལ་སོགས་པ་ནི་དུས་ཡིན་ཏེ་གོ་སླའོ། །བུད་ཤིང་ནི་ཞི་བ་ལ་འོ་མ་ཅན་གྱི་ཤིང་དང་ནགས་ཀྱི་བ་ལང་གི་ལྕི་བ་ཞེས་བྱ་བ་ལ་སོགས་པ་དཔལ་སཾ་པུ་ཊ་དང་རྡོ་རྗེ་མཁའ་འགྲོ་ལ་སོགས་པ་དང་མཐུན་པར་ཤེས་པར་བྱའོ། །མེའི་ཁྱད་པར་ཡང་དེ་བཞིན་དུ་གོ་སླ་བར་བྱའོ། །བསྲེག་རྫས་དང་མཆོད་རྫས་ཀྱི་བཤམ་ཐབས་ནི། དེ་ལྟར་ཐབ་ཡོངས་སུ་རྫོགས་པ་དང༌། འོག་ཏུ་སྦྱར་ལ། སྦྱིན་སྲེག་ཡན་ལག་ལས་བྱུང་ཞིང༌། །ཐབ་བས་དམའ་བ་བརྩིགས། ཞེས་འབྱུང་བས་བུད་ཤིང་ལེགས་པར་བརྩིགས་ལ། སའི་ཕྱོགས་ཐམས་ཅད་སྐྱང་ནུལ་བྱ། དྲི་ཞིམ་པོའི་ཆུས་གཏོར། མེ་ཏོག་སིལ་མ་དགྲམ་མོ། །དེ་ནས་མཆོད་སྦྱིན་ཤིང་གི་ལྕུག་མ་ནི། རྩེ་མོ་ཞེས་བྱ་བ་ལ་སོགས་པ་ཇི་སྐད་བཤད་པའི་ཡམ་ཤིང་རྩེ་མོ་མར་དང་སྦྲང་རྩི་ལ་སྦགས་པའང་འཚོག་ཆས་བྱ། དེ་ལས་གཞན་པའི་བསྲེག་རྫས་རྣམས་ཀྱང་བསག་པར་བྱའོ། །དེ་ནས་འབྲུ་དང་ཡམ་ཤིང་ཉིད། །ཅེས་བྱ་བ་ལ་སོགས་པར་སྦྱར་ཏེ། བསྲེག་རྫས་རྣམས་ལ་དྲི་ཞིམ་པོའི་ཆུ། ཀུ་ཤའི་ཆུན་པོས་གཏོར་ཞིང༌། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ཅེས་བྱ་བས་བགེགས་ཐམས་ཅད་བསལ། དེ་ནས་གཡས་ཕྱོགས་ནས་ཡམ་ཤིང་དང༌། མར་དང༌། ཏིལ་དང༌། འབྲས་མ་ཆག་པ་དང༌། ཞོ་ལ་སོགས་པ་འོག་ནས་འབྱུང་བའི་སྔགས་ཀྱིས་གོ་རིམ་ལྟར་བཞག་ལ་མཐར་ཡང་མར་བཞག་ལ། དེ་ནས་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་གུང་མོ་གཉིས་གཤིབས་པ་བརྐྱང་སྟེ། ཕྱག་རྒྱའི་ནང་དུ་ཨ་ལས་ཟླ་བའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་བསམ། དེའི་འོད་བྱུང་བས་རྫས་ཐམས་ཅད་ཀྱི་བགེགས་བསལ། སྐྱོན་སྦྱང་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐས་ཀླས་པར་བསྒོམ་ཞིང༌། གཞུང་ནས་འབྱུང་བའི་སྔགས་རྣམས་བཟླས་སོ། །དེ་བཞིན་དུ་གཡོན་དུ་མཆོད་ཡོན་བཞི་དང༌། སྦྱར་བ་དང་ཉེ་རེག་གི་ཡོ་བྱད་ཐམས་ཅད་ཀྱང་སྔགས་ཀྱི་བྱིན་གྱིས་བརླབས་ཏེ་གཞག མེ་ཏོག་ལ་སོགས་པའང་བྱིན་གྱིས་བརླབས་ཏེ་གཡས་སུ་གཞག མདུན་དུ་བཟེད་ཞལ་གཉིས་ཀྱང་གཞག རྡོ་རྗེ་དྲིལ་བུ་གཉིས་ཀྱི་བར་དུ་གཟར་བུ་གཉིས་ཀྱང་གཞག་པར་བྱའོ། །ཇི་ལྟར་འབྱོར་པའི་གཏོར་མའང་བཤམས་ཏེ་གཡོན་གྱི་ཟུར་ཕྱོགས་སུ་བྱའོ། །མཆོད་ཡོན་ལ་སོགས་པའི་ཆོ་ག་ནི་འཇིག་རྟེན་དང་རྗེས་སུ་མཐུན་པར་ཁྱད་པར་དུའང་སྦྱིན་སྲེག་ལ་བསྔགས་པ་ཡིན་ནོ། །དེ་ནས་སྒྲུབ་པ་པོ་ནི། བསམ་པ་དང༌། རྒྱན་ཆ་དང་ཁ་ལྟ་ཕྱོགས་དང༌། འདུག་སྟངས་ཞེས་བྱ་བ་སྟེ། འདི་དག་ཀྱང་དཔལ་སཾ་པུ་ཊ་ལས་ཇི་ལྟར་འབྱུང་བ་བཞིན་དུ་ཤེས་པར་བྱའོ། །སྦྱོར་བའི་ཆོ་གའོ། །དེ་ནས་དངོས་གཞི་ལ་བཅུ་གཉིས་ཏེ། བདག་གི་རྣལ་འབྱོར་བྱ་བ་དང༌། ཐབ་དང་ཡོ་བྱད་བསང་ཞིང་སྦྱང་བ་དང༌། ཐབ་ཁུང་མངོན་པར་འདུ་བྱ་བ་དང༌། མེ་ལྷ་དམ་ཚིག་པ་བསྐྱེད་པ་དང༌། ཀུ་ཤ་དགྲམ་པ་དང༌། མེ་བཙལ་ཞིང་བསྒྲུབ་པ་དང༌། ཡེ་ཤེས་ཀྱི་མེ་ལྷ་དགུག་གཞུག་བྱ་བ་དང༌། ཡན་ལག་དྲུག་རྫོགས་པར་བྱ་བ་དང༌། འཇིག་རྟེན་པའི་མེ་ལྷ་མཆོད་པའི་ཆོ་ག་དང༌། འདས་པའི་མེ་ལྷ་མཆོད་པའི་ཆོ་ག་དང༌། སླར་ཡང་འཇིག་རྟེན་པ་འཁོར་དང་བཅས་པ་མཆོད་པའི་ཆོ་ག་དང༌། གཤེགས་སུ་གསོལ་བའི་བྱ་བའོ། །དང་པོ་ནི་ཏིང་ངེ་འཛིན་ཞེས་བྱ་བ་སྟེ། བདག་རང་ཁྲུས་བྱས་ལ་སྟན་བདེ་བ་ལ་ཇི་ལྟར་འདུག་པས་འདུག་ལ། ཡན་ལག་དྲུག་ཡོངས་སུ་རྫོགས་པར་བྱ། བཟླས་པ་ཅུང་ཟད་ཀྱང་བྱ། དཀྱིལ་འཁོར་བསྡུས་ལ་རང་ཕྱག་གཉིས་པའི་ང་རྒྱལ་གྱིས་འདུག་པའོ། །དེ་ནས་གཉིས་པ་ནི་བསང་ཆུ་ལས་ཀུ་ཤའི་ཆུན་པོས་བླངས་ལ་བདུད་རྩི་འཁྱིལ་བའི་སྔགས་བཟླས་ཤིང་ཐབ་དང་ཡོ་བྱད་ཐམས་ཅད་བསངས་ལ་བགེགས་བསལ་བར་བྱའོ། །དེ་ནས་རང་གི་མདུན་དུ་མེ་བཞག་ལ། ཡུངས་ཀར་ཁུ་ཚུར་གྱིས་བཟུང་ལ་སྡིག་པ་དང་བགེགས་ཐམས་ཅད་སྦྱང་བར་བསྒོམ་ཞིང༌། ཨོཾ་སརྦ་པཱ་པཾ་གྱི་སྔགས་བཟླ་ཞིང་ཡུངས་ཀར་མེ་ལ་བསྲེག་པ་ཅི་ནུས་བྱ། དེ་ནས་ཡང་མཐེ་བོང་གཉིས་ནང་དུ་བཀུག་པའི་སྙིམ་པའི་ཆུས་བསྐོར་ཞིང༌། ཨོཾ་ཧཱུྃ་ཌ་ཌི་ཏ་ཕཊ་ཀྱི་བཟླས་པ་བྱ་ཞིང་མེར་བླུགས་ལ་ལག་པ་གཉིས་མཉས་ཏེ་དྲི་ཞིམ་པོས་བྱུག་པར་བྱ་སྟེ་ཉེ་རེག་གི་ཆོ་གའོ། །དེ་ནས་ཡོ་བྱད་ཐམས་ཅད་དྭངས་ཤིང་ཐོགས་པ་མེད་པ་ཙམ་དུ་མོས་པ་བྱ། བྱིན་རླབས་རྒྱས་པ་ནི་སྔར་བྱས་ཟིན་ཏོ། །གསུམ་པ་ཐབ་ཁུང་མངོན་པར་འདུ་བྱ་བ་ནི། ཧཱུྃ་ལས་ཐབ་ཁུང་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའ་དང་མཉམ་པར་བསྐྱེད་དེ། དེའི་ནང་དུ་མེ་འབར་ཞིང་རབ་ཏུ་འབར་བའི་རྣམ་པ་ཅན་བསྐྱེད་པ་ནི། མེ་སྦར་ལ་ཞེས་བྱ་བའོ། །བཞི་པ་ནི་མེའི་དབུས་སུ་རྃ་ལས་བགྲང་ཕྲེང་རྃ་གྱིས་མཚན་པ་དེ་ལས་འོད་འཕྲོས་བསྡུས་གཅིག་ཏུ་གྱུར་པ་ལས། སྤྱན་གསུམ་ཞལ་བཞི་ཕྱག་བཞི་ལྷ། །ཞེས་བྱ་བ་ལ་སོགས་པའི་མཚན་ཉིད་ཅན་ལས་དང་རྗེས་སུ་མཐུན་པའི་ཁ་དོག་ཅན་བསྐྱེད་ལ། དེ་ལ་ཡིད་ཀྱིས་མར་གྱི་བསྲེག་བླུགས་གསུམ་དབུལ་བར་བྱའོ། །དེ་ནས་ཞབས་བསིལ་ལ་སོགས་པ་རྣམས་ཀྱང་ཆོ་ག་ཇི་ལྟ་བ་བཞིན་དུ་རྫོགས་པར་དབུལ་བར་བྱ་སྟེ། འདི་ནི་མུ་སྟེགས་བྱེད་རྣམས་ཀྱི་དག་བྱེད་དུ་བརྟགས་པའི་ཕྱིར་ངེས་པར་སྤྱད་པར་བྱའོ། །ལྔ་པ་ནི་ཧ་ཅང་རིང་མིན་ཞེས་བྱ་བ་ལ་སོགས་པས་རྩེ་མོ་རྣམས་ཤར་དུ་བསྟན་ལ་ཀུ་ཤ་དགྲམ་པར་བྱའོ། །དྲུག་པ་ནི་ཙནྡན་ཨ་ཀ་རུ་ཤིང་ཞེས་བྱ་བ་ལ་སོགས་པས་མེ་སྦོར་བ་སྟེ། ལས་དང་རྗེས་སུ་མཐུན་པའི་མེའམ། མེད་ན་མར་མེ་ལས་ཀྱང་རུང་སྟེ། ཡམ་ཤིང་ལས་མེ་སྦར་ཏེ་དེ་ཐབ་ལ་ལན་གསུམ་བསྐོར་ལ་ཨོཾ་ཨགྣ་ཡེ་ཛྭཱ་ལ་ཛྭཱ་ལ་རྃ་ཞེས་བརྗོད་དེ་ཐབ་ཏུ་བཅུག་ལ་རླུང་ཡབ་ཀྱིས་ཀྱང་ཅུང་ཟད་བུས་ཏེ། གཟར་བུ་ཆུང་བས་མར་བླུགས་ལ་མེ་གསོ་བར་བྱའོ། །སློབ་དཔོན་ཁ་ཅིག་སྐབས་འདིར་མེ་པྲ་བརྟག་པར་ཡང་བཞེད་དོ། །དེ་ནས་ཡང་ཧཱུྃ་ཞེས་བྱ་བ་དང་བསང་ཆུས་སླར་ཡང་བསང་བར་བྱའོ། །བདུན་པ་ནི་དེ་ནས་མེའི་དབུས་སུ་ཞེས་བྱ་བ་ལ་སོགས་པས་དམ་ཚིག་པའི་མེ་ལྷ་གསལ་པོར་བལྟས་ཏེ། རྡོ་རྗེ་དང་དྲིལ་བུ་བླངས་ལ། ཚུར་སྤྱོན་ཚུར་སྤྱོན་འབྱུང་པོ་ཆེ། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །བསྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །འདོད་པ་ཐམས་ཅད་སྒྲུབ་པ་པོ། །ཐུགས་རྗེས་སེམས་ཅན་དོན་མཛད་པ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཞེས་བྱ་བ་དང་ལག་པ་གཡོན་པས་སྤོས་བཟུང༌། གཡས་པས་སྐྱབས་སྦྱིན་ལས་མཐེ་བོང་སྲིན་ལག་གི་རྩར་བཞག་ལ། གཡབ་པའི་ཚུལ་བྱ་ཞིང༌། ཨོཾ་ཨེ་ཧྱེ་ཧི་ཞེས་བྱ་བ་ལ་སོགས་པའི་སྔགས་དང༌། སྙིང་གའི་ཧཱུྃ་གི་འོད་ཟེར་གྱིས་མེ་ལྷ་སྤྱན་དྲང་བར་བྱའོ། །དེ་ནས་ཡེ་ཤེས་སེམས་དཔའ་དེ་ལ་མཆོད་ཡོན་ལ་སོགས་པ་ཇི་ལྟ་བ་བཞིན་དུ་ཕུལ་བས་ཡོངས་སུ་དག་པར་བྱའོ། །དེ་ནས་རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་རྩེ་སྦྱར་བ་བརྐྱང་སྟེ། མཐེ་བོང་དང་མཐེ་ཆུང་སོ་སོར་བརྐྱང་བ་འདི་ནི་རྡོ་རྗེའི་ཕྱག་རྒྱ་སྟེ། ཨོཾ་བཛྲ་ཨཱ་ན་ལ་ཞེས་བྱ་བ་ལ་སོགས་པ་བརྗོད་དེ། དེ་ཡང་ཨོཾ་ནས་ཧཱུྃ་ཕཊ་ཀྱི་མཐར་ནི་ཕྲིན་ལས་བཅོལ་བའོ། །དྲྀ་ཤྱ་ཞེས་བྱ་བས་ཡེ་ཤེས་པ་དེ་ལ་བལྟ་བར་བྱའོ། །ཛཿཧཱུྃ་བྃ་ཧོཿཞེས་བྱ་བས་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱ་བ་བྱས་ལ། ས་མ་ཡ་སྟྭཾ་ས་མ་ཡ་ཧོ། ཞེས་བྱ་བས་ཁྱོད་དམ་ཚིག་ལས་མ་འདའ་བར་གྱིས་ཤིག་ཅེས་དམ་ཚིག་སྦྱིན་ནོ། །དེ་ནས་བརྒྱད་པ་ཡན་ལག་རྫོགས་པར་བྱ་བ་ནི། འོག་ཏུ་སྦྱར་ལ་སྐུ་གསུམ་བྱིན་གྱིས་བརླབ་པ་བྱས་ལ། རང་རིགས་ལྷའི་ཅོད་པཎ་ཅན་ཞེས་འབྱུང་བས། དེ་ལྟར་དམ་ཚིག་བསྐྱེད་པ་ནི་བསྙེན་པ། ཡེ་ཤེས་པ་དགུག་གཞུག་བྱ་བ་ནི་ཉེར་སྒྲུབ་བྱ་བ་དང༌། མེ་ལྷའི་སྙིང་གར་པདྨ་དང་ཉི་མ་ལ་རྡོ་རྗེ་ལ་ཧཱུྃ་སྔོན་པོ་དཔྲལ་བར་པད་ཟླ་ལ་འཁོར་ལོ་ལ་ཨོཾ་དཀར་པོ་བསམ། མགྲིན་པར་པད་ཟླ་ལ་པད་མ་ལ། ཨཱཿདམར་པོ་བསྒོམ་པ་ནི་སྒྲུབ་པའོ། །དེ་ནས་དབང་བསྐུར་བའི་ལྷ་སྤྱན་དྲངས་ཏེ་མཆོད་པ་དང་གསོལ་བ་བཏབ་ལ་ཚུལ་བཞིན་དུ་དབང་བསྐུར་ཏེ་མཐར་དབུ་རྒྱན་བསྒོམ་པར་བྱའོ། །དེ་ལ་ཞི་བ་ལ་རྣམ་སྣང་གི་དབུ་རྒྱན། རྒྱས་པ་ལ་རིན་འབྱུང༌། དབང་ལ་སྣང་བ་མཐའ་ཡས། དྲག་པོ་ལ་དོན་ཡོད་གྲུབ་པའམ། མི་བསྐྱོད་པས་དབུར་བརྒྱན་པ་སྟེ། སྒྲུབ་པ་ཆེན་པོའོ། །དེ་ནས་དགུ་པ་མཆོད་པ་ནི་དྲུག་སྟེ། དང་པོ་དགང་བླུགས་དབུལ་བ་དང༌། མི་པྲ་བརྟག་པ་དང༌། བསྲེག་རྫས་རྒྱས་པར་དབུལ་བ་དང༌། མཆོད་པ་དང༌། བསྟོད་པ་དང༌། འབར་བའི་རྣམ་པར་བསྟིམ་པའོ། །དང་པོ་ནི་དེ་ནས་མེ་ལྷའི་ལྕེ་ལ་ཧཱུྃ་ལས་རྡོ་རྗེ་རྩེ་གསུམ་པ་ཧཱུྃ་གིས་མཚན་པ་བསམ། དགང་གཟར་བླུགས་གཟར་ལའང་དེ་བཞིན་དུ་བསྒོམས་ལ། ལག་པ་གཡས་པས་བླུགས་གཟར་གཡོན་པས་དགང་གཟར་བཟུང་ལ། པུས་མོའི་བར་དུ་བཅུག་སྟེ་ཆེ་བ་ཁེངས་པར་དགང་ཞིང་སྔགས་ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་བརྗོད། ཁེངས་པ་དང༌། ཨོཾ་ཨགྣ་ཡེ་ཨཱ་དི་པྱཱ་དི་པྱ་མ་ཧཱ་ཤྲི་ཡེ་ཧ་བྱ་ཀ་བྱ་བཱ་ཧ་ནཱ་ཡ་སྭཱ་ཧཱ། ཞེས་བརྗོད་ལ་ཁ་སྦྱར་ཏེ་མེར་དབུལ་ལོ། །དེ་དག་ནི་དགང་གཟར་དང་བླུགས་གཟར་བཟང་པོའི་ཞེས་བྱ་བ་དང༌། འོག་ནས་བླུགས་གཟར་མགོ་ནས་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །དེ་ལྟར་ལན་གསུམ་གྱི་བར་དུ་དབུལ་བར་བྱའོ། །དེ་ནས་གཉིས་པ་མེའི་པྲ་བརྟགས་ཏེ་འོག་ཏུ་སྦྱར་ལ་ཁ་དོག་དྲི་དང་ཞེས་བྱ་བ་ལ་སོགས་པ་སྟེ། དཔལ་སཾ་པུ་ཊ་ལས་འབྱུང་བ་ལྟར་རྒྱས་པར་ཤེས་པར་བྱས་ལ། གལ་ཏེ་མི་དགེ་བའི་ལྟས་མཐོང་ན་བགེགས་མཐར་བྱེད་ཀྱི་སྔགས་བཟླ་ཞིང་དྲིའི་ཆུས་གཏོར་བས་ཞི་བར་བྱའོ། །གསུམ་པ་བསྲེག་རྫས་རྒྱས་པར་དབུལ་བ་ནི། འབར་བའི་མེ་ལ་ཡམ་ཤིང་སྟེ། །དེ་ནས་མར་དང་དེ་འོག་ཏིལ། །འབྲས་རྒྱལ་ཟས་མཆོག་ས་བོན་ནས། །སྲན་མ་གྲོ་དང་དཱུར་བ་སོགས། །ཞེས་བྱ་བའི་རིམ་པས་དབུལ་ཏེ། ཡམ་ཤིང་ནི་འདིར་འབར་བའི་དཀྱིལ་འཁོར་དུའོ། །མར་དང་ཏིལ་དང་ཞོ་ཟན་ནི་ཞལ་དུའོ། །གྲོ་དང་ནས་ལ་སོགས་པ་ནི་ཕྱག་ཏུ་དབུལ་ལོ། །དཱུར་བ་དང་ཀུ་ཤ་ནི་གཙུག་ཏོར་ལ་དབུལ་ལོ། །མེ་ཏོག་ནི་དབུ་ལའོ། །སྤོས་ནི་ཤངས་ལའོ། །མར་མེ་ནི་སྤྱན་ལམ་དུའོ། །དྲི་ནི་ཐུགས་ཀར་རོ། །ཞལ་ཟས་ནི་ཞལ་དུའོ། །རོལ་མོ་ནི་སྙན་དང་སྤྱན་ལམ་དུ་དབུལ་ལོ། །མཆོད་ཡོན་རྣམས་ལ། ཞབས་བསིལ་ནི་ཞབས་ལའོ། །འཐོར་འཐུང་ཕྱག་དང་ཞལ་དུའོ། །བསང་གཏོར་སྐུ་ཐམས་ཅད་ལའོ། །མཆོད་ཡོན་དངོས་ནི་ཕྱག་ཏུ་དབུལ་བར་བྱའོ། །དེ་ལ་ཞུ་བའི་རྫས་རྣམས་ནི་དགང་གཟར་དང་བླུགས་གཟར་གྱིས་དབུལ། གཞན་རྣམས་ནི་ལག་པ་གཡོན་པས་སྙིང་གར་བཟུང་སྟེ། གཡས་པས་བླངས་ལ་འོག་ནས་བསྐོར་ཏེ། སྟེང་ནས་འབུལ་བའི་ཚུལ་གྱིས་སྔགས་བརྗོད་ཅིང་དབུལ་བར་བྱའོ། །ཞི་བ་ལ་ཐུན་མོང་སྟེ་ཞེས་བྱ་བ་ལ་སོགས་པ་ལས་སོ་སོ་སྒྲུབ་པའི་བསྲེག་རྫས་རྣམས་ནི་གཞུང་ཉིད་དུ་གསལ་བར་སྟོན་ཏོ། །དེ་ནས་མཆོད་པ་ཅི་འབྱོར་པས་མཆོད་ལ། རྡོ་རྗེ་དྲིལ་བུ་གསིལ་ཞིང༌། འཇིག་རྟེན་དབང་ཕྱུག་ཚངས་དབང་མཆོག་གི་སྲས། །མེ་ལྷའི་རྒྱལ་པོ་ཌཱ་ཀིས་དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་སྲེག །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ཅེས་བྱ་བས་བསྡུས་པའམ། གཞན་ཡང༌། ཚངས་པ་འཇིག་རྟེན་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །འབྱུང་པོ་ཡོངས་སུ་བསྐྱབ་པའི་ཕྱིར། །ཐུགས་རྗེའི་དབང་གིས་སྐུ་སྤྲུལ་པ། །རིག་སྔགས་གྲུབ་པའི་དྲང་སྲོང་ཚུལ། །ཉོན་མོངས་སྲེག་པའི་ཤེས་རབ་མཆོག །བསྐལ་པའི་མེ་བཞིན་གཟི་བརྗིད་འབར། །མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན། །ཐབས་ཀྱིས་སྤྲུལ་པའི་ཐེག་པ་བཅིབས། །རིག་སྔགས་གསུང་གི་བགྲང་ཕྲེང་འཛིན། །བདུད་རྩིའི་བཅུད་ལྡན་གུནྡྷེ་བསྣམས། །ཆོས་ཀྱི་བདུད་རྩི་ཡོངས་ལ་བསིལ། །ཉེས་པའི་སྐྱོན་བྲལ་ཚངས་པར་སྤྱོད། །འཇིག་རྟེན་གནས་ཀྱང་མྱ་ངན་འདས། །ཞི་བ་བརྙེས་ཀྱང་ཐུགས་རྗེ་ཆེ། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་བསྟོད་པར་བྱའོ། །དེ་ནས་བསང་གཏོར་དང་འཐོར་འཐུང་ཕུལ་ལ་འབར་བའི་རྣམ་པས་ཐིམ་པར་བསམ་པར་བྱ་སྟེ། དཔལ་རྡོ་རྗེ་མཁའ་འགྲོ་ལས། མེ་ལྷ་ཀུན་ཏུ་མཆོད་ནས་ནི། །འབར་བའི་གཟུགས་སུ་ཡོངས་སུ་གྱུར། །ཞེས་གསུངས་པའི་ཕྱིར་རོ། །དེ་ནས་བཅུ་པ་འདས་པའི་མེ་ལྷ་མཆོད་པར་བྱ་སྟེ། མེའི་དབུས་སུ་མངོན་པར་བྱང་ཆུབ་པ་ལྔ་ལས། དཀྱིལ་འཁོར་གྱི་འཁོར་ལོ་རྫོགས་པར་བསྐྱེད། དེ་ནས་ལག་པ་གཡས་པ་རྡོ་རྗེ་དང་བཅས་པས་སྤོས་བཟུང༌། གཡོན་པས་དྲིལ་བུ་གསིལ་ཞིང་སྤྱན་དྲང་བར་བྱ་སྟེ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །བདུད་སྡེ་དཔུང་བཅས་མ་ལུས་འཇོམས་མཛད་པའི། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པ། །བཅོམ་ལྡན་འཁོར་བཅས་འདིར་ནི་གཤེགས་སུ་གསོལ། །ཞེས་བྱ་བ་དང༌། སྤྲོས་པ་ལ་དགའ་ན། དམིགས་མེད་མཁའ་ལྟར་དག་པ་ཁྱབ་པའི་སྐུ། །ཞེས་བྱ་བ་ལ་སོགས་པས་ཀྱང་སྤྱན་དྲང་བར་བྱའོ། །སྤྱིར་ནི་གསང་སྔགས་ཀྱི་ནུས་པ་འབྱིན་པ་ཞེས་བྱ་བའི་སྦྱིན་སྲེག་བསྡུས་པ་ནི་མདོར་བསྡུས་པ་ཞེས་བྱའི། གཞན་རྒྱས་པར་དབྱེ་ན་སྦྱིན་སྲེག་གི་ཆོ་ག་འདི་ནི་སྤྲོས་པ་དང་བཅས་པའི་ལུགས་ཡིན་པས་ཇི་སྲིད་སྤྲོས་པའི་ཆོ་ག་རྣམས་ཀྱང་དཀྱིལ་འཁོར་ན་བྱ་བ་ལ་འགལ་བ་མེད་དོ་ཞེས་གསུང་ངོ༌། །དེ་ལྟར་སྤྱན་དྲངས་པ་དང་མཆོད་ཡོན་རྣམས་དབུལ། ཕྱིའི་མཆོད་པ་དང༌། ནང་དང་ལྷ་མོ་བརྒྱད་ཀྱི་མཆོད་པའང་ཕུལ་ལ། ཨོཾ་ཨེ་ཧྱེ་ཧི་བྷ་ག་ཝཱ་ན་མ་ཧཱ་ཀཱ་རུ་ཎི་ཀ་ཧེ་བཛྲ་ས་པ་རི་ཝཱ་ར་ཨོཾ་བཛྲ་གཽ་རཱི་ཨཱ་ཀརྵ་ཡ་ཛཿཞེས་བྱ་བ་ལ་སོགས་པ་ལྷ་མོ་བཞིས་དགུག་པ་དང་བཅིང་བ་དང་དབང་དུ་བྱ་བའང་བྱ། སྐྱེ་མཆེད་དྲུག་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་བྱ། དབང་བསྐུར་ཞིང་རྒྱས་གདབ་སྟེ། ཡན་ལག་བཞི་ཡོངས་སུ་རྫོགས་པར་བྱའོ། །དེ་ནས་མཆོད་པ་བྱ་སྟེ། མཆོད་ཡོན་གྱི་ཆོ་ག་རྣམས་ཡོངས་སུ་རྫོགས་པར་བྱ། དེ་ནས། མེ་ཏོག་ལ་སོགས་པ་ཕྱིའི་མཆོད་པ་དང༌། སྒེག་མོ་ལ་སོགས་པའི་མཆོད་པ་བརྒྱད་དང༌། བདུད་རྩི་དང་ལྷ་མོ་བརྒྱད་དང་བསྟོད་པས་ཀྱང་མཆོད་ལ། དེ་ནས་གདང་བླུགས་གསུམ་དབུལ། དེ་ནས་ཡམ་ཤིང་ལ་སོགས་པའི་བསྲེག་རྫས་རྣམས་སྔར་བསྟན་པ་ལྟར་ལན་ཉི་ཤུ་རྩ་གཅིག་གམ་བརྒྱ་རྩ་བརྒྱད་ལ་སོགས་པ་དབུལ་ཏེ། ཞི་བ་ལ་ཤཱནྟིཾ་ཀུ་རུ་དང༌། རྒྱས་པ་ལ་པུཥྚིཾ་ཀུ་རུ། དབང་ལ་བ་ཤཾ་ཀུ་རུ། དྲག་པོ་ལ་མཱ་ར་ཡ་ཕཊ། ཅེས་བྱ་བའི་སྔགས་ཀྱི་མཐའ་རྟེན་ནི་བསྲེག་རྫས་རེ་རྫོགས་པ་དང་སྦྱར་བར་བྱའི། རེ་རེ་ལ་རེ་རེ་སྦྱར་མི་དགོས་སོ། །བསྲེག་རྫས་སོ་སོ་ལ་འབྱོར་པའི་བྱེ་བྲག་གིས་མང་ཉུང་དུ་སོང་ཡང་འགལ་བ་མེད་གསུང་ངོ༌། །དེ་ལྟར་བསྲེག་རྫས་རྫོགས་པ་དང་སླར་ཡང༌། མེ་ཏོག་འདི་རྣམས་བཟང་ཞིང་ལེགས། །ཞེས་བྱ་བ་ལ་སོགས་པ་དངོས་ཀྱི་མཆོད་པ་ལྔ་དང༌། གུར་ལས་འབྱུང་བ། མེ་ཏོག་བསྐྱུར་བའི་ཚུལ་གྱིས་དང༌། །དྲི་ནི་འཐོར་བའི་ཚུལ་གྱིས་དང༌། །སྡོང་བུས་མར་མེའི་མཆོད་པ་དང༌། །བྱུག་པའི་ལུས་ཀྱི་རྗེས་སུ་དྲིས། །ལཱ་སྱེའི་ལག་པས་ལཱ་སྱེ་དང༌། །ཕྲེང་བས་ཕྲེང་བའི་མཁའ་འགྲོ་མ། །གླུ་ནི་ཧཱུྃ་གི་དམ་ཚིག་གླུས། །བརླ་བསྐུམ་པས་ནི་གར་ཉིད་དོ། །ཞེས་བྱ་བ་སྟེ། སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱིས་མཆོད་པར་བྱའོ། །ཡང་གླུ་དང༌། གར་དང༌། རོལ་མོ་དང༌། རིན་པོ་ཆེ་བདུན་ལ་སོགས་པའི་མཆོད་པའི་ཁྱད་པར་རྣམས་ཀྱིས་མཆོད་པར་བྱའོ། །དེ་ནས་བསྟོད་པ་རྒྱས་པ་དང་བསྡུས་པ་གང་ཡང་རུང་བས་བསྟོད་པར་བྱའོ། །དེ་ནས་གཏོར་མའང་ཕུལ་ལ། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་ཅན། བདག་ལ་དངོས་གྲུབ་ཐམས་ཅད་སྩལ་དུ་གསོལ། ཁྱད་པར་དུ་ལས་འདི་ཞེས་བྱ་བའི་དངོས་གྲུབ་སྩལ་དུ་གསོལ་ཞེས་བྱ་བས་དངོས་གྲུབ་བླང༌། རྡོ་རྗེའི་གླུ་བླང༌། རིགས་སུ་སྐྱེ་དང་ཞེས་བྱ་བ་ལ་སོགས་པས་ཇི་ལྟར་འདོད་པའི་སྨོན་ལམ་རྒྱ་ཆེན་པོ་བཏབ་ལ། ཡི་གེ་བརྒྱ་པའང་བྱ་སྟེ། མ་འབྱོར་པ་དང་ཉམས་པ་དང༌། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་གང༌། །དེ་ཀུན་མགོན་པོས་བཟོད་པར་མཛོད། །བདག་ལས་དང་པོ་པའི་གང་ཟག་ཏུ་གྱུར་པས་ཏིང་ངེ་འཛིན་མི་གསལ་བས་བྱིང་བ་དང༌། རྒོད་པའི་དབང་དུ་གྱུར་པ་དང༌། མཆོད་པའི་ཡོ་བྱད་མ་འབྱོར་པ་དང་ཉམས་པ་དང༌། ཆོ་ག་ལྷག་པ་དང༌། མ་ཚང་བར་གྱུར་པ་དེ་དག་ཐམས་ཅད་ཐུགས་རྗེ་ཆེན་པོ་དང་ལྡན་པའི་མགོན་པོ་ཁྱེད་ཀྱིས་བཟོད་པར་མཛད་དུ་གསོལ་ལོ། །དེ་ནས། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛོད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་ལས་ཀྱི་དངོས་གྲུབ་སྩོལ། །ཨོཾ་བཛྲ་མུཿཞེས་བརྗོད་དེ། ཡེ་ཤེས་ལྷའི་འཁོར་ལོ་གཤེགས་སུ་གསོལ་ལ། དམ་ཚིག་པ་ཨོཾ་ཨཱཿཧཱུྃ་ཞེས་བྱ་བས་བདག་ལ་བསྡུའོ། །དེ་དག་ནི་ལྷག་པའི་ལྷ་ལ་མཆོད་པའོ། །དེ་དག་ནི། །འདིས་ནི་ཡེ་ཤེས་མེ་དགྱེས་ཏེ། །རྡོ་རྗེ་འཆང་བ་རབ་ཏུ་དགྱེས། །ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །རྡོ་རྗེ་གུར་ལས་ཀྱང༌། ཤ་ལྔ་བདུད་རྩི་ལྔ་ཉིད་དང༌། །དཀྱིལ་འཁོར་ལྔ་ཡི་བསྒོམ་པས་ནི། །ཞེས་གསུངས་པ་འདིས་བསྡུས་པའི་དཀྱིལ་འཁོར་མཆོད་པའང་ཤེས་པར་ནུས་སོ། །བཅུ་གཅིག་པ་སླར་ཡང་འཇིག་རྟེན་པའི་མེ་ལྷ་མཆོད་པ་ནི། དེ་ནས་འཇིག་རྟེན་པའི་མེ་ལྷ་འཁོར་དང་བཅས་པ་སྐད་ཅིག་གིས་བསྐྱེད་ལ། དེ་ལ་བསང་གཏོར་དང་འཐོར་འཐུང་གཉིས་ཕུལ་ལ་འཁོར་དང་བཅས་པར་ལེགས་པར་མཆོད་དེ། བསྲེག་རྫས་ལྷག་མ་ཇི་ལྟར་འབྱོར་པ་ཕུལ་ཏེ། མཐར་དགང་བླུགས་གསུམ་ཕུལ་ནས་མཆོད་པ་དང་བསྟོད་པ་བྱས་ལ། གཏོར་མ་གཅིག་ཀྱང་འཁོར་དང་བཅས་པ་ལ་ཕུལ་ལ། ཡང་བསང་གཏོར་དང་འཐོར་འཐུང་བྱས་ཏེ། ཆོ་ག་མ་ཚང་བ་ལ་སོགས་པ་བཟོད་པར་གསོལ་ཏེ། བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱོད་ཀྱིས་བསྒྲུབས་ཀྱིས་གཤེགས། །ཇི་བཞིན་དུས་སུ་སླར་གཤེགས་ཏེ། །བདག་གི་དངོས་གྲུབ་ཐམས་ཅད་སྒྲུབས། །ཞེས་བྱ་བ་དང༌། ཨོཾ་ཨགྣ་ཡེ་ཡ་ཧི་བྱ་བའི་སྔགས་དང་སྤྱན་དྲང་བའི་ཕྱག་རྒྱ་ལས་མཛུབ་མོ་ཕྱིར་བསྐྱེད་པ་ནི་གཤེགས་སུ་གསོལ་བའི་ཕྱག་རྒྱ་སྟེ། ཡེ་ཤེས་པ་གཤེགས། དམ་ཚིག་པ་དེ་རང་ལ་བསྡུའོ། །དེ་དག་ནི། ཚངས་པ་བརྒྱ་བྱིན་དབང་ཕྱུག་ཆེ། །ཞེས་བྱ་བ་ལ་སོགས་པ་དང༌། བྱིན་སྲེག་མཐའ་རུ་བསྡུ་བ་ལ། །ཞེས་བྱ་བ་ལ་སོགས་པས་བསྟན་པ་ཡིན་ནོ། །དངོས་གཞིའི་ཆོ་གའོ།། །།མཇུག་ཏུ་བྱ་བ་ལ་གསུམ་སྟེ། མེ་ཞི་བར་བྱ་བ་དང༌། ལས་ཀྱི་རྗེས་མི་མངོན་པར་བྱ་བ་དང༌། མི་དམིགས་པའི་རྒྱས་གདབ་པའོ། །དང་པོ་ལ་ནི། ཞི་བ་ལ་ནི་འོ་མས་གསད། །ཅེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །གཉིས་པ་ནི་མཆོད་པ་དམན་མ་གཏོར་མ་ལ་སོགས་པ་ཐམས་ཅད་ཆུ་བོ་ལ་སོགས་པར་གཤེགས། ཐལ་བ་ཆུར་དོར་བའམ་དབེན་པར་བཞག ཐབ་དང་ས་ཕྱོགས་ལ་སོགས་པ་ཐམས་ཅད་བའི་ལྕི་བ་ལ་སོགས་པས་ཐམས་ཅད་བྱུག་པར་བྱའོ། །དེ་ནས་རང་གི་ལྷའི་བཟླས་བསྒོམ་ལ་སོགས་པ་ལ་གནས་པ་ཆོས་ཐམས་ཅད་བདག་མེད་པར་མོས་པར་བྱའོ། །མཇུག་གི་ཆོ་གའོ།། །།འདིར་སྦྱིན་སྲེག་གི་སྐབས་སུ་ཉེ་བར་དགོས་པའི་དབང་དུ་བྱས་ན་གོང་དུ་སའི་ཆོ་གའི་སྐབས་སུ་དགང་གཟར་དང་བླུགས་གཟར་བཤད་པ་དེ་ནི། ཐབ་ལ་སོགས་པ་ཤིན་ཏུ་རྒྱས་པའི་དབང་དུ་བྱས་པ་ཡིན་གྱི། མདོར་བསྡུ་ན་སྔར་བཤད་པ་རྣམས་ཀྱི་ཕྱེད་ཕྱེད་དབྲི་བ་ཞེས་བྱ་བ་འདིར་ཤེས་པར་བྱའོ།། །།འདི་ན་སྦྱིན་སྲེག་གི་ཆོ་ག་ནི་ཇི་ལྟར་མུ་སྟེགས་བྱེད་རྣམས་དང་རྗེས་སུ་མཐུན་པ་ཡིན་པ་དེའི་ཕྱིར་ཀུན་ཏུ་སྤྱོད་པ་གཙང་བ་དང་སྤྲོས་པ་རབ་ཏུ་རྒྱས་པ་ཞེས་བྱ་བར་ཤེས་པར་བྱའོ། །སྤྱིར་ན་གསང་སྔགས་པ་རྣམས་ཀྱི་ལུགས་ཀྱིས་ནི། འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་པ་དེའི་ཕྱིར་ཀུན་ཏུ་སྤྱོད་པ་གཙང་ཞིང་མཛེས་པའང་ཡིན་ལ། རྣལ་འབྱོར་བླ་ན་མེད་པའི་ལུགས་ཀྱིས་རྣམ་པར་རྟོག་པ་སྤོང་བས་ཤ་ལྔ་བདུད་རྩི་ལྔ་ལ་སོགས་པ་བསྟེན་པའི་ཕྱིར་མི་གཙང་བར་རྐྱང་འདུག་པས་ན་འགལ་བ་ལྟར་སྣང་ཡང་འགལ་བ་མེད་པར་ཤེས་པར་བྱའོ།། །།རྟོག་པ་སྤོང་ཕྱིར་སྤྲོས་བྲལ་ཕྱིར། །བདེ་བར་གཤེགས་ཀུན་དགྱེས་བྱེད་ཡིན། །འཇིག་རྟེན་མཐུན་ཕྱིར་འཇིག་རྟེན་དགྱེས། །དེ་ཕྱིར་མཆོད་སྦྱིན་གཙོ་བོ་ཡིན། །གསང་སྔགས་བསྙེན་པ་ཡོངས་རྫོགས་ལ། །འབྲས་བུ་འབྱིན་བྱེད་འདི་ཡིན་ལ། །སྡིག་པ་སྤོང་ཕྱིར་ཚོགས་འཕེལ་ཕྱིར། །དེ་བས་འདི་ཉིད་བསྟེན་པའི་ཕྱིར། །སྡིག་པ་སྤོང་འདོད་ཤིས་འདོད་ཚོགས་འཕེལ་འདོད། །དངོས་གྲུབ་ཐོབ་འདོད་རྣམས་ཀྱི་དོན་གྱི་ཕྱིར། །སྦྱིན་སྲེག་ཆོ་ག་སྤྲོས་བསྡུས་ཕྱོགས་གཅིག་བྲིས། །ཉེས་གྱུར་ཡོད་ན་བཟོད་པ་མཛད་པར་རིགས། །ནང་དང་གསང་བ་བླ་མའི་གསུང་བཞིན་གྱི། །འདིར་ནི་ཕྱི་ཡི་སྦྱིན་སྲེག་ཙམ་ཞིག་བྲིས། །དེ་ལས་དགེ་ཐོབ་གང་ཡིན་དེས་འགྲོ་ཀུན། །མི་གཉིས་རྡོ་རྗེ་འཆང་གི་སར་བགྲོད་ཤོག །གང་ཞིག་དཔག་མེད་ཚོགས་གཉིས་ལས་བསྒྲུབས་ཐུགས་ནི་རྡོ་རྗེ་འཆང༌། །ཐུགས་རྗེས་གཟུང་ཕྱིར་དགེ་བ་ཆེན་པོ་མི་ཡི་ལུས། །ཚུལ་གཉིས་མི་འགལ་གདུལ་བྱའི་ཀུ་མུ་ཏ་ཁ་འབྱེད་པའི་གསུང༌། །དཔལ་ལྡན་སྙིང་པོའི་མཐའ་ཅན་དེ་ལ་བདག་ནི་ཕྱག་འཚལ་ལོ། །དཔལ་དགྱེས་པའི་རྡོ་རྗེའི་ལུགས་ཀྱི་སྦྱིན་སྲེག་གི་ཆོ་གའོ། །རྣལ་འབྱོར་པ་བསོད་ནམས་རྩེ་མོས་བླ་མའི་ཕྱག་ལེན་མཛད་པ་དང་གཞུང་གི་ཆ་མི་འགལ་བར་བྲིས་པའོ། །འདིས་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་པར་གྱུར་ཅིག། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply