འཁོར་ལོ་བདེ་མཆོག་དྲིལ་བུ་པའི་གཞུང་གི་མངོན་པར་རྟོགས་པ།

༼ཅ༽

༄༅། །འཁོར་ལོ་བདེ་མཆོག་དྲིལ་བུ་པའི་གཞུང་གི་མངོན་པར་རྟོགས་པ་བཞུགས་སོ།།

༄༅། །ཨོཾ་སིདྡྷི་རསྟུ། བླ་མ་དམ་པའི་ཞབས་ལ་སྤྱི་བོས་ཕྱག་འཚལ་ལོ། །དངོས་ཀུན་དེ་ཉིད་སྡོམ་གཅིག་པུ། །དཔལ་ལྡན་ཁྲག་འཐུང་དཔའ་བོ་ཆེ། །ཡེ་ཤེས་མངའ་བདག་གཉིས་མེད་སྦྱོར། །བདེ་མཆོག་འཁོར་ལོ་ལ་ཕྱག་འཚལ། །རྣལ་འབྱོར་དབང་ཕྱུག་རྣལ་འབྱོར་ཆེ། །དངོས་གྲུབ་ཆེན་པོ་ལེགས་སྩོལ་བ། །བསྐྱེད་པའི་རིམ་པའི་སྦྱོར་བ་ཡི། །ཆོ་ག་བླ་མའི་རིམ་བརྟེན་བཤད། །ཆོ་ག་སྣ་ཚོགས་ཉམས་དགའ་བ། །ཇི་ལྟར་སེམས་ཅན་བསམ་པ་ཡི། །ཁྱད་པར་ཇི་བཞིན་བཟུང་བའི་རྒྱུ། །རྡོ་རྗེ་འཆང་གིས་གསུངས་པའོ། །དང་པོར་རེ་ཞིག་སེམས་ཅན་གྱི་དོན་ལ་བརྩོན་པའི་བློ་ཅན་གྱིས། རྗེ་བཙུན་བླ་མ་ལ་གསོལ་བ་བཏབ་སྟེ། རིམ་པ་ཇི་ལྟ་བ་བཞིན་དུ་དབང་བསྐུར་བ། ཇི་སྐད་གསུངས་པའི་དམ་ཚིག་ལ་གནས་པའི་རྣལ་འབྱོར་པས། ནང་པར་སད་པ་དང༌། དཔལ་འཁོར་ལོ་བདེ་མཆོག་འཆད་པར་འགྱུར་བའི་ཁ་དོག་དང་མཚོན་ཆ་ཅན་གྱི་རྣམ་པར་ལངས་ཏེ། གདོང་བཀྲུ་བ་བྱས་ལ་ཕྱིའི་མཆོད་པ་དང་གཏོར་མ་ཆོ་ག་ཇི་ལྟ་བ་བཞིན་དུ་བཤམས་ནས། བསམ་གཏན་གྱི་ཁང་པ་སྟན་བདེ་བ་ལ་འདུག་ལ། བདུད་རྩི་རིལ་བུ་ཁར་བཅུག་སྟེ། ཤྲཱི་ཧེ་རུ་ཀ་ཨ་ཧྃ་ཞེས་བྱ་བའི་དོན་དྲན་པར་བྱས་ལ། རང་གི་སྙིང་གར་ཨ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཐ་མལ་པའི་ཕུང་པོ་ལྔ་སྦྱོང་བར་བྱེད་པའི་ཡེ་ཤེས་ལྔའི་རང་བཞིན་ཅན་གྱི་ཡི་གེ་ཧཱུྃ་སྔོ་སྐྱ་འོད་ཟེར་འབར་བ་བསམ་མོ། །དེའི་འོད་ཀྱིས་རང་གི་ལུས་མཐའ་དག་གང་བས་ཐོག་མ་མེད་པ་ནས་བསགས་པའི་ལུས་དང་ངག་ལས་བྱུང་བའི་སྡིག་པའི་དྲི་མ་དག་པས། རང་གི་ལུས་ཤེལ་དག་པ་ལྟར་དྲི་མ་མེད་པར་བསམས་ལ། སླར་ཡང་འོད་ཟེར་དེ་བ་སྤུའི་བུ་ག་ལས་བྱུང་བས་སེམས་ཅན་གྱི་ལུས་གསལ་བར་བྱས་པས་དེ་རྣམས་ཀྱི་སྒོ་གསུམ་གྱི་དྲི་མ་དག་པར་བྱས་ནས། འོད་ཟེར་གྱི་ཚོགས་དེས་མདུན་གྱི་ནམ་མཁར་བཅོམ་ལྡན་འདས་འཆད་པར་འགྱུར་བའི་སྐུ་མདོག་དང་ཕྱག་མཚན་ཅན་ནམ། ཕྱིའི་དཀྱིལ་འཁོར་ལྟར་དམིགས་ལ། དེའི་སྟེང་གི་ཆ་ལ་བླ་མ་མི་བསྐྱོད་པའི་རྣམ་པ་ཅན་བལྟས་ཏེ། དེ་དག་ལ་དངོས་སུའམ། ཡིད་ཀྱིས་ཕྱག་དང་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་ལ་དེ་དག་རང་གི་ལུས་ལ་གཞུག་པར་བྱ་སྟེ། དཔལ་བླ་མས་ནི་སྤྱི་བོར་དབུ་བརྒྱན་ནོ། །བཅོམ་ལྡན་འདས་དཀྱིལ་འཁོར་གྱི་འཁོར་ལོ་སྨིན་མཚམས་སུ་བསྟིམ་པར་བྱའོ། །དེ་ནས་སྲུང་བའི་འཁོར་ལོ་གསལ་གདབ་པ་ནི། སྤྱི་བོ་སྣ་ཚོགས་རྡོ་རྗེ། རྐང་མཐིལ་རྡོ་རྗེའི་ས་གཞི། རྩིབ་མ་རྡོ་རྗེའི་རྭ་བ། པགས་པ་རྡོ་རྗེའི་གུར། བ་སྤུ་མདའི་དྲྭ་བ། སེན་མོ་མེ་རི་རབ་ཏུ་འབར་བའོ། །དེའི་རྗེས་ལ་རང་གི་ལུས་ཀྱི་དཀྱིལ་འཁོར་གསལ་བར་བྱ་སྟེ། རྐང་པ་གཞུའི་དབྱིབས་ནི་རླུང་ངོ༌། །སུམ་མདོ་གྲུ་གསུམ་ནི་མེའོ། །ལྟོ་བ་ཟླུམ་པོ་ནི་ཆུའོ། །སྙིང་ག་གྲུ་བཞི་པ་སའོ། །སྒལ་ཚིགས་དབྱི་གུའི་གཟུགས་ནི་རི་རབ་བོ། །ཕན་ཚུན་དང་ཡན་མན་དུ་འདོམ་གང་བ་ནི་གྲུ་བཞིའོ། །སྙིང་གའི་རྩ་བཞི་ནི་སྒོ་བཞིའོ། །མིག་དང༌། རྣ་བ་དང༌། སོ་དང༌། སྣ་ལ་སོགས་པ་ཏོ་ར་ཎ་དང༌། དྲྭ་བ་དྲྭ་ཕྱེད་དང༌། རིན་ཆེན་ཕ་གུ་ལ་སོགས་པ་སྟེ་དེ་ལྟར་ལུས་ཀྱི་དཀྱིལ་འཁོར་དུའང༌། དཔལ་ཁ་སྦྱོར་ཐིག་ལེའི་བརྟག་པ་དྲུག་པ་ལས། རྐང་པའི་མཐིལ་དུ་གནས་པའི་རླུང༌། །ཞེས་བྱ་བ་ནས་བརྩམས་ཏེ། ལུས་ཀྱི་དཀྱིལ་འཁོར་ཉིད་དུ་བརྗོད། །ཅེས་བྱ་བའི་བར་དུ་གསུངས་ཏེ། དེ་བས་བདག་ཉིད་ཧེ་རུ་ཀ་ཞལ་བཞི་པ་ཕྱག་བཅུ་གཉིས་པའི་དཀྱིལ་འཁོར་ཏེ་རྟེན་ནོ། །བརྟེན་པ་ནི་སྙིང་གར་རྩ་ཀུན་འདར་ཧཱུྃ་གི་རྣམ་པ་ནི་བཅོམ་ལྡན་འདས་སུ་གསལ་བར་བྱས་ཏེ། ནག་པོ་ཞལ་བཞི་པ། ཕྱག་བཅུ་གཉིས་པ། སྤྱན་གསུམ་པ། གཡོན་བསྐུམ་གཡས་བརྐྱང་བའི་གནས་པས་འཇིགས་བྱེད་དང་དུས་མཚན་ཞབས་ཀྱིས་མནན་ཏེ་བཞུགས་པ། ཕྱག་དང་པོ་གཉིས་རྡོ་རྗེ་ཕག་མོ་ལ་འཁྱུད་པས་རྡོ་རྗེ་དང་དྲིལ་བུ་འཛིན་པ། གཞན་གཉིས་ཀྱིས་གླང་པོ་ཆེའི་པགས་པ་ན་བཟར་བཟུང་བ། གཡས་གསུམ་པ་ན་ཌཱ་མ་རུ། བཞི་པ་ན་དགྲ་སྟ། ལྔ་པ་ན་གྲི་གུག དྲུག་པ་ན་མདུང་རྩི་གསུམ་པའོ། །གཡོན་གསུམ་པ་ན་ཁ་ཊྭཱཾ་ག བཞི་པ་ན་ཁྲག་གིས་གང་བའི་ཐོད་པ། ལྔ་པ་ན་རྡོ་རྗེའི་ཞགས་པ། དྲུག་པ་ན་ཚངས་པའི་མགོ་བོ་བསྣམས་པའོ། །རལ་པའི་ཐོར་ཚུགས་དང༌། ཐོད་པའི་ཕྲེང་བ་དང༌། ཟླ་བ་ཕྱེད་པ་དང༌། སྣ་ཚོགས་རྡོ་རྗེས་དབུར་བརྒྱན་པ། ཞལ་རྣམ་པར་འགྱུར་བ། མཆེ་བ་གཙིགས་པ། ཞལ་དང་པོ་ནག་པོ། གཡས་པ་གསེར་གྱི་ཁ་དོག རྒྱབ་མ་ནི་པདྨ་རཱ་གའི་ཁ་དོག གཡོན་པ་ནི་མརྒད་ཀྱི་མདོག་ཅན། སྟག་གི་པགས་པའི་ཤམ་ཐབས་ཅན། མི་མགོ་རློན་པའི་ཕྲེང་བ་འཕྱང་བ། འཁོར་ལོ་དང་རྣ་ཆ་དང༌། མགུལ་རྒྱན་དང༌། ལག་གདུབ་དང༌། སྐ་རགས་དང༌། མཆོད་ཕྱིར་ཐོགས་དང་ཐལ་བ་སྟེ་ཕྱག་རྒྱ་དྲུག་གིས་བརྒྱན་པའོ། །བཅོམ་ལྡན་འདས་མ་ནི་དམར་མོ། ཞལ་གཅིག་མ། སྤྱན་གསུམ་པ། ཕྱག་གཉིས་པ། སྐྲ་གྲོལ་བ་གཅེར་བུ་དུམ་བུའི་སྐ་རགས་ཀྱིས་བརྒྱན་པ། ཕྱག་གཡོན་པས་ཁྲག་གིས་གང་བའི་ཐོད་པ་འཛིན་པ་འཁྱུད་པ། གཡས་པ་གྲི་གུག་རྡོ་རྗེས་མཚན་པ་འཛིན་ཅིང་སྡིགས་མཛུབ་བྱེད་པ། བྱིན་པ་གཉིས་ཀྱིས་འཁྱུད་པ་བཅོམ་ལྡན་འདས་དང་གཉིས་སུ་མེད་པར་སྦྱོར་བའོ། །དེའི་ཕྱོགས་ཀྱི་འདབ་མ་བཞི་ལ། མཁའ་འགྲོ་མ་དང༌། ལཱ་མཱ་དང༌། ཁཎྜ་རོ་ཧཱ་དང༌། གཟུགས་ཅན་མ་རྣམས་ནི། ནག་པོ་དང༌། ལྗང་གུ་དང༌། དམར་པོ་དང༌། སེར་པོ་དང༌། ཞལ་གཅིག་པ་སྤྱན་གསུམ་པ། སྐྲ་གྲོལ་བ། ཕྱག་བཞི་པ། གཡོན་ན་ཁ་ཊྭཱྃ་ག་དང་ཐོད་པ། གཡས་ན་ཌཱ་མ་རུ་དང་གྲི་གུག་བསྣམས་པ། གཡས་བརྐྱང་པའི་གནས་པས་བཞུགས་པ། གཅེར་བུ་ཕྱག་རྒྱ་ལྔས་བརྒྱན་པ་དགོད་པར་བྱའོ། །མཚམས་བཞིར་ནི་བདུད་རྩི་ལྔས་གང་བའི་སྣོད་བཞི་པོ་རྣམས་སོ། །མགོ་བོ་པུལླཱི་ར་མཱ་ལ་ཡར་ཁཎྜ་ཀ་པཱ་ལཱི་དང་རབ་ཏུ་གཏུམ་མོའོ། །སྤྱི་གཙུག་ཛཱ་ལནྡྷ་རར་མ་ཧཱ་ཀཾ་ཀ་ལཱ་དང་གཏུམ་པའི་མིག་ཅན་མའོ། །རྣ་བ་གཡས་པ་ཨཽ་ཌྱན་དུ་ཀཾ་ཀ་ལཱ་དང་འོད་ལྡན་མའོ། །སྤྱི་བོའི་རྒྱབ་ཨརྦུ་ཏར་མཆེ་བ་རྣམ་པར་གཙིགས་པ་དང་སྣ་ཆེན་མའོ། །རྣ་བ་གཡོན་པ་གོ་དཱ་བ་རིར་སུ་ར་བེ་རི་དང་བརྟན་པའི་བློ་ཅན་མའོ། །སྨིན་མའི་མཚམས་ར་མེ་ཤྭ་རིར་འོད་དཔག་ཏུ་མེད་པ་དང་མིའུ་ཐུང་མའོ། །མིག་དེ་ཝི་ཀོ་ཊར་རྡོ་རྗེའི་འོད་དང་ལཾ་ཀའི་དབང་ཕྱུག་མའོ། །ཕྲག་པ་མཱ་ལ་བར་རྡོ་རྗེའི་སྐུ་དང་ཤིང་གྲིབ་མ་སྟེ། ཐུགས་ཀྱི་འཁོར་ལོ་ནམ་མཁའ་ལ་སྤྱོད་པ་སྟེ། དཔའ་བོ་དང་རྣལ་འབྱོར་མ་རྣམས་ནག་པོའོ། །མཆན་ཁུང་ཀཱ་མ་རཱུ་པར་ཨཾ་གུ་རི་དང་ཨེ་ར་བ་ཏིའོ། །ནུ་མ་ཨོ་ཏྲེར་རྡོ་རྗེ་རལ་པ་ཅན་དང་འཇིགས་བྱེད་ཆེན་མོའོ། །ལྟེ་བ་ཏྲི་ཤ་ཀུ་ནེར་དཔའ་བོ་ཆེན་པོ་དང་རླུང་གི་ཤུགས་ཅན་མའོ། །སྣ་རྩེ་ཀོ་ས་ལར་རྡོ་རྗེ་ཧཱུྃ་མཛད་དང་ཆང་འཐུང་མའོ། །ཁ་ཀ་ལིངྒར་རབ་ཏུ་བཟང་མོ་དང་ཤྱཱ་མ་དེ་བཱིའོ། །མགྲིན་པ་ལཾ་པ་ཀར་རྡོ་རྗེ་བཟང་པོ་དང་ཤིན་ཏུ་བཟང་མོའོ། །སྙིང་ཀཱཉྩིར་འཇིགས་བྱེད་ཆེན་པོ་དང་རྟ་རྣ་མའོ། །འདོམ་བར་ཧི་མཱ་ལ་ཡར། མིག་མི་བཟང་དང་ཁ་གཱ་ན་ན་སྟེ་གསུང་གི་འཁོར་ལོ་ས་ལ་སྤྱོད་པ་སྟེ་དཔའ་བོ་དང་རྣལ་འབྱོར་མ་རྣམས་ནི་དམར་པོའོ། །མཚན་མ་པྲེ་ཏ་པུ་རིར། སྟོབས་པོ་ཆེ་དང་འཁོར་ལོའི་ཤུགས་ཅན་མའོ། །བཤང་ལམ་གྲྀ་ཧ་དེ་བར་རིན་ཆེན་རྡོ་རྗེ་དང་ཁཎྜ་རོ་ཧཱའོ། །བརླ་སཽ་རཱཥྚར་རྟ་མགྲིན་དང་ཤཽཎྜི་ནཱིའོ། །བྱིན་པ་སུ་ཝ་རྞ་དྭཱི་པར་ནམ་མཁའི་སྙིང་པོ་དང་འཁོར་ལོའི་གོ་ཆ་མའོ། །སོར་མོ་ན་ག་རར་དཔལ་ཧེ་རུ་ཀ་དང་ཤིན་ཏུ་དཔའ་མོའོ། །རྐང་པའི་བོལ་གོང་སིནྡྷཱུར་པདྨ་གར་གྱི་དབང་ཕྱུག་དང་སྟོབས་ཆེན་མའོ། །མཐེ་བོང་མ་རོར་རྣམ་པར་སྣང་མཛད་དང་འཁོར་ལོས་སྒྱུར་མའོ། །པུས་མོ་ཀུ་ལུ་ཏར་རྡོ་རྗེ་སེམས་དཔའ་དང་བརྩོན་འགྲུས་ཆེན་མོ་སྟེ། སྐུའི་འཁོར་ལོའི་ས་འོག་ན་གནས་པ་དཔའ་བོ་དང་རྣལ་འབྱོར་མ་རྣམས་ནི་དཀར་པོའོ། །ཐོད་པའི་དུམ་བུ་ལ་སོགས་པའི་དཔའ་བོ་རྣམས་ནི་ཞལ་གཅིག་ཕྱག་གཉིས་པ། སྤྱན་གསུམ་པ་རལ་པའི་ཐོར་ཚུགས་ཀྱིས་བརྒྱན་པ། ཕྱག་གཉིས་འཁྱུད་པས་རྡོ་རྗེ་དང་དྲིལ་བུ་འཛིན་པ། སྐུ་ལ་ཕྱག་རྒྱ་དྲུག་གིས་བརྒྱན་པ། གཡས་བརྐྱང་པས་བཞུགས་པའོ། །རབ་གཏུམ་ལ་སོགས་པ་རྣམས་ནི་ཞལ་གཅིག་པ་ཕྱག་གཉིས་པ། གཡོན་ཐོད་པ་བསྣམས་པས་འཁྱུད་པ། གཡས་སྡིགས་མཛུབ་དང་གྲི་གུག་འཛིན་པ་སྐྲ་གྲོལ་བ་གཅེར་བུ་གཉིས་སུ་མེད་པར་སྦྱོར་བ། ཕྱག་རྒྱ་ལྔས་བརྒྱན་པའོ། །ཐུགས་ཀྱི་འཁོར་ལོའི་མཁའ་འགྲོ་མ་ལ་སོགས་པ་རྣམས་ཀྱི་ཕྱི་རོལ་དུ། ཤར་དང་བྱང་དང་ནུབ་དང་ལྷོ་དང༌། ཤར་ལྷོ་དང་ལྷོ་ནུབ་དང་ནུབ་བྱང་དང་བྱང་ཤར་རྣམས་སུ་རིམ་པ་ཇི་ལྟ་བར། ཁྭ་གདོང་དང་འུག་གདོང་དང་ཁྱི་གདོང་དང་ཕག་གདོང་ཅན་དང༌། ཡ་མ་དཱ་དྷི་དང༌། གཤིན་རྗེ་ཕོ་ཉ་མོ་དང༌། གཤིན་རྗེ་མཆེ་བ་ཅན་དང༌། གཤིན་རྗེ་འཇོམས་མ་སྟེ། ཇི་ལྟར་མཁའ་འགྲོ་མ་ལ་སོགས་ཇི་ལྟར་ཁྭ་གདོང་ཅན་ལ་སོགས་པ་ཡང་དེ་ལྟར་རོ། །མཚམས་ན་བཞུགས་པའི་ལྷ་མོ་རྣམས་ནི་ཡིད་འཕྲོག་པའི་གཟུགས་གཉིས་མའོ། །རྣལ་འབྱོར་མ་ཐམས་ཅད་ཀྱང་སྐྲ་གྲོལ་བ། རྐང་པ་གཡོན་པ་བརྐྱང་པས་ཡི་དྭགས་ཀྱི་གདན་ལ་བཞུགས་པའོ། །དཔའ་བོ་དང་རྣལ་འབྱོར་མ་འདི་ཐམས་ཅད་མེ་ལོང་ཡོངས་སུ་དག་པ་ལ་བཞིན་གྱི་རྣམ་པ་གསལ་བ་ལྟར་བལྟ་བར་བྱའོ། །གལ་ཏེ་དེ་ལྟར་མ་ནུས་པའམ་གསལ་བར་མ་གྱུར་ན་ཐུགས་སུ་ནང་སྐོར་དུ་མྃ་ལྃ་པྃ་ཏཱྃ་རིམ་པ་བཞིན་མཁའ་འགྲོ་མ་ལ་སོགས་པར་མོས་པ་བྱའོ། །དེའི་ཕྱི་སྐོར་བརྒྱད་ལ་ཧཱུྃ་རིང་པོ་བརྒྱད་ནི་སྒོ་མཚམས་མ་བརྒྱད་དོ། །དཔའ་བོ་དང་རྣལ་འབྱོར་མ་རྣམས་ནི་ལུས་ཀྱི་ཆ་ཤས་ཉི་ཤུ་རྩ་བཞིར་པུ་ལ་སོགས་པ་ཉི་ཤུ་རྩ་བཞིར་གནས་པ་སྟེ། པུ་ཛཱ་ཨོ་ག་ཨ་གོར་དེ་མ་ཐུགས། ཀ་ཨོ་ཏྲི་ཀོ་ལ་ཀཱ་ཧི་གསུང༌། པྲེ་གྲྀ་སུ་ན་སི་མ་ཀུ་སྐུ། དཔའ་བོ་དང་རྣལ་འབྱོར་མ་རྣམས་དེར་མོས་པ་བྱ། གལ་ཏེ་དེ་ལྟར་དེའང་མ་འབྱོར་པའམ། མི་གསལ་བར་གྱུར་ན་དེ་དང་དེའི་གནས་སུ། རྩ་གཟུགས་མཛེས་པར་གནས་པ་དཔའ་བོ་དང༌། རྣལ་འབྱོར་མའི་ཚོགས་སུ་མོས་པ་བྱ། དེ་ནི་སློབ་དཔོན་ཉིད་ཀྱིས་ཀྱང༌། །དེ་ནས་གནས་དང་ཉེ་གནས་སོ། །བདུད་རྩི་དཀྱིལ་འཁོར་ལུས་དཀྱིལ་འཁོར། །ལ་གནས་བྱང་ཆུབ་ཕྱོགས་ཀྱི་ཆོས། །སུམ་ཅུ་རྩ་བདུན་རང་བཞིན་ཏེ། །རྩ་ནི་སུམ་ཅུ་རྩ་བདུན་པའོ། །ལྷ་ཡི་འཁོར་ལོའི་དཀྱིལ་འཁོར་པ། །ཞེས་སོ། །དེ་ནས་བདག་ཉིད་ལ་གོ་ཆ་གཉིས་དགོད་པར་བྱ་སྟེ། སྙིང་གར་ཨོཾ་ཧ་རྡོ་རྗེ་སེམས་དཔའ་སྟེ་དཀར་པོའོ། །མགོ་བོ་ལ་ན་མ་ཧི་སྟེ་རྣམ་པར་སྣང་མཛད་སེར་པོའོ། །སྤྱི་གཙུག་ཏུ་སྭཱ་ཧཱ་ཧཱུ་པདྨ་གར་གྱི་དབང་ཕྱུག་སྟེ་དམར་པོའོ། །ཕྲག་པ་གཉིས་ལ་ནི་བཽ་ཥཊ་ཧེ་དཔལ་ཧེ་རུ་ཀ་སྟེ་ནག་པོའོ། །མིག་གཉིས་ལ་ཧཱུྃ་ཧཱུྃ་ཧོ་རྡོ་རྗེ་ཉི་མ་སྟེ་སེར་པོའོ། །ཡན་ལག་ཐམས་ཅད་ལ་ཕཊ་ཧྃ་རྟ་མཆོག་སྟེ་ལྗང་གུའོ། །ལྟེ་བར་ཨོཾ་བྃ་རྡོ་རྗེ་ཕག་མོ་སྟེ་དམར་མོའོ། །སྙིང་གར་ཧྃ་ཡོཾ་ཡ་མི་ནི་སྟེ་སེར་མོའོ། །ཁར་ཧྲིཾ་མྃ་རྨོངས་བྱེད་མ་སྟེ་དཀར་མོའོ། །མགོ་བོ་ལ་ཧྲེཾ་ཧྲིཾ་སྦྱིན་བྱེད་མ་སྟེ་སྔོན་མོའོ། །སྤྱི་གཙུག་ཏུ་ཧཱུྃ་ཧཱུྃ་སྐྲག་བྱེད་མ་སྟེ་དུད་ཁའོ། །ཡན་ལག་ཐམས་ཅད་ལ་ཕཊ་ཕཊ་ཙཎྜི་ཀ་སྟེ་ལྗང་གུའོ། །ཐམས་ཅད་ཟླ་བའི་གདན་ལ་དགོད་པར་བྱའོ། །མཛུབ་མོ་མདུད་བྱས་གུང་མོ་ངེས་པར་སྦྱར། །མཐེ་བོ་རབ་སྦྱར་འདི་ནི་དཔྲལ་བ་ཡི། །གནས་བཞག་ནས་ནི་གཡོན་ནས་གཅུ་ཞིང་བསྐོར། །རྐང་མནན་གྱེན་དུ་བལྟ་བྱ་ཕཻཾ་སྒྲ་བསྒྲགས། །སྙིང་གའི་ས་བོན་འོད་ཟེར་ཚོགས་ཀྱིས་ནི། །མཁའ་དབྱིངས་དག་པར་ཡེ་ཤེས་སྤྱན་དྲངས་ཏེ། །ཇི་བཞིན་མཆོད་ནས་ཛཿཧཱུྃ་བྃ་ཧོཿཡིས། །རང་གི་ལུས་ལ་གནས་རྣམས་སོ་སོར་གཞུག །དེའི་རྗེས་ལ་རྣམ་ལྔ་འདོད་པས་བསྐོར་ཞིང༌། ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཱ་ཡོ་ག་ཤུདྡྷོ྅་ཧཾ། ཞེས་བརྗོད་པས་འཁྱུད་པའི་ཚུལ་བྱའོ། །གོ་ཆ་ནི་སྔོན་དུ་བྱེད་པའམ་ཡང་ན་དེའི་རྗེས་ལ་དགོད་པ་དེ་ནི་མི་འབྲལ་བར་བྱེད་པའོ། །དེ་ནས་ཡང་སྙིང་གའི་ས་བོན་གྱི་འོད་ཟེར་གྱི་ཚོགས་ཀྱིས་དེ་བཞིན་གཤེགས་པ་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས་ལ་ཡིད་ལས་བྱུང་བའི་མཆོད་པས་མཆོད་དེ། བཅོམ་ལྡན་དེ་བཞིན་གཤེགས་པ་རྣམས། །བཅོམ་ལྡན་བདག་ཉིད་ཆེན་པོ་ཀུན། །ཐུགས་རྗེའི་བདག་ཉིད་ཅན་རྣམས་ཀྱིས། །བདག་ལ་དབང་བསྐུར་སྩལ་དུ་གསོལ། །ཞེས་བྱ་བས་གསོལ་བ་བཏབ་པ་དང༌། བདུད་རྩི་ལྔས་གང་བའི་བུམ་པ་བཟུང་སྟེ། ཇི་ལྟར་བལྟམས་པ་ཙམ་གྱིས་ཀྱང༌། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་བརྗོད་ཅིང་དབང་བསྐུར་བར་བསམས་ཏེ་མཐར་ཆུ་ལུད་པ་ལས་ལྷ་ཐམས་ཅད་ཀྱི་དབུ་ལ་ཐོད་པ་ལྔ་ལྔའི་སྟེང་དུ་རྡོ་རྗེ་རྩེ་གཅིག་པ་རེ་རེས་མཚན་པར་བསམ་པར་བྱ་བའམ། ཡང་ན་བཅོམ་ལྡན་འདས་ཡབ་ཡུམ་ལ་མི་བསྐྱོད་པའོ། །སྙིང་པོའི་རྣལ་འབྱོར་མ་བཞི་ལ་རིན་ཆེན་འབྱུང་ལྡན། འཁོར་ལོ་གསུམ་ལ་སོ་སོའི་རིགས་ཀྱི་བདག་པོ། སྒོ་མཚམས་མ་བརྒྱད་ལ་དོན་ཡོད་གྲུབ་པས་དབུར་བརྒྱན་པར་བྱའོ། །ཡིག་འབྲུའམ་རྩ་ལ་མོས་པ་བྱས་ན་ནི་འདི་ལའང་མོས་པ་ཙམ་གྱིས་བྱའོ། །དེ་ནས། ཨོཾ་ན་མོ་བྷ་ག་ཝ་ཏེ་ཝཱི་རེ་ཤཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་མ་ཧཱ་ཀལྤཱགྣི་སནྣི་བྷཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཛཱ་ཊ་མུ་ཀུ་ཊོཏྐ་ཊཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་དཾཥྚཱ་ཀཱ་ར་ལོ་གྲ་བྷི་ཥ་ཎ་མུ་ཁཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ས་ཧ་སྲ་བྷུ་ཛ་བྷ་སུ་རཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་པ་ར་ཤུ་པཱ་ཤོ་དྱ་ཏ་ཤཱུ་ལ་ཁ་ཊྭཱཾ་ག་དྷཱ་རི་ཎི་ཧཱུྃ་ཧཱུྃ་ཕཊ། ཨོཾ་བྱཱ་གྷྲ་ཛི་ནཱམྦ་ར་དྷ་རཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་མ་ཧཱ་དྷཱུམ་བྲཱནྡྷ་ཀ་ར་ཝ་པུ་ཥཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཅེས་བྱ་བའི་སྔགས་ཀྱི་མཆོད་པ་བསྡུས་པའོ། །རྒྱས་པར་བྱེད་ན་རྩ་སྔགས་གཉིས་གཉིས་སུ་མེད་པ། སྙིང་པོ་གཉིས་དང༌། ཉེ་སྙིང་གཉིས་དང༌། ཞལ་བཞི་པའི་དང༌། སྙིང་པོའི་རྣལ་འབྱོར་མ་བཞིའི་གཉིས་སུ་མེད་པ་དང༌། འཁོར་ལོ་གསུམ་གྱི་ཡབ་ཡུམ་གཉིས་གཉིས་སུ་མེད་པ་དང༌། རྐང་པ་བརྒྱད་པ་དང༌། སྒོ་མཚམས་མ་བརྒྱད་ཀྱི་གཉིས་སུ་མེད་པ་སྟེ་འདི་ནི་གཞན་དུ་བལྟའོ། །དེ་ནས་བདུད་རྩིའི་མཆོད་པ་བྱའོ། །དེ་ནས་མཉེས་མཆོད་དང་ཡིད་མཆོད་བྱའོ། །སྤྲོས་པ་ལ་དགའ་ན་བསྟོད་པས་ཀྱང་བསྟོད་དེ་དེ་དག་ཀྱང་གཞན་དུ་བཙལ་ལོ། །ཡང་ན་སྔགས་ཀྱི་མཆོད་པ་ནི་མཉེས་མཆོད་ཀྱི་རྗེས་ལ་བྱས་ཀྱང་འགལ་བ་མེད་དོ། །དེ་ནས་ལྷ་རྣམས་ལ་སེམས་འཛིན་ན་གང་འདོད་པ་དེ་ལ་དམིགས་ཏེ་བསྒོམ་པར་བྱའོ། །མི་འདོད་ན་བདག་གི་སྙིང་གའི་ས་བོན་ལས་སྔགས་ཀྱི་ཕྲེང་བ་ལས་བཞིའི་ཁ་དོག་ཅན་དུ་བྱུང་སྟེ་ཡབ་ཀྱི་ཞལ་ནས་ཡུམ་གྱི་ཞལ་དུ་ཞུགས་པདྨ་ནས་རྡོ་རྗེ་འཁོར་བར་རྒྱུན་མི་ཆད་པར་དམིགས་ལ། དེ་ལ་མ་ཡེངས་པར་ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུྃ་ཧཱུྃ་ཕཊ་ཌཱ་ཀི་ནཱི་ཛཱ་ལ་སཾ་བ་རཾ་སྭཱ་ཧཱ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ་ཅེས་བྱ་བ་སྙིང་པོ་གཉིས་སམ། ཨོཾ་ཧྲཱི་ཧ་ཧ་ཧཱུྃ་ཧཱུྃ་ཕཊ། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་བཛྲ་ཝརྞ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ། ཅེས་བྱ་བ་ཉེ་སྙིང་གཉིས་ཏེ། མ་ཡེངས་པའི་སེམས་ཀྱིས་ཇི་སྲིད་སྐྱོ་བར་མ་གྱུར་བར་དེ་སྲིད་དུ་བཟླས་སོ། །དེ་ལ་སྐྱོ་ན་ལྷ་རྣམས་སོ་སོའི་གནས་སུ་ཐིམ་པར་བསམས་ལ་རྫོགས་པའི་རིམ་པ་ལྔ་ལས་གང་ཡང་རུང་བ་བསྒོམ་མོ། །མཉམ་པར་གཞག་པའི་རྣལ་འབྱོར་རིམ་པ་གཉིས་སོ། །དེ་ལའང་སྐྱོ་ན་ཧེ་རུ་ཀའི་གཟུགས་སུ་ལངས་ལ་མཁའ་འགྲོའི་ཚོགས་ལ་གཏོར་མས་མཆོད་པར་བྱ་སྟེ། ལྷག་ཆད་ཁ་བསྐང་བའི་ཕྱིར་ཡི་གེ་བརྒྱ་པ་བརྗོད་ལ། བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །ཞེས་བརྗོད་དེ། དཔའ་བོའི་གོ་ཆ་དང་དཔའ་མོའི་གོ་ཆ་དང༌། གོ་ཆ་ཆེན་པོ་བགོ་བར་བྱའོ། །དེ་ནས་སྤྱོད་ལམ་གྱི་དུས་སུ་དཔལ་ཧེ་རུ་ཀའི་དགའ་བ་དང༌། གསུང་གི་དགའ་བ་དང༌། འཇིགས་པ་མེད་པ་དང༌། ཡུལ་གྱི་དུག་གིས་མ་ཕྲོགས་པར་གནས་པར་བྱའོ། །ཁ་ཟས་ཀྱི་དུས་སུ་ཁ་ཟས་ཆོ་ག་ཇི་ལྟ་བ་བཞིན་བྱིན་གྱིས་བརླབས་ཏེ། ལྷ་མཆོད་པའི་བསམ་པས་ལྕེ་ལ་རྡོ་རྗེ་ཧཱུྃ་གིས་མཚན་པ་བསམས་ཏེ། གཡོན་གྱི་ཀུན་ཏུ་སྤྱོད་པས་བཟའ་བར་བྱའོ། །དཔལ་ལྡན་བདེ་མཆོག་འཁོར་ལོའི་རྣལ་འབྱོར་མཆོག་ལུགས་ཀྱི། །བསྐྱེད་པའི་རིམ་པ་མངོན་བརྗོད་བླ་མ་ལས་བྱུང་བ། །དྲིལ་བུའི་ཞབས་ཀྱིས་ལེགས་བཏུས་པ་ཡི་གཞུང་དེ་ཡི། །མངོན་རྟོགས་བློ་དམན་གཟུང་ཕྱིར་བརྩེ་ཆེན་བླ་མས་གསུངས། །དེ་ཉིད་རྒྱས་པར་བཤད་པ་འདི་ནི་བསོད་ནམས་རྩེ། །བདག་འདྲའི་ཡུལ་མིན་མོད་ཀྱང་དཔལ་ལྡན་བླ་མ་དེའི། །གསུང་གི་གཟེགས་མ་བརྟེན་བྱས་ལས་དགེ་གང་བསགས་པ། །དེས་ནི་འགྲོ་ཀུན་རྡོ་རྗེ་འཛིན་པར་འགྲོ་བར་ཤོག །སློབ་དཔོན་རྡོ་རྗེ་དྲིལ་བུ་བའི་གཞུང་གི་མངོན་པར་རྟོགས་པའི་རིམ་པ་ཅུང་ཟད་རྒྱས་པར་བྲིས་པ། དཔལ་བརྩེ་བ་ཆེན་པོ་དང་ལྡན་པའི་ཞབས་ཀྱི་པདྨོ་རྙོག་པ་མེད་པ་ལ་སྤྱི་བོས་གཏུགས་པའི་རྣལ་འབྱོར་པ་བསོད་ནམས་རྩེ་མོས་བྲིས་པའོ། །འདིས་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་པར་གྱུར་ཅིག།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*