༼ཅ༽
༄༅། །དེའི་དབང་གི་བྱ་བ་མདོར་བསྡུས་བཞུགས།།
༄༅། །ཨོཾ་སིདྡྷི་རསྟུ། བླ་མ་དམ་པའི་ཞབས་ལ་སྤྱི་བོས་ཕྱག་འཚལ་ལོ། །གང་གི་རང་བཞིན་མཁའ་འདྲ་སྤྲོས་པའི་འཆིང་ཀུན་བྲལ། །གཉིས་མེད་སྦྱོར་བརྩོན་ཐབས་ཀྱིས་སྣ་ཚོགས་གཟུགས་འཆང་བ། །བཅུ་ཕྲག་དྲུག་དང་གཉིས་ཀྱིས་ལྷག་པའི་ལྷ་འཁོར་ལོ། །རང་བཞིན་གྱིས་ལུས་གནས་པའི་ཚོགས་ཀྱིས་རྟག་ཏུ་སྐྱོངས། །དཔལ་ལྡན་མི་བརྗེད་གཟུངས་མངའ་བརྩེ་བའི་བདག་ཉིད་ཅན། །འགྲོ་དོན་སྐྱོ་བྲལ་བླ་མ་དེ་ལ་ཕྱག་འཚལ་ཏེ། །རྣལ་འབྱོར་མཆོག་ལུགས་དཔལ་སྡོམ་རྒྱུད་ཀྱི་རྗེས་འབྲངས་ལ། །རང་བཞིན་ལ་བརྟེན་སྨིན་བྱེད་བླ་མའི་གསུང་བཞིན་དབྱེ། །འདིར་སློབ་དཔོན་དྲིལ་བུ་ཞབས་ཀྱིས་བློ་མཆོག་ཏུ་གྱུར་པའི་གང་ཟག་གི་དབང་དུ་བྱས་ཏེ་དཔལ་ཧེ་རུ་ཀ་མངོན་པར་འབྱུང་བ་དང༌། མངོན་པར་བརྗོད་པའི་རྒྱུད་བླ་མ་ལ་བརྟེན་ནས། བཅོས་མ་གཉིས་ཀྱི་དཀྱིལ་འཁོར་སྤངས་ནས་རང་བཞིན་གྱིས་གྲུབ་པའི་དཀྱིལ་འཁོར་ལ་བརྟེན་ཏེ། དབང་གི་བྱ་བ་མདོར་བསྡུས་པ་ལས། ཐོག་མར་འཁོར་ལོ་སུམ་རིམ་ཞེས་བྱ་བའི་ཚིགས་སུ་བཅད་པ་གཅིག་གིས་རྩོམ་པ་དང་འབྲེལ་པ་ཀླད་ཀྱི་དོན་བསྟན་ཏེ། དེའང་ཚིགས་སུ་བཅད་པ་ཕྱེད་སྔ་མས་ནི་རང་བཞིན་གྱིས་གནས་པའི་དཀྱིལ་འཁོར་ལ་ཕྱག་འཚལ་ཞེས་མཆོད་པར་བརྗོད་པ་ཡིན་ལ། ཕྱེད་ཕྱི་མས་ནི་དགོས་པ་དང་བཅས་པའི་གཞུང་བཤད་པར་དམ་བཅའ་བ་བསྟན་ཏོ། །ཡང་དོན་ཕྱོགས་གཅིག་ཏུ་བྱས་ཏེ་རང་བཞིན་གྱི་དཀྱིལ་འཁོར་ལ་བརྟེན་པའི་དབང་བསྐུར་བའི་ཆོ་གའི་རིམ་པ་ནི་འདིའི་བརྗོད་པར་བྱ་བའི་དོན་ཏོ། །དེས་སྣོད་དུ་རུང་བར་བྱས་ནས་རང་བཞིན་གྱི་ལུས་ལ་དཀྱིལ་འཁོར་དུ་གྲུབ་ཀྱང་བློ་ལ་དེ་ལྟར་མ་ཤར་བ་ཤར་བར་བྱེད་པ་ནི་དགོས་པ་སྟེ། དེའང་འཁོར་ལོ་སུམ་རིམ་ཞེས་པ་རྐང་པ་གཉིས་ཀྱིས་བསྟན་ཏེ། འཁོར་ལོ་ནི་འཁོར་ལོའི་བདག་པོ་སྟེ་གཙོ་བོ་ཡབ་ཡུམ་མོ། །སུམ་རིམ་ནི་སྐུ་གསུང་ཐུགས་སོ། །རྣལ་འབྱོར་མ་ནི་སྙིང་པོའི་དང་དམ་ཚིག་གི་རྣལ་འབྱོར་མའོ། །དེ་ལྟར་ལྷ་དྲུག་ཅུ་རྩ་གཉིས་སམ་སུམ་ཅུ་རྩ་བདུན་དག་གིས་ཀྱང་ཁམས་གསུམ་པའི་སེམས་ཅན་མཐའ་དག་ལ་ངོ་བོ་ཉིད་ཀྱིས་གནས་ཀྱང༌། དེ་ལྟར་གནས་པར་བློ་ལ་མ་གྲུབ་པ་གྲུབ་པར་བྱེད་པ་ནི་དགོས་པའོ། །དེ་ལྟར་གྲུབ་པར་བྱས་ཏེ་ལམ་ལ་བརྩོན་པར་བྱས་པ་ལས་རྡོ་རྗེ་ཅན་གྱི་གནས་ཐོབ་པར་བྱེད་པ་ནི་དགོས་པའི་ཡང་དགོས་པའོ། །དེ་དག་གཞུང་འདི་དང་འབྲེལ་བའོ། །དེ་ལྟར་རང་བཞིན་གྱིས་གནས་པ་དང༌། གནས་ཀྱང་དེ་ལྟར་མ་ཤེས་པ་གཉིས་ཀྱིས་འབྲས་བུ་ཐོབ་པར་བྱེད་པ་ལ་ལམ་གྱིས་མི་ནུས་པ་དང་མི་དགོས་པའི་སྐྱོན་ཡང་མེད་དོ། །དོན་དང་པོའོ།། །།ད་ནི་དེ་ཉིད་ཀྱི་དོན་རྒྱས་པར་བསྟན་པའི་ཕྱིར་དང༌། ཆོ་ག་མདོར་བསྡུས་ཀྱི་སྤྱིའི་དོན་རྣམ་པར་གཞག་པ་བསྟན་པ་ནི། དབང་བསྐུར་དཀྱིལ་འཁོར་སྔོན་འགྲོ་བར། །རྡོ་རྗེ་འཆང་གིས་བཤད་པ་སྟེ། །འོན་ཀྱང་དཀྱིལ་འཁོར་དེ་རང་བཞིན། །ཅི་ཡིན་དེ་ནི་འདི་ལྟར་བཤད། །རི་མོར་གནས་པའི་ལས་དང་ནི། །ཐིག་ལ་ཚོན་དབྱེའི་རིམ་པ་བསྟན། །འགྲོ་བ་འདི་ཉིད་རང་བཞིན་གྱིས། །གྲུབ་པའི་དཀྱིལ་འཁོར་གཉིས་མེད་པའོ། །བཅོས་མ་གཉིས་ཀྱི་ངོ་བོ་གང༌། །དེ་ནི་གདུལ་བྱའི་དབང་ལས་འདོད། །མཁས་པའི་བསྒྲུབ་བྱ་དེ་མིན་ཏེ། །ཡང་དག་དོན་མཐོང་གྲོལ་ཕྱིར་རོ། །འཁོར་ལོ་གསུམ་གྱི་དཀྱིལ་འཁོར་གྲུབ། །དཀྱིལ་འཁོར་ལྷ་རྣམས་གྲུབ་པའོ། །དེ་ཡི་དབང་བསྐུར་ལ་སོགས་རིམ། །ཅི་ནས་མ་གྲུབ་ཡང་གྲུབ་བྱེད། །དེ་ཡི་རང་བཞིན་མི་ཤེས་རྣམས། །སྣོད་དུ་བྱ་བར་བཞེད་པ་སྟེ། །དབང་བསྐུར་སོགས་རིམ་ཀུན་རྫོབ་ཏུ། །མངོན་སུམ་དུ་ནི་བསྒྲུབ་པའོ། །སློབ་དཔོན་ལ་སོགས་དབྱེ་བ་ཡིས། །དབང་བསྐུར་རྣམ་པ་བཞིར་བཤད་དེ། །ཆུ་ཡི་དབང་སོགས་དབྱེ་བ་ཡིས། །བཞི་པོ་དེ་ནི་བཅུ་བཞིའོ། །ཞེས་བྱ་བའི་ཚིགས་སུ་བཅད་པ་དྲུག་དོན་ལྔས་བཤད་པར་བྱ་སྟེ། དབང་བསྐུར་བ་ལ་དཀྱིལ་འཁོར་སྔོན་དུ་འགྲོ་བའི་འཐད་པ་དང༌། དཀྱིལ་འཁོར་གྱི་རབ་ཏུ་དབྱེ་བ་དང༌། དེ་ལ་བཅོས་མ་གཉིས་སྤངས་ཏེ་རང་བཞིན་ལ་བརྟེན་པའི་ཚུལ་དང༌། དེར་ཀུན་རྫོབ་ཏུ་དབང་བསྐུར་བ་དགོས་པའི་འཐད་པ་དང༌། དབང་གི་དབྱེ་བ་སྤྱིར་བསྟན་པའོ། །དང་པོ་ནི་དབང་བསྐུར་ཞེས་བྱ་བ་རྐང་པ་གཉིས་ཏེ། དེའང་སྤྱིར་གོ་རིམ་ནི་འབྲས་བུའི་སྔོན་དུ་ལམ་མངོན་པར་རྟོགས་པ་འགྲོ་དགོས་ཏེ་འབྲས་བུ་དེས་བསྒྲུབས་པའི་འབྲས་བུ་ཡིན་པས་སོ། །དེའི་སྔོན་དུའང་དབང་བསྐུར་བ་འགྲོ་དགོས་ཏེ། དེས་སྣོད་དུ་རུང་བར་མ་བྱས་ན་ལམ་གྱི་སྣོད་མ་ཡིན་པས་ལམ་བསྒྲུབས་ཀྱང་འབྲས་བུ་མི་འབྱུང་སྟེ། ཕྱག་རྒྱ་ཆེན་པོ་ཐིག་ལེའི་རྒྱུད་ལས། དབང་མེད་ན་ནི་དངོས་གྲུབ་མེད། །བྱེ་མ་བཙིར་ཡང་མར་མེད་ལྟར། །གང་ཞིག་རྒྱུད་ལུང་ང་རྒྱལ་གྱིས། །དབང་བསྐུར་མེད་པར་འཆད་བྱེད་པ། །སློབ་དཔོན་སློབ་མ་ཤི་མ་ཐག །དངོས་གྲུབ་ཐོབ་ཀྱང་དམྱལ་བར་འགྲོ། །དེ་བས་འབད་པ་ཐམས་ཅད་ཀྱིས། །བླ་མ་ལ་ནི་དབང་ནོད་ཞུ། །ཞེས་སོ། །དེའང་དཀྱིལ་འཁོར་སྔོན་དུ་འགྲོ་བར་རྡོ་རྗེ་འཆང་གིས་གསུངས་ཏེ། རྒྱུད་སྡེ་མཐའ་དག་ནས་དཀྱིལ་འཁོར་མེད་པའི་དབང་བསྐུར་བ་མ་གསུངས་པས་ན་དཀྱིལ་འཁོར་སྔོན་དུ་འགྲོའོ། །གཉིས་པ་ནི་དེ་ལ་གང་ཟག་གི་བློའི་བྱེ་བྲག་གི་དཀྱིལ་འཁོར་དེའི་རང་བཞིན་གྲངས་གསུམ་དུ་འདི་ལྟར་བཤད་དེ། གང་ཟག་དབང་པོ་ཐ་མ་ལ་རས་བྲིས་ལ་སོགས་པ་ལྷའི་སྐུ་ཕྱག་རྒྱ་ཆེན་པོ་ལྷ་ཞལ་དང་ཕྱག་གི་རྣམ་པ་ཅན་མེད་ན་བློ་ལ་ངེས་ཤེས་མི་སྐྱེ་བས། རི་མོར་གནས་པའི་ལས་དང་ནི། །ཞེས་གསུངས་སོ། །དེ་ལས་ཅུང་ཞིག་ཡིད་ཆེས་པར་སླ་བས་ས་ལ་ཐིག་བཏབ་པ་ལ་རྡུལ་ཚོན་གྱིས་ལྷའི་ཕྱག་མཚན་ལ་སོགས་པའི་དཀྱིལ་འཁོར་ཏེ། ཐིག་ལ་ཚོན་དགྱེའི་རིམ་པ་བསྟན། །ཞེས་པ་དང༌། གང་ཟག་དབང་པོ་རབ་ལ་རང་གི་ལུས་ལ་རང་བཞིན་གྱིས་གྲུབ་པའི་དཀྱིལ་འཁོར་ཏེ། འགྲོ་བ་འདི་དག་རང་བཞིན་གྱིས། །གྲུབ་པའི་དཀྱིལ་འཁོར་གཉིས་མེད་པའོ། །ཞེས་པ་དང་གསུམ་མོ། །གཞན་མངོན་བརྗོད་བླ་མ་ལས། མེ་ཏོག་ཚོམ་བུའི་དཀྱིལ་འཁོར་ཞེས་བྱ་བ་གསུངས་པ་དེ་ནི་གང་ཟག་དབང་པོ་འབྲིང་གི་དབང་དུ་བྱས་པའི་དཀྱིལ་འཁོར་དུ་བསྡུའོ། །གསུམ་པ་ནི་དེ་ལྟར་དཀྱིལ་འཁོར་གསུམ་ལས་འདིར་གཉིས་པོ་མ་བསྟན་པ་ནི། བཅོས་མ་གཉིས་པོ་གདུལ་བྱ་རྟོགས་ལྡན་གྱི་གང་ཟག་འབྲིང་དང་ཐ་མའི་དབང་དུ་བྱས་པ་ཡིན་ནོ། །འདིར་རྟོག་པ་བཅོམ་པས་གང་ཟག་རབ་མཁས་པའི་བྱ་བ་ཡིན་པས་གཉིས་མ་ཡིན་ཏེ། རང་བཞིན་གྱི་དཀྱིལ་འཁོར་གྱི་དོན་མཐོང་བས་གྲོལ་བའི་ཕྱིར། རང་བཞིན་གྱི་དཀྱིལ་འཁོར་ཉིད་ཇི་ལྟར་གྲུབ་སྙམ་པ་ལ། འཁོར་ལོ་གསུམ་གྱི་རྟེན་གྱི་དཀྱིལ་འཁོར་རང་བཞིན་གྱིས་ལུས་ལ་གྲུབ་སྟེ། དཔལ་ཁ་སྦྱོར་ཐིག་ལེ་ལས། རྐང་པའི་མཐིལ་དུ་རྩོམ་ཆེན་རླུང༌། །ཞེས་བྱ་བ་ནས། ལུས་ཀྱི་དཀྱིལ་འཁོར་ཉིད་དུ་བརྗོད། །ཅེས་བྱ་བའི་བར་དུ་གསུངས་པས་རྟེན་ལུས་གྲུབ་ལ། དཀྱིལ་འཁོར་གྱི་བརྟེན་པ་ལྷ་རྣམས་ཀྱང་གྲུབ་སྟེ། ལུས་ཀྱི་རྩ་དང་ཁམས་དྭངས་མ་ལྷའི་ངོ་བོ་ཡིན་ཏེ། འདི་དག་གནས་སུ་མཁའ་འགྲོ་མ། །རྩ་གཟུགས་མཛེས་པས་ཡང་དག་གནས། །ཞེས་གསུངས་སོ། །བཞི་པ་ནི་གལ་ཏེ་དེ་ལྟར་ངོ་བོ་ཉིད་ཀྱིས་ལུས་ལ་དཀྱིལ་འཁོར་གྲུབ་ན་དབང་བསྐུར་མི་དགོས་ལ་ངོ་བོ་ཉིད་ཀྱིས་མ་གྲུབ་ན། གྲུབ་པར་བསམས་པས་འབྲས་བུ་མི་འབྱུང་སྟེ། སྤྲང་པོ་རྒྱལ་པོར་རློམ་པ་དང་མཚུངས་སོ་སྙམ་པ་ལ། མ་ཡིན་ཏེ་ངོ་བོ་ཉིད་ཀྱིས་གྲུབ་པས་སྔར་མ་གྲུབ་པ་ཅིག་ལ་ཕྱིས་གྲུབ་པར་བྱེད་པ་མ་ཡིན་ལ། ངོ་བོ་ཉིད་ཀྱིས་གྲུབ་ཀྱང་དབང་བསྐུར་བ་ལ་སོགས་པའི་སྒོ་ནས་བློ་ལ་གྲུབ་པར་མ་ཤེས་པ་རྣམས་ལ་མ་གྲུབ་པ་གྲུབ་པར་བྱེད་པ་ཡིན་པས་ན། དེའི་རང་བཞིན་བློ་ལ་གྲུབ་པར་མི་ཤེས་པ་རྣམས་ལ་བློ་ལ་གྲུབ་པར་བྱས་ནས་སྣོད་དུ་བྱ་བར་བཞེད་པ་ཡིན་ཏེ། དཔེར་ན་དབུལ་པོའི་མལ་འོག་ན་གཏེར་ཡོད་ཀྱང་ཡོད་པར་མ་ཤེས་ན་དབུལ་བ་ལས་མི་གྲོལ་བ་ལ། དེ་ཡོད་པར་ཤེས་པ་ལ་དབུལ་བ་ལས་གྲོལ་བར་བྱེད་པ་བཞིན་ནོ། །ལུས་ལ་དཀྱིལ་འཁོར་གྲུབ་པ་དེའང་རང་བཞིན་གྱིས་གྲུབ་པས་དོན་དམ་པར་དགོས་པ་མེད་ཀྱང༌། ཀུན་རྫོབ་ཏུ་བློ་ལ་གྲུབ་པར་བྱེད་པས་གློ་བུར་གྱི་དྲི་མ་སེལ་བར་བྱེད་པ་ཡིན་ཏེ། དཔལ་ཀྱེའི་རྡོ་རྗེ་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་བསལ་ནས་ནི་སངས་རྒྱས་ཉིད། །ཅེས་གསུངས་སོ། །ལྔ་པ་ནི་དེ་ལྟར་མི་གསལ་བ་གསལ་བར་བྱེད་པའམ། བློ་ལ་མ་གྲུབ་པ་གྲུབ་པར་བྱེད་པ་དབང་བསྐུར་བའི་གྲངས་ནི། སློབ་དཔོན་ལ་སོགས་དབྱེ་བ་ཡིས། །བཞི་པོ་དེ་ནི་བཅུ་བཞིའོ། །ཞེས་གསུངས་སོ། །སོགས་ཀྱིས་གསང་དབང་དང༌། ཤེས་རབ་ཡེ་ཤེས་དང་བཞི་པ་སྟེ་བཞི་ཡིན་ལ། དེ་ལས་ཀྱང་སློབ་དཔོན་ལ་མེ་ཏོག་ཕྲེང་བ་དང༌། ཆུ་དང༌། ཅོད་པཎ་དང༌། རྡོ་རྗེ་དང༌། དྲིལ་བུ་དང༌། མིང་དང༌། ཐུན་མོང་གི་བརྟུལ་ཞུགས་དང༌། ཐུན་མོང་མ་ཡིན་པའི་བརྟུལ་ཞུགས། ལུང་བསྟན། དབུགས་དབྱུང༌། གཟེངས་བསྟོད་གསུམ་བློའི་བྱེ་བྲག་གིས་ཕྱེ་ན་བཅུ་གཅིག་གོ །ཡང་ན་ཆོ་གའི་བྱ་བ་གཅིག་པས་དེ་གསུམ་ལ་གཅིག་སྟེ་དགུ། རྡོ་རྗེ་སློབ་དཔོན་དང་བཅུ། དེའི་མཐའ་རྟེན་རྗེས་སུ་གནང་བ་དང་བཅུ་གཅིག དབང་གོང་མ་གསུམ་སྟེ་དེ་ལ་དབྱེ་ན་བཅུ་བཞིའོ། །ཡང་ན་མེ་ཏོག་ཕྲེང་བ་དང༌། སྔགས་ཀྱི་དབང༌། ཆུ། ཅོད་པཎ། རྡོ་རྗེ། དྲིལ་བུ། མིང་བརྟུལ་ཞུགས་གཉིས་གཅིག ལུང་བསྟན། དབུགས་དབྱུང༌། གཟེངས་བསྟོད། རྡོ་རྗེ་སློབ་དཔོན་རྗེས་གནང་དང་བཅས་པ་དང༌། དབང་གོང་མ་གསུམ་སྟེ་བཅུ་བཞིའོ། །སློབ་དཔོན་འདི་ཉིད་ཀྱི་དགོངས་པའང་དེ་ཉིད་ཡིན་པར་མངོན་ནོ། །ད་ནི་དང་པོར་རེ་ཞིག་ཅེས་པ་ལ་སོགས་པས་གཞུང་གི་དོན་དངོས་བསྟན་ཏེ། དེ་ལ་དང་པོ་རེ་ཞིག་ཅེས་པ་ལ་སོགས་པས་ནི་དབང་བསྐུར་བའི་སྔོན་རོལ་དུ་རྡོ་རྗེ་སློབ་དཔོན་བདག་ཉིད་ཀྱི་ལུས་འཁོར་ལོ་གསུམ་ལ་སོགས་པའི་ལྷ་སོ་བདུན་གྱི་རང་བཞིན་ཡིན་པར་ཤེས་པར་བྱ་སྟེ། དེ་ལྟ་བུའི་དཀྱིལ་འཁོར་དུ་སློབ་མའང་དེ་ལྟ་བུའི་རང་བཞིན་དུ་འཇུག་པ་ཡིན་པར་ཤེས་པར་བྱས་ལ་བཅོས་མ་གཉིས་ཀྱི་བདག་ཉིད་ཅན་གྱི་བསྙེན་པ་དང༌། ས་ཆོག་དང་སའི་ལྷ་མོའི་སྟ་གོན་དང༌། ལྷ་སྟ་གོན་དང་སློབ་མ་སྟ་གོན་རྣམས་དོར་ཏེ་དབང་གི་སྐབས་སུ་བུམ་པ་དགོས་པའི་ཕྱིར་བུམ་པ་སྟ་གོན་ཙམ་ལ་བརྟེན་ཏེ་ཆོ་ག་ཐམས་ཅད་བསྒྲུབ་པར་བྱའོ། །ཞེས་གསུངས་ཏེ། གཞན་དེ་དག་ཅིས་མི་དགོས་ན་སློབ་དཔོན་གྱིས་རང་གི་ལུས་ལ་ལྷ་སོ་བདུན་གྱི་དཀྱིལ་འཁོར་ངོ་བོ་ཉིད་ཀྱིས་གྲུབ་པར་ཤེས་པས་དེ་ལྟར་ངོ་བོས་གྲུབ་པ་ལ་ལྷ་མཉེས་པར་བྱེད་པའི་བསྙེན་པ་མི་དགོས་ཤིང་དེ་ལྟར་བདག་དང་སློབ་མའི་ལུས་ལ་དཀྱིལ་འཁོར་ངོ་བོས་གྲུབ་པར་ཤེས་ཙམ་ན། ཕྱིའི་དཀྱིལ་འཁོར་མི་དགོས་པའི་ཕྱིར་ས་ཆོག་དང་སའི་ལྷ་མོ་སྟ་གོན་མི་དགོས་ལ། དེ་ཉིད་ཀྱི་ཕྱིར་ལྷ་སྟ་གོན་ཡང་མི་དགོས་པར་ཤེས་ལ། དེ་བཞིན་དུ་སློབ་མ་ལ་གྲུབ་པར་ཤེས་པས་སློབ་མ་སྟ་གོན་མི་དགོས་པར་ཤེས་དགོས་ཏེ། དེ་ལྟར་དེ་རྣམས་རྡོ་རྗེ་སློབ་དཔོན་གྱིས་གོ་དགོས་ཀྱི། མ་གོ་ན་མི་ཤེས་པའམ། རྨོངས་པ་ཞེས་བྱ་བ་ཡིན་པས་ཕྱིན་ཅི་ལོག་ཏུ་འགྱུར་ལ། སློབ་དཔོན་གྱིས་དེ་ལྟར་ཤེས་ཤིང་གོ་ན་ནི་དེ་རྣམས་མི་དགོས་པ་ཁོ་ན་ཡིན་པས་དེ་ལྟར་ཤེས་པར་བྱ་བ་གལ་ཆེའོ། །དེ་ལ་ལུས་ཀྱི་དཀྱིལ་འཁོར་ལ་བརྟེན་ཏེ་གཞན་ནམ་བདག་ཉིད་དམ་ཚིག་གསོ་བའི་ཆོ་གའི་རིམ་པ་བླ་མ་བརྒྱུད་པའི་བཀའ་གདམས་ཀྱིས་གསུང་བ་ནི། དུས་ཁྱད་པར་ཅན་ཚེས་བཅུ་ཕྲག་གཉིས་སམ་ནམ་ཡང་རུང་བ་ལ་གནས་ཁང་བྱི་དོར་བྱ་བ་དང༌། རྒྱན་དང་རྟེན་དགྲམ་པ་དང༌། མཆོད་པ་དང་གཏོར་མ་བཤམ་པ་ལ་སོགས་པ་ཚེས་བཅུའི་མཆོད་པ་ཇི་ལྟ་བ་དང་ཁྱད་པར་མེད་ལ། འདིར་ཁྱད་པར་དུ་སྟ་གོན་གྱི་དོད་འོག་ཏུ་དགོས་པ་སྔར་འཚོག་ཆས་བྱ་བ་ལ། གྲུབ་ན་བུམ་པ་གསུམ། མ་གྲུབ་ན་དྲི་མ་ཁྲུས་ཀྱི་བུམ་པ་ལས་ཐམས་ཅད་པར་བསྡུས་ལ་རྣམ་རྒྱལ་དང་གཉིས་བྱ་སྟེ། གས་ཆག་དང་ནག་པོ་ར་རི་མེད་པ་གཙང་མ་ལེགས་པར་བཀྲུས་ལ། རྣམ་པར་རྒྱལ་པའི་བུམ་པ་ལ་རིགས་ལྔའི་མཚན་མ་བྲི། ལས་ཐམས་ཅད་པ་ལ་སྣ་ཚོགས་རྡོ་རྗེ་བྲི། མགུལ་ཆིངས་པྲོག་ལྔ་པ་བྱས་ལ་བཅིང༌། ཞལ་བཞི་པའི་སྔགས་བཟླ་ཞིང་གུ་གུལ་གྱིས་བདུག ཡུངས་ཀར་གྱིས་བྲབས་ཏེ་བགེགས་བསྐྲད། སྨན་ལྔ་འབྲུ་ལྔ་རིན་ཆེན་ལྔ་གཞུག དྲི་ཞིམ་པོའི་ཆུ་བདུད་རྩི་ལྔ་བསྲེས་པས་བཀང་སྟེ། ཤིང་ལོ་རློན་པས་ཁ་བརྒྱན་ཏེ་རྣམ་རྒྱལ་གྱི་བུམ་པའི་སྟེང་དུ་དུང་ཆོས་སམ་ཐོད་པར་དྲི་ཞིམ་པོའི་ཆུ་དང་བདུད་རྩི་ལྔ་བསྲེས་པ་བཞག་ལ་དེར་རྡོ་རྗེ་ལ་གཟུངས་ཐག་བཏགས་པའང་བཞག བུམ་པ་གཉིས་ཁྲིའམ་མཎྜལ་ལམ་རས་སམ་ཀུ་ཤའི་སྟེང་དུ་གཞག་གོ །གཞན་ཡང་གདོང་གཡོགས་དང༌། མེ་ཏོག་ཕྲེང་བ་དང༌། ཁ་ཊྭཱཾ་ག་དང༌། ཌཱ་མ་རུ་དང༌། ཚངས་སྐུད་ལ་སོགས་པ་འོག་ཏུ་ཉེ་བར་མཁོ་བ་ཐམས་ཅད་འཚོགས་ཆས་བྱས་ལ་སྟ་གོན་དང་ཚུལ་མཚུངས་པའི་དབང་དུ་བྱས་པའོ། །དེ་ནས་སྲོད་ཐུན་ལ་ལྷ་གྲངས་དང་མཐུན་པའམ་ཅི་རིགས་པའི་རྣལ་འབྱོར་པ་རྣམས་སྤྱན་དྲངས་ལ་མཎྜལ་ཕུལ་ཏེ་ལྷའི་རྣལ་འབྱོར་ལ་གནས་པར་གསོལ་བ་གདབ་པ་ནས་བརྩམས་ཏེ་བདག་ཉིད་སངས་རྒྱས་སུ་བསྐྱེད་ལ། དེ་ལ་མཆོད་པ་རྒྱས་བསྡུས་གང་ཡང་རུང་བས་མཆོད་དོ། །དམ་ཚིག་ཅན་ལ་གཏོར་མ་སྦྱིན་པའི་བར་ཚེས་བཅུའི་མཆོད་པ་དང་ཁྱད་པར་མེད་པར་བྱས་ལ། དེ་ནས་བུམ་པ་ལྷག་པར་གནས་པར་བྱ་སྟེ། བུམ་པ་ལ་ཞལ་བཞི་པའི་སྔགས་བརྗོད་ཅིང་དྲིའི་ཆུའམ་བདུད་རྩིས་གཏོར་བས་བགེགས་བསལ་ལ། སྭ་བྷཱ་ཝའི་སྔགས་སམ་སྐད་ཅིག་གིས་བུམ་པ་སྟོང་པར་བསམ། སྟོང་པའི་ངང་ལས་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་སྟེང་དུ་བྷྲཱུྃ་ལས་ཡེ་ཤེས་ཀྱི་སྣང་བར་གྱུར་པའི་བུམ་པ་བསྐྱེད་ལ། རྣམ་པར་རྒྱལ་བའི་བུམ་པར་ཨཱ་ལི་ཉིས་འགྱུར་གཡོན་སྐོར་ལས་ཟླ་བ་མེ་ལོང་ལྟ་བུའི་ཡེ་ཤེས། ཀཱ་ལི་བཞི་བཅུ་ཉིས་འགྱུར་གཡས་སྐོར་ལས་ཉི་མ་མཉམ་པ་ཉིད་ཀྱི་ཡེ་ཤེས། དེའི་བར་དུ་ཧཱུྃ་སོ་སོར་རྟོག་པའི་ཡེ་ཤེས། ཁ་སྦྱར་བ་བྱ་བ་ནན་ཏན་གྱི་ཡེ་ཤེས། དེ་ཡོངས་སུ་གྱུར་པ་ལས་ལྷ་སོ་བདུན་སྐད་ཅིག་གིས་བསྐྱེད་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་མོས་པ་ཙམ་བྱའོ། །དེ་དང་དུས་མཉམ་པར་ལས་ཐམས་ཅད་པའི་བུམ་པར་བདེ་བ་ཆེན་པོའི་འཁོར་ལོ་ལྷ་ལྔའམ། དེ་གསལ་བར་མ་ནུས་ན་ཁཎྜ་རོ་ཧཱ་ཙམ་བསྐྱེད་དོ། །དྲི་མ་ཁྲུས་ཀྱི་བུམ་པ་ཡོད་ན་གུད་དུ་ལྷ་བསྐྱེད་མི་དགོས་སོ། །དེ་ནས་སྤྲོས་པ་ལ་དགའ་ན་ཡེ་ཤེས་པ་གཞུག་པ་དང༌། གོ་ཆ་བཅིང་བ་དང༌། དབང་བསྐུར་བའང་ཇི་ལྟ་བ་བཞིན་བྱ། སྤྲོས་པ་ལ་མི་དགའ་ན་མ་བྱས་ཀྱང་བཏུབ། བུམ་པའི་ལྷ་ལ་མཆོད་པ་དང་སྔགས་བཟླས་པ་ཉིད་ཀྱིས་ཆོག་པས། སྔགས་བཟླས་ཏེ་བུམ་པའི་སྟེང་གི་རྡོ་རྗེའི་གཟུངས་ཐག་ལ་བཟུང་ལ། སེམས་ཀྱིས་སྙིང་གའི་ས་བོན་གྱི་འོད་ཟེར་གསུངས་ཐག་ལ་ཞོན་ཏེ་སོང་བས་བུམ་པའི་ལྷ་བསྐུལ་བས་ལྷའི་བ་སྤུའི་བུ་ག་ལས་བདུད་རྩིའི་རྒྱུན་འཛག་པར་བསམ་ཞིང་རྣམ་པར་རྒྱལ་བའི་བུམ་པའི་དབང་དུ་བྱས་ཏེ། ཡུམ་གྱི་ཉེ་སྙིང་སྟོང་རྩ་བརྒྱད་དམ་བརྒྱ་རྩ་བརྒྱད་དམ་ཉི་ཤུ་རྩ་གཅིག་བཟླ། ལས་ཐམས་ཅད་པའི་དབང་དུ་བྱས་ཏེ་ཞལ་བཞི་པའི་སྔགས་བརྒྱ་རྩ་བརྒྱད་དམ་ཉི་ཤུ་རྩ་གཅིག་བཟླ། ཡང་ན་ཡུམ་གྱི་ཉེ་སྙིང་བཟླ། ཡང་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་དབང་བསྐུར་བའི་སྔགས་དང་དྲི་མ་ཁྲུས་ཀྱི་ཕྱིར་བཟླས་པ་ཕྱག་ལེན་དུ་མཛད་དོ། །མཐར་མཆོད་ཡོན་གྱི་ཆུ་བུམ་པ་གཉིས་སུ་བླུགས་པས་དེས་རྐྱེན་བྱས་ནས། ལྷ་རྣམས་འོད་དུ་ཞུ་བར་བསམ་མོ། །ཡང་ན་བུམ་པ་སྟ་གོན་ནི། ཚོགས་ལ་ལོངས་སྤྱོད་པའི་རྗེས་ལ་བྱས་ཀྱང་འགལ་བ་མེད་དོ་བུམ་པ་སྟ་གོན་ནོ། །དེ་ནས་ཚོགས་ཀྱི་ཡོ་བྱད་རྣམས་སློབ་དཔོན་གྱི་མདུན་དུ་བཞག་སྟེ། དེ་བྱིན་གྱིས་བརླབ་པ་ནས་བརྩམས་ཏེ། ལྷག་མ་བསྡུ་བ་དང༌། ཡི་གེ་བརྒྱ་པ་དང༌། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་དང༌། སྨོན་ལམ་གདབ་པ་དང༌། འཇིག་རྟེན་པའི་གཏོར་མ་ཕྲིན་ལས་བཅོལ་ཏེ་བཏང་ལ། འཇིག་རྟེན་ལས་འདས་པའི་གཏོར་མ་བར་ཆད་ཞི་བར་བྱ་བའི་ཕྱིར་གཞག་པའི་བར་ཐམས་ཅད་ཚེས་བཅུའི་མཆོད་པ་དང་མཐུན་པར་བྱའོ། །དེའི་རྗེས་ལ་ཕན་ཚུན་ནང་མཐུན་པ་གྲངས་ལ་ངེས་པ་མེད་དེ་ཟུང་དུ་འགྱུར་པའམ། ཟུང་དུ་མ་གྱུར་ཀྱང་རུང་སྟེ་སློབ་མ་རྣམས་ཁྲུས་བྱས་ལ་བཀུག་སྟེ། ཐམས་ཅད་ཀྱིས་ཕྱག་བྱས་ལ་མཎྜལ་ལྔ་ལྔ་བྱ། ཅི་འབྱོར་པའི་འཇུག་པའི་ཡོན་ཕུལ་ཏེ། གྲལ་རིམ་པ་བཞིན་འཁོད་པ་ལ། བླ་མས་ཆོ་གའི་བསྟོད། དབང་བསྐུར་དཀྱིལ་འཁོར་སྔོན་འགྲོ་བར། །ཞེས་པ་ནས་བཞི་པོ་དེ་ནི་བཅུ་བཞིའོ། །ཞེས་པའི་བར་གོང་དུ་བསྟན་པ་རྣམས་ངག་ཏུ་ལན་ཅིག་བརྗོད་ཅིང་དེའི་དོན་བཤད་ལ། སྐད་ཅིག་གིས་སློབ་མ་རྣམས་རྣམ་པར་སྣང་མཛད་དུ་བསམས་ལ། བདེན་པའི་སྟོབས་བརྗོད་པ་ནི། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཡང་དག་བྱུང༌། །དེ་བཞིན་ཁོ་ན་ཉིད་ལས་བྱུང༌། །བདེན་པ་དེ་ཡིས་དཀྱིལ་འཁོར་ནི། །གཟུགས་བརྙན་གསལ་བར་སློབ་མ་རྣམས། །དྲི་མེད་ཐམས་ཅད་མཐོང་བར་ཤོག །ཅེས་ལན་གསུམ་བརྗོད་ལ། ཨ་ཁཾ་བཱི་ར་ཧཱུྃ། ཞེས་བརྗོད་པས་གདོང་གཡོགས་དམར་པོ་བཅིང༌། མེ་ཏོག་གི་ཕྲེང་བ་གཏད་ལ་ལས་ཐམས་ཅད་པའི་བུམ་པའི་ཆུས་གཏོར་ཞིང་ཞལ་བཞི་པའི་སྔགས་བརྗོད་པས་བགེགས་བསྐྲད་དེ་བསྲུང་བ་བྱས་ལ། སྤྲོས་པ་ལ་དགའ་ན་དངོས་གྲུབ་གང་ལ་དགའ་དྲི་ཞིང་ལན་བྱ་སྟེ། བླ་མས་ཁྱོད་སུ་ཡིན་ཅི་ལ་དགའ་ཞེས་དྲི། སློབ་མས། སྐལ་བཟང་བདག་བདེ་བ་ཆེ་ལའོ། །ཞེས་ལན་བྱ། བླ་མས་སླར་དེ་ཡིས་བུ་ལ་ཅི་ཞིག་བྱ། ཞེས་དྲི། སློབ་མས། སངས་རྒྱས་མཆོག་གི་དམ་ཚིག་གོ །ཞེས་ལན་བྱའོ། །སྤྲོས་པ་ལ་མི་དགའ་ན་མ་བྱས་ཀྱང་འགལ་བ་མེད་དོ། །དེ་དག་ནི་ཡོལ་བའི་ཕྱི་རོལ་དུ་འཇུག་པའི་ཆོ་གའོ། །དེ་ནས་ནང་དུ་གཞུག་པའི་ཕྱིར་སློབ་མའི་སྙིང་གར་རྡོ་རྗེ་དཀར་པོ་རྩེ་ལྔ་པ་འོད་ཟེར་འབར་བ་བསམ། སློབ་མ་རང་གིས་ཀྱང་དེ་ལྟར་སེམས་སུ་བཅུག་ལ། དེའི་སྙིང་གར་རྡོ་རྗེ་བཞག་སྟེ། ངག་ཏུ། ཨོཾ་བཛྲ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི་སུ་ར་ཏི་ས་མ་ཡ་སྟྭཾ་ཧོ་སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། དེང་ཁྱོད་ལ་དེ་བཞིན་གཤེགས་པ་ཐམས་ཅད་དང་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་བྱིན་གྱིས་རློབ་པར་འགྱུར་གྱིས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་དམ་པ་འདི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་སྨྲ་བར་མི་བྱ་སྟེ་མ་དད་པ་རྣམས་ལ་ཡང་མ་ཡིན་ནོ། །ཞེས་བརྗོད་དེ། རྡོ་རྗེ་དེ་ལ་ལག་པ་གཉིས་འཛིན་དུ་བཅུག་སྟེ་ཧཱུྃ་ཛཿཧཱུྃ་ཞེས་སློབ་དཔོན་གྱིས་བརྗོད་ལ། སློབ་མ་ཅུང་ཟད་ལུས་དུད་པ་ཙམ་བྱེད་དུ་བཅུག་ལ། བདག་སློབ་དཔོན་གྱི་ལུས་ཀྱི་དཀྱིལ་འཁོར་དང་ཁྱེད་ཉིད་ཀྱི་ལུས་ཀྱི་དཀྱིལ་འཁོར་ཐ་མི་དད་དུ་བཞུགས་པ་དྲན་པར་གྱིས་ཤིག ཅེས་བསྒོ་སྟེ་ཡོལ་བའི་ནང་དུ་གཞུག་པའི་ཆོ་གའོ། །ནང་དུ་ཞུགས་པ་དང༌། དང་པོར་སློབ་དཔོན་ལ་སྐྱབས་སུ་འགྲོ་བ་བྱ་སྟེ། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུ་ཡི། །རྡོ་རྗེ་ཅན་ཞབས་པདྨར་འདུད། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་རྣམས་ལ་སྐྱབས་སུ་མཆི། །ཞེས་ལན་གསུམ་བརྗོད་དོ། །དེ་ནས་ལྷ་ལ་སྐྱབས་སུ་འགྲོ་བ་ནི། དཔའ་བོ་རྣལ་འབྱོར་མ་འཁོར་ལོ། །རྣལ་འབྱོར་གནས་ལ་སྐྱབས་སུ་མཆི། །ཞེས་ལན་གསུམ་བྱས་པས་སྐྱབས་སུ་འགྲོ་བར་བྱས་ལ། སློབ་དཔོན་ལ་གསོལ་བ་གདབ་པ་ནི་དཔལ་གདན་བཞི་ལས་བྱུང་བ་ལྟར་བྱ་སྟེ། དོན་དམ་སྨྲ་བའི་སེངྒེ་རྣལ་འབྱོར་ཞེས་བྱ་བ། །ཉོན་མོངས་གཅོད་པའི་དོན་ལ་ཤིན་ཏུ་མཁས་གྱུར་པ། །སྲིད་པའི་ཉེས་བརྒྱ་བསྐྱེད་རྩ་ཉོན་མོངས་ཆོད་མཛོད་ལ། །རྣལ་འབྱོར་དོན་དམ་རྒྱལ་པོ་དེ་ཉིད་བདག་ལ་གྲུབ་པར་མཛོད། །ཅེས་ལན་གསུམ་བརྗོད་དུ་གཞུག་གོ །དེ་ནས་སློབ་དཔོན་གྱིས་ཀྱང་རང་གི་ལུས་ཀྱི་ལྷ་ལ་གསོལ་བ་གདབ་སྟེ། དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཧེ་རུ་ཀ་དཔལ་གྲོང་ཁྱེར་མཆོག །སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། །བདག་གིས་སློབ་མ་གཞུག་པར་བགྱི། །ཞེས་ལན་གསུམ་གསོལ་བ་བཏབ་ལ། སློབ་མ་སྡོམ་པ་འཛིན་དུ་གཞུག་པའི་ཕྱིར། གོང་ནས་གོང་མའི་སྡོམ་པ་ནི། །བུ་ཁྱོད་ཀྱིས་ནི་བསྲུང་བྱ་སྟེ། །གྲོལ་བའི་རྒྱུ་ནི་དེ་ལས་གཞན། ཐབས་ནི་ཅི་ཡང་ཡོད་མ་ཡིན། །ཞེས་སྡོམ་པ་སྤྱིར་གཟུང་བར་བསྒྲགས་སོ། །དེ་ནས་སྡོམ་པ་བླང་བ་ནི། མདོར་བསྡུས་སུ་ལེན་ན། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །ཞེས་ལན་གསུམ་རྗེས་སུ་བཟླས། རྒྱས་པར་ལེན་ན། སྲས་བཅས་སངས་རྒྱས་ཐམས་ཅད་དང༌། །དཔའ་བོ་རྣལ་འབྱོར་མ་རྣམས་ཀུན། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །དུས་འདི་ནས་ནི་བཟུང་ནས་ནི། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམས་ཏེ་གཟུང་བར་བགྱི། །ནམ་དུ་ཡང་ནི་མི་སྤང་ངོ༌། །རྡོ་རྗེའི་རིགས་མཆོག་ཆེན་པོ་ཡི། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང༌། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་ཞིང་ནི་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་གཟུང༌། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ནི་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང༌། །མ་བསྒྲལ་བ་རྣམས་བསྒྲལ་བར་བགྱི། །མ་གྲོལ་བ་རྣམས་དགྲོལ་བར་བགྱི། །དབུགས་མ་ཕྱུང་བ་དབུགས་དབྱུང་བགྱི། །སེམས་ཅན་མྱ་ངན་འདས་ལ་དགོད། །ཅེས་ལན་གསུམ་དུ་རིགས་ལྔའི་སྡོམ་པ་བཟུང༌། ཡང་ཁྱད་པར་དུ་དམ་ཚིག་ཉི་ཤུ་རྩ་གཉིས་གཟུང་བར་བྱ་བའི་ཕྱིར། སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་པར་བདག་ནི་སྐྱབས་སུ་མཆི། །རྣལ་འབྱོར་གསང་སྔགས་མཁའ་འགྲོ་མ། །འཁོར་ལོ་གསུམ་གྱི་བདག་ཉིད་ཅན། །ཀུན་ལ་བདག་ནི་སྐྱབས་སུ་མཆི། །དཔའ་བོ་དཔའ་མོ་དབང་ལྷ་མོ། །བྱང་ཆུབ་སེམས་དཔའི་བདག་ཉིད་ཆེ། །ཁྱད་པར་དུ་ཡང་སློབ་དཔོན་ལ། །རྟག་པར་བདག་ནི་སྐྱབས་སུ་མཆི། །དཔལ་ལྡན་ཁྲག་འཐུང་སོགས་དཔའ་བོ། །རྣལ་འབྱོར་མ་དང་སྣང་མཛད་སོགས། །བྱང་ཆུབ་སེམས་དཔའ་དཔག་མེད་པ། །མ་ལུས་བདག་ལ་དགོངས་སུ་གསོལ། །ཆེ་གེ་དུས་འདི་ནས་བཟུང་སྟེ། །ཇི་སྲིད་གཉིས་མེད་ལ་གནས་པར། །དེ་ཡི་ཚངས་སྤྱོད་གཉིས་མེད་པ། །ཉི་ཤུ་རྩ་གཉིས་ལེགས་པར་བསྲུང༌། །ཞེས་ལན་གསུམ་རྗེས་སུ་བཟླས་སོ། །དེ་ཡང་བསྒྲགས་པ་མདོར་བསྡུས་ནས་བཟུང་བ་རྒྱས་པར་བྱས་ཀྱང་བཏུབ། བསྒྲགས་པ་རྒྱས་པ་མ་བཟུང་བ་བསྡུས་པ་བྱས་ཀྱང་བཏུབ། གཉིས་ཀ་རྒྱས་ཀྱང་བཏུབ། གཉིས་ཀ་བསྡུས་པ་མི་བཏུབ་སྟེ། དམ་ཚིག་འཛིན་པ་ལ་དེ་ངོ་ཤེས་དགོས་པས་སོ། །བསྒྲགས་པ་རྒྱས་པ་ནི་ནག་པོ་དཀྱིལ་ཆོག་ལས་ཤེས་པར་བྱའོ། །དེའི་རྗེས་ལ་ནང་དུ་གཞུག་པའི་ཆོ་ག་དངོས་བྱིན་གྱིས་བརླབ་པར་བྱ་བའི་ཕྱིར། སྦྱང་བ་གསུམ་ལས། དང་པོ་བགེགས་སྦྱང་བ་ལ་གསུམ་ལས། ཞི་བས་སྦྱང་བ་དང༌། ཞི་དྲག་གཉིས་ཀས་སྦྱང་བ་དང༌། དྲག་པོས་སྦྱང་བའོ། །དང་པོ་ནི་གཏོར་མ་ཆུང་བ་ཅིག་བྱ་དེ་ལ་བྱིན་རླབས་བྱ་མི་དགོས། ངག་ཏུ། ན་མསྶརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུངྒ་ཏེ་སྥ་ར་ཎ་ཨི་མྃ་ག་ག་ན་ཁྃ་གྲྀཧྞེ་དཾ་བ་ལིཾ་ཏེ་སྭཱ་ཧཱ། ཞེས་ལན་གཅིག་བརྗོད་ལ་སློབ་མ་ལ་གཡས་ནས་ལན་གསུམ་བསྐོར་ལ་སྒོ་དྲུང་དུ་དོར། དེ་ལྟ་བུ་གཅིག་གམ་གསུམ་ལ་སོགས་པ་འབྱོར་པ་དང་བསྟུན་ལ་བྱའོ། །ཞི་དྲག་གཉིས་ཀས་སྦྱང་བ་ནི། ཏིང་ལོ་དང་ཆང་བུ་ཡང་སློབ་མ་ལ་གཡས་ཕྱོགས་ནས་ལན་གསུམ་བསྐོར་ཞིང༌། ངག་ཏུ་ཞལ་བཞི་པའི་སྔགས་བརྗོད་དེ་སྒོ་དྲུང་དུ་དོར་བར་བྱའོ། །གྲུབ་ན་དེ་ལྟ་བུ་ལན་གསུམ་བྱ། དྲག་པོས་སྦྱང་བ་ནི་གུ་གུལ་ནག་པོས་བདུག ཡུངས་ཀར་གྱིས་བརྡེག་ཅིང་ཞལ་བཞི་པའི་སྔགས་བརྗོད་པར་བྱའོ། །སྡིག་པ་སྦྱང་བ་ནི། སློབ་མའི་མདུན་དུ་ཏིལ། གཡས་སུ་མེ། གཡོན་དུ་ཆུ་བཞག་ལ་སྡིག་པ་ལ་དབྱིབས་སུ་གྲུབ་པ་མེད་ཀྱང་ལས་དང་པོ་པ་བློ་སྦྱང་བའི་དོན་དུ་སློབ་མའི་སྙིང་ག་ནས་སྡིག་པའི་དྲི་མ་ཀྃ་ནག་པོའི་གཟུགས་ཀྱིས་བྱུང་སྟེ་སྣ་སྒོར་ཕྱིན་པ་དང་སྡིག་པ་རྭ་ཅན་གྱི་གཟུགས་ཀྱིས་བྱུང་ནས་མདུན་གྱི་ཏིལ་ལ་ཐིམ་སྟེ་གཡས་ཀྱི་ཡེ་ཤེས་ཀྱི་མེས་བསྲེགས། གཡོན་གྱི་རྒྱ་མཚོ་ཆེན་པོར་བསྐྱུར་བར་སློབ་མ་དང་སློབ་དཔོན་གཉིས་ཀས་བསམས་ལ། སློབ་དཔོན་གྱི་ལག་པ་གཉིས་ཀྱི་མཐེ་བོང་དང་སྲིན་ལག་གཉིས་ཀྱིས་ཏིལ་བཟུང་སྟེ། གཡས་པས་གཡས་ནས་བསྐོར་ལ་ཆུར་བསྐྱུར། གཡོན་པས་སློབ་མ་ལ་གཡོན་ནས་བསྐོར་ལ་མེར་བསྲེགས། ངག་ཏུ། ཨོཾ་བཛྲ་ཌཱ་ཀ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་པཱ་པཾ་ད་ཧ་ན་བྷསྨིཾ་ཀུ་རུ་སྭཱ་ཧཱ། ཞེས་བཟླས་སོ། །མཐར་མེ་ཆུར་བཅུག་ལ་སྒོ་དྲུང་དུ་དོར་བར་བྱའོ། །དྲི་མ་སྦྱང་བ་ནི། དྲི་མ་ཁྲུས་ཀྱི་བུམ་པ་ཡོད་ན་དེས་བྱ། མེད་ན་ལས་ཐམས་ཅད་པའི་བུམ་པས་དངོས་སུ་ཁྲུས་བྱ་ཞིང༌། ངག་ཏུ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བྱའོ། །ཞེས་བྱ་བ་བརྗོད་ལ་ཁྲུས་བྱའོ། །དེ་ལྟར་སྦྱང་བ་བྱས་པའི་རྗེས་སུ་སྭ་བྷཱ་ཝའམ་ཨོཾ་ཞེས་བརྗོད་པས་སློབ་མ་སྟོང་པར་བསམ། དེའི་ངང་ལས་མངོན་བྱང་ལྔ་ལས་ཕྱག་བཅུ་གཉིས་པ་ལུས་ཀྱི་དཀྱིལ་འཁོར་དང་བཅས་པར་སྒོམས་ཤིག ཅེས་བརྗོད་ལ་སློབ་དཔོན་གྱིས་ཀྱང་བསྐྱེད། གོ་ཆ་གཉིས་བཅིངས་ལ། ཡེ་ཤེས་པ་གཞུག་པའི་དུས་སུ་སློབ་དཔོན་དང་སློབ་མ་གཉིས་ཀས་སློབ་དཔོན་གྱི་སྙིང་གའི་ས་བོན་གྱི་འོད་ཀྱིས། དེ་བཞིན་གཤེགས་པ་ཐམས་ཅད་ལྷ་སོ་བདུན་ནམ། ཡི་གེ་ཨཱ་ལི་ཀཱ་ལི་ལྔ་བཅུའི་རྣམ་པས་བ་སྤུའི་བུ་ག་ནས་ཞུགས་ཤིང་སྙིང་གར་ཐིམ་པར་བསམས་ཏེ། དེ་ནི་དཀྱིལ་འཁོར་དུ་འཇུག་པའི་རང་གི་ངོ་བོ་ཞེས་བྱ་བ་ཡིན་ཏེ། མདོར་ན་ཁྱོད་ཉིད་ལ་རང་བཞིན་གྱིས་དཀྱིལ་འཁོར་གྱི་འཁོར་ལོ་གནས་པ་དེ་ཆོ་གས་གསལ་བར་བྱས་པ་ཡིན་པས། བདག་ཉིད་ལྷ་དང་སྐལ་བ་མཉམ་པར་བྱས་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད་དེ་འཇུག་པའི་ངོ་བོའོ། །དེ་ནས་ཡེ་ཤེས་དབབ་པའི་ཕྱིར་གསོལ་བ་གདབ་པར་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་དང་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་བྱིན་གྱིས་རློབས་ཤིག དཔལ་ཧེ་རུ་ཀ་བདག་ལ་དབབ་པར་མཛོད་ཅིག ཅེས་སློབ་མས་ལན་གསུམ་གསོལ་བ་བཏབ་པའི་རྗེས་ལ། དམ་ཚིག་མི་སྨྲ་བར་དམ་ལ་བཞག་པ་བཞི་ལས། དང་པོ་ཕན་ཡོན་གྱི་སྒོ་ནས་དམ་ལ་བཞག་པ་ནི། སློབ་མའི་སྤྱི་བོར་རྡོ་རྗེ་བཟུང་སྟེ། ངག་ཏུ་དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་དང་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས། ངས་ཁྱོད་ལ་དཔལ་ཧེ་རུ་ཀའི་ཡེ་ཤེས་བསྐྱེད་པར་བྱ་སྟེ། ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་དང་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན་དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས་ཏེ། ཁྱོད་ཀྱིས་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། དམ་ཚིག་ཉམས་པར་འགྱུར་ཏ་རེ་ཞེས་བརྗོད་དོ། །ཉེས་དམིགས་ཀྱི་སྒོ་ནས་དམ་ལ་བཞག་པ་ནི། སློབ་མའི་སྙིང་གར་རྡོ་རྗེ་བཞག་ལ། ངག་ཏུ། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི། །སྙིང་ལ་དེ་རིང་ཡང་དག་ཞུགས། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཞེས་བརྗོད་ལ། །ཡང་རྡོ་རྗེ་མགོར་བཞག་ལ། འདི་ནི་ཁྱོད་ཀྱི་དམ་ཚིག་གི་རྡོ་རྗེ་སྟེ། གལ་ཏེ་ཚུལ་འདི་སུ་ཡང་རུང་བ་ལ་སྨྲས་ན་འདིས་ཁྱོད་ཀྱི་མགོ་འགེམས་པར་བྱེད་དོ་ཞེས་བརྗོད་དོ། །དེ་ནི་དཔལ་ནཱ་རོ་པ་ལ་སོགས་པ་བླ་མའི་བརྒྱུད་པའི་བཀའ་གདམས་ཀྱིས། ནག་པོའི་དཀྱིལ་འཁོར་ཆོ་ག་ལས་འབྱུང་བ་ལྟར་ཆོ་གའི་རིམ་པ། དེ་ནས་ཐམས་ཅད་བསྒྲུབ་པར་བྱ་ཞེས་བྱ་བའི་ཚིག་ལ་བརྟེན་ཏེ་འདིར་ཉེ་བར་མཁོ་བ་ཁ་བསྐངས་པ་ཡིན་ནོ། །ད་ནི་གཉིས་ཀའི་སྒོ་ནས་དམ་ལ་བཞག་པ་ནི། ཐོད་པར་ཆང་ལ་བདུད་རྩི་སྦྱར་བ་བླངས་ཏེ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿཞེས་བྱ་བས་བྱིན་གྱིས་བརླབས་ཏེ། ངག་ཏུ། འདི་ནི་བུ་ཁྱོད་བདུད་རྩི་སྟེ། །མ་བསྲུངས་སྲེག་པར་བྱེད་པས་དུག །བསྲུངས་ན་དངོས་གྲུབ་འགྱུར་བ་སྟེ། །བདུད་རྩི་ལྔ་ཡི་ཆུ་འགྲུབ་བོ། །ཞེས་བྱ་བ་དང༌། ཨོཾ་པཉྩ་ཨ་མྲྀ་ཏ་ཨུ་ད་ཀ་ཋཿཋཿཋཿཧཱུྃ་ཞེས་བྱ་བ་བརྗོད་དེ་འཐུང་དུ་གཞུག་གོ །བླ་མའི་བཀའ་མཉན་པར་གདམས་པའི་སྒོ་ནས་དམ་ལ་བཞག་པ་ནི། སློབ་མའི་མགོ་བོར་རྡོ་རྗེ་བཞག་ལ། ཁྱོད་ཀྱིས་སྨད་པར་མི་བྱ་ཞིང༌། །དམ་ཚིག་དག་དང་འགལ་མི་བྱ། །དམྱལ་ལ་སོགས་པར་འགྲོ་འགྱུར་རོ། །ཞེས་བྱ་བ་རྐང་པ་གསུམ་བརྗོད་པའམ། ཡང་ན་དེང་ཕྱིན་ཆད་བུ་ཁྱོད་ཀྱི་དཔལ་ཧེ་རུ་ཀ་ང་ཡིན་གྱིས། ངས་འདི་བྱོས་ཤིག་ཅེས་བྱ་བ་བུ་ཁྱོད་ཀྱིས་བྱ་དགོས་ལ། ང་ལ་ཡང་བརྙས་པར་མ་བྱེད་ཅིག བྱས་ན་ཡ་ང་བ་མ་སྤངས་པར་འཆི་བའི་དུས་བྱས་ནས་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་ཏ་རེ་ཞེས་བརྗོད་པར་བྱའོ། །དེ་ལྟར་དམ་ཚིག་བསྒྲགས་ནས་དབབ་པ་དངོས་ལ། བཤང་གཅི་སོགས་པས་ཡང་དག་སྦགས། །ཟླ་མཚན་ལྡན་པའི་འདོམ་དཀྲིས་རས། །བྱི་ལའི་བྲུན་གྱིས་སྦགས་པ་ཡི། །གུ་གུལ་དང་ནི་བསྲེས་ཏེ་གདགས། །ཡི་དྭགས་མེ་ནི་རབ་བསླངས་ལ། །དེ་ནི་པདྨོའི་སྣོད་བཞག་བྱས། །ཞེས་བྱ་བ་རྐང་པ་དྲུག་སྟེ། རྫས་འདི་དག་གི་རྟེན་འབྲེལ་གྱིས་དེའི་དུས་སུ་སློབ་མའི་ལུས་ལ་བགེགས་མི་འཇུག་ཅིང༌། དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱིས་བྱིན་གྱི་བརླབ་པ་ཡིན་པས། དེ་དག་བསྲེགས་ཤིང་བདུག་པར་བྱའོ། །དེའི་དུས་སུ་སློབ་དཔོན་གྱིས་ལུས་ཀྱི་འདུག་སྟངས་རྐང་པ་གཡོན་པ་བརྐྱང་ལ་བསྒྱིངས་པས་གནས་ལ། སེམས་ཀྱིས་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ལྷ་སུམ་ཅུ་རྩ་བདུན་སྤྱན་དྲངས་ལ་སློབ་མའི་ལུས་ཀྱི་ཆ་ཤས་རྣམས་སུ་ཐིམ་པར་བསམ་པ་ནི་སྟོད་སྨད་བར་གསུམ་ལ་ཐུགས་གསུང་སྐུའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་ནག་པོ་དང་དམར་པོ་དང་དཀར་པོའི་རྣམ་པར་བཞུགས་པར་བསམ། ཡང་ན་སློབ་དཔོན་གྱི་ལུས་ཀྱི་ལྷ་རྣམས་ལས་ལྷ་སོ་བདུན་འོད་ཟེར་གྱི་རྣམ་པར་སྤྲོས་ཏེ། སློབ་མའི་ལུས་ཀྱི་ཆ་ཤས་རྣམས་སུ་ཐིམ་པར་བསམས་པ་ནི། འཁོར་ལོ་གསུམ་བདག་ཁྲོ་བོ་བབས། །ཞེས་བྱ་བ་རྐང་པ་གཅིག་སྟེ། དེ་ནི་སློབ་དཔོན་དང་སློབ་མ་གཉིས་གས་བསམ་པར་བྱའོ། །སྤྲོས་པ་ལ་དགའ་ན་ནག་པོའི་དཀྱིལ་འཁོར་ཆོ་ག་ལྟར་རྐང་པ་དང་སྤྱི་བོར་རླུང་དང༌། སུམ་མདོ་ལ་སོགས་པར་མེ་ལ་སོགས་པའི་བསམ་གཏན་ཀྱང་འགལ་བ་མེད་དོ། །འདིར་གཙོ་བོ་སྔ་མ་ཡིན་ནོ། །དེའི་ཚེ་ངག་ཏུ་ཡབ་ཡུམ་གྱི་སྙིང་པོ་དང༌། ཉེ་སྙིང་གཉིས་སུ་མེད་པའི་རྗེས་ལ། ཏིཥྛ་མཧཱ་ཀྲོ་དྷ་ཨཱ་བེ་ཤ་ཡ། ཧཱུྃ་ཤྲཱི་ཧེ་རུ་ཀཱ་ཡ་བི་མ་ཧེ་བི་དྱཱ་རཱ་ཛཱ་ཡ་དྷཱི་མ་ཧེ་སྭཱ་ཧཱ། ཞེས་པ་བཟླ་ཞིང་གྲོགས་དང་བཅས་པས་རོལ་མོའི་སྒྲ་ཅུང་ཟད་ཀྱང་བྱའོ། །དེ་ལྟར་བྱས་པས་སྐུ་བབས་པ་ནི་འཕར་བ་ལ་སོགས་པ། གསུང་བབས་པ་ནི་སྔགས་སྨྲ་བ་ལ་སོགས་པ། ཐུགས་བབས་པ་ནི་མི་རྟོག་པ་སྐྱེའོ། །དེ་ལྟར་བབས་པ་དང༌། དེ་བརྟན་པར་བྱ་བའི་ཕྱིར་མགོ་བོར་རྡོ་རྗེ་བཞག་ལ་ཏིཥྛ་བཛྲ་ཞེས་བརྗོད་དོ། །གལ་ཏེ་མ་བབས་ནའང་གང་ཟག་དབང་པོ་རབ་ཀྱི་དབང་དུ་བྱས་པས་བསྐྱར་བའི་ཆོ་ག་ནི་མི་དགོས་ཏེ། དང་པོ་བབས་པ་ཡིན་པས་སོ། །ལས་དང་པོ་པ་ལ་ནི་མ་བབས་ན་བསྐྱར་དགོས་ཏེ། ཡེ་ཤེས་བབས་པའི་ཏིང་ངེ་འཛིན་དཀྱིལ་འཁོར་དུ་གཞུག་པའི་ངོ་བོ་ཡིན་པས། དེ་མ་སྐྱེས་ན་དབང་བསྐུར་དུ་མི་བཏུབ་པས་སོ། །བསྐྱར་ཡང་མ་བབས་ན་ནི་སྐལ་བ་མེད་པས། དབང་བསྐུར་དུ་མི་བཏུབ་བོ། །དེ་ནས་ལུས་ཀྱི་དཀྱིལ་འཁོར་ལ་མེ་ཏོག་དོར་དུ་གཞུག་སྟེ། སློབ་དཔོན་གྱིས་ངའི་ལུས་ལ་ལྷ་སོ་བདུན་རང་བཞིན་གྱིས་གནས་པ་ལ། ལྟོས་པ་མེད་པར་དོར་ཅིག་ཅེས་བརྗོད་ལ། སློབ་མས་ངག་ཏུ་ཨོཾ་པྲ་ཏཱིཙྪ་བཛྲ་ཧོཿཞེས་བརྗོད་དེ། ལྟོས་པ་མེད་པར་དོར་བའམ། ཡང་ན་དབང་བསྐུར་བའི་མེ་ཏོག་གང་ལ་ཕོག་པ་དེ་ལ་ཕུལ་བར་མོས་ཏེ། སློབ་དཔོན་གྱིས་རང་གི་ལུས་ཀྱི་གནས་གང་ཡིན་པར་གཞག་པ་ཙམ་བྱ་གསུང༌། སློབ་དཔོན་གྱི་སྙིང་གའི་གཙོ་བོ་དབུའི་གཙུག་ཏོར་ལ་བཞག་པར་མོས་པ་བྱས་ཏེ་བླ་མའི་ཕྱག་ཏུ་དབུལ། ཨོཾ་པྲ་ཏཱི་གྲྀཧྞ་སྭ་མི་མཾ་སཏྭ་མཧཱ་བ་ལཿ ཞེས་བརྗོད་ལ་སླར་སློབ་མའི་རྣ་ལྟག་གཡས་པར་བཞག་ལ། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་འགྱུར་བ། །རྡོ་རྗེའི་མིག་ནི་བླ་ན་མེད། །ཨོཾ་བཛྲ་ནེ་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་ཧྲཱིཿ ཞེས་བརྗོད་ལ་གདོང་གཡོགས་དབྱེ་བར་བྱའོ། །དེ་ནས་ལུས་ཀྱི་དཀྱིལ་འཁོར་བསྟན་ཏེ། སློབ་དཔོན་གྱིས་ངག་ཏུ། རང་བཞིན་གྱིས་ནི་དག་པའི་བདག །ལུས་ནི་རང་བཞིན་དྲི་མ་མེད། །དཔའ་བོ་དཔའ་མོ་དབང་མོའི་གནས། །དཀྱིལ་འཁོར་ལ་ནི་བུ་ཁྱོད་ལྟོས། །དེ་ནས་གནས་དང་ཉེ་གནས་སོགས། །བདག་ཉིད་དཀྱིལ་འཁོར་ལུས་དཀྱིལ་འཁོར། །ལ་གནས་བྱང་ཆུབ་ཕྱོགས་ཀྱི་ཆོས། །སུམ་ཅུ་རྩ་བདུན་རང་བཞིན་ཏེ། །རྩ་ནི་སུམ་ཅུ་རྩ་བདུན་པོ། །ལྷ་ཡི་འཁོར་ལོ་དཀྱིལ་འཁོར་ལ། །དཔལ་ནི་ཧེ་རུ་ཀ་ཡིན་ནོ། །ཡན་ལག་ཡན་ལག་ཉེར་བསྟན་བྱ། །ཞེས་བྱ་བ་བརྗོད་ཅིང་དེའི་དོན་རྒྱས་པར་བཤད་པར་བྱ་སྟེ། འདི་ལྟར་སྙིང་ག་ན་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་བཞུགས་སོ་ཞེས་བྱ་བ་ནས་བརྩམས་ཏེ། པུས་མོ་ཀུ་ལུ་ཏར་བརྩོན་འགྲུས་ཆེན་མོ་ཞེས་བྱ་བའི་བར་དང༌། སྙིང་གའི་ཆོས་འཁོར་གྱི་འདབ་མ་བརྒྱད་ལ་སྒོ་མཚམས་མ་བརྒྱད་གནས་ཏེ། བདག་གི་ལུས་ལ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་རང་བཞིན་རྩ་སུམ་ཅུ་རྩ་བདུན་གནས་པ་ལྷ་སོ་བདུན་གྱི་ངོ་བོ་ཉིད་ཡིན་ཏེ། འདི་དག་གནས་སུ་མཁའ་འགྲོ་མ། །རྩ་གཟུགས་མཛེས་པས་ཡང་དག་གནས། །ཞེས་གསུངས་པ་ཡིན་ནོ། །ཞེས་བརྟེན་པ་ལྷ་དང་རྟེན་ཡང་རྐང་མཐིལ་ན་རླུང་དང་ཞེས་བྱ་བ་ནས་བརྩམས་ཏེ་ལྕེ་དང་མཆུ་འདོད་པའི་ཡོན་ཏན་ལ་སོགས་པ་ལུས་ཀྱི་ཆ་ཤས་དཀྱིལ་འཁོར་གྱི་རྒྱན་གྱི་བར་ཡང་གནས་པར་བཤད་དེ། རྒྱས་པར་མངོན་པར་རྟོགས་པ་བཞིན་བཤད་ལ། ཡིད་ཆེས་པའི་ཡན་ལག་ཏུ་ཐམས་ཅད་མཁྱེན་པའི་ལུང་དང་ཡང་སྦྱར་ཏེ་བསྟན་ལ། དེ་ལྟར་ང་ལ་ཡོད་པ་བཞིན་ཁྱོད་རང་ལ་ཡང་ཡོད་པས་དེ་ལྟར་ཤེས་པར་གྱིས་ཤིག་ཅེས་བསྒོ་སྟེ་དཀྱིལ་འཁོར་དུ་གཞུག་པའི་ཆོ་གའོ།། །།ད་ནི་དབང་བསྐུར་བའི་ཕྱིར་མཎྜལ་དང་ཕྱག་དང་དབང་བསྐུར་བའི་ཡོན་ཕུལ་ཏེ། ཆོས་བདེན་བདག་ཉིད་བསམ་མི་ཁྱབ། །བདག་ལ་དབང་ནི་བསྐུར་བར་མཛོད། །ཅེས་བྱ་བ་རྐང་པ་གཉིས་ཀྱིས་ལན་གསུམ་དུ་སློབ་དཔོན་ལ་གསོལ་བ་བཏབ་པའི་རྗེས་ལ། འོག་ནས་འབྱུང་བའི་ཡི་གེ་ཉི་ཤུ་རྩ་གཉིས་སྔགས་ཀྱིས་སྔགས་ཀྱི་དབང་བསྐུར་དེ་ནས་སྦྱིན། །ཞེས་རྐང་པ་གཉིས་འདིར་སྦྱར་ཏེ། མེ་ཏོག་ཕྲེང་བའམ། སྔགས་ཀྱི་དབང་བསྐུར་བ་སྦྱིན་པར་བྱ་སྟེ། སྔར་གྱི་མེ་ཏོག་ཕྲེང་བ་དེ་ཐལ་མོའི་བར་དུ་འཛིན་དུ་བཅུག་ལ། བླ་མའི་རྗེས་སུ་སྙིང་པོའི་སྔགས་ལན་གསུམ་བཟླས་ལ་མེ་ཏོག་ཕྲེང་བ་དེ་དྲིན་ལན་བསབ་པའི་ཚུལ་དུ་སྔར་གྱི་གང་ལ་བབས་པའི་དེའི་སྤྱི་བོར་བབས་པར་མོས་ཤིག་ཅེས་བསྒོ་ལ། སློབ་མས། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱིས། །བཅོམ་ལྡན་བདག་ལ་བྱིན་གྱིས་རློབས། །ཞེས་ལན་གསུམ་བརྗོད། བླ་མས་མེ་ཏོག་ཕྲེང་བ་དེ་བླངས་ལ། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །བཅོམ་ལྡན་འདི་ལ་བྱིན་གྱིས་རློབས། །ཞེས་བརྗོད་ལ། མེ་ཏོག་ཕྲེང་བ་དེ་སླར་སློབ་མ་ལ་བྱིན་ཏེ། དེའི་རིགས་དང་རྗེས་སུ་མཐུན་པའི་ཕྱིར་འཛིན་དུ་གཞུག་སྟེ། དེས་ནི་སྔགས་ཐམས་ཅད་ཀྱི་ལུང་ཐོབ་པར་འགྱུར་རོ། །ཞེས་བརྗོད་དེ། མེ་ཏོག་ཕྲེང་བའི་དབང་ངོ༌། །ད་ནི་རིག་པའི་དབང་ལྔ་ལས། དང་པོ་ཆུའི་དབང་ནི། རྣམ་རྒྱལ་དང༌། ལས་ཐམས་ཅད་པའི་བུམ་པ་བླངས་ཏེ། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་དེ། དེ་ནས་ཆུ་ཐོད་པའི་ནང་དུ་བླུགས་པའམ། དེ་ཉིད་མཎྜལ་ལ་སོགས་པའི་སྟེང་དུ་གཞག་པར་བྱའོ། །དེ་ནས་སྭ་བྷཱ་ཝའི་སྔགས་ཀྱིས་བདག་དང་སློབ་མ་དང་དབང་རྫས་གསུམ་ཀ་སྟོང་པར་བསམས་ལ། དེའི་ངང་ལས་ཟླ་བ་ལ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ། དེ་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པ་ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་དང་བཅས་པའི་ས་ནོན། གཡོན་དྲིལ་བུ་དང་བཅས་པའི་ཆོས་གོས་བཟུང་བའམ། རུས་པའི་རྒྱན་དྲུག་དང་ལྡན་པ། རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པར་བསམས་ལ། དབང་རྫས་ཀྱི་དེ་ཡོངས་སུ་གྱུར་པ་ལས་དེའི་རང་བཞིན་ཅན་གྱི་ཆུར་བསམ་པར་བྱའོ། །སློབ་མས་བདག་ཉིད་དེ་ལྟར་བསམ། སློབ་དཔོན་གྱིས་གསུམ་ཀར་བསམས་ཏེ། འོག་མ་རྣམས་ལའང་དེས་བསྒྲེའོ། །དེ་ནས་སློབ་དཔོན་གྱི་སྙིང་གའི་ས་བོན་གྱི་འོད་ཀྱིས། དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས་ཏེ། དེ་དག་གི་ཐུགས་ཀ་ནས། སྒོ་མཚམས་མ་བརྒྱད་བྱོན་ཏེ་དབང་བསྐུར་བར་སློབ་དཔོན་སློབ་མ་གཉིས་ཀས་བསམས་ཏེ། འདིའང་འོག་མ་རྣམས་ལ་བསྒྲེའོ། །དེ་ལྟར་ཏིང་ངེ་འཛིན་གྱིས་བསམས་ལ། དངོས་སུ་སློབ་དཔོན་གྱིས་རབ་མཆོག་ཆུ་སྟེ། རྣམ་པར་རྒྱལ་བའི་བུམ་པ་བླངས་ལ། སློབ་མའི་སྤྱི་བོ་ནས་བུམ་པའི་ཆུས་གཏོར་ཞིང༌། ངག་ཏུ། ཨོཾ་ཙཀྲ་བཱི་ར་སྟྭཾ་ཨ་བྷི་ཥིཉྩ་མི། ཞེས་བརྗོད་པའི་རྗེས་ལ། ཨོཾ་ཀཱ་ཀཱ་སྱེ་ཨུ་ལཱུ་ཀཱ་སྱེ་ཤྭ་ན་ཀཱ་སྱེ་སཱུ་ཀ་རཱ་སྱེ། ཡ་མ་དཱ་དྷཱི་ཡ་མ་དཱུ་ཏཱི་ཡ་མ་དཾཥྚཱི་ནཱི་ཡ་མ་མ་ཐ་ནཱི་ཡེ། བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བརྗོད་ཅིང་དབང་བསྐུར་ཏེ་ཕྱིའི་དབང་ངོ༌། །ནང་གི་དབང་ནི་ཡེ་ཤེས་སེམས་དཔའི་རང་བཞིན་གྱིས་ཞེས་པ་ལ་སོགས་ཏེ། སྔར་གྱི་དེ་བཞིན་གཤེགས་པ་རྣམས་མི་བསྐྱོད་པའི་རྣམ་པར་གྱུར་ཏེ། སློབ་མའི་སྤྱི་བོར་ཟླ་བ་ལ་སྣ་ཚོགས་རྡོ་རྗེ་བསམས་ལ་དེའི་ལྟེ་བ་ནས་ཐིམ་པས་ལུས་ཐམས་ཅད་མི་བསྐྱོད་པའི་རང་བཞིན་དུ་གྱུར་པར་གཉིས་ཀས་བསམས་ཏེ་མཆོད་པ་ལྔས་སློབ་མ་ལ་མཆོད་ལ་དོན་ལྔའི་རྟོགས་པ་བསྐྱེད་དེ། དབང་ལས་ཆུའི་དབང་ངོ༌། །ཕུང་པོ་ལས་རྣམ་ཤེས་དག སྤང་བྱ་ཞེ་སྡང་དག ཐོབ་བྱ་དེ་བཞིན་གཤེགས་པ་མི་བསྐྱོད་པར་བྱིན་གྱིས་བརླབས། ཡེ་ཤེས་ལྔ་ལས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ས་བོན་རྒྱུད་ལ་གཞག་གོ །ཞེས་བརྗོད་པར་བྱའོ། །དེ་ནས་བྲིས་པ་ལ་སོགས་པའི་དབུ་རྒྱན་ཡང་སྟོང་པའི་ངང་ལས་ས་བོན་ཨཱྃ་ལས་རིན་པོ་ཆེ་ཨཱྃ་གིས་མཚན་པ། དེ་ལས་རྡོ་རྗེ་ཉི་མ་སེར་པོ་རིན་པོ་ཆེ་དང་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་སྐྱིལ་ཀྲུང་ཐམས་ཅད་འདྲའོ། །དེ་ཡོངས་སུ་གྱུར་པ་ལས་དབུ་རྒྱན་ནོ། །དེ་ནས་ཡང་རང་གི་ཐུགས་ཀའི་ཨཱྃ་གི་འོད་ཟེར་གྱིས་སྤྱན་དྲངས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀ་ནས་སྒོ་མཚམས་མ་བརྒྱན་བྱོན་ཏེ། སློབ་མའི་མགོར་དབུ་རྒྱན་འཇོག་པར་བསམས་ལ། དངོས་སུ་སློབ་དཔོན་གྱིས། སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པའི་སྔགས་དང༌། སྔགས་གཞན་སྔར་བསྟན་པའི་སྒོ་མཚམས་མ་བརྒྱད་ཀྱི་སྔགས་ཀྱང་བརྗོད་ཅིང་དབུ་རྒྱན་མགོར་གཞག་གོ །ཕྱིའི་དབང་ངོ༌། །ཡང་དེ་བཞིན་གཤེགས་པ་རྣམས་རིན་འབྱུང་དུ་གྱུར་ཏེ། སློབ་མའི་སྤྱི་བོར་ཟླ་བའི་སྣ་ཚོགས་རྡོ་རྗེ་ལ་བསྟིམ་པས། ལུས་ཐམས་ཅད་རིན་ཆེན་འབྱུང་ལྡན་གྱི་རང་བཞིན་དུ་གྱུར་པར་གཉིས་ཀས་བསམས་ལ། སློབ་མ་ལ་མཆོད་པ་ལྔས་མཆོད་ལ་བཤད་པ་ལྔ་ནི། དབང་ལས་ཅོད་པཎ། ཕུང་པོ་ལས་ཚོར་བ་དག ཉོན་མོངས་པ་ལས་སེར་སྣ་སྤངས། དེ་བཞིན་གཤེགས་པ་ལས་རིན་འབྱུང་དུ་བྱིན་གྱིས་བརླབས། ཡེ་ཤེས་ལྔ་ལས་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ས་བོན་རྒྱུད་ལ་གཞག་གོ །ཞེས་བརྗོད་དོ། །རྡོ་རྗེའི་དབང་ནི་སྟོང་པའི་ངང་ལས་ཛྲཱིྃ་ལས་པདྨ་ཛྲཱིྃ་གིས་མཚན་པ་དེ་ལས་སྣང་བ་མཐའ་ཡས་པདྨ་དང་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ་སྐུ་མདོག་དམར་པོ། དེ་གྱུར་པ་ལས་རྡོ་རྗེའོ། །ཡང་ས་བོན་གྱི་འོད་ཀྱིས་སྤྱན་དྲངས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀ་ནས་སྒོ་མཚམས་མ་བརྒྱད་བྱོན་ཏེ་སློབ་མའི་ལག་ཏུ་རྡོ་རྗེ་གཏད་པར་གཉིས་ཀས་བསམས་ལ་དངོས་སུ་སློབ་དཔོན་གྱིས། ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་ཏ་ཐཱ་ག་ཏ་བཱི་ར་ཤྲཱི་ཧེ་རུ་ཀ་དེ་བཱི། ཨི་དཾ་ཏྭཏྶརྦ་བུདྡྷཱ་སྟྭཾ་གྲྀཧྞ་བཛྲ་སུ་སིདྡྷཱ་ཡོ་ཞེས་པའམ། ཡང་ན། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང༌། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །འདི་དེ་སངས་རྒྱས་ཐམས་ཅད་ཉིད། །ཤིན་ཏུ་གྲུབ་ཕྱིར་རྡོ་རྗེ་ཟུང༌། །ཞེས་བྱ་བ་བརྗོད་ཅིང་ལག་པ་གཡས་པར་རྡོ་རྗེ་གཏད་ལ་སྙིང་གར་འཛིན་དུ་བཅུག་གོ །ཡང་དེ་དག་གིས་བུམ་པའི་ཆུས་དབང་བསྐུར་བར་བསམས་ལ་དངོས་སུ་སློབ་དཔོན་གྱིས་བུམ་པའི་ཆུས་གཏོར་ཞིང་སྔར་གྱི་སྔགས་བཟླའོ། །ཕྱིའི་དབང་ངོ༌། །ནང་གི་དབང་ནི་དེ་བཞིན་གཤེགས་པ་རྣམས་སྣང་མཐར་གྱུར་ཏེ་སྤྱི་བོར་ཟླ་བའི་སྣ་ཚོགས་རྡོ་རྗེ་ནས་བསྟིམ་སྟེ་ལུས་ཐམས་ཅད་སྣང་མཐའི་རང་བཞིན་དུ་གྱུར་པར་བསམས་ལ། མཆོད་པ་ལྔས་མཆོད་དེ། དབང་ལས་རྡོ་རྗེའི་དབང༌། ཕུང་པོ་ལས་འདུ་ཤེས་དག ཉོན་མོངས་པ་ལས་འདོད་ཆགས་སྤངས། དེ་བཞིན་གཤེགས་པ་སྣང་བ་མཐའ་ཡས་སུ་བྱིན་གྱིས་བརླབས། ཡེ་ཤེས་ལྔ་ལས་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ས་བོན་རྒྱུད་ལ་གཞག་གོ་ཞེས་བརྗོད་དོ། །དྲིལ་བུའི་དབང་ནི་གསུམ་ཀ་སྟོང་པའི་ངང་ལས་ཁྃ་ལས་རལ་གྲི་ཁྃ་གིས་མཚན་པ། དེ་ལས་བྱུང་བའི་དོན་ཡོད་གྲུབ་པ་རལ་གྲི་དང་དེས་ཡུ་བ་བྱས་པའི་དྲིལ་བུ་གཟུང་བར་གཉིས་ཀས་བསམས་ལ། དབང་རྫས་ཀྱི་དེ་ཡོངས་སུ་གྱུར་པ་ལས་དྲིལ་བུར་བསམས་ལ། ཡང་འོད་ཟེར་གྱིས་སྤྱན་དྲངས་པའི་དེ་བཞིན་གཤེགས་པའི་ཐུགས་ཀ་ནས་སྒོ་མཚམས་མ་བརྒྱད་བྱོན་ཏེ་དྲིལ་བུ་གཏད་པར་བསམས་ལ་དངོས་སུ་སློབ་དཔོན་གྱིས། འདི་ནི་རྣལ་འབྱོར་མ་ཀུན་གྱི། །དྲིལ་བུའི་སྒྲ་ཀུན་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུང༌། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །ཅེས་བྱ་བ་བརྗོད་ཅིང༌། ལག་པ་གཡོན་པར་དྲིལ་བུ་སྦྱིན་ནོ། །ཡང་བུམ་པའི་ཆུས་ཀྱང་དབང་བསྐུར་བར་བསམས་ལ། དངོས་སུ་སློབ་དཔོན་གྱིས་སྔགས་བརྗོད་ཅིང་ཆུས་གཏོར་ཏེ། ཕྱིའི་དབང་ངོ༌། །ཡང་དེ་བཞིན་གཤེགས་པ་རྣམས་དོན་ཡོད་གྲུབ་པར་གྱུར་ཏེ་སྤྱི་བོར་ཟླ་བ་ལ་སྣ་ཚོགས་རྡོ་རྗེའི་ལྟེ་བ་ནས་ཐིམ་པས། ལུས་ཐམས་ཅད་དོན་ཡོད་གྲུབ་པའི་རང་བཞིན་དུ་བསམས་ལ། མཆོད་པ་ལྔས་མཆོད་དེ། དབང་ལས་དྲིལ་བུའི། ཕུང་པོ་ལས་འདུ་བྱེད་ཀྱི་ཕུང་པོ་དག ཉོན་མོངས་པ་ལས་ཕྲག་དོག་སྤངས། དེ་བཞིན་གཤེགས་པ་དོན་ཡོད་གྲུབ་པར་བྱིན་གྱིས་བརླབས། ཡེ་ཤེས་ལྔ་ལས་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་ས་བོན་རྒྱུད་ལ་གཞག་གོ་ཞེས་བརྗོད་དོ། །མིང་གི་དབང་བསྐུར་བ་ནི་སྟོང་པའི་ངང་ལས་བྷྲཱུྃ་ལས་འཁོར་ལོ་བྷྲཱུྃ་གྱིས་མཚན་པ། དེ་ལས་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་འཁོར་ལོ་དང་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པར་བསམས་ལ། དབང་རྫས་དེ་གྱུར་པ་ལས་རྡོ་རྗེ་དང་དྲིལ་བུར་བསྐྱེད། ཡང་ན་འདི་ལ་དབང་རྫས་ལ་བསྐྱེད་པ་མེད་ཀྱང་བཏུབ། སློབ་མ་སྐད་ཅིག་གིས་དེ་ལྟ་བུའི་ང་རྒྱལ་ལ་གནས་སུ་གཞུག་གོ །ཡང་འོད་ཟེར་གྱིས་སྤྱན་དྲངས་པའི་དེ་བཞིན་གཤེགས་པ་དེ་དག་གི་ཐུགས་ཀ་ནས་སྒོ་མཚམས་མ་བརྒྱད་བྱོན་ཏེ་མིང་འདོགས་པར་བསམས་ལ། དངོས་སུ་སློབ་དཔོན་གྱིས་རྡོ་རྗེ་དྲིལ་བུ་བཟུང་སྟེ། སློབ་མའི་སྤྱི་བོར་ལག་པས་རྡོ་རྗེ་དྲིལ་བུ་རྩེ་སྤྲད་ལ། ཨོཾ་ཤྲཱི་ཙཀྲ་ཨ་དྷི་པ་ཏི་ཤྲཱི་ཧེ་རུ་ཀ་བཱི་ར་སྟྭཾ་ཨ་བྷི་ཥིཉྩ་མིཿ ཀྱེ་དཔལ་ཆེ་གེ་མོ་ཞེས་བྱ་བའི་རྗེས་ལ། འཁོར་ལོ་གསུམ་དང་དམ་ཚིག་དང་བདེ་ཆེན་གྱི་བཞི་དང༌། ཧེ་རུ་ཀ་གང་ལ་མེ་ཏོག་ཕོག་པ་དེའི་རིགས་ཀྱི་མིང་གདགས་ཞེས་གསུང་ཡང༌། ཕྱག་ལེན་ལ་མི་བསྐྱོད་པ་འབའ་ཞིག་གི་མིང་འདོགས་པ་གཙོར་མཛད། དེ་ཡང་འདི་ལྟར་སྐྱེས་པ་ལ་བཞད་པའི་རྡོ་རྗེ་དང༌། སྒེག་པའི་རྡོ་རྗེ་དང༌། རོལ་པའི་རྡོ་རྗེ་དང༌། ཨ་ལ་ལ་རྡོ་རྗེ་དང༌། ཤིན་ཏུ་དགའ་བ་མྱུ་གུའི་རྡོ་རྗེ་དང༌། ཞེ་སྡང་རྡོ་རྗེ་དང༌། ཀྱེའི་རྡོ་རྗེ་དང༌། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་དང༌། བུད་མེད་ལ་རྡོ་རྗེ་སྙེམས་མ་དང༌། རྡོ་རྗེ་མཚོན་ཆ་མ་དང༌། རྡོ་རྗེ་བདག་མེད་མ་དང༌། རྡོ་རྗེ་མཱ་མ་ཀཱི་དང༌། རྡོ་རྗེ་སྒེག་མོ་ལ་སོགས་པར་གདགས་ཏེ། ཁྱོད་ནི་ཆེ་གེ་མོ་རྡོ་རྗེ་ཞེས་བྱ་བ་ཡིན་ནོ་ཞེས་བརྗོད་དོ། །ཡང་སྒོ་མཚམས་མ་བརྒྱད་ཀྱིས་བུམ་པའི་ཆུས་དབང་བསྐུར་བར་བསམས་ལ། དངོས་སུ་སློབ་དཔོན་གྱིས་སྔར་གྱི་སྔགས་བརྗོད་ཅིང་བུམ་པའི་ཆུས་གཏོར་ཏེ་ཕྱིའི་དབང་ངོ༌། །ཡང་དེ་བཞིན་གཤེགས་པ་དེ་རྣམས་རྣམ་པར་སྣང་མཛད་དུ་གྱུར་ཏེ་སྤྱི་བོར་ཟླ་བ་ལ་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་ཨོཾ་མགོ་ཐུར་ལྟ་བསམས་ལ་བསྟིམ་པས། ལུས་ཐམས་ཅད་རྣམ་པར་སྣང་མཛད་ཀྱི་རང་བཞིན་དུ་གྱུར་པར་གཉིས་ཀས་བསམས་ལ། སློབ་མ་ལ་མཆོད་པ་ལྔས་མཆོད་ལ། དབང་ལས་མིང་གི་དབང༌། ཕུང་པོ་ལས་གཟུགས་ཀྱི་ཕུང་པོ་དག ཉོན་མོངས་པ་ལས་གཏི་མུག་སྤངས། དེ་བཞིན་གཤེགས་པ་ལས་རྣམ་པར་སྣང་མཛད་ཀྱི་རང་བཞིན་དུ་བྱིན་གྱིས་བརླབས། ཡེ་ཤེས་ལྔ་ལས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་བག་ཆགས་དང་ས་བོན་རྒྱུད་ལ་གཞག་གོ །ཞེས་ལྔ་ཚན་ལྔའི་རྟོགས་པ་བསྐྱེད་ལ། རིག་པའི་དབང་ལྔའི་ངེས་ཚིག་བརྗོད་དེ། དབང་བསྐུར་བ་ལྔ་ཐོབ་ཅེས་བྱ་བ་ནི་ཆུ་ལ་སོགས་པ་སྟེ་དེ་དག་གི་སངས་རྒྱས་རིག་པའི་ཡབ་ལྔར་བྱིན་གྱིས་བརླབས་པས་ན་རིག་པའི་དབང་ལྔ་དང༌། མ་རིག་པ་ལ་སོགས་པ་ཉོན་མོངས་པ་ལྔ་དག་པར་བྱས་པས་རིག་པའི་དབང་ལྔ་དང༌། སྦྱང་གཞི་ཕུང་པོ་ལྔ་སྦྱོང་བར་བྱེད་པས་རིག་པའི་དབང་ལྔ་དང༌། ཐོབ་བྱ་ཡེ་ཤེས་ལྔ་ཐོབ་པར་བྱེད་པས་རིག་པའི་དབང་ལྔ་ཡིན་ནོ། །ཞེས་བྱ་སྟེ་རིག་པའི་དབང་ལྔའོ། །དེ་ནས་ཡང་སློབ་མ་སྐད་ཅིག་གིས་མི་བསྐྱོད་པར་སེམས་སུ་གཞུག བླ་མས་ཀྱང་དེ་ལྟར་བསྐྱེད་ལ། འདི་དེ་སངས་རྒྱས་ཐམས་ཅད་དེ། །དཔལ་ཧེ་རུ་ཀའི་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང༌། །དཔལ་ཧེ་རུ་ཀའི་བརྟུལ་ཞུགས་བརྟན། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་སྟྭཾ་དྷ་ར་ཡ་མི་ཨོཾ་ཧི་ཧི་ཧི་ཧི་ཞེས་བརྗོད་དེ། སློབ་མའི་ལག་པ་གཡས་པར་རྡོ་རྗེ་གཏད་པ་ནི་ཕྱིའི་དབང་ངོ༌། །སྐད་ཅིག་གིས་སློབ་མའི་སྙིང་གར་མི་བསྐྱོད་པ་སློབ་དཔོན་སློབ་མ་གཉིས་ཀས་བསམས་པ་ནི་ནང་གི་དབང་བསྐུར་ཏེ་ཐུན་མོང་གི་བརྟུལ་ཞུགས་སོ། །དེ་ནས་སྤྱོད་པ་ལ་ནུས་པའི་མཐུ་དང་ལྡན་པར་བྱ་བའི་ཕྱིར་ཐུན་མོང་མ་ཡིན་པའི་བརྟུལ་ཞུགས་སྦྱིན་ཏེ། སློབ་མ་དཔལ་ཧེ་རུ་ཀ་ཞལ་བཞི་ཕྱག་བཅུ་གཉིས་ཡུམ་དང་བཅས་པ་ཇི་ལྟ་བ་བཞིན་དུ་བསམ་དུ་བཅུག་ལ། སློབ་དཔོན་གྱིས་ཀྱང་དེ་ལྟར་བསམས་ལ། དེའི་ལག་པ་གཡས་པར་ཌཱ་མ་རུ། གཡོན་པར་ཐོད་པ་དང་གྲུ་མོར་ཁ་ཊྭཱཾ་ག་སེ་རལ་ཁར་རོའི་སྐྲ་ལས་བྱས་པའི་ཚངས་སྐུད་བྱིན་ཏེ། ཁ་ཊྭཱཾ་ག་ཅང་ཏེའུ་ལྷུང་བཟེད་བཟང༌། །ཧེ་རུ་ཀ་དཔལ་ཁ་ཊྭཱྃ་ག །རྣལ་འབྱོར་མ་ནི་ཌ་མ་རུ། །རྡོ་རྗེ་ཁ་ཊྭཱྃ་རྡོ་རྗེར་བཅས། །དྲིལ་བུ་སིལ་སིལ་སྒྲ་སྒྲོགས་ཤིང༌། །ཚངས་པའི་སྐུད་ཐོགས་རྣལ་འབྱོར་བདག །ཁ་ཊྭཱྃ་ག་དང་རྣལ་འབྱོར་སྣོད། །དཔའ་བོ་ཆེན་པོས་བླང་བར་གྱིས། །ཞེས་བརྗོད་ལ་དེའི་དོན་ཀྱང་བཤད་དེ། ལག་པ་གཡོན་གྱི་གྲུ་མོར་ཁ་ཊྭཱྃ་ག་ཐབས་རིག་པ་བྱང་ཆུབ་ཀྱི་སེམས་ཡབ་ཡིན་ནོ། །གཡས་པའི་ཌཱ་མ་རུའི་སྒྲ་ཤེས་རབ་སྟོང་པ་ཉིད་ཡུམ་ཡིན་ནོ། །ཐོད་པ་བདེ་བ་སྐྱོང་བ། ཚངས་པའི་སྐུད་པ་ཐབས་ཤེས་རབ་མི་འབྲལ་བར་སྤྱོད་ཅིག་པ་ཡིན་ཞེས་བརྗོད་དེ། ཌཱ་མ་རུ་དང་དྲིལ་བུའི་སྒྲ་ཡང་བྱེད་དུ་གཞུག་གོ །ཕྱིའི་དབང་ངོ༌། །སློབ་མའི་སྙིང་གར་ཧེ་རུ་ཀ་ཕྱག་བཅུ་གཉིས་པ་སློབ་དཔོན་སློབ་མ་གཉིས་ཀས་བསམས་པ་ནང་གི་དབང་སྟེ། ཐུན་མོང་མ་ཡིན་པའི་བརྟུལ་ཞུགས་སོ། །དེ་ནས་སློབ་མ་ལུང་བསྟན་པའི་ཕྱིར་ཤཱཀྱའི་རྒྱལ་པོའི་ཆ་ལུགས་སུ་གནས་ཏེ། ཤཱཀྱ་ཐུབ་པར་རང་གྱུར་ནས། །སློབ་མ་ཆེན་པོར་ལུང་བསྟན་བྱ། །ཞེས་གསུངས་པས་ན། །སློབ་དཔོན་རྡོ་རྗེ་ཅན་གྱི་ང་རྒྱལ་དང་ལྡན་པས་ཆོས་གོས་བགོས་ལ་དེའི་གྲྭ་གཉིས་ལག་པ་གཡོན་པས་སེང་གེའི་རྣ་བ་ལྟར་བཟུང་ལ། ལག་པ་གཡས་པ་དྲིལ་བུ་དང་བཅས་པས་མི་འཇིགས་པ་སྦྱིན་པའི་ཕྱག་རྒྱ་བཅས་ཏེ། ཧེ་རུ་ཀ་དཔལ་ཞེས་བྱ་བའི་གནས་སུ་སྔར་གྱི་མིང་གཞུག་པའམ་མ་བཅུག་ཀྱང་རུང་སྟེ། འདི་ལྟར་ང་ཡིས་ལུང་བསྟན་ཏེ། །འཁོར་ལོ་གསུམ་གྱི་བདག་ཉིད་ཁྱོད། །རང་བཞིན་སངས་རྒྱས་ཀུན་རང་བཞིན། །ཧེ་རུ་ཀ་དཔལ་ཞེས་བྱ་ཡི། །དེ་བཞིན་གཤེགས་པ་ཉིད་ཡིན་ནོ། །ཨོཾ་ཤྲཱི་ཧེ་རུ་ཀ་ཌཱ་ཀི་ནཱི་ན་མསྶརྦ་ཏ་ཐཱ་ག་ཏ་སིདྡྷི་ས་མ་ཡ་སྟྭཾ་བྷུརྦྷུ་ཝ་སྭཿ མི་བསྐྱོད་རྡོ་རྗེ་ཞེས་བྱ་བའི་དེ་བཞིན་གཤེགས་པ་ས་འོག་ས་སྟེང༌། ས་བླ་རྣམས་སུ་བྷུ་རྦྷུ་ཝ་སྭཿགང་ལ་ལུང་བསྟན་པ་འདི་ལ་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། དཀྱིལ་འཁོར་གྱི་འཁོར་ལོ་དང་བཅས་པ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་ལུང་བསྟན་པ་མཛད་དེ། སྔགས་འདི་དང་ཕྱག་རྒྱ་འདིའི་མཐུ་ཡིན་ནོ། །དེ་བཞིན་དུ་བཞད་པའི་རྡོ་རྗེ་ལ་སོགས་པའི་མིང་བཏགས་པ་བརྗོད་དེ་ལུང་བསྟན་པའོ། །དེ་ནས་དབུགས་དབྱུང་བ་ནི། ཁམས་གསུམ་གྱི་ནི་རྒྱལ་སྲིད་ཆེ། །དཔལ་ལྡན་ཡོན་ཏན་འབྱུང་བའི་གནས། །བདུད་ཚོགས་ཀུན་ལས་རྣམ་རྒྱལ་ཞིང༌། །གྲོང་ཁྱེར་མཆོག་ཏུ་ཞུགས་པ་ཡིན། །ཞེས་བྱ་བ་བརྗོད་ལ། དེའི་དོན་ཡང་བཤད་དེ། སྔར་ཆེ་གེ་མོ་ཞེས་བྱ་བའི་མིང་བཏགས་པའི་དེ་བཞིན་གཤེགས་པར་འགྱུར་ངེས་པས་དེ་ལ་ཡིད་གཉིས་སམ་ཐེ་ཚོམ་མ་བྱེད་ཅིག་ཅེས་ལུང་བསྟན། དུས་དེང་ཕྱིན་ཆད་སྲིད་པའི་སྡུག་བསྔལ་དང་བྲལ་བའི་གདེང་ཐོབ་པ་ཡིན་ནོ་ཞེས་དབུགས་དབྱུང་ལ། དེ་ལ་དགའ་བ་ཁྱད་པར་ཅན་སྐྱེས་པ་གཟེངས་བསྟོད་པའི་དབང་སྟེ། གསུམ་ཀ་རྟོགས་པ་གཅིག་ཏུ་བྱས་ན། དེ་ཡན་ཆད་ལ་དགུ། རྡོ་རྗེ་སློབ་དཔོན་གྱི་དབང་དང་བཅུ། དེའི་མཐའ་རྟེན་རྗེས་སུ་གནང་བ་དང་བཅུ་གཅིག་ཡིན་ལ། ཡང་འདི་ལྟར་ཞེས་བྱ་བ་ནས་སྭཿཞེས་བྱ་བའི་བར་དུ་ལུང་བསྟན་ལ། ཁམས་གསུམ་ཞེས་བྱ་བ་ནས་ཡིན་ཞེས་བྱ་བའི་བར་དུ་དབུགས་དབྱུང་གཟེངས་བསྟོད་དང་བཅུ། རྡོ་རྗེ་སློབ་དཔོན་དང་རྗེས་སུ་གནང་བའམ། ཡང་ན་རྡོ་རྗེ་སློབ་དཔོན་ཀུན་གྱི་སྤྱི་ཡིན་པས་རྗེས་སུ་གནང་བ་སྟེ་བཅུ་གཅིག་ཡིན་ནོ།། །།དེ་ནས་རྡོ་རྗེ་སློབ་དཔོན་གྱི་དབང་དོན་དུ་གཉེར་བ་ཅིག་གིས། ཕྱིར་མི་ལྡོག་པའི་དབང་བསྐུར་ཆེ། །དཔའ་བོ་ཆེན་པོས་བདག་ལ་སྩོལ། །འགྲོ་བ་མཚན་མ་མེད་བྱེད་པ། །དེ་ནི་དེང་འདིར་མཛད་དུ་གསོལ། །ཞེས་ཚིགས་བཅད་གཅིག་གིས་རྡོ་རྗེ་སློབ་དཔོན་དུ་དབང་བསྐུར་བར་གསོལ་བ་གདབ་པ་དང༌། སློབ་དཔོན་གྱིས་ཧཱུྃ་ལས་རྡོ་རྗེར་བསྐྱེད་དེ། དེའི་ལག་པ་གཡས་པར། འདི་དེ་ཞེས་བྱ་བ་ལ་སོགས་པ་སྔར་བསྟན་པའི་ཚིགས་བཅད་བརྗོད་ཅིང་གཏད་ལ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །བཅོམ་ལྡན་འདས་དཔལ་མཆོག་དང་པོའི་སྐྱེས་བུའོ། །ཞེས་བྱ་བ་ལ་སོགས་པ་དེ་ཁོ་ན་ཉིད་ཀྱང་བརྗོད་ཅིང་མདོར་ན་རང་གི་སེམས་ཉིད་རང་རིག་པའི་ཡེ་ཤེས་ལྔའི་ངོ་བོ་ཡིན་ནོ་ཞེས་བསྟན། ལག་པ་གཡོན་པར་ཨ་ལས་དྲིལ་བུ་བསྐྱེད་དེ། འདི་ནི་ཞེས་བྱ་བ་ལ་སོགས་པ་གོང་དུ་བསྟན་པའི་ཚིགས་བཅད་བརྗོད་ཅིང་གཏད་ལ། སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་ལྡན་པ། །སྲིད་པ་དམ་པ་བྱེད་པར་འགྱུར། །ཞེས་དྲིལ་བུའི་དེ་ཁོ་ན་ཉིད་ཀྱང་བརྗོད་དེ་དོན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད། སྒྲས་དོན་དེ་སྟོན་པ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ལ་སོགས་པ་ཡོངས་སུ་དག་པ་ཡིན་ནོ། །ཞེས་བསྟན། དེ་ནས་རྡོ་རྗེ་དང་དྲིལ་བུ་འཁྱུད་པའི་ཚུལ་དུ་འཛིན་དུ་བཅུག་སྟེ། རྡོ་རྗེ་ཆེ་དང་དྲིལ་བུ་ཆེ། །ཟུངས་ཤིག་རྡོ་རྗེར་བྱིན་གྱིས་བརླབས། །དེ་རིང་རྡོ་རྗེ་སློབ་དཔོན་གྱུར། །སློབ་མའི་ཚོགས་རྣམས་བསྡུ་བར་གྱིས། །ཞེས་བརྗོད་ལ་རང་ཉིད་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ་ཡུམ་དེ་ལྟ་བུས་འཁྱུད་པའི་ཚུལ་དུ་བསམ་པར་བྱོས་ཤིག་ཅེས་བསྒོ་ལ་དེ་དག་གི་དོན་ཡང་བཤད་དེ། ལག་པ་གཡས་པར་རྡོ་རྗེ་བྱིན་པ་ཐུགས་ཀྱི་དམ་ཚིག གཡོན་པར་དྲིལ་བུ་བྱིན་པ་གསུང་གི་དམ་ཚིག རང་རྡོ་རྗེ་སེམས་དཔར་བསྐྱེད་པ་ལྷའི་སྐུ་ཕྱག་རྒྱ་ཆེན་པོ་དང་མི་འབྲལ་བ་སྐུའི་དམ་ཚིག་ཡིན་ནོ། །ཞེས་བསྟན་ལ། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་ཅིང་བུམ་པའི་ཆུས་ཀྱང་དབང་བསྐུར་ཏེ། ཡང་སློབ་དཔོན་གྱི་སྙིང་གའི་ས་བོན་གྱི་འོད་ཀྱིས་དཀྱིལ་འཁོར་གྱི་འཁོར་ལོ་ལྷ་སོ་བདུན་སྤྱན་དྲངས་ཏེ། དེ་དག་ལ་རང་གི་སྙིང་གའི་ས་བོན་ལས་སྤྲུལ་པའི་ལྷ་མོ་རྣམས་ཀྱིས་མཆོད་པ་དང་བསྙེན་བཀུར་བཟང་པོ་བྱས་ལ། བཅོམ་ལྡན་དེ་བཞིན་གཤེགས་པ་རྣམས། །བཅོམ་ལྡན་བདག་ཉིད་ཆེན་པོ་ཀུན། །ཐུགས་རྗེའི་བདག་ཉིད་ཅན་རྣམས་ཀྱིས། །འདི་ལ་དབང་བསྐུར་སྩལ་དུ་གསོལ། །ཞེས་དབང་བསྐུར་བར་གསོལ་བ་གདབ་པའམ་མ་བཏབ་ཀྱང་རུང་སྟེ། སློབ་དཔོན་གྱིས་ལྷ་ལ་གསོལ་བ་བཏབ་པའམ་སྔར་བཏབ་པས་མ་བཏབ་ཀྱང་རུང་སྟེ། དཔའ་བོ་དང་རྣལ་འབྱོར་མ་དེ་རྣམས་ཀྱིས་ཡེ་ཤེས་ཀྱི་ཆུས་གང་བའི་བུམ་པས་དབང་བསྐུར་མེ་ཏོག་ལ་སོགས་པས་ཀྱང་མཆོད་པར་བསམ་ཞིང༌། སློབ་དཔོན་དང་སློབ་མ་གཉིས་ཀས་སློབ་མ་སྐད་ཅིག་གིས་རིགས་དྲུག་པ་རྡོ་རྗེ་འཆང་ཆེན་པོ་ཕྱག་བཅུ་གཉིས་པ་ལུས་ཀྱི་དཀྱིལ་འཁོར་དང་བཅས་པར་བསམས་ལ། དངོས་སུ་སློབ་དཔོན་གྱིས་བུམ་པའི་ཆུས་དབང་བསྐུར་ཞིང༌། ངག་ཏུ། དབང་བསྐུར་རྡོ་རྗེ་ཆེན་པོ་ལ། །ཁམས་གསུམ་པ་ཡིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་པ། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཞེས་བྱ་བ་དང༌། སྔགས་སྔར་གྱི་ཙཀྲ་བཱི་ར་སྟྭཾ་ལ་སོགས་པ་དང༌། སྒོ་མཚམས་མ་བརྒྱད་ཀྱི་སྔགས་ཀྱང་བཟླ་བར་བྱའོ། །དེ་ནས་དབང་བསྐུར་གྱི་ལྷ་དེ་རྣམས་སློབ་མའི་སྤྱི་བོར་ཐིམ་པར་བསམས་ལ། དེ་ལ་ལྷག་པར་གནས་པ་བྱས་ལ་ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ། ཞེས་སྔགས་བཟླ་ཞིང༌། ཚོགས་ཀྱི་མཆོད་པ་ལ་འདུས་པའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱིས་ཇི་ལྟར་འདོད་པར་མེ་ཏོག་ལ་སོགས་པ་སྣ་ཚོགས་པའི་མཆོད་པས་མཆོད་པར་བྱས་ལ། ཆུའི་ལྷག་མ་ཡར་ལུད་པ་ལས་ཕྱིར་མི་ལྡོག་པའི་དབང་གི་རྟགས་སུ་མི་བསྐྱོད་པས་དབུར་བརྒྱན་པར་བསམ་པར་བྱའོ། །དེའི་ཡན་ལག་རྗེས་སུ་གནང་བ་སྦྱིན་པར་བྱ་སྟེ། དེ་ཉིད་རིག་པའི་རྣལ་འབྱོར་པས། །མི་བྱ་བ་ནི་ཅུང་ཟད་མེད། །དེ་ཉིད་ཤེས་ནས་དེ་ནས་ནི། །དཔའ་བོ་འདོད་པ་ལྔ་སྤྱོད་དོ། །བདག་ཉིད་དཔའ་བོ་ཀུན་གྱི་དངོས། །བདག་ཉིད་ལྷ་མོ་ཀུན་གྱི་དངོས། །དེ་ཕྱིར་བདག་གིས་ཐམས་ཅད་བྱ། །བདག་ཉིད་ཧེ་རུ་ཀ་མཆོད་བྱ། །རྟེན་ཅིང་འབྲེལ་པར་འབྱུང་ཆོས་ཅན། །སེམས་ཅན་སྒྱུ་མའི་རང་བཞིན་ནོ། །ཁམས་གསུམ་དེ་ལྟར་ཤེས་ནས་ནི། །སེམས་ཅན་དོན་ནི་མཉམ་མེད་བྱོས། །ཞེས་བྱ་བ་སློབ་དཔོན་གྱི་ངག་ཏུ་བརྗོད་དེ་དེའི་དོན་ཀྱང་བཤད་པར་བྱའོ། །དེའང་དེ་ཉིད་རིག་པ་ལ་སོགས་པས་འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱད་པའི་རྗེས་སུ་གནང་བ་བསྟན། བདག་ཉིད་དཔའ་བོ་ཞེས་བྱ་བ་ལ་སོགས་པས་འདོད་པའི་ཡོན་ཏན་ལ་སྤྱད་པ་དེ་ཉིད་ཀྱིས་དགོས་པའམ། ལྷ་མཆོད་པར་རྗེས་སུ་གནང་བ་བསྟན། རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཅན་ལ་སོགས་པས་སེམས་ཅན་གྱི་དོན་བྱ་བར་རྗེས་སུ་གནང་བ་བསྟན་ཏེ་རྗེས་སུ་གནང་བ་བསྡུས་པའོ། །སྤྲོས་པ་ལ་དགའ་ན་ནག་པོའི་ཆོ་ག་ལས་འབྱུང་བའི་རྒྱས་པས་ཀྱང་སྦྱིན་ནོ། །དེ་ནས་དོན་ལྔའི་རྟོགས་པ་སློབ་མ་ལ་བསྐྱེད་དེ། ཁྱོད་ཀྱིས་དཀྱིལ་འཁོར་བཞི་ལས་ལུས་ཀྱི་དཀྱིལ་འཁོར་དུ་ཞུགས་ཤིང་མཐོང་ངོ༌། །དབང་བཞི་ལས་རྡོ་རྗེ་སློབ་དཔོན་དང་འབྲེལ་པ་བུམ་དབང་བཅུ་གཅིག་ཐོབ་བོ། །དམ་ཚིག་ལས་དམ་ཚིག་ཉི་ཤུ་རྩ་གཉིས་བསྲུང་བ་ལ་དབང་ངོ༌། །དྲི་མ་ལས་གཙོ་བོར་ལུས་ཀྱི་དྲི་མ་དག་པར་བྱས་སོ། །དཔེ་ཞིང་ས་ཤིན་ཏུ་སྦྱངས་པ་དང་འདྲའོ། །ཞེས་བསྟན་པར་བྱའོ། །དེ་ལྟར་དབང་བསྐུར་བའི་བྱ་བ་བྱས་པས་བླ་མ་ལ་ཡོན་ཕུལ་ཏེ། བླ་མ་དང་ཚོགས་ཀྱི་དགེ་འདུན་འདུས་པའི་རྐང་པ་ལ་ཕྱག་བྱ་བ་ནི་རྗེས་གྱི་བྱ་བ་སྟེ། རྡོ་རྗེ་སློབ་དཔོན་དང་འབྲེལ་པའི་བུམ་དབང་བཅུ་གཅིག་གོ །ད་ནི་མཆོག་དབང་རྣམ་པ་གསུམ་གྱི་ཆོ་ག་སྟོན་ཏེ། དེ་ལ་སློབ་དཔོན་འདིའི་ལུགས་ཀྱིས་དངོས་ཀྱི་ཕྱག་རྒྱ་ལ་བརྟེན་པའི་དབང་དུ་བྱས་ཏེ། དབང་བཞི་དུས་ཁྱད་པར་ཅན་སོ་སོར་ཐོབ་པར་བྱེད་པའམ། ཡང་བསྟན་པ་ལ་སྨོད་པའི་འཇིགས་པ་ལ་སོགས་པ་དཔལ་ཁ་སྦྱོར་ཐིག་ལེ་ལས། ཕྱག་རྒྱ་མི་བསྟེན་པའི་དུས་གསུངས་པའི་དབང་དུ་བྱས་ནས། རང་རིག་པའམ་གྲོལ་བའི་སྟོབས་ལས་ཐོབ་པར་འདོད་ན། མཚན་མོ་གཅིག་ལ་དབང་བཞི་རྫོགས་པར་བསྐུར་བའི་ལུགས་ཀྱང་བཞེད་པ་ཡིན་ནོ། །དེ་ལ་ཁྱད་པར་དུ་གསང་དབང་ཐོབ་པར་འདོད་པས་གནས་སྐབས་གང་ལ་བབ་པ་དེ་ཉིད་དུ། བུམ་པའི་དབང་བཅུ་གཅིག་ཐོབ་པའི་བྱ་བ་བྱས་པའི་སློབ་མས། བླ་མ་ཆེ་ལ་ཕྱག་འཚལ་མཎྜལ་དང་རྟ་དང་གླང་པོ་ལ་སོགས་པ་ཅི་འབྱོར་པའི་ཡོན་ཕུལ་ལ། སྐྱོབ་མེད་སྐྱོབ་པ་སྐྱབས་མེད་སྐྱབས། །དཔལ་ནི་འཁོར་ལོ་བདེ་བའི་མཆོག །རྒྱུ་མེད་པར་ནི་ཐུགས་རྗེ་ཆེ། །མགོན་མེད་བདག་གི་མགོན་མཛོད་ཅིག །བདག་ཉིད་ཆེ་ཁྱོད་ཇི་ལྟ་བར། །གཙོ་བོས་བདག་ཀྱང་དེ་འདྲར་མཛོད། །འཁོར་བ་འདམ་གྱི་ཚོགས་ནང་དུ། །བྱིང་བ་བདག་ལ་སྐྱབས་མཛོད་ཅིག །ཅེས་བྱ་བས་ལན་གསུམ་དུ་གསོལ་བ་གདབ། དེ་ནས་བླ་མས་འབྲུ་གསུམ་བརྗོད་ཅིང༌། སློབ་མའི་གདོང་གཡོགས་བཅིངས་ལ་འབྲུ་གསུམ་དང་ཡི་གེ་བདུན་བརྗོད་ཅིང་བདུད་རྩིས་ལུས་ཐམས་ཅད་ལ་གཏོར་ཅིང་བསྲུང་བ་བྱས་ལ། སློབ་དཔོན་གྱིས་དངོས་སུ་བདུད་རྩིའི་རིལ་བུ་ཞོའམ་ཆང་ལ་སོགས་པ་ལ་སྦྱར་ལ་འབྲུ་གསུམ་གྱི་བྱིན་གྱིས་བརླབས་པ་སྟ་གོན་བྱ། དེ་ནས་སློབ་དཔོན་དང་སློབ་མ་གཉིས་ཀས་ཏིང་ངེ་འཛིན་གྱིས་ནམ་མཁའ་ལ་འཁོར་ལོ་བདེ་མཆོག་ཡབ་ཡུམ་སྤྱན་དྲངས་ལ། དེ་སྐད་ཅིག་གིས་སྙོམས་པར་ཞུགས་པ་ལས་སྒྱུ་མ་བདེ་བའི་སྒྲས་དེ་བཞིན་གཤེགས་པ་རྣམས་སྤྱན་དྲངས་ཏེ། ཡབ་ཀྱི་ཞལ་ནས་ཞུགས་རྗེས་ཆགས་ཀྱི་མེས་འོད་དུ་ཞུ་སྟེ། སྐུའི་དབྱིབས་བརྒྱུད་རྡོ་རྗེའི་ལམ་ནས་བྱུང་སྟེ། ཡབ་ཡུམ་གྱི་སྦྱོར་མཚམས་ནས་བྱུང་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་ས་བོན་མུ་ཏིག་གི་རྡོག་མ་ལྟ་བུ་བྱུང་སྟེ། སློབ་དཔོན་སློབ་མ་གཉིས་ཀས་སློབ་མའི་ལྕེ་ལ་བབས་བར་བསྒོམས་པས་མགྲིན་པ་ནས་བཟུང་སྟེ། ལུས་ཐམས་ཅད་ཐིག་ལེས་གང་བས་བདེ་བ་ཆེན་པོས་ཐམས་ཅད་ཁྱབ་པར་བསྒོམས་ལ་བླ་མས། འདི་ཡི་དཔའ་བོ་ལྷ་མོ་རྣམས། །དམ་ཚིག་རྨད་བྱུང་ཆེན་པོ་སྟེ། །ཁམས་ལྔ་ལྡན་པས་རོ་རྟོགས་བྱེད། །བདེ་བ་གང་དེ་མྱང་བར་བྱ། །ཞེས་བྱ་བས་རྟོག་པ་མེད་པར་བཀའ་བསྒོ། ཀྱེ་མ་བདེ་བ་ཆེན་པོ་ཞེས། །སློབ་མས་རྟོག་པ་མེད་པར་ལན་བྱ། དེ་ནས། ཇི་ལྟར་རྡོ་རྗེ་འཆང་སོགས་ཀྱིས། །སྔོན་ཆད་སྲས་ནི་དབང་བསྐུར་བ། །དེ་བཞིན་དུ་ནི་བྱང་ཆུབ་སེམས། །བཟང་པོས་བུ་ཁྱོད་དབང་བསྐུར་རོ། །ཞེས་བརྗོད་ཅིང༌། སློབ་མའི་ལྕེ་ལ་བདུད་རྩི་གཞག དེ་ནས་ཧེ་རུ་ཀ་ཡབ་ཡུམ་མགྲིན་པའི་གནས་སུ་ཐིམ་པ་དྲན་པར་བྱས་པས། བདག་ཉིད་གསུང་རྣམ་པར་དག་པ་འོད་དཔག་ཏུ་མེད་པར་གྱུར་པར་བསམ་དུ་གཞུག དེ་ནས་བདུད་རྩིས་གཏོར་ཞིང་ཡི་གེ་བདུན་པ་བརྗོད་ཅིང་བསྲུངས་ཏེ་གདོང་གཡོགས་ཕྱེ་ལ། དོན་ལྔས་རྟོགས་པ་བསྐྱེད་པར་བྱའོ། །རང་རིག་པའམ་གྲོལ་བའི་སྟོབས་ལས་ཐོབ་པའི་ལུགས་སོ། །དངོས་ཀྱི་ཕྱག་རྒྱ་ལ་བརྟེན་པ་ལྟར་ན་ཕྱག་བྱ་བ་ནས་འབྲུ་གསུམ་བརྗོད་ཅིང་བདུད་རྩིས་སློབ་མ་བསྲུང་བའི་བར་སྔ་མ་དང་ཁྱད་པར་མེད་ལ། འདིར་ཁྱད་པར་ནི་དུས་དེ་ཉིད་དམ་ཁྱད་པར་ཅན་གཞན་ཡང་རུང་བར་གནས་ཀྱི་ཁྱད་པར་སྐྱེ་བོའི་རྒྱུ་འདྲུལ་གྱིས་དབེན་པར་རྡོ་རྗེ་སློབ་མ་ལ་སོགས་པའི་སེམས་ཅན་ལ་སྙིང་རྗེའི་སྟོབས་དང་ལྡན་པས་ཕྱག་རྒྱ་ལ་བརྟེན་ཏེ། བྱང་ཆུབ་ཀྱི་སེམས་ཀྱིས་སློབ་མ་ལ་དབང་བསྐུར་ཏེ། དེའང་ཕྱག་རྒྱའི་རིམ་པ་ནི། གང་ཡང་རུང་བ་ལོ་བཅུ་དྲུག་ནས་ཉི་ཤུ་རྩ་ལྔའི་བར་ལོན་པ་ལ་ས་བོན་ལྔའི་རིགས་ཀྱི་རང་བཞིན་དག་པ་ནི་ཡུམ་གྱི་སྤྱི་བོ་ལ་སོགས་པ་ལྔར་ས་བོན་ལཾ་ལ་སོགས་པ་ལྔ་བཀོད་ལ་ཡབ་ཀྱི་སྤྱི་བོ་ལ་སོགས་པ་ལྔར། ཨོཾ་ལ་སོགས་པ་ལྔ་བཀོད་པའོ། །ལས་དང་ཆོས་ལ་སོགས་པ་ནི་ཕྱག་རྒྱ་དེ་ལ་ཁབ་ལྟ་བུ་དང༌། དཔྱངས་ཐག་ལྟ་བུ་དང༌། ངང་པའི་གཤོག་པ་ལྟ་བུ་དང༌། ཁྱོགས་ལྟ་བུ་དང༌། ཞེས་བྱ་བ་སྦྱོར་ཐབས་ཀྱི་བྱེ་བྲག་བཞི་ལ་ཕྱག་རྒྱ་བཞིར་བཞག་པ་སྟེ། དེ་དག་ལ་བརྟེན་ཏེ། དགའ་བ་བཞི་སྐྱེ་བ་ཡིན་ནོ། །ཡང་ས་བོན་ལྔ་དག་པ་ནི། རིགས་ལྔའོ། །ལས་ལ་སོགས་པ་བཞི་ནི་དེ་དག་གི་ཕྱག་རྒྱ་སྤྱན་མ་ལ་སོགས་བཞིའོ། །དེའི་རང་བཞིན་ནི་རིགས་བྲམ་ཟེའི་བུ་མོ་ལ་སོགས་པ་བཞི་ཡིན་ནོ། །ཞེས་ཀྱང་སྦྱར་དུ་རུང་ངོ༌། །ཡང་འདིའི་ལུགས་ཀྱིས་ཕྱག་རྒྱ་བཞིས་དབང་བཞི་སྟོན་ལ། དེས་ལས་ཐམས་ཅད་རྫོགས་པ་ཡིན་ནོ། །ཞེས་བྱ་བར་འདོད་དེ། ཕྱག་རྒྱའི་རིགས་འདི་ནི་ཤེས་རབ་ཡེ་ཤེས་ལ་ཡང་སྦྱར་བར་བྱའོ། །དེ་ལྟར་གང་ཡང་རུང་སྟེ། དམ་ཚིག་དང་ལྡན་པའི་ཕྱག་རྒྱ་ལ་འདུ་ཤེས་གསུམ་གྱི་ཚུལ་གྱིས་སྙོམས་པར་ཞུགས་པ་ལས། ཡབ་ཡུམ་གྱི་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་འོད་དུ་ཞུ་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེར་བྱས་པས་སྐྱེ་བ་མེད་པའི་རང་བཞིན་དུ་བྱེད་དེ་དེའི་དུས་སུ་སྙོམས་པར་ཞུགས་པའི་བདེ་བའི་སྒྲས་བསྐུལ་བས་དཔའ་བོ་ཐམས་ཅད་ཡང་དག་འདུས་ཏེ་ཡབ་ཀྱི་ཞལ་དུ་ཞུགས། ལྷ་མོ་ཐམས་ཅད་འདུས་ཏེ་ཡུམ་གྱི་ཞལ་དུ་ཞུགས་པར་བསམས་ལ། རིམ་གྱིས་བྱང་ཆུབ་ཀྱི་སེམས་ཀྱི་ས་བོན་ཕབ་ལ། འདི་དེ་ཞེས་བྱ་བ་ལ་སོགས་པས་རྟོག་པ་མེད་པར་བཀའ་བསྒོ། ཀྱེ་མ་བདེ་བ་ཆེན་པོ་ཞེས་བྱ་བ་ལ་སོགས་པས་ཀྱང་རྟོག་པ་བཅོམ་པ་ལན་བྱ། དེ་ནས་བླ་མས་ཇི་ལྟར་ལ་སོགས་པ་བརྗོད་ཅིང་རྟོག་པ་ཆེ་ཆུང་གི་བྱེ་བྲག་གིས་བསྐུར་ཏེ། རྟོག་པ་ཆུང་བ་རབ་ཡབ་ཀྱི་གསང་གནས་ནས་བསྐུར་བ་ཡབ་ལས་ཐོབ། འབྲིང་ལ་ཡུམ་གྱི་མཁར་ཕབ་སྟེ། དེ་ལས་བྱུང་བ་ལས་ལེན་པ་ཡུམ་ལས་ཐོབ་པའོ། །རྟོག་པ་ཆེ་བས་ཉ་ཕྱིས་དང་དུང་ཆོས་ལ་སོགས་པར་བཞག་པ་ལས་ལེན་པ་རང་རིག་པའི་སྟོབས་ལས་ཐོབ་པའོ། །དེ་ནས་ཧེ་རུ་ཀ་ཡབ་ཡུམ་སློབ་མས་རང་གི་མགྲིན་པ་ཐིམ་པར་བསམས་པ་ལ་སོགས་པ་སྔ་མ་དང་འདྲའོ། །དེ་ནས་གདོང་གཡོགས་ཕྱེ་སྟེ། དོན་ལྔས་རྟོགས་པ་བསྐྱེད་པ་ནི། དབང་ལས་གསང་བའི་དབང་ཐོབ། དཀྱིལ་འཁོར་བཞི་ལས་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མཐོང༌། དྲི་མ་ལས་གཙོ་བོར་ངག་གི་དྲི་མ་དག་པར་བྱས། དམ་ཚིག་ལྔ་ལས་ཤ་ལྔ་བདུད་རྩི་ལྔའི་རིལ་བུ་བསྟེན་པ་ལ་དབང༌། དཔེ་ཞིང་ས་གཤིན་པ་སྦྱངས་པ་ལ་ས་བོན་བཏབ་པ་དང་འདྲའོ། །ཞེས་བསྟན་ཏོ། །དེའི་རྗེས་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་ཕྱིར་ཕྱག་དང་མཎྜལ་གསེར་དངུལ་ལ་སོགས་པའི་ཡོན་ཕུལ་ཏེ། གསང་དབང་གི་གསོལ་བ་གདབ་པའི་ཚིག་དེ་ཉིད་ཀྱིས་སམ། ཡང་ན་ཀྱེའི་རྡོ་རྗེ་ལས་འབྱུང་བ། བཅོམ་ལྡན་ཞི་བ་ཆེན་པོ་ཀྱེ། །རྡོ་རྗེ་རྣལ་འབྱོར་གཅིག་བཞེད་པ། །མི་ཕྱེད་ཕྱག་རྒྱ་སྒྲུབ་པ་པོ། །རྡོ་རྗེ་རྣལ་འབྱོར་ལས་བྱུང་བ། །ཇི་ལྟར་ཁྱེད་ནི་བདག་ཉིད་ཆེ། །མངའ་བདག་བདག་ལའང་དེ་ལྟར་མཛོད། །འཁོར་བ་འདམ་གྱི་ཚོགས་ནང་དུ། །བྱིང་བ་སྐྱབས་མེད་བདག་ལ་སྐྱོབ། །ཅེས་བྱ་བས་ལན་གསུམ་དུ་གསོལ་བ་གདབ། དེ་ནས་བླ་མས་འབྲུ་གསུམ་བརྗོད་ཅིང་གདོང་བཅིང༌། གནས་གསུམ་དུ་འབྲུ་གསུམ་བརྗོད་ཅིང་བདུད་རྩི་ལྔས་ཐིག་ལེ་བྱ། དེ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ལ་ལུགས་གཉིས་ལས། དངོས་ཀྱི་ཕྱག་རྒྱ་ལ་བརྟེན་པ་ནི་སློབ་མ་རླུང་སྦྱངས་པ་དང༌། ལུས་ཟུངས་རྒྱས་པ་སྔོན་དུ་སོང་བས་ཕྱག་རྒྱ་ལ་རིགས་གཉིས་ཏེ། སློབ་དཔོན་རང་གི་བྱིན་གྱིས་བརླབས་པ་གསང་བའི་ཡུམ་དེ་ཉིད་དམ། གཞན་གྱི་གཞུང་ལྟར་དེ་སློབ་དཔོན་ཁ་ཅིག་གིས་དེ་བསྟན་ན་དེ་བདག་གི་མ་ཡིན་པས་མ་སུན་ཕྱུང་བར་འགྱུར་བས་ཕྱག་རྒྱ་གཞན་ལ་བྱའོ་ཞེས་ཟེར་བས། གང་ལྟར་ཡང་རུང་སྟེ། རྒྱུད་ཡོངས་སུ་དག་པ་དང་དངོས་ཀྱི་ཕྱག་རྒྱ་སློབ་དཔོན་གྱིས་ཚིགས་བཅད་བརྗོད་དེ་ཤེས་རབ་གཏད་པའི་དབང་བསྐུར་ལ། དེ་ནས་དམ་ཚིག་དྲི་བ་ནས་བརྩམས་ཏེ། གནས་ལྔ་བྱིན་གྱིས་བརླབས་པ་དང་རྩ་བཙལ་ནས་རིམ་གྱིས་འདུ་ཤེས་གསུམ་དང་ལྡན་པས་སྙོམས་པར་ཞུགས་པ་ལས་དགའ་བ་བཞི་བསྐྱེད་དེ། མཐར་མས་བརྟན་པའི་ལྷན་སྐྱེས་ཀྱི་དགའ་བའི་ཉམས་བསྐྱེད་པའི་བར་དངོས་ཀྱི་ཕྱག་རྒྱ་ལ་གཞུང་ནས་འབྱུང་བ་ལྟར་རྗེས་སུ་མཐུན་པར་སྤྱད་དོ། །མཇུག་ཏུ་བསྲུང་བ་དང༌། དོན་ལྔས་རྟོགས་པའང་བསྐྱེད་པར་བྱའོ། །དངོས་ཀྱི་ཕྱག་རྒྱ་ལ་བསྟེན་པའོ། །ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བསྟེན་པ་ལྟར་ན་ཡོན་དབུལ་བ་ནས་གནས་གསུམ་བསྲུང་བའི་བར་སྔ་མ་ལྟར་བྱས་ལ། དེའི་རྗེས་ལ་གང་སེམས་ལ་མངོན་པར་འདོད་པའི་མིའི་བུ་མོ་མདུན་དུ་བསམས་ལ། ལྷ་མོ་འདི་ནི་ཕྱག་རྒྱ་ཆེ། །མཐའ་ཡས་བདེ་བ་སྦྱིན་པ་མོ། །རྣམ་པ་ཀུན་ཏུ་ཕྱག་རྒྱ་ལོང༌། །བུ་ཡིས་བླ་མེད་མཆོད་པ་གྱིས། །ཞེས་བྱ་བའི་ཚིགས་སུ་བཅད་པ་གཅིག་བརྗོད་དེ། དེའི་ལག་པ་གཡོན་པ་བདག་གི་ལག་པ་གཡས་པར་སེམས་སུ་གཞུག་སྟེ། ཤེས་རབ་གཏད་པའི་དབང་ངོ༌། །དེ་ནས་ཡེ་ཤེས་དགའ་བ་བཞིའི་དབང་ལས་དང་པོ་པ་རྟོག་པ་མེད་པར་ནུས་སམ་ཞེས་དྲི་བ་ནི། དཔའ་བོས་བྱང་ཆུབ་སེམས་ཟ་བར། །ཁྱོད་ནི་སྤྲོ་བ་ཡིན་ནམ་ཅི། །དྲི་ཆེན་དྲི་ཆུ་སྟོབས་དང་ཁྲག །སོགས་བཟའ་ད་ལྟ་ཡིད་ཆེས་སམ། །རྗེས་སུ་མཐུན་སྨྲ་དམ་ཚིག་བཟང༌། །ཇི་ལྟར་དགའ་བར་སྨྲོས་ཤིག་བུ། །ཞེས་བྱ་བ་ཚིགས་བཅད་ཕྱེད་དང་གཉིས་བླ་མས་དངོས་སུ་བརྗོད། ཇི་ལྟར་གསུངས་པའི་དམ་ཚིག་སོགས། །ལྷ་མོ་བདག་ནི་ཅིས་མི་སྤྲོ། །བུད་མེད་རྟག་གུས་ཅིས་མི་བྱེད། །པདྨ་མཆོད་པར་ཅིས་མི་བགྱིད། །ཅེས་བྱ་བའི་ཚིགས་བཅད་གཅིག་གིས་ལན་བདག་གིས་བྱས་པས། དེ་ནས་ལྷ་མོ་དེ་དགའ་སྟེ། སྐྲ་གྲོལ་གོས་དང་བྲལ་བར་བྱ་སྟེ། དྲི་ཞིམ་པོའི་པདྨ་ཁ་ཕྱེ་སྟེ། ཨེ་མ་ཧོ་བདག་གི་པདྨ་འདི། །བདེ་བ་ཐམས་ཅད་ཀྱི་ནི་གནས། །གལ་ཏེ་ཆོ་ག་བཞིན་བསྟེན་ན། །སངས་རྒྱས་བསྙེན་པ་ལ་སོགས་པ། །བྱ་བ་པདྨར་ཇི་བཞིན་བྱེད། །བདེ་ཆེན་རྒྱལ་པོ་རང་ཉིད་དེ། །བླུན་པོ་གང་ཞིག་འདི་སྤོང་བ། །དེ་ལ་མཆོག་གི་དངོས་གྲུབ་མེད། །པདྨ་བྷཉྫ་ཧོ་ཞེས་གསུང་བར་བསམས་པས་བྷ་གའི་དཀྱིལ་འཁོར་དང་རྩ་མཆོག་ཏུ་གྱུར་པ་བསྟན་པར་ཤེས་པར་བྱའོ། །དེ་ནས་བླ་མས་རྗེས་སུ་བསྟན་ཏེ། རང་གི་ཡེ་ཤེས་ཀྱི་ཕྱག་རྒྱ་དང་འདུ་ཤེས་གསུམ་དང་ལྡན་པས་ཁྱད་པར་དུ་གནས་ལྔ་བྱིན་གྱིས་བརླབས་ཏེ། བདག་ཉིད་དཔལ་ཧེ་རུ་ཀ་ཕྱག་རྒྱ་རྡོ་རྗེ་རྣལ་འབྱོར་མར་སྐད་ཅིག་གིས་བསྐྱེད་པ་ལྷའི་འདུ་ཤེས། གཉིས་ཀ་ལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ཉམས་མྱོང་བསྐྱེད་པར་བྱའོ། །ཞེས་བྱ་བ་ཆོས་ཀྱི་འདུ་ཤེས། སྔགས་ཀྱི་འདུ་ཤེས་མཁའ་གསང་བྱིན་གྱིས་བརླབས་ཏེ། ཡབ་ཀྱི་རྡོ་རྗེ་མི་དམིགས་ཏེ་སྟོང་པ་ལས་ཧཱུྃ་ལས་རྡོ་རྗེ་དམར་པོ་རྩེ་ལྔ་པ་བྷྱཾ་དམར་པོ་ལས་ནོར་བུ་ཅུང་ཟད་དམར་བ་བྷྱཾ་སེར་པོས་བུ་ག་བཀག་པར་བྱིན་གྱིས་བརླབས། ཡབ་ཀྱི་ལྟེ་བ་དང་སྙིང་གར་ཟླ་བ་ལ་ཡུམ་གྱི་སྙིང་པོ་དང་ཉེ་སྙིང༌། མགྲིན་པ་དང་དཔྲལ་བར་ཡབ་ཀྱི་སྙིང་པོ་དང་ཉེ་སྙིང༌། ཡུམ་གྱི་མཁའ་སྟོང་པ་ལས་ཨ་ལས་པདྨ་དམར་པོ་འདབ་མ་གསུམ་པ་བསྐྱེད། དྷྱཾ་ལས་ཟེ་འབྲུ་དྷྱཾ་སེར་པོས་རྩེ་མོར་བྱིན་གྱིས་བརླབས། ཡུམ་གྱི་ལྟེ་བ་དང་སྙིང་གར། ཡབ་ཀྱི་སྙིང་པོ་དང་ཉེ་སྙིང༌། མགྲིན་པ་དང་དཔྲལ་བར་ཡུམ་གྱི་སྙིང་པོ་དང་ཉེ་སྙིང་དགོད་དོ། །གཉིས་ཀའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་ནག་པོ། ལྟེ་བ་ལ་སྭཱ་སེར་པོ། བརླ་ལ་ཧཱ་ལྗང་གུ་བསྐྱེད་དོ། །སྔགས་ཀྱི་ཡི་གེ་རྣམས་ཕན་ཚུན་སྙོམས་པར་འཇུག་པར་བསམ་མོ། །དེ་ནས་སྐད་ཅིག་གིས་བདག་ལ་འཁྱུད་ཅིང་སོ་དང་སེན་མོས་གདབ་པ་ལ་སོགས་པ་བྱེད་དེ། སྐད་ཅིག་དང་པོ་ལ་དགའ་བའི་ཡེ་ཤེས་ཉམས་སུ་མྱོང་བ་བསྟན། དེ་ནས་སྐད་ཅིག་གཉིས་པ་ལ་རྡོ་རྗེ་པདྨ་མཉམ་པར་སྦྱར་ཞིང་སྐད་ཅིག་གཉིས་པ་ལ་མཆོག་དགའི་ཡེ་ཤེས་ཉམས་སུ་མྱོང་བ་བསྟན་ཏེ། ལུས་བསྒྲིམ་ཞིང་འོག་རླུང་ཡང་ནས་ཡང་དུ་བསྐུམ་པར་བྱའོ། །དེ་ལྟར་རྡོ་རྗེ་དང་པདྨ་རིམ་གྱིས་བསྲུབས་པར་དྲན་པ་གནད་སྔ་མ་ལྟར་བྱ། སྐད་ཅིག་གསུམ་པ་ལ་ཁྱད་པར་གྱི་དགའ་བ་ཉམས་སུ་མྱོང་བ་བསྟན། དེ་ནས་རྗེས་ཆགས་ཀྱི་མེས་ཡབ་ཀྱི་ཁམས་དྭངས་མ་བཞུ་སྟེ། དབུ་མའི་ལམ་ནས་བྱོན་བདག་ཉིད་ཀྱི་གསང་གནས་རྡོ་རྗེའི་རྩེར་བྷྱཾ་གྱི་ཀླད་ཀོར་ལ་དཀར་ལྷག་གིས་བྱོན། ཡུམ་གྱི་ཁམས་དྭངས་མ་བཞུ་སྟེ་དབུ་མའི་ལམ་ནས་ཤེས་རབ་ཀྱི་རྩ་སྣར་དྷྱཾ་གི་ཀླད་ཀོར་ལ་དམར་ལྷག་གིས་བྱོན་པར་བསམས་ལ། ཐིག་ལེ་དཀར་དམར་གཉིས་འདུ་འཕྲོ་བྱེད་པར་བསམ་ཞིང་ལུས་བསྒྲིམ་འོག་རླུང་ཡང་ནས་ཡང་དུ་བསྐུམ་པར་བྱའོ། །སྟེང་རླུང་རན་ཚད་དུ་མནན་ལུས་ཐམས་ཅད་བདེ་བ་འབར་བར་དྲན་པར་བྱ་སྟེ། སྐད་ཅིག་བཞི་པ་ལ་ལྷན་ཅིག་སྐྱེས་པའི་དགའ་བའི་ཉམས་མྱོང་ཡིན་ནོ་ཞེས་བྱ་བ་དྲན་པར་བྱ་བ་བསྟན་ཏོ། །སྐབས་འདིར་ལུས་ཟུངས་དང་དམིགས་པ་བརྟན་མི་བརྟན་གྱི་བྱེ་བྲག་གིས་ཉམས་ཅི་རིགས་པར་སྐྱེའོ། །དེ་ནས་ཧཱུྃ་རིང་པོ་བརྗོད་ཅིང་ཐིག་ལེ་དཀར་དམར་གཉིས་འདྲེས་པ་གསང་གནས་ནས་ལྟེ་བ་དང་སྙིང་ག་དང་མགྲིན་པ་དང་མཐར་སྤྱི་གཙུག་གི་བར་དུ་དྲངས་པ་ལ་རིམ་པ་བཞིན་མས་བརྟན་པའི་དགའ་བ་བཞིའི་མིང་ཡང་གདགས་སོ། །དེ་ནས་བཅོམ་ལྡན་འདས་མ་དེས་སློབ་མ་ལ་བཞག་པའམ། གཉིས་ཀ་ལ་སློབ་དཔོན་གྱིས་ལག་པ་བཞག་སྟེ། དེང་ནས་བཟུང་སྟེ་བུ་ཁྱོད་ཀྱིས། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །རྨི་འདྲ་སེམས་ཅན་ཐམས་ཅད་ཀྱི། །དོན་ནི་བདག་ཉིད་ཀུན་གྱི་གྱིས། །ཞེས་བྱ་བ་ཚིགས་སུ་བཅད་པ་གཅིག་གིས་དོན་བྱ་བར་རྗེས་སུ་གནང་བ་སྦྱིན་ནོ། །དེ་ནས་ཡི་གེ་བདུན་པ་བརྗོད་ཅིང་བདུད་རྩི་གཏོར་བས་བསྲུངས་ལ་གདོང་གཡོགས་ཕྱེ་སྟེ། ཁྱོད་ཀྱིས་དབང་བཞི་ལས་ཤེས་རབ་ལ་བརྟེན་ཏེ་དཔེའི་ཡེ་ཤེས་དགའ་བ་བཞིའི་དབང་ཐོབ་བོ། །དཀྱིལ་འཁོར་ལས་བྷ་གའི་དཀྱིལ་འཁོར་མཐོང་བ་ཡིན་ནོ། །དམ་ཚིག་བུད་མེད་ལ་མི་སྨད་པ་ལ་དབང་ངོ༌། །དྲི་མ་གཙོར་སེམས་ཀྱི་དྲི་མ་དག་པར་བྱས་སོ། །དཔེ་ཞིང་ས་སྦྱངས་པ་ལ་ས་བོན་བཏབ་སྟེ་རྐྱེན་ཆུ་ལུད་གཉིས་ཀྱིས་བརླན་པ་དང་འདྲ་བ་ཡིན་ནོ། །ཞེས་དོན་ལྔའི་རྟོགས་པ་བསྐྱེད་དོ། །རིམ་པ་གསུམ་པ་དེའི་བླ་མ་ནི་སྔར་གྱི་དབང་གསུམ་པ་དེ་ལས་མཆོག་ཏུ་དབང་བཞི་པ་སྟེ། མན་ངག་གིས་འདིར་ཤེས་པར་བྱའོ། །དེ་ལ་བཞི་པ་ཐོབ་པར་འདོད་པས། ཕྱག་དང་མཎྜལ་འབྲུ་ལ་སོགས་པའི་ཡོན་ཕུལ་ཏེ། སྔར་གྱི་སྐྱབས་མེད་སྐྱོབ་པ་ཞེས་བྱ་བ་ལ་སོགས་པའམ། ཡང་ན་ཁྱོད་ཞབས་པདྨའི་བཀའ་དྲིན་གྱིས། །གཙོ་བོའི་དབང་བསྐུར་རྣམ་གསུམ་ཐོབ། །དེ་རིང་རིན་ཆེན་བཞི་པ་ཡང༌། །བདག་ལ་བཀའ་དྲིན་བསྐྱབ་ཏུ་གསོལ། །ཞེས་ལན་གསུམ་དུ་གསོལ་བ་བཏབ་པ་དང༌། གདོང་གཡོགས་བཅིངས་ཏེ་ཡི་གེ་བདུན་པ་བརྗོད་ཅིང༌། བདུད་རྩི་གཏོར་བས་བསྲུང་བ་བྱས་ལ། དེ་ནས་རྡོ་རྗེ་སློབ་དཔོན་གྱིས་དེ་ཁོ་ན་ཉིད་བསམ་གྱིས་མི་ཁྱབ་པའི་དོན་དམ་པའི་བཙུན་མོ་དེ་ཉིད་རྣམ་པར་ཐར་པའི་སྒོ་གསུམ་དང་ཐ་དད་མེད་ཅིང་རོ་གཅིག་པར་བསྟན་པའི་ཕྱིར། འདི་ཉིད་རང་ཉིད་མཛེས་པ་སྟེ། །ཕྱི་རོལ་ཡུལ་ནི་སྤངས་པའོ། །རིག་འདིར་བོར་ནས་དེ་ལས་ནི། །གཞན་པའི་ཐབས་ཀྱིས་སངས་རྒྱས་མེད། །རིག་མའི་བརྟུལ་ཞུགས་སྤྱོད་ཅིག་བུ། །བརྟུལ་ཞུགས་རྣམས་ཀྱི་བླ་མའི་བླ། །ཞེས་བྱ་བའི་རྐང་པ་དྲུག་བརྗོད་ཅིང་དེའི་དོན་ཡང་བཤད་དེ། དོན་དམ་པའི་བཙུན་མོ་སྟོང་པ་ཉིད་མཛེས་མ་མཆོག་ཡིན་ལ། དེ་ཉིད་ནི་དོན་གྱི་རྡོ་རྗེ་རྣལ་འབྱོར་མ་ཞེས་ཀྱང་བྱ་སྟེ། དེ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཡུམ་ཡིན་གྱི། གཞན་ཕྱི་རོལ་གྱི་ཡུམ་མིའི་བུ་མོ་དཔྲལ་བ་ན་དགའ་བ་འཁྱིལ་པའི་རི་མོ་ཡོད་པ་ལ་སོགས་པའི་མཚན་ཉིད་དང་ལྡན་པ་རྡོ་རྗེ་རྣལ་འབྱོར་མ་ཡིན་པར་བསྟན་པའམ། གཞན་བསྐྱེད་པའི་རིམ་པ་ལ་སྐུ་མདོག་དམར་མོ་གྲི་གུག་ཐོད་པ་འཛིན་པ་ལ་སོགས་པ་རྡོ་རྗེ་རྣལ་འབྱོར་མར་གསུངས་པ་དང༌། རྣལ་འབྱོར་ལམ་པས་ལྟེ་བ་ན་ནང་ལྟར་གྱི་ཡི་གེ་ཨཾ་ཕག་མོར་འདོད་པ་དེ་ཐམས་ཅད་བརྡ་འམ་བཅོས་མ་ཡིན་ནོ། །དེ་བས་ན་དོན་གྱི་རྣལ་འབྱོར་མ་སྟོང་པ་ཉིད་འདི་ཉིད་ཀྱིས་འཚང་རྒྱའི། འདི་བོར་ཏེ་གཞན་གྱིས་འཚང་རྒྱ་བར་མི་འགྱུར་བར་བརྟུལ་ཞུགས་ཀྱི་བླ་མ་འདི་ལ་སྤྱོད་ཅིག་ཅེས་པ་ཡིན་ནོ། །ཞེས་ཚིག་གིས་བསྟན་པ་ཙམ་བྱས་ལ། ཅུང་ཟད་སྟོང་པ་ཉིད་ལ་བློ་འཇོག་ཏུ་གཞུག་གོ །དེ་ནས་བདུད་རྩི་གཏོར་ཅིང་ཡི་གེ་བདུན་པ་བརྗོད་པས་བསྲུང་བ་བྱས་ལ་གདོང་གཡོགས་ཕྱེ་སྟེ། ཁྱེད་ཀྱིས་དབང་བཞི་ལས་ཚིག་དབང་རིན་པོ་ཆེ་བཞི་པ་ཐོབ་བོ། །དཀྱིལ་འཁོར་ལས་དོན་དམ་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མཐོང་བ་ཡིན་ནོ། །དྲི་མ་ལས་ལུས་ངག་ཡིད་གསུམ་མཐའ་དག་གི་དྲི་མ་དག་པར་བྱས་སོ། །དམ་ཚིག །ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱ། །མ་བྱིན་པར་ཡང་བླང་བར་བྱ། །བརྫུན་གྱི་ཚིག་ཀྱང་སྨྲ་བར་བྱ། །འདོད་པས་ལོག་པར་གཡེམ་པར་བྱ། །ཞེས་རྣམ་རྟོག་གི་སྲོག་གཅོད་པ་དང༌། སངས་རྒྱས་ཀྱི་ཡོན་ཏན་མ་བྱིན་པར་བླང་བ་དང༌། ཆོས་ཐམས་ཅད་བརྫུན་པ་སྒྱུ་མ་ལྟ་བུར་བསྟན་པ་དང༌། དངོས་པོར་འཛིན་པ་ལས་ལོག་པར་སྟོང་པ་ཉིད་ཀྱི་བུད་མེད་ལ་སྤྱད་ཅེས་བྱ་བའམ། བརྟག་པ་གཉིས་པ་ལས་གསུངས་པ་ལྟར་ཡང་རུང་སྟེ། མདོར་ན་དགོངས་ཏེ་གསུངས་པའི་དམ་ཚིག་བཞི་ལ་དབང་བར་བྱས་སོ། །དཔེ་ཞིང་ས་ལེགས་པར་སྦྱངས་པ་ལ་ལོ་ཏོག་སྨིན་པ་དང་འདྲའོ། ཞེས་དོན་ལྔའི་རྟོགས་པ་བསྐྱེད་པར་བྱའོ། །དེ་ནས་སློབ་མ་དབང་བཞི་རྫོགས་པས་རེ་ཞིག་གི་དོན་གྲུབ་པས་ཅི་འབྱོར་པའི་ཡོན་དབུལ་ཞིང་བདོག་པ་ཐམས་ཅད་བཏང༌། ཐ་ན་བདག་གི་ལུས་ཀྱང་དབུལ་ཏེ། དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱེད་ལ་བདག་ནི་འབུལ་ལགས་ཏེ། །ཁྱེད་ཀྱིས་སློབ་མར་བཟུང་བ་དང༌། །ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། །ཞེས་བརྗོད་དེ། བླ་མའི་ཞབས་ལ་ཕྱག་བྱའོ། །དེ་ནས་བླ་མས་ཀྱང་བར་ཆད་མེད་པར་བྱིན་གྱིས་བརླབ་བོ། །དེ་ནས་འཇིག་རྟེན་ལས་འདས་པའི་གཏོར་མ་གཤེགས་སུ་གསོལ་ཏེ། ཚོམ་ངམ་སྔགས་ཀྱིས་བསྲུངས་ལ། གོ་ཆ་རྣམ་གསུམ་བཅིངས་ལ་ཅི་བདེར་སྤྱད་དོ། །ལུས་ཀྱི་དཀྱིལ་འཁོར་ལ་བརྟེན་ཏེ་བདག་ཉིད་ཀྱི་དམ་ཚིག་གསོ་བར་འདོད་ན་དང་པོར་ཡོ་བྱད་སྟ་གོན་བྱས་ནས་བརྩམས་ཏེ། དམ་ཚིག་ཅན་ལ་གཏོར་མ་སྦྱིན་པའི་བར་དང༌། དེ་ནས་བུམ་པ་ལ་བཟླས་པ་བྱས་ཏེ། འཇིག་རྟེན་པའི་གཏོར་མ་གཤེགས་ནས་སྨོན་ལམ་གདབ་པའི་བར་ཀྱང་གཞན་དོན་དང་ཁྱད་མེད་པར་བྱས་ལ། དེ་ནས་བྲིས་སྐུ་ལ་སོགས་པའི་རྟེན་གང་ཡང་རུང་བ་ལ་ལྷག་པའི་ལྷ་དང་བླ་མ་ཐ་མི་དད་པ་ལུས་ཀྱི་དཀྱིལ་འཁོར་དང་བཅས་པ་མངོན་སུམ་ལྟ་བུར་དམིགས་ལ། དང་པོ་བདེན་པའི་སྟོབས་བརྗོད་པ་ནས་བརྩམས་ཏེ་དབང་ཡོངས་སུ་རྫོགས་པའི་བར་ཏིང་ངེ་འཛིན་གྱིས་བླང་བར་བྱའོ། །འོན་ཀྱང་སྡིག་པ་སྦྱང་བ་དང་བུམ་པའི་དབང་གི་དུས་སུ་བུམ་པའི་ཆུས་ཁྲུས་བྱ་བ་དང༌། སྡིག་པ་སྦྱང་བའི་ཆོ་ག་དངོས་སུ་རང་ཉིད་ཀྱིས་བྱ་བ་དང༌། གཞན་ལ་དབང་རྫས་མེད་དོ། །སྤྲོས་པ་ལ་དགའ་ན་དབང་རྫས་དང་བཅས་པས་བྱེད་ན་གདོང་བཅིང་བ་ལ་སོགས་པ་དངོས་སུ་རང་གིས་བྱ་ཞིང༌། ཏིང་ངེ་འཛིན་གྱིས་མདུན་དུ་བསམས་པས་བྱེད་པར་བསམ། སློབ་དཔོན་གྱིས་བརྗོད་རྒྱུ་རྣམས་ཀྱང་དངོས་སུ་རང་གིས་བྱ་ཞིང་ཏིང་ངེ་འཛིན་གྱིས་དེ་ལྟར་བྱའོ། །གཞན་ཆོ་ག་རྣམས་ཐམས་ཅད་ལ་ཁྱད་པར་མེད་པར་བྱའོ། །ད་ནི་མཇུག་གི་དོན་ལ། ཆུ་སོགས་ཞེས་པའི་ཚིགས་སུ་བཅད་པ་གཅིག་གིས་དབང་གི་དབྱེ་བ་ལས། རྡོ་རྗེ་སློབ་དཔོན་གྱི་དབང་ལས། སློན་དཔོན་གྱི་དབང་རྣམས་ལ་ཕྱི་ནང་དུ་གནས་པར་བསྟན། དཔའ་བོས་ཞེས་བྱ་བ་ལ་སོགས་པས་དབང་གི་འབྲས་བུ་བསྟན། དེའང་དབང་གི་ཀུན་སྤྱོད་ཀྱི་རིམ་པར་ཕྱེ་སྟེ་བསྟན་པས་བརྟུལ་ཞུགས་ཅན་དབང་བསྐུར་བས་སྣོད་དུ་རུང་བར་བྱས་ཏེ་ལམ་བསྒྲུབ་པ་ལས་རིམ་པ་ལྔའི་མཐར་ཐུག་བསམ་གྱིས་མི་ཁྱབ་པ་ཐོབ་ཅེས་བྱའོ། །བསམ་གྱིས་མི་ཁྱབ་པ་དང་བསྟན་བྱ་རིམ་པ་ལྔ་དེ་ཉིད་ཕྱི་དང་ནང་དུ་ཡང་དག་བཤད་པས་ན། དེ་ཆོས་རྣམས་ཀུན་གྱི་ངོ་བོ་བསམ་གྱིས་མི་ཁྱབ་པ་ཞེས་བྱའོ། །དེའི་མཚན་ཉིད་ནི་སྣང་མེད་ཅེས་བྱ་བ་དང༌། བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ལ་སོགས་པ་དུ་མའི་སྒོ་ནས་བསྟན་ཏོ། །དེ་ཆོས་ཐམས་ཅད་ཀྱི་ངོ་བོ་ཡིན་པས་ཐམས་ཅད་ལ་ཁྱབ་པར་སྟོན་པ་ནི། བརྟན་གཡོ་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་བསམ་གྱིས་མི་ཁྱབ་པ་རྟོགས་པ་ནི་བདེ་བ་ཆེན་པོ་རྟོགས་ཏེ་སངས་རྒྱས་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བུའི་དེ་ཁོ་ནའི་མན་ངག་གོ །དཔལ་སྡོམ་དྲུག་པ་རྣལ་འབྱོར་གསང་མཐའ་ལས་བྱུང་བའི། །ཆོ་ག་བླ་མའི་རིམ་པ་དང་བྲལ་ཡུལ་མིན་ཕྱིར། །རྒྱལ་སྲས་མྱུ་གུའི་སྤྱོད་མངའ་དང་ལྡན་དཔལ་ལྡན་བླ་མ་དེའི། །ཞབས་རྡུལ་ཟེ་འབྲུ་སྤྱི་བོས་གུས་པས་བསྟེན་ལས་རྟོགས། །རྣལ་འབྱོར་ལ་ཕན་བྱེད་པ་སྨིན་བྱེད་མདོར་བསྡུས་ཚུལ། །རབ་ཏུ་གསལ་བར་བཤད་པའི་བསོད་ནམས་སྟོབས་ལྡན་པ། །སྲིད་པའི་རྩེ་མོར་གཏུགས་གྱུར་བདག་ལས་གང་སྐྱེས་པ། །དེས་ནི་འགྲོ་ཀུན་དམ་བཅིངས་ཀློད་དེ་རྒྱལ་འགྱུར་ཤོག། །།སློབ་དཔོན་རྡོ་རྗེ་དྲིལ་བུ་པས་མཛད་པའི་དབང་གི་ཆོ་ག་མདོར་བསྡུས་པའི་བཤད་པ། དཔལ་བརྩེ་བ་ཆེན་པོ་དང་ལྡན་པའི་ཞབས་ཀྱི་པདྨ་རྙོག་པ་མེད་པ་ལ་གཏུགས་པའི། ཤཱཀྱའི་དགེ་བསྙེན་བསོད་ནམས་རྩེ་མོས་སྦྱར་བའོ།། །།རྫོགས་སོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply