དཔལ་འཁོར་ལོ་བདེ་མཆོག་གི་མཆོད་ཕྲེང༌།

༼ཅ༽

༄༅། །དཔལ་འཁོར་ལོ་བདེ་མཆོག་གི་མཆོད་ཕྲེང་བཞུགས་སོ།།

༄༅། །དཔལ་འཁོར་ལོ་སྡོམ་པའི་མཆོད་པའི་ཆོ་ག དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཐུགས་རྗེའི་ངང་ཉིད་སྐུ་ནི་སྲིད་པ་གསུམ་འབར་ཞིང༌། །འོད་ཟེར་སྔོན་པོ་སྟོང་ལྡན་ཁྲོ་དང་ཆགས་པར་བཅས། །གད་མོའི་སྒྲ་ཡིས་དྲེགས་པ་བཅོམ་ནས་སླར་གསོ་མཛད། །སྤྲོས་ཀུན་དང་བྲལ་དཔལ་ལྡན་ཧེ་རུ་ཀས་སྐྱོངས་ཤིག །བླ་མའི་ཞབས་རྡུལ་ལ་བཏུད་དེ། །དེ་ཡི་དྲིན་གྱིས་རྟོགས་གྱུར་པས། །འཁོར་ལོ་སྡོམ་པ་མཆོད་པ་ཡི། །ཆོ་ག་མན་ངག་ཇི་བཞིན་བསྡུ། །དང་པོར་རེ་ཞིག་སེམས་ཅན་ལ་གཅིག་ཏུ་བརྩེ་བའི་བློ་དང་ལྡན་པས། ཡང་དག་པའི་བླ་མ་ལ་བསྙེན་བཀུར་བས། དཔལ་སྡོམ་པའི་དཀྱིལ་འཁོར་དུ་དབང་བསྐུར་ཞིང་རྗེས་སུ་གནང་བ་ཐོབ་པ། སྤྱི་དང་ཁྱད་པར་གྱི་དམ་ཚིག་ལ་གནས་ཤིང༌། བླ་མའི་མན་ངག་གི་ལུང་ཡང་དག་པ་དང་ལྡན་པའི་རྣལ་འབྱོར་པའི་དབང་ཕྱུག་གིས། ནང་པར་སྔ་བར་ལངས་པའམ། མཚན་ཕྱེད་དམ། སྐབས་ཇི་ལྟར་ཡང་རུང་སྟེ། མཉམ་པར་བཞག་པ་ལས་ལངས་ལ། དཔལ་སྡོམ་པའི་ཕྱིའི་དཀྱིལ་འཁོར་ལ་མཆོད་པ་ལ་སོགས་པ་རྗེས་སུ་སྤྱད་པར་བྱའོ། །དེའི་ཆོ་ག་ནི་འདི་ཡིན་ཏེ། དང་པོ་ཁོ་ནར་བདག་གི་ལུས་དང་ངག་དང་ཡིད་ཡོངས་སུ་དག་པར་བྱ་བའི་ཕྱིར། རང་གི་ལྷག་པའི་ལྷ་སྦྱོར་བས། །སེམས་ཅན་ཀུན་ལ་རབ་བརྟག་བྱ། །ཨཱ་ལི་ཀཱ་ལི་རབ་བརྟག་པས། །བརྗོད་པ་བཟླས་པ་ཤེས་པར་བྱ། །ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །རུ་ནི་བཀོད་དང་བྲལ་བ་སྟེ། །ཀ་ནི་གང་དུའང་མི་གནས་པའོ། །ཞེས་བྱ་བའི་དོན་རྗེས་སུ་དྲན་པར་བྱས་ལ། སའི་ཕྱོགས་མཛེས་ཤིང་གཙང་མ་ཁྲུ་གང་གི་ཚད་དམ་དེ་ལས་ལྷག་པའང་རུང་སྟེ། དཀྱིལ་འཁོར་གྱི་ས་གཞི་ལེགས་པར་བྱི་དོར་བྱས་ལ། དེར་ལག་པ་གཡོན་པ་བཞག་སྟེ། ཨོཾ་སུམ་བྷ་ནི་སུམ་བྷ་ཧུྃ་ཧཱུྃ་ཕཊ། ཨོཾ་གྲིཧྣ་གྲིཧྣ་ཧུྃ་ཧཱུྃ་ཕཊ། ཨོཾ་གྲིཧྣཱ་པ་ཡ། གྲིཧྣཱ་པ་ཡ་ཧུྃ་ཧཱུྃ་ཕཊ། ཨོཾ་ཨཱ་ན་ཡ་ཧོཿ བྷ་ག་ཝཱཾ་བཛྲ་ཧཱུྃ་ཧཱུྃ་ཕཊ། ཅེས་བྱ་བའི་སྔགས་བརྗོད་ཅིང་དྲི་ཞིམ་པོའི་ཆུ་དང༌། བའི་ལྕི་བ་ལ་སོགས་པ་དང་བདུད་རྩི་ལྔ་བསྲེས་པས་ཇི་ལྟར་རིགས་པར་གྲུ་བཞི་པར་དཀྱིལ་འཁོར་གཡོན་ནས་བསྐོར་བས་བྱུགས་ལ། དེར་སྲུང་བའི་འཁོར་ལོ་ཇི་ལྟ་བ་བཞིན་དུ་བསྒོམ་པར་བྱའོ། །སླར་ཡང་དཀྱིལ་འཁོར་གྱི་དབུས་སུ་ལག་པ་བཞག་སྟེ། པུ་ཛཱ་ཨཽ་ཨ་གོ་རཱ་དེ་མཱ། ཀཱ་ཨོ་ཏྲི་ཀོ་ཀ་ལ་ཀཱ་ཧི། པྲེ་གྲྀ་སཽ་སུ་ན་སི་མ་ཀུ། ཞེས་བྱ་བ་བརྗོད་པས། གནས་དང་ཉེ་བའི་གནས་ལ་སོགས་པ་ས་བཅུའི་རང་བཞིན་གྱི་སར་ལྷག་པར་མོས་པར་བྱས་ལ། རང་རང་གི་གནས་ཇི་ལྟ་བར་དེ་ཉིད་གསུམ་བརྗོད་ཅིང༌། མེ་ཏོག་གི་ཚོམ་བུ་ལྷའི་གྲངས་དང་མཐུན་པར་དགོད་པར་བྱའོ། །དེ་ནས་བཟེད་སྣོད་མདུན་བཞག་ལ། །གཡོན་དུ་མཆོད་ཡོན་ཞབས་བསིལ་ཏེ། །ཆུ་གཙང་མ་དང་མེ་ཏོག་དཀར། །མཆོད་ཡོན་དུ་ནི་བསྟན་པ་ཡིན། །དུང་གི་ཁ་ཡི་དྲི་ཞིམ་པའི། །ཆུས་ནི་ཞབས་ལ་བཀྲུ་བར་བྱ། །མེ་ཏོག་བདུག་པ་མར་མེ་དྲི། །ལྷ་བཤོས་ལ་སོགས་ཐམས་ཅད་ཀྱང༌། །བདུད་རྩི་ལྔས་སྤངས་དེ་བཞིན་དུ། །ཅི་འབྱོར་མཆོད་པའི་སྟ་གོན་བྱ། །དེ་རྗེས་ཚོམ་བུའི་དཀྱིལ་འཁོར་དུ། །ཏིང་འཛིན་དཀྱིལ་འཁོར་རབ་བསྒྲུབ་བྱ། །དེ་ཉིད་སྒྲུབ་པའི་ཐབས་ཀྱི་རིམ་པ་བཞིན་དུ། བེ་རཾ་བྷ་ལ་སོགས་པའི་སྟེང་དུ་མངོན་པར་བྱང་ཆུབ་པའི་རིམ་གྱིས་སྒྲ་ཚུལ་ལས། དཀྱིལ་འཁོར་གྱི་འཁོར་ལོ་ཡོངས་སུ་རྫོགས་པར་བལྟས་ལ། དེ་ནས་གོ་ཆ་གཉིས་ཤེས་ནས། །ཡེ་ཤེས་འཁོར་ལོ་རྣམ་པར་བསྒོམ། །སྔགས་དང་ཕྱག་རྒྱ་སྦྱོར་བ་ཡིས། །སྤྱན་དྲངས་མཆོད་ནས་དམ་ཚིག་པར། །ཛཿཧཱུྃ་བྃ་ཧོཿབཀའ་ལུང་འདིས། །དགུག་གཞུག་བཅིང་དང་དབང་དུ་བྱས། །དེ་བཞིན་ཡེ་ཤེས་ཆུས་གང་བའི། །བུམ་པས་དེ་བཞིན་གཤེགས་ཀུན་གྱིས། །མཆོད་དང་དབང་བསྐུར་བྱས་ནས་ནི། །དེ་བཞིན་གཤེགས་སྐུས་དབུ་བརྒྱན་གྱུར། །དཀྱིལ་འཁོར་གྱི་ཆོ་གའོ། །དེ་ནས་དཀྱིལ་འཁོར་གྱི་བདག་པོ་ནས་བརྩམས་ཏེ་གཤིན་རྗེ་འཇོམས་མའི་མཐར་ཐུག་པར་སྐུ་མདོག་ལ་སོགས་པ་གསལ་བར་བྱ་ཞིང༌། འོག་ནས་འབྱུང་བ་བཞིན་སྔགས་རྣམས་གཉིས་སུ་མེད་པར་བཟླ་བར་བྱའོ། །འདི་ནི་ལྷའི་རྣམ་པར་གསལ་བར་བྱེད་པ་སྔགས་ཀྱི་མཆོད་པའོ། །དེ་ནས་སྔགས་པའི་དབྱངས་དག་དང༌། །བཅས་པས་བླ་མ་དཀྱིལ་འཁོར་གྱི། །ཞབས་ལ་ཡང་དང་ཡང་དུ་ནི། །དད་པས་སྤྱི་བོས་ཕྱག་འཚལ་ལོ། །དངོས་སུ་འབྱོར་པའི་མཆོད་པ་ཡིས། །བླ་མ་དཀྱིལ་འཁོར་ལ་མཆོད་ཕྱིར། །བསང་ཞིང་སྦྱངས་ལ་ཨཱཿཧཱུྃ་ལས། །པདྨར་ཡེ་ཤེས་ལས་བྱུང་བསམ། །རང་མིང་བརྗོད་པའི་གསང་སྔགས་ཀྱིས། །བྱིན་གྱིས་བརླབས་ལ་ཕྱག་རྒྱ་དང༌། །སྔགས་དང་བཅས་པས་བླ་མ་དང༌། །དཀྱིལ་འཁོར་ལ་ནི་དབུལ་བར་བྱ། །དེ་ལ་སྔགས་ཀྱི་ཚིག་ནི་འདི་དག་ཡིན་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་སམྦ་ར་མཎྜལ་ཙཀྲ་སརྦ་བཱི་ར་ཡོ་གི་ནཱི། ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་བྱ་བ་ནི་མཆོད་ཡོན་ཕྱག་ཏུ་དབུལ་བའི་སྔགས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་སམྦ་ར་མཎྜལ་ཙཀྲ་སརྦ་བཱི་ར་ཡོ་གི་ནཱི། པཱ་དྱཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞབས་བསིལ་གྱིས་ཞབས་བཀྲུའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་སམྦ་ར་མཎྜལ་ཙཀྲ་སརྦ་བཱི་ར་ཡོ་གི་ནཱི། བཛྲ་པུཥྤེ་ཨཱཿཧཱུྃ། མེ་ཏོག་དབུལ་བའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་སམྦ་ར་མཎྜལ་ཙཀྲ་སརྦ་བཱི་ར་ཡོ་གི་ནཱི། བཛྲ་དྷཱུ་པེ་ཨཱཿཧཱུྃ། བདུག་སྤོས་ཤངས་ལའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་སམྦ་ར་མཎྜལ་ཙཀྲ་སརྦ་བཱི་ར་ཡོ་གི་ནཱི་བཛྲ་དཱི་པེ་ཨཱཿཧཱུྃ། མར་མེ་སྤྱན་ལམ་དུའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་སམྦ་ར་མཎྜལ་ཙཀྲ་སརྦ་བཱི་ར་ཡོ་གི་ནཱི་བཛྲ་གནྡྷེ་ཨཱཿཧཱུྃ། དྲི་ཐུགས་ཀར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་སམྦ་ར་མཎྜལ་ཙཀྲ་སརྦ་བཱི་ར་ཡོ་གི་ནཱི་བཛྲ་ནཻ་ཝི་དྱེ་ཨཱཿཧཱུྃ། ཞལ་ཟས་ཞལ་དུའོ། །དེ་ནས་རོལ་མོའི་ཆ་བྱད་ཇི་སྙེད་ཡོད་པ་རྣམས་མངོན་པར་འདུ་བྱས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་སམྦ་ར་མཎྜལ་ཙཀྲ་སརྦ་བཱི་ར་ཡོ་གི་ནཱི་ཨོཾ་བཛྲ་གྷཎྜེ་ར་ཎི་ཏ། པྲ་ར་ཎི་ཏ་སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙཱ་ལི་ཏེ། པྲ་ཛྙཱ་པཱ་ར་མི་ཏཱ་ནཱ་ད་སམྦྷ་བེ་ཏ། བཛྲ་དྷརྨཱ་ཧྲྀ་ད་ཡ། སནྟོ་ཥ་ཎི་ཧཱུྃ་ཧཱུྃ་ཧཱུྃ་ཧོ་ཧོ་ཧོ་ཨ་ཁཾ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་དབུལ་བར་བྱའོ། །དངོས་སུ་འབྱོར་པ་ཕྱིའི་མཆོད་པའོ། །དེ་ནས་སྙིང་ག་ནས་སྤྲུལ་པའི། །ལྷ་མོ་རང་གི་མིང་དག་ལ། །ཡི་གེ་གསུམ་གྱིས་འབྲེལ་བྱས་པའི། །སྔགས་ཀྱིས་ཕྱུང་ལ་མཆོད་པར་བྱ། །ཞལ་གཅིག་པ་ལ་ཕྱག་བཞི་མ། །དང་པོ་རང་མཚན་ཕྱག་རྒྱ་སྟེ། །འོག་མ་རྡོ་རྗེ་དྲིལ་འཛིན་པ། །བཅུ་དྲུག་དབྱངས་དང་བཅས་པས་དབུལ། །ཨོཾ་བཱི་ནི་བཛྲི་ནཱི་ཧཱུྃ་ཨཱཿ ཞེས་བྱ་བ་ནི་པི་ཝང་མའི་འབྱིན་པའི་སྔགས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་སམྦ་ར་མཎྜལ་ཙཀྲ་སརྦ་བཱི་ར་ཡོ་གི་ནཱི། བཱི་ནི་བཛྲི་ནི་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། ཞེས་བྱ་བ་ནི་མཆོད་པའི་སྔགས་སོ། །དེ་བཞིན་དུ་སྦྱར་ཏེ། ཨོཾ་ཝཾ་སེ་བཛྲི་ནི་ཧཱུྃ་ཨཱཿ ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་སམྦ་ར་མཎྜ་ལ་ཙཀྲ་སརྦ་བཱི་ར་ཡོ་གི་ནཱི་ཝཾ་སེ་བཛྲི་ནི་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། ཨོཾ་མྲྀ་ཏཾ་ག་བཛྲི་ནི་ཧཱུྃ་ཨཱཿ ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་སམྦ་ར་མཎྜ་ལ་ཙཀྲ་སརྦ་བཱི་ར་ཡོ་གི་ནཱི་མྲྀ་ཏཾ་ག་བཛྲི་ནི་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། ཨོཾ་མུརྫ་བཛྲི་ནི་ཧཱུྃ་ཨཱཿ ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་སམྦ་ར་མཎྜལ་ཙཀྲ་སརྦ་བཱི་ར་ཡོ་གི་ནཱི་མུརྫ་བཛྲི་ནི་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། ཨོཾ་ཧ་སྱ་བཛྲི་ནི་ཧཱུྃ་ཨཱཿ ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་སམྦ་ར་མཎྜ་ལ་ཙཀྲ་སརྦ་བཱི་ར་ཡོ་གི་ནཱི་ཧ་སྱ་བཛྲི་ནི་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། ཨོཾ་ལ་སྱ་བཛྲི་ནི་ཧཱུྃ་ཨཱཿ ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་སམྦ་ར་མཎྜ་ལ་ཙཀྲ་སརྦ་བཱི་ར་ཡོ་གི་ནཱི་ལ་སྱ་བཛྲི་ནི་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། ཨོཾ་གཱིརྟི་བཛྲི་ནི་ཧཱུྃ་ཨཱཿ ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་སམྦ་ར་མཎྜ་ལ་ཙཀྲ་སརྦ་བཱི་ར་ཡོ་གི་ནཱི་གཱིརྟི་བཛྲི་ནི་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། ཨོཾ་ནྲྀ་ཏྱ་བཛྲི་ནི་ཧཱུྃ་ཨཱཿ ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་སམྦ་ར་མཎྜ་ལ་ཙཀྲ་སརྦ་བཱི་ར་ཡོ་གི་ནཱི་ནྲྀ་ཏྱ་བཛྲི་ནི་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། ཨོཾ་པུཥྤཾ་བཛྲི་ནི་ཧཱུྃ་ཨཱཿ ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་སམྦ་ར་མཎྜ་ལ་ཙཀྲ་སརྦ་བཱི་ར་ཡོ་གི་ནཱི་པུཥྤཾ་བཛྲི་ནི་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། ཨོཾ་དྷཱུ་པཾ་བཛྲི་ནི་ཧཱུྃ་ཨཱཿ ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་སམྦ་ར་མཎྜ་ལ་ཙཀྲ་སརྦ་བཱི་ར་ཡོ་གི་ནཱི་དྷཱུ་པཾ་བཛྲི་ནི་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། ཨོཾ་དཱི་པཾ་བཛྲི་ནི་ཧཱུྃ་ཨཱཿ ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་སམྦ་ར་མཎྜ་ལ་ཙཀྲ་སརྦ་བཱི་ར་ཡོ་གི་ནཱི་དཱི་པཾ་བཛྲི་ནི་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། ཨོཾ་གནྡྷཾ་བཛྲི་ནི་ཧཱུྃ་ཨཱཿ ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་སམྦ་ར་མཎྜ་ལ་ཙཀྲ་སརྦ་བཱི་ར་ཡོ་གི་ནཱི་གནྡྷཾ་བཛྲི་ནི་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། ཨོཾ་ཨཱ་དརྴ་རཱུ་པ་བཛྲི་ནི་ཧཱུྃ་ཨཱཿ ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་སམྦ་ར་མཎྜ་ལ་ཙཀྲ་སརྦ་བཱི་ར་ཡོ་གི་ནཱི་ཨཱ་དརྴ་རཱུ་པ་བཛྲི་ནི་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། ཨོཾ་ར་ས་བཛྲི་ནི་ཧཱུྃ་ཨཱཿ ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་སམྦ་ར་མཎྜ་ལ་ཙཀྲ་སརྦ་བཱི་ར་ཡོ་གི་ནཱི་ར་ས་བཛྲི་ནི་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། ཨོཾ་སྤརྵ་བཛྲི་ནི་ཧཱུྃ་ཨཱཿ ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་སམྦ་ར་མཎྜ་ལ་ཙཀྲ་སརྦ་བཱི་ར་ཡོ་གི་ནཱི་སྤརྵ་བཛྲི་ནི་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། ཨོཾ་དྷརྨ་དྷཱ་ཏུ་བཛྲི་ནི་ཧཱུྃ་ཨཱཿ ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་སམྦ་ར་མཎྜ་ལ་ཙཀྲ་སརྦ་བཱི་ར་ཡོ་གི་ནཱི་དྷརྨ་དྷཱ་ཏུ་བཛྲི་ནི་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། ཞེས་བྱ་བ་ནི་རིག་མ་བཅུ་དྲུག་གི་མཆོད་པའོ། །གཞན་ཡང་ས་བོན་ལས་བྱུང་བ། །མི་ཡི་བདག་པོའི་ནོར་གྱི་མཆོག །རིན་ཆེན་བདུན་ཡང་གསང་སྔགས་དང༌། །ཕྱག་རྒྱ་བཅས་པས་དབུལ་བར་བྱ། །འཁོར་ལོའི་ཕྱག་རྒྱ་བཅས་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །བདེ་བར་གཤེགས་པ་ཐམས་ཅད་ལ། །འཁོར་ལོ་རིན་ཆེན་འདི་ཕུལ་བས། །སྲིད་པའི་འཁོར་ལོ་རྒྱུན་བཅད་དེ། །ཆོས་ཀྱི་འཁོར་ལོ་བསྐོར་བར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་སམྦ་ར་མཎྜ་ལ་ཙཀྲ་སརྦ་བཱི་ར་ཡོ་གི་ནཱི་ཙཀྲ་རཏྣ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། རིན་པོ་ཆེའི་ཕྱག་རྒྱ་བཅས་ལ། རྒྱལ་བ་སྲས་དང་བཅས་པ་ལ། །ནོར་བུ་རིན་ཆེན་འདི་ཕུལ་བས། །བཀྲེན་ཅིང་ཕོངས་པ་རྒྱུན་བཅད་དེ། །འབྱོར་པ་ཕུན་སུམ་ཚོགས་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་སམྦ་ར་མཎྜ་ལ་ཙཀྲ་སརྦ་བཱི་ར་ཡོ་གི་ནཱི་མ་ཎི་རཏྣ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། རྡོ་རྗེ་དབྱིངས་མའི་ཕྱག་རྒྱ་བཅས་ལ། བཙུན་མོ་རིན་ཆེན་འདི་ཕུལ་བས། །མ་རིག་མུན་པ་རྒྱུན་བཅད་དེ། །ཤེས་རབ་དབྱིངས་ནི་རབ་རྟོགས་ནས། །ཐབས་དང་ཤེས་རབ་འབྲེལ་བར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་སམྦ་ར་མཎྜ་ལ་ཙཀྲ་སརྦ་བཱི་ར་ཡོ་གི་ནཱི་ཝ་ཏི་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ། རྡོ་རྗེ་སེམས་དཔའི་དམ་ཚིག་གི་ཕྱག་རྒྱ་བཅས་ལ། བློན་པོ་རིན་ཆེན་འདི་ཕུལ་བས། །ཕྱི་ནང་གསང་གསུམ་ཐེག་གསུམ་ལྡན། །བསམ་ཡས་བསྟན་པ་རབ་འཛིན་ཅིང༌། །ཡོན་ཏན་ཐམས་ཅད་ལྡན་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་སམྦ་ར་མཎྜ་ལ་ཙཀྲ་སརྦ་བཱི་ར་ཡོ་གི་ནཱི་མ་ཧ་ཏ་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ། གླང་པོའི་ཕྱག་རྒྱ་བཅིངས་ལ། གླང་པོ་རིན་ཆེན་འདི་ཕུལ་བས། །ལྟ་ངན་རྣམས་ནི་རབ་བསལ་ཏེ། །བླ་མེད་ཐེག་པ་རབ་ཞོན་ནས། །ཐམས་ཅད་མཁྱེན་གྲོང་འགྲོ་བར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་སམྦ་ར་མཎྜ་ལ་ཙཀྲ་སརྦ་བཱི་ར་ཡོ་གི་ནཱི་ཧསྟི་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ། རྟའི་ཕྱག་རྒྱ་བཅིངས་ལ། རྟ་མཆོག་རིན་ཆེན་འདི་ཕུལ་བས། །སྲིད་པའི་གཟེབ་ལས་ངེས་གྲོལ་ཏེ། །རྫུ་འཕྲུལ་མཆོག་གི་ཤུགས་ཐོབ་ནས། །སངས་རྒྱས་ཞིང་དུ་བགྲོད་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་སམྦ་ར་མཎྜ་ལ་ཙཀྲ་སརྦ་བཱི་ར་ཡོ་གི་ནཱི་ཏུ་རཾ་ག་ཨ་ཤྭ་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ། དམག་མིའི་ཕྱག་རྒྱ་བཅིངས་ལ། དམག་དཔོན་རིན་ཆེན་འདི་ཕུལ་བས། །ཉོན་མོངས་དགྲ་ལས་རྒྱལ་གྱུར་ནས། །ཕས་ཀྱི་རྒོལ་བ་ཚར་བཅད་དེ། །འཇིགས་བྲལ་མཆོག་ནི་ཐོབ་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་སམྦ་ར་མཎྜ་ལ་ཙཀྲ་སརྦ་བཱི་ར་ཡོ་གི་ནཱི་ཁཌྒ་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ། ཞེས་པས་མཆོད་པར་བྱའོ། །དེ་དག་གི་ཕྱག་རྒྱ་ནི་འདི་དག་ཡིན་ཏེ། ལག་གཉིས་མཁྲིག་མར་བསྣོལ་ནས་ཀྱང༌། །རྒྱབ་དང་རྒྱབ་ཏུ་སྦྱར་བར་བྱ། །སོར་མོ་རྣམས་བསྣོལ་ལྟོ་སྦྱར་ནས། །མཐེ་བོང་མཐིལ་བཀུག་འཁོར་ལོ་ཡིན། །ཁུ་ཚུར་གཉིས་ནི་རབ་སྦྱར་ཏེ། །གུང་མཛུབ་རིན་ཆེན་འདྲ་བར་བྱ། །རྡོ་རྗེ་ཐལ་མོའི་མཛུབ་མོ་གཉིས། །གུང་མོ་མཉམ་པའི་ཚིགས་སུ་སྦྱར། །བསྡམས་ལས་གུང་མོ་མྱུ་གུར་བྱ། །མཐེ་བོང་མཐེ་ཆུང་སོ་སོར་བསྒྲེང༌། །ལག་གཡས་གླང་པོའི་སྣ་ལྟ་བུའི། །གྲུ་མོ་གཡོན་པས་རབ་ཏུ་བཟུང༌། །ཁུ་ཚུར་གཉིས་སྦྱར་མཐེ་བོང་དབྱེ། །གུང་མོ་སྲིན་ལག་བརྐྱང་བར་བྱ། །གཡོན་པས་གོ་འཛིན་གཡས་པ་ནི། །རལ་གྲི་འདེབས་པ་ལྟར་བྱས་པའོ། །ཞེས་བྱ་བ་ནི་ཕྱག་རྒྱའོ། །རིན་ཆེན་སྣ་བདུན་གྱི་མཆོད་པའོ། །མཆོད་པའི་རྣམ་པ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་མདོར་བསྡུ་ན་འདོད་པའི་ཡོན་ཏན་ལྔར་འདུས་པས་དེ་དག་དབུལ་བར་བྱའོ། །དེ་དག་ཀྱང་ཇི་ལྟར་དངོས་སུ་འབྱོར་པའི་ཡོ་བྱད་རྣམས་མངོན་པར་འདུ་བྱས་ལ། ཚིགས་སུ་བཅད་པ་དང་གསང་སྔགས་རྣམས་དབྱངས་དང་བཅས་པས་བརྗོད་ཅིང༌། སེམས་ཀྱིས་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་ཐམས་ཅད་ན་གཟུགས་ལ་སོགས་པ་ཡིད་དུ་འོང་བ་གང་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད། བླ་མ་དང་དཀྱིལ་འཁོར་གྱི་འཁོར་ལོ་ལ་དབུལ་བར་བསམ་པ་འདི་ནི་དབུལ་བའི་ཚུལ་ཡིན་ནོ། །དེ་ལ་མེ་ལོང་དང་མེ་ཏོག་གི་ཕྲེང་བ་ལ་སོགས་པ་གཟུགས་ཀྱི་རྣམ་པ་ཇི་ལྟར་འབྱོར་པ་མདུན་དུ་བྱས་ལ། འདི་སྐད་ཅེས་བརྗོད་པར་བྱ། ཁ་དོག་དབྱིབས་ལེགས་ཡིད་འོང་རྒྱན་ཕྲེང་ལྡན། །ཕྱོགས་དུས་ཀུན་ན་གཟུགས་མཆོག་ཅི་མཆིས་པ། །མོས་བློས་དཀྱིལ་འཁོར་ལྷ་ལ་བདག་འབུལ་ན། །བཞེས་ཤིང་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་སམྦ་ར་མཎྜ་ལ་ཙཀྲ་སརྦ་བཱི་ར་ཡོ་གི་ནཱི་རཱུ་པ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཧཱུྃ། སྒྲའི་རྣམ་པ་དུང་དང༌། ཆ་ལང་དང༌། པ་ཊ་ཧ་དང༌། ཅང་ཏེའུ་དང༌། དྲིལ་བུ་ལ་སོགས་པ་ཇི་ལྟར་འབྱོར་པ་མངོན་པར་འདུ་བྱས་ལ། ཕྱོགས་དུས་ཀུན་ན་ཟིན་དང་མ་ཟིན་པའི། །ཡོན་ཏན་སྒྲ་སྙན་ཡིད་འོང་ཅི་མཆིས་པ། །མོས་བློས་དཀྱིལ་འཁོར་ལྷ་ལ་བདག་འབུལ་ན། །བཞེས་ཤིང་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་སམྦ་ར་མཎྜ་ལ་ཙཀྲ་སརྦ་བཱི་ར་ཡོ་གི་ནཱི་ཤབྡ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཧཱུྃ། དྲིའི་རྣམ་པ་དུ་མ་ཙནྡན་དང༌། ཨ་ག་རུ་དང༌། གུར་གུམ་ནས་སྦྱར་བའི་རེང་བུ་ལ་སོགས་པ་ཇི་ལྟར་འབྱོར་པ་མདུན་དུ་བྱས་ལ། ཕྱོགས་དུས་ཀུན་ན་ཙནྡན་སྦྲུལ་སྙིང་དང༌། །ཨ་ཀར་ནག་སོགས་དབང་པོ་ཚིམ་བྱེད་འདི། །མས་བློས་དཀྱིལ་འཁོར་ལྷ་ལ་བདག་འབུལ་ན། །བཞེས་ཤིང་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་སམྦ་ར་མཎྜ་ལ་ཙཀྲ་སརྦ་བཱི་ར་ཡོ་གི་ནཱི་གནྡྷེ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཧཱུྃ། རོའི་རྣམ་པ་སྭ་སྟི་ཀ་ལ་སོགས་པ་ཇི་ལྟར་འབྱོར་པ་མདུན་དུ་བྱས་ལ། ཕྱོགས་དུས་ཀུན་ན་རོ་དང་བཅུད་ལྡན་པ། །ལུས་སེམས་རྟས་བྱེད་རོ་མཆོག་ཅི་མཆིས་པ། །མོས་བློས་དཀྱིལ་འཁོར་ལྷ་ལ་བདག་འབུལ་ན། །བཞེས་ཤིང་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་སམྦ་ར་མཎྜ་ལ་ཙཀྲ་སརྦ་བཱི་ར་ཡོ་གི་ནཱི་ར་ས་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཧཱུྃ། རེག་བྱའི་ཁྱད་པར་རས་ཟུང་དུ་གྱུར་པ་ལ་སོགས་པ་ཇི་ལྟར་འབྱོར་པ་མདུན་དུ་བྱས་ལ། ཕྱོགས་དུས་ཀུན་ན་འཇམ་ཞིང་འཁྲིལ་ཆགས་པའི། །རེག་བྱའི་ཁྱད་པར་དབང་པོ་ཚིམ་བྱེད་པ། །མོས་བློས་དཀྱིལ་འཁོར་ལྷ་ལ་བདག་འབུལ་ན། །བཞེས་ཤིང་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་སམྦ་ར་མཎྜ་ལ་ཙཀྲ་སརྦ་བཱི་ར་ཡོ་གི་ནཱི་སྤརྵ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཧཱུྃ། ཞེས་བྱ་བས་དབུལ་བར་བྱའོ། །འདོད་ཡོན་ལྔའི་མཆོད་པ་སྟེ་ལྷའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་བླ་ན་མེད་པའི་མཆོད་པའོ། །ད་ནི་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་ལས་བྱུང་བ་བླ་ན་མེད་པའི་མཆོད་པ། བདག་གི་སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱིས་མཆོད་པའི་ཕྱིར། སྤྱི་བོར་ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དང༌། མཆོད་པའི་སྤྲིན་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་ལས་བྱུང་བ་ལྟ་བུས་ནམ་མཁའི་ཁམས་གང་བས་མཆོད་པར་བསམས་ཏེ། ངག་ཏུ་ཆོས་ཀྱི་དབྱིངས་ཀྱི་བྱིན་རླབས་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྗེ་རྣམ་པར་དག་པའི་བྱིན་རླབས་དང༌། གསང་སྔགས་དང་ཕྱག་རྒྱའི་མཐུ་དང༌། བདག་གི་མོས་པ་དང་ཏིང་ངེ་འཛིན་དང་སྨོན་ལམ་གྱི་དབང་གིས། འཇིག་རྟེན་གྱི་ཁམས་ན་བདག་པོས་ཡོངས་སུ་མ་བཟུང་བའི་མཆོད་པའི་བྱེ་བྲག་ཇི་སྙེད་ཡོད་པ་དང༌། གཞན་ཡང་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་ལྟ་བུ་བསམ་གྱིས་མི་ཁྱབ་པ་ཅིག་བླ་མ་དང༌། དཀྱིལ་འཁོར་གྱི་འཁོར་ལོ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་ལམ་དུ་འབྱུང་ཞིང་རྒྱས་པར་གྱུར། ཨོཾ་སརྦ་བིད་པུ་ར་པུ་ར། སུ་ར་སུ་ར། ཨཱ་བརྟ་ཨཱ་བརྟ་ཧོ། །ན་མསྶ་མནྟ་བུདྡྷཱ་ནཱཾ། ཨ་བྷི་སྨ་ར་ཡེ། སྥ་ར་ཎ་ཨི་མཾ། ག་ག་ན་ཁཾ་དྷརྨ་དྷཱ་ཏུ་ཨཱ་ཀཱ་ཤ་ས་མནྟ་མཱཾ། སརྦ་ཏ་ཐཱ་ག་ཏ། ཨ་པ་རི་ཤོ་དྷ་ཡེ། མཎྜ་ལ། མ་མ་པྲ་ཎི་དྷི། པུཎྱ་ཛྙཱ་ན། བ་ལེ་ན། སརྦ་ཏ་ཐཱ་ག་ཏ། བ་ལེནྡྷེ། བནྡྷ་སྭསྠཱ་ན་པ་ལེ་ན་ཙ་སྭཱ་ཧཱ། ཞེས་བརྗོད་པར་བྱའོ། །ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ཆེན་པོའི་མཆོད་པ་སྟེ། ཕྱིའི་མཆོད་པའོ། །དེ་ནས་གསང་བ་དང༌། རབ་གསང་དང༌། གསང་ཆེན་བླ་མེད་ཀྱི་མཆོད་པ་བྱ་བའི་ཕྱིར། པདྨར་མྱོས་བྱེད་རབ་བཀང་བ། །ན་དང་ག་ཧ་དང་པོ་དང༌། །མཐའ་ཡི་ཤྭ་དང་དང་པོའི་ཤྭ། །མཆོག་དང་དབུགས་དབྱུང་བར་མཆུ། །དྲི་ཡི་ཆུ་དང་རབ་སྦྱར་ཏེ། །འབུད་དང་འབར་དང་བསྐོལ་བ་དང༌། །ཡེ་ཤེས་ལྔ་སོགས་པས་བྱིན་བརླབ། །སྦོམ་པོ་མཐའ་ལྟག་རྩེ་སྦྱར་ཏེ། །རྡོ་རྗེ་ཀུན་མཚན་འཛིན་པ་ཡིས། །བླ་མ་དཀྱིལ་འཁོར་ལ་རབ་མཆོད། །ཞིམ་པའི་བཏུང་བ་བཞིན་མྱངས་ན། །རྟག་པའི་དངོས་གྲུབ་ཐོབ་པར་འགྱུར། །ཨོཾ་ཨཱཿཧཱུྃ། རྡོ་རྗེ་འཆང་ཆེན་རང་བཞིན་སྐུ། །ཐུགས་རྗེས་འགྲོ་ཀུན་གདུང་སེལ་ཞིང༌། །བདག་བློའི་ཀུ་མུ་ཏ་འབྱེད་པ། །རྗེ་བཙུན་བླ་མ་དཔལ་ལྡན་མཆོད། །ཨོཾ་ཨཱཿཧཱུྃ། གསང་བའི་བདག་པོ་རྡོ་རྗེ་འཆང༌། །དཔལ་ལྡན་སློབ་དཔོན་ས་ར་ཧ། །ཀླུ་སྒྲུབ་རི་ཁྲོད་མགོན་པོ་དང༌། །རྣལ་འབྱོར་དབང་ཕྱུག་ལོ་ཧི་པ། །ཌེཾ་གི་པ་དང་དཱ་རི་ཀ །བླ་མ་རྣམས་ལ་རབ་ཏུ་མཆོད། །གྷཎྜ་ཀཙྪ་ཛཱ་ལནྡྷ་ར། །ཀརྞ་པ་དང་གུ་ཧྱ་པ། །རྣམ་པར་རྒྱལ་བའི་ཞབས་ལའང་འབུལ། །བར་མའི་སློབ་དཔོན་རབ་ཏུ་མཆོད། །དེ་བཞིན་རྗེ་བཙུན་ཏི་ལོ་པ། །དཔལ་ལྡན་ནཱ་རོ་ཏ་པ་དང༌། །ཕ་ན་ཕིང་གུ་པ་ཡང་མཆོད། །ཤེས་རབ་བརྩེགས་དང་བློ་གྲོས་གྲགས། །རྗེ་བཙུན་ཐུགས་རྗེ་ཆེན་པོ་ཅན། །རབ་མཆོད་དངོས་གྲུབ་ཐམས་ཅད་སྩོལ། །ཨོཾ་ཨཱཿཧཱུྃ། དེ་ནས་འོག་ནས་འབྱུང་བ་ལྟར་སྔགས་ཀྱི་མཆོད་པ་བརྗོད་ཅིང༌། དཀྱིལ་འཁོར་གྱི་འཁོར་ལོ་ལའང་དབུལ་བར་བྱའོ། །དེ་ནས་ཐམས་ཅད་དགྱེས་པར་གྱུར་ནས། ཨོཾ་ཧྲཱི་ཧ་ཧ་ཧཱུྃ་ཧཱུྃ་ཕཊ། ཅེས་ལྷ་ཐམས་ཅད་ཀྱི་ཞལ་ནས་གསུངས་པར་བསམས་ལ། བདག་གིས་ཀྱང་བརྗོད་ཅིང༌། རྣམ་ལྔ་འདོད་པའི་བསྐོར་བ་བྱས་ལ། མཐར་འཁྱུད་པའི་སྟངས་ཀ་བྱས་ལ། དེ་ཁོ་ན་ཉིད་ཀྱི་མཆོད་པས་མཉེས་པར་བྱའོ། །དེ་ཉིད་ཀྱིས་ནི་རྡོ་རྗེ་བཟུང༌། །ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱ། །དམ་ཚིག་གི་ནི་ཕྱག་རྒྱ་ཆེ། །བྱིན་གྱིས་བརླབས་ལ་སྙིང་པོ་བཟླ། །ཞེས་བྱ་བའི་དེ་ཁོ་ན་ཉིད་དང་ལྡན་པས་བསྟོད་པར་བྱའོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། བཱི་རེ་ཤཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་མ་ཧཱ་ཀལྤཱགྣི་སནྣི་བྷཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཛ་ཊཱ་མ་ཀུ་ཊོཏྐ་ཊཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་དཾཥྚ་ཀ་རཱ་ལོ་གྲ་བྷཱི་ཥ་ན་མུ་ཁཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ས་ཧ་སྭ་བྷུ་ཛ་བྷཱ་སུ་རཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་པ་ར་ཤུ་པཱ་ཤོ་དྱ་ཏ་ཤཱུ་ལ་ཁ་ཊྭཱཾ་ག་དྷཱ་རི་ཎེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་བྱཱ་གྷྲ་ཛི་ནཱམྦ་ར་དྷ་རཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་མ་ཧཱ་དྷཱུམ་བྲཱནྡྷ་ཀཱ་ར་ཝ་པུ་ཥཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མོ་བྷ་ག་ཝ་ཏི། བཛྲ་བཱ་ར་ཧཱི་བྃ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མཿཨཱརྻ་ཨ་པ་རཱ་ཛི་ཏེ་ཏྲཻ་ལོཀྱ་མཱ་ཏེ་མ་ཧཱ་བི་དྱེ་ཤྭ་རི་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མཿསརྦ་བྷཱུ་ཏ་བྷ་ཡ་བ་ཧེ་མ་ཧཱ་བཛྲེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མོ་བཛྲཱ་ས་ནེ། ཨ་ཛི་ཏེ། ཨ་པ་རཱ་ཛི་ཏེ། བཱ་ཤྱཾ་ཀ་རི་ནེ་ཏྲ་བྷྲ་མ་ནི་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མཿཤོ་ཥ་ཎི། རོ་ཥ་ཎི། ཀྲོ་དྷེ་ཀ་རཱ་ལེ་ནི་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མ་སྟྲཱ་ས་ནི་མཱ་ར་ཎི་པྲ་བྷེ་ད་ནི་པ་རཱ་ཛ་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མོ་བི་ཛ་ཡེ། ཛམྦྷ་ནི། སྟམྦྷ་ནི། མོ་ཧ་ནི་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མོ་བཛྲ་པཱ་ར་ཧཱི་བཾ་མ་ཧཱ་ཡོ་གི་ནཱི་ཀཱ་མེ་ཤྭ་རི་ཁ་གེ་ཧཱུྃ་ཧཱུྃ་ཕཊ། ཅེས་བྱ་བ་དང༌། གཞན་ཡང་དེ་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཡང་དག་པར་འདུས་ནས། བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་ལ་བསྟོད་པ། རྒྱལ་བ་སྤྲུལ་པ་དུས་མཐའི་མེ་ལྟར་རབ་ཏུ་འཇིགས་མཛད་ཅིང༌། །རྃ་རྃ་རྣམ་འཁོར་ཨུཏྤལ་སྔོ་འདྲ་ཉི་མ་བརྒྱ་ཡི་གཟི། །རྡོ་རྗེ་དང་ནི་ཁ་ཊྭཱཾ་གར་བཅས་ཨོཾ་ཨོཾ་དག་པར་ལྡན། །ཚངས་དང་ལྷ་ཆེན་ཁྱབ་འཇུག་མགོ་བཅད་དབུ་ཡི་ཅོད་པཎ་ཅན། །ཧཱུྃ་ཧཱུྃ་ཕཊ་ཕཊ་ཧ་ཧ་ཞེས་བྱ་ཁྲོ་བ་དང་བཅས་པས། །མི་ཡི་སེངྒེ་དྲེགས་པ་འཇོམས་མཛད་ཞབས་ཀྱིས་གནོན་མཛད་ཅིང༌། །ཨ་ལ་ལ་ཡི་སྒྲ་སྒྲོགས་བགེགས་རྣམས་ཡོངས་སུ་འདར་བར་མཛད། །ཅང་ཏེའུ་སྒྲ་སྒྲོགས་ལྷ་ཆེན་ཁྱབ་འཇུག་དག་གི་པགས་པ་བསྣམས། །ཐུགས་རྗེ་ཆེ་སྤྲུལ་རབ་ཁྲོས་ཛཿཧཱུྃ་བྃ་ཧོ་ཧཱུྃ་མཛད་ཅིང༌། །ལག་སྨི་གཽ་རཱི་ཞབས་ཀྱིས་གནོན་ཅིང་ཀུ་ཙར་རབ་ཏུ་བཞུགས། །ལྷ་རྣམས་མགོ་ལ་ཞབས་ཀྱིས་མནན་བཞུགས་བདེ་གཤེགས་དབུ་རྒྱན་ཅན། །ལྷ་རྣམས་ཀུན་གྱི་འཁོར་ལོས་ཡོངས་སྐོར་མཛད་པ་པོ། །ཧུ་ལུ་ཧུ་ཡ་ཛིཾ་ཛིྃ་ཏྲི་བྃ་རྒྱུ་མ་ཐོད་རློན་གྱི། །ཕྲེང་བ་འཛིན་ཅིང་རྡོ་རྗེ་མཁའ་འགྲོ་འཇིགས་ཤིང་ཁྲོ་བ་ཡི། །གླུ་སྒྲ་མི་བཟད་ཧུ་ལུ་ཧུ་ལུས་རབ་ཏུ་རྨོངས་མཛད་དེ། །རྡོ་རྗེ་ཆེན་པོ་མཱ་མ་ཀཱིས་ནི་སྐུ་ལུས་རྣམ་པར་བརྒྱན། །དུར་ཁྲོད་རབ་ཏུ་འཇིགས་ཤིང་གར་གྱི་འཁོར་ལོའི་ཚོགས་སྐྲག་མཛད། །ཀ་ཧ་ཀ་ཧའི་བཞད་སྒྲས་གནོད་སྦྱིན་ཚོགས་རྣམས་སྐྲག་རེངས་མཛད། །བརྐྱང་བསྐུམ་ཚུལ་གྱིས་བཞུགས་ཤིང་བི་བི་ཤ་ནས་སྐུ་ལུས་བརྒྱན། །བསྐལ་བ་གྲངས་མེད་རྒྱུན་མི་ཆད་པའི་དུས་ཀྱི་མཐར་ཡང་ནི། །ཧ་ན་ཧ་ན་ད་ཧ་ད་ཧ་ཕཊ་ཀྱི་མཛད་པ་ཅན། །སྟོང་པའི་ངང་ལས་སྐུ་གསུང་ཐུགས་ཀྱི་སངས་རྒྱས་རྣམ་པར་འཕྲོས། །ཕྱིན་ཅི་ལོག་ཞེན་ལྟ་ངན་མཐའ་དག་མ་ལུས་མེད་མཛད་ཅིང༌། །གུ་ལུ་གུ་ལུ་ཛྃ་ཛྃ་ཡྃ་ཡྃ་གིས་ནི་ཞི་བར་མཛད། །ནམ་མཁའ་དག་དང་མཉམ་པའི་ཏིང་འཛིན་ཐུགས་ནི་རྣམ་པར་སྨིན། །བདེ་བ་ཆེན་པོ་ཁྱོད་ནི་མྃ་མྃ་ཞེས་ནི་མཛད་པ་ཅན། །སེམས་ཅན་དོན་དུ་ཐུགས་རྗེ་ཆེན་པོའི་མཛད་པ་མཛད་པ་པོ། །ཨཱ་ལི་ཀཱ་ལི་རབ་ཏུ་སྦྱོར་བའི་སྡོམ་པ་གསང་བ་ཅན། །བཅོམ་ལྡན་མཁའ་འགྲོའི་དམ་ཚིག་མ་ལུས་སྟོན་པར་མཛད་པ་ཡི། །དཔལ་ཆེན་ཧེ་རུ་ཀ་ནི་བརྟན་གཡོའི་བདག་པོ་དེ་ལ་ཕྱག་འཚལ་ལོ། །གང་ཞིག་ཧེ་རུ་ཀ་ཡི་བསྟོད་པ་འདི་བསྒོམས་ཕྱག་འཚལ་བས། །ལྷ་དང་མི་རྣམས་གསང་བ་གསུམ་བདག་ཧེ་རུ་ཀ་ཡི་གཟུགས་འཛིན་འགྱུར། །ཞེས་བྱ་བ་ལ་སོགས་པའི་བསྟོད་པ་ཁྱད་པར་ཅན་རྣམས་ཀྱིས་བསྟོད་པར་བྱའོ། །དེ་ནས་བདག་གི་ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང༌། །ཞེས་བྱ་བ་ནས་བརྩམས་ཏེ། འཁོར་འདས་མ་ལུས་འདྲེན་པའི་དཔལ་དུ་ཤོག །ཅེས་བྱ་བའི་བར་དུ་སློབ་དཔོན་བྷུ་རི་པས་མཛད་པའི་རྒྱུན་བཤགས་ལྟར་ཡོངས་སུ་རྫོགས་པར་བྱའོ། །ཡང་ན་དེ་ལྟར་མི་ནུས་པ་རྣམས་ཀྱིས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༌། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་བྱ་བ་ལ་སོགས་པ་སྡིག་པ་བཤགས་པ་ལ་སོགས་པ་བྱ་ལ། སྡོམ་པ་གཟུང་བར་བྱ་བའི་ཕྱིར། སྲས་བཅས་སངས་རྒྱས་ཐམས་ཅད་དང༌། །དཔའ་བོ་རྣལ་འབྱོར་མ་རྣམས་ཀུན། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་མིང་འདི་ཞེས་བགྱི་བས་ནི། །དུས་འདི་ནས་ནི་བཟུང་ནས་སུ། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་ངེས་པར་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་པ། །སྡོམ་པ་འདི་ནས་བརྟན་པོར་གཟུང༌། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང༌། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་རྣལ་འབྱོར་གྱི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་ཞིང་ནི་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་གཟུང༌། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་པར་བགྱི། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང༌། །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་གྲོལ་བར་བགྱི། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང༌། །སེམས་ཅན་མྱ་ངན་འདས་ལ་འགོད། །ཅེས་བྱ་བ་ལན་གསུམ་བརྗོད་ལ། །ཡང༌། ནང་པར་སྔར་ལངས་སེམས་དག་ཉིད། །མ་ལུས་ལས་ནི་བྱས་ནས་ཀྱང༌། །བསྲུང་དང་བཟའ་བ་ལ་སོགས་པའི། །སྡོམ་པའི་བདག་ཉིད་ཅན་བསྲུང་ངོ༌། །ལུས་སྲོག་ལྟོས་པ་མེད་པར་ཡང༌། །དམ་ཚིག་དང་ནི་སྡོམ་པ་བསྲུང༌། །ཉིན་དང་མཚན་མོ་ལན་གསུམ་དུ། །ཉིན་རེ་ཞིང་ནི་བཟླ་བར་བྱ། །གང་ཚེ་ཉམས་གྱུར་རྣལ་འབྱོར་པ། །ཁ་ན་མ་ཐོ་སྦོམ་པོར་འགྱུར། །དགུན་ཟླ་འབྲིང་པོ་ནས་བརྩམས་ཏེ། །ཟླ་བ་རེ་རེ་སྲུང་བ་ནི། །གཉིས་མེད་གཉིས་མེད་འཁོར་ལོ་གནས། །ཚེས་བཅུ་ལ་ནི་དེ་རབ་མཆོད། །ཆང་དང་ཤ་སོགས་གང་ཅིའང་རུང༌། །དཔའ་བོ་རྣལ་འབྱོར་མ་ཡི་ཚོགས། །ཐམས་ཅད་གཉིས་མེད་པང་ན་གནས། །ཧེ་རུ་ཀ་དཔལ་རབ་ཏུ་མཆོད། །ཐེག་པ་དམན་ལ་འདོད་མི་བྱ། །སེམས་ཅན་ཡང་རྒྱབ་ཕྱོགས་མིན། །འཁོར་བ་དག་ཀྱང་མི་སྤང་ཞིང༌། །མྱ་ངན་འདས་ལ་དགར་མི་འགྲོ། །དཔའ་བོ་རྣལ་འབྱོར་མ་ཀུན་ལ། །ཁྱོད་ཀྱིས་བརྙས་པར་མི་བྱ་ཞིང༌། །ཕྱག་རྒྱ་བཞོན་པ་མཚོན་ཆ་དང༌། །མཚན་མ་འགོམ་པར་མི་བྱའོ། །དམ་ཚིག་རབ་བསྲུངས་བསོད་ནམས་ནི། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །བུད་མེད་ཐམས་ཅད་མཐོང་བ་ན། །གཡོན་ནས་ལན་གསུམ་བསྐོར་བྱ་ཞིང༌། །སྤྱི་བོས་ཕྱག་ནི་བྱས་ནས་སུ། །ལན་གསུམ་བར་དུ་གསོལ་བ་གདབ། །བདག་ནི་མ་ཁྱོད་བུ་ཡིན་ཏེ། །ཇི་སྲིད་བྱང་ཆུབ་འབྱུང་བར་དུ། །བྱང་ཆུབ་ཡན་ལག་ནུ་མ་ལས། །བྱུང་བའི་རང་གི་འོ་མས་སྐྱོངས། །གཉིས་མེད་ཡེ་ཤེས་སྤྱོད་ལྡན་པའི། །བསླབ་པ་བླངས་པ་སྔོན་འགྲོ་བས། །སྒྲ་སྟོང་ལ་སོགས་སྔོན་འགྲོ་བའི། །ཚངས་པར་སྤྱོད་པ་ཤིན་ཏུ་བསྲུངས། །དམ་ཚིག་དེ་ལ་རྟག་གནས་ཏེ། །དེ་སྔོན་འགྲོ་བ་སྦས་པའི་ཡིད། །སྤྱོད་དང་གྲོལ་བའི་འབྲས་འདོད་པའི། །ཡིད་ལ་འདོད་པ་དངོས་གྲུབ་འགྱུར། །ཞེས་བྱ་བ་ལན་ཅིག་བརྗོད་ལ། དམ་ཚིག་དང་སྡོམ་པ་མ་ལུས་པ་རྗེས་སུ་དྲན་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་འཁོར་ལོ་མངོན་སུམ་ལྟ་བུར་དམིགས་ལ། དངོས་གྲུབ་མཐའ་དག་བླང་བར་བྱ་བའི་ཕྱིར། རྩ་བའི་སྔགས་ལ་སོགས་པ་ཇི་ལྟར་འདོད་པའི་སྔགས་ཀྱི་མཆོད་པས་མཆོད་པའི་ཕྱིར། ལྷ་སོ་སོ་ལ་དམིགས་ལ་བཟླ་བར་བྱའོ། །དེའི་སྔགས་ནི་འདི་རྣམས་ཡིན་ཏེ། ཨོཾ་ན་མོ་བྷ་ག་ཝ་ཏེ། ཝཱི་རེ་ཤཱ་ཡ། མ་ཧཱ་ཀལྤཱ་གྣི་སནྣི་བྷཱ་ཡ། ཛ་ཊཱ་མ་ཀུ་ཊོ་ཏྐ་ཊཱ་ཡ། དཾཥྚཱ་ཀ་རཱ་ལོ་གྲ་བྷཱི་ཥ་ཎ་མུ་ཁཱ་ཡ། ས་ཧ་སྲ་བྷུ་ཛ་བྷཱ་སུ་རཱ་ཡ། པ་ར་ཤུ་པཱ་ཤོ་དྱ་ཏ་ཤཱུ་ལ་ཁ་ཊྭཱཾ་ག་དྷཱ་རི་ཎེ། བྱཱ་གྷྲཱ་ཛི་ནཱ་མྦ་རཱ་དྷ་རཱ་ཡ། མ་ཧཱ་དྷཱུམ་བྲཱནྡྷ་ཀཱ་ར་ཝ་པུ་ཥཱ་ཡ། ཀ་ར། ཀ་ར། ཀུ་རུ། ཀུ་རུ། བནྡྷ། བནྡྷ། ཏྲཱ་ས་ཡ། ཏྲཱ་ས་ཡ། ཀྵོ་བྷ་ཡ། ཀྵོ་བྷ་ཡ། ཧྲཽཾ་ཧྲཽཾ། ཧྲ་ཧྲཿ ཕེཾ་ཕེཾ། ཕཊ་ཕཊ། ད་ཧ་ད་ཧ། པ་ཙ་པ་ཙ། བྷཀྵ་བྷཀྵ། བ་ས་རུ་དྷི་རཱནྟྲ། མཱ་ལཱ་བ་ལམྦི་ནེ། གྲིཧྣ་གྲིཧྣ། སཔྟ་པཱ་ཏཱ་ལ་ག་ཏ་བྷུ་ཛཱཾ་གཱཾ་སརྦམྦཱ། ཏརྫ་ཡ་ཏརྫ་ཡ། ཨཱ་ཀཌྜྷ། ཨཱ་ཀཌྜྷ། ཧྲིཾ་ཧྲིཾ། ཛྙཽ་ཛྙཽ། ཀྵྨཱཾ་ཀྵྨཱཾ། ཧཱཾ་ཧཱཾ། ཧཱིཾ་ཧཱིཾ། ཧཱུྃ་ཧཱུྃ། ཀི་ལི་ཀི་ལི། སི་ལི་སི་ལི། ཧི་ལི་ཧི་ལི། དྷི་ལི་དྷི་ལི། ཧཱུྃ་ཧཱུྃ་ཕཊ། བཅོམ་ལྡན་འདས་ཀྱི་རྩ་བའི་སྔགས་སོ། །ཨོཾ་ན་མོ་བྷ་ག་ཝ་ཏི། བཛྲ་ཝཱ་ར་ཧཱི་བཾ། ཨཱརྻཱ་པ་རཱ་ཛི་ཏེ། ཏྲཻ་ལོ་ཀྱ་མཱ་ཏེ། མ་ཧཱ་བི་དྱེ་ཤྭ་རི། སརྦ་བྷཱུ་ཏ་བྷ་ཡཱ་བ་ཧེ་མ་ཧཱ་བཛྲེ། བཛྲཱ་ས་ནེ། ཨ་ཛི་ཏེ། ཨ་པ་རཱ་ཛི་ཏེ། བ་ཤྱཾ་ཀ་རི་ནེ་ཏྲ་བྷྲ་མ་ཎི། ཤོ་ཥ་ཎི། རོ་ཥ་ཎི། ཀྲོ་དྷེ་ཀ་རཱ་ལི་ནི། ཏྲཱ་ས་ནི། མཱ་ར་ཎི། པྲ་བྷེ་ད་ནི། པ་རཱ་ཛ་ཡེ། བི་ཛ་ཡེ། ཛམྦྷ་ནི། སྟམྦྷ་ནི། མོ་ཧ་ནི། བཛྲ་བཱ་ར་ཧཱི་མ་ཧཱ་ཡོ་གི་ནཱི་ཀཱ་མེ་ཤྭ་རི་ཁ་གེ ཏདྱ་ཐཱ། པྲོ་ཏཾ་གེ པྲོ་ཏཾ་གེ ཧ་ན་ཧ་ན་པཱ་ཎཱཾ། ཀིཾ་ཀི་ནི། ཁིཾ་ཁི་ནི། དྷུ་ན་དྷུ་ན་བཛྲ་ཧ་སྟེ། ཤོ་ཥ་ཡ། ཤོ་ཥ་ཡ། བཛྲ་ཁ་ཊྭཱཾ་ག་ཀ་པཱ་ལ་དྷཱ་རི་ཎི། མ་ཧཱ་པི་སི་ཏ་མཱཾ་ས་ཨ་ཤ་ནི་མཱ་ནུ་ཥ། ཨནྟྲ་པྲ་བྲི་ཏི། སཱནྣི་དྷྱ་ན། ར་སི་ར་མཱ་ལཱ་གྲནྠི་ཏ་དྷཱ་རི་ཎི། སུམྦྷ་ནི་སུམྦྷེ། ཧ་ན་ཧ་ན་པྲ་ཎཱཾ། སརྦ་པ་ཤུ་བཱ་ནཱཾ། མ་ཧཱ་མཱནྶཙྪེ་ད་ནི། ཀྲོདྷ་མཱུརྟྟ། དཾཥྚྲཱ་ཀ་རཱ་ལི་ནི། མ་ཧཱ་མུ་དྲེ། ཤྲཱི་ཧེ་རུ་ཀ་དེ་བ་སྱ་ཨ་གྲ་མ་ཧི་ཥེ། ས་ཧ་སྲ་ཤི་རེ། ས་ཧ་སྲ་བཱ་ཧ་བེ། ཤ་ཏ་ས་ཧ་སྲ་ཨ་ན་ནེ། ཛྭ་ལི་ཏ་ཏེ་ཛ་སཾ། ཛྭ་ལ་མུ་ཁེ་པིངྒ་ལ་ལོ་ཙ་ནི། བཛྲ་ཤཱ་རཱི་རེ། བཛྲ་ཨཱ་ས་ནི། མི་ལི་ཏེ་མི་ལི་ཏེ། ཧེ་ཧེ་ཧཱུྃ་ཧཱུྃ། ཁ་ཁ་དྷུ་དྷུ། དྷུ་རུ་དྷུ་རུ། མུ་རུ་མུ་རུ། མུཉྩ་མུཉྩ། ཨ་དྭཻ་ཏེ་མ་ཧཱ་ཡོ་གི་ནི། པ་ཋི་ཏ་སིདྡྷེ། དྲེཾ་དྷཾ་དྲེཾ་དྷཾ། གྲཾ་གྲཾ། ཧེ་ཧེ། ཧ་ཧ། བྷཱི་མེ། ཧ་ས་ཧ་ས། བཱི་རེ། ཧཱ་ཧཱ། ཧོ་ཧོ། ཧཱུྃ་ཧཱུྃ། ཏྲཻ་ལོ་ཀྱ་བི་ནཱ་ས་ནི། ཤ་ཏ་ས་ཧ་སྲ། ཀོ་ཊི་ཏ་ཐཱ་ག་ཏ་པ་རི་ཝཱ་རེ། ཧཱུྃ་ཧཱུྃ་ཕཊ། སིཾ་ཧ་རཱུ་པེ་ཁ། ག་ཛ་རཱུ་པེ་གཿ ཏྲཻ་ལོ་ཀྱ་ཨུ་ད་རེ། ས་མུ་དྲ་མེ་ཁ་ལེ། གྲ་ས་གྲ་ས་ཧཱུྃ་ཧཱུྃ་ཕཊ། བཱི་ར་ཨ་དྭཻ་ཧེ་ཧཱུྃ་ཧཱུྃ། ཧཱཿཧཱཿམ་ཧཱ་བེ་ཤུ་མོ་ཧ་ནི། མ་ཧཱ་ཡོ་གཱི་ཤྭ་རི་ཏྭཾ། ཌཱ་ཀི་ནཱི་སརྦ་ལོ་ཀཱ་ནཱཾ། བནྡྷ་ནི་ས་དྱཿཔྲ་ཏྱ་ཡ་ཀཱ་རི་ཎི་ཧཱུྃ་ཧཱུྃ་ཕཊ། བྷཱུ་ཏ་ཏྲཱ་ས་ནི། མ་ཧཱ་བཱི་རེ། ས་ར་མ་སིདྡྷེ། ཡོ་གཱི་ཤྭ་རི་ཕཊ། ཧཱུྃ་ཧཱུྃ་ཕཊ། ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། རྡོ་རྗེ་ཕག་མོའི་རྩ་བའི་སྔགས་སོ། །ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུྃ་ཧཱུྃ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་སམྦ་ར་སྭཱ་ཧཱ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཧྲཱི་ཧ་ཧ་ཧཱུྃ་ཧཱུྃ་ཕཊ། ཨཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ། བཛྲ་ཝརྞ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཌཱ་ཀི་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་གྲིཧྣ་གྲིཧྣ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ལཱ་མཱ་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་གྲིཧྣཱ་པ་ཡ་གྲིཧྣཱ་པ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཁཎྜ་རོ་ཧེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་ཝཱཾ་བཛྲ་ཧཱུྃ་ཧཱུྃ་ཕཊ། ཨོཾ་རཱུ་པི་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཀ་ར་ཀ་ར་ཧཱུྃ་ཧཱུྃ་ཕཊ། ཨོཾ་པྲ་ཙཎྜེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཀུ་རུ་ཀུ་རུ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཙཎྜ་ཨཀྵཱི་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་བནྡྷ་བནྡྷ་ཧཱུྃ་ཧཱུྃ་ཕཊ། ཨོཾ་པྲ་བྷཱ་ཝ་ཏཱི་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཏྲཱ་ས་ཡ་ཏྲཱ་ས་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་མ་ཧཱ་ནཱ་སེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཀྵོ་བྷ་ཡ་ཀྵོ་བྷ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་བཱི་ར་མ་ཏཱི་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཧྲཽཾ་ཧྲཽཾ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཁརྤ་རཱི་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཧྲཿཧྲཿཧཱུྃ་ཧཱུྃ་ཕཊ། ཨོཾ་ལངྐེ་ཤྭ་རཱི་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཕེཾ་ཕེཾ་ཧཱུྃ་ཧཱུྃ་ཕཊ། ཨོཾ་དྲུ་མཙྪཱ་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཕཊ་ཕཊ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཨེ་རཱ་བ་ཏཱི་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ད་ཧ་ད་ཧ་ཧཱུྃ་ཧཱུྃ་ཕཊ། ཨོཾ་མ་ཧཱ་བཻ་ར་བི་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་པ་ཙ་པ་ཙ་ཧཱུྃ་ཧཱུྃ་ཕཊ། ཨོཾ་བཱ་ཡུ་བེ་གེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་བྷཀྵ་བྷཀྵ་བ་ས་རུ་དྷི་ར་ཨནྟྲ་མཱ་ལཱ་བ་ལམྦི་ནེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་སུ་རཱ་བྷཀྵཱི་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་གྲིཧྣ་གྲིཧྣ་སཔྟ་པཱ་ཏཱ་ལ་ག་ཏ་བྷུ་ཛཱཾ་ག་སརྦམྦཱ་ཏརྫ་ཡ་ཏརྫ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཤྱཱ་མ་དེ་བཱི་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཨ་ཀཌྜྷ་ཨ་ཀཌྜྷ་ཧཱུྃ་ཧཱུྃ་ཕཊ། ཨོཾ་སུ་བྷ་དྲེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཧྲིཾ་ཧྲིཾ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཧ་ཡ་ཀརྞེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཛྙཽཾ་ཛྙཽཾ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཁ་ག་ཨཱ་ན་ནེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཀྵྨ྄ཱཾ་ཀྵྨཱཾ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཙཀྲ་བེ་གེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཧཱཾ་ཧཱཾ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཁཎྜ་རོ་ཧེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཧིཾ་ཧིཾ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཤོཎྜི་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཙཀྲ་ཝརྨི་ཎཱི་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཀི་ལི་ཀི་ལི་ཧཱུྃ་ཧཱུྃ་ཕཊ། ཨོཾ་སུ་བཱི་རེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་སི་ལི་སི་ལི་ཧཱུྃ་ཧཱུྃ་ཕཊ། ཨོཾ་མ་ཧཱ་བ་ལེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཧི་ལི་ཧི་ལི་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཙཀྲ་ཝརྟི་ནཱ་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་དྷི་ལི་དྷི་ལི་ཧཱུྃ་ཧཱུྃ་ཕཊ། ཨོཾ་མ་ཧཱ་བཱིརྻེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མོ་བྷ་ག་ཝ་ཏེ་ཝཱི་རེ་ཤཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཀཱ་ཀཱ་སྱེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་མ་ཧཱ་ཀལྤཱ་ཨགྣི་སཾ་ནི་བྷཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཨུ་ལཱུ་ཀཱ་སྱེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཛ་ཊཱ་མ་ཀུ་ཊོཏྐ་ཊཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཤྭ་ནཱ་སྱེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་དཾཥྚྲཱ་ཀ་རཱ་ལོ་གྲ་བྷཱི་ཥ་ཎ་མུ་ཁཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་སཱུ་ཀ་རཱ་སྱེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ས་ཧ་སྲ་བྷུ་ཛ་བྷཱ་སུ་རཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཡ་མ་དཱ་དྷི་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་པ་ར་ཤུ་པཱ་ཤོ་དྱ་ཏ་ཤཱུ་ལ་ཁ་ཊྭཱཾ་ག་དྷཱ་རི་ཎེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཡ་མ་དྷཱུ་ཏི་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་བྱཱ་གྷྲཱ་ཛི་ནཱམྦ་རཱ་དྷ་རཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཡ་མ་དཾ་ཥྚྲཱི་ཎཱི་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་མ་ཧཱ་དྷཱུམ་བྲཱནྡྷ་ཀཱ་ར་ཝ་པུ་ཥཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཡ་མ་མ་ཐ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ། དེ་ལྟར་ཇི་ལྟར་འདོད་པ་བཟླས་པ་བྱའོ། །དེ་ནས་དཀྱིལ་འཁོར་གྱི་བདག་པོ་ལ་དངོས་གྲུབ་ཐམས་ཅད་བླང་བའི་གསོལ་བ་གདབ་པར་བྱའོ། །དེ་ཡང་བདག་ལ་དངོས་གྲུབ་ཐམས་ཅད་སྩལ་དུ་གསོལ་ཞེས་བྱ་བའི་ཚིག་མདོར་བསྡུས་པའམ། ཡང་ན་མངོན་པར་བརྗོད་པའི་རྒྱུད་བླ་མ་ལས་འབྱུང་བ་ལྟར་རྒྱས་པར་བྱ་སྟེ། དམ་ཚིག་ཅན་ཉིད་ལངས་ནས་སུ། །དེ་བཞིན་གཤེགས་པ་ཐམས་ཅད་དང༌། །དཔའ་བོ་དང་ནི་རྣལ་འབྱོར་མ། །མཁའ་འགྲོ་དང་ནི་མཁའ་འགྲོ་མ། །ཀུན་གྱིས་གསོལ་བ་འདེབས་པར་བྱེད། །ཁྲོ་བོ་བདེ་བ་དགྱེས་པ་ཡི། །བདེ་བའི་ལོངས་སྤྱོད་ལས་བྱུང་བ། །བདེ་བ་དབབ་པའི་སྦྱོར་བ་ཡིས། །རབ་ཏུ་རྨོངས་པས་སྟོན་པར་བྱེད། །བདེ་ཆེན་བདེ་བའི་གར་གྱིས་རོལ། །རྣལ་འབྱོར་མ་མཆོག་པདྨའི་བདེ། །ཨ་ལ་ལ་ཧོཿ དགྱེས་པ་རྣམས་ཀྱི་བདེ་བའི་མཆོག །རྣལ་འབྱོར་མ་མཆོག་མཆོད་པར་མཛོད། །ཨ་ཨི་ཨ་ཨཱ་རལླི་ཧོཿ རབ་དགྱེས་མགོན་པོ་དགྱེས་བཞུགས་མཛོད། །མཁའ་འགྲོ་དྲ་བའི་བདེ་བ་གསོལ། །དགྱེས་པའི་བདེ་བ་གསོལ་བར་མཛོད། །ཞི་བའི་གར་གྱིས་གར་མཛད་པ། །བདག་ལ་བདེ་ཆེན་བདེ་བ་གསོལ། །ཐར་པའི་མཚན་ཉིད་ལྡན་པ་ཁྱོད། །ཨ་ལ་ལ་ཧོཿ བདེ་བ་སྤངས་པས་གྲོལ་མི་འགྱུར། །བདེ་མེད་སྡུག་བསྔལ་གྱིས་མི་གྲོལ། །བདེ་དེ་ཆུ་སྐྱེས་དབུས་ན་གནས། །ཆགས་པའི་དངོས་པོས་ཁྱོད་མ་བསྒྱུར། །བདེ་བ་ཆེ་ཡིས་གྲོལ་བར་མཛོད། །པདྨ་རྒྱས་པའི་རོ་ཉིད་ཀྱིས། །བུང་བ་ལྟ་བུར་ཚིམ་པར་མཛོད། །འདི་ཡིས་མགོན་པོ་བསྐུལ་ནས་ནི། །དཀྱིལ་འཁོར་དུ་ནི་ངེས་པར་འགྲུབ། །སྙན་ཅིང་འཇམ་པའི་དབྱངས་ཀྱིས་ནི། །དཔྱིད་ཀྱི་རྒྱལ་མོས་གླུ་བླངས་པ། །དྲི་མེད་མཁའ་འགྲོ་དྲྭ་བ་ཡིས། །གཟིགས་ཤིང་ལས་ཀུན་མཛད་པ་ཡིན། །ཞེས་བྱ་བའི་གླུ་འདི་བླང་བར་བྱའོ། །དེ་ནས་ལྷག་ཆད་ཁ་བསྐང་བའི་ཕྱིར་ཡི་གེ་བརྒྱ་པ་བཟླས་པར་བྱ་སྟེ། ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་ས་མ་ཡ། མ་ནུ་པཱ་ལ་ཡ། ཧེ་རུ་ཀ་ཏྭོ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོ། བྷ་ག་ཝཱན་བཛྲ་ཧེ་རུ་ཀ མཱ་མེ་མུཉྩ། ཧེ་རུ་ཀོ་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨ་ཧཱུྃ་ཕཊ། ཅེས་ཅི་ནུས་སུ་བཟླས་སོ། །སླར་ཡང༌། བདག་ནི་མི་ཤེས་རྨོངས་པ་སྟེ། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་སྐྱབས་སུ་མཆི། །ཞེས་བྱ་བ་དང༌། ལྷ་མོ་ཚད་མ་དམ་ཚིག་ཚད་མ་སྟེ། །དེས་གསུང་ཚིག་ཀྱང་ཚད་མའི་མཆོག་ཡིན་ནོ། །བདེན་པ་དེ་ཡིས་ལྷ་མོ་འདི་དག་རྣམས། །བདག་ལ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །ཅེས་བརྗོད་ལ། ཨོཾ་བཛྲ་མུཿ ཞེས་བྱ་བ་དང༌། སེ་གོལ་གཏོགས་ཤིང་ཡེ་ཤེས་ཀྱི་འཁོར་ལོ་ཆོས་ཀྱི་དབྱིངས་སུ་གཤེགས་སུ་གསོལ་ལ། ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཱ་ཡོ་ག་ཤུདྡྷོ྅ཧཾ། ཞེས་བྱ་བ་དང༌། རྣམ་ལྔའི་ཕྱག་རྒྱས་བསྐོར་བ་བྱས་ལ། མཐར་འཁྱུད་པའི་སྟངས་ཀ་བྱས་ཏེ། དམ་ཚིག་གི་དཀྱིལ་འཁོར་དེ་བདག་ཉིད་ལ་གཞུག་པར་བྱའོ། །ཚོམ་བུའི་དཀྱིལ་འཁོར་དབུས་སུ་བསྡུ་བར་བྱའོ། །དེ་ནས་ཇི་ལྟར་འདོད་པའི་སྨོན་ལམ་རྒྱ་ཆེན་པོ་བཏབ་ལ། ལངས་ཏེ་རང་གི་ཀུན་ཏུ་སྤྱོད་པ་ལ་གནས་བཞིན་པས། ཆོས་འཆད་པ་དང༌། ཉན་པ་དང༌། མཆོད་རྟེན་ལ་སོགས་པའི་བྱ་བ་གང་ཡིན་པ་རྗེས་སུ་སྤྱད་པར་བྱའོ། །མཚན་ཕྱེད་ཀྱི་དུས་སུ་འདི་བྱས་ན་གཤེགས་སུ་མ་གསོལ་བའི་གོང་དུ་གཏོར་མའི་ཆོ་ག་བྱའོ། །ཚོགས་ཀྱི་མཆོད་པ་དང་འབྲེལ་ན། ལག་པའི་མཆོད་པ་འོག་ནས་འབྱུང་བ་དང་འབྲེལ་བར་ཤེས་པར་བྱའོ། །སྤྲོས་པ་ལ་དགའ་བའི་དབང་དུ་བྱས་ན་ཕྱིའི་མཆོད་པའི་ཆོ་གའོ། །རྣལ་འབྱོར་པ་འགའ་ཞིག་ཚོགས་ཀྱི་བཟའ་བ་ལ་སོགས་པའི་དུས་སུ། ལག་པ་ལ་མཆོད་པའི་ཆོ་ག་བརྗོད་པར་བྱའོ། །དང་པོ་ཁོ་ནར་ལུས་དང་ངག་དང་ཡིད་ཡོངས་སུ་དག་པ་དང་ལྡན་པས། མཆོད་པའི་ཡོ་བྱད་མེ་ཏོག་ལ་སོགས་པ་ལྔ་དང༌། གོང་བུ་དང་ཞུ་བའི་རྫས་ལ་སོགས་པ་ཅི་འབྱོར་པ་མདུན་དུ་བྱས་ལ། དེ་དག་ཆོ་ག་བཞིན་དུ་བསང་བ་དང༌། སྦྱང་བ་དང་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་བདུད་རྩི་ལྔ་དང་སྦྱར་བའི་ཆང་བྱིན་གྱིས་བརླབས་པས། ཨོཾ་ཨཱཿཧཱུྃ། ཞེས་བརྗོད་ཅིང་ལག་པ་གཡོན་པ་ལ་གཏོར་ལ། མཉེ་བར་བྱའོ། །དེ་ནས་ལག་པ་གཡོན་པའི་སོར་མོ་ལྔ་བསྡུས་པ་དང་དྲུག་ལ། མེ་ཏོག་རེ་རེ་བཞག་པས་ཟླ་བའི་དཀྱིལ་འཁོར་དྲུག་བཀོད་ལ། མཐེ་བོང་ལ་ཨོཾ་ཧ་དཀར་པོའོ། །མཛུབ་མོ་ལ་ན་མ་ཧི་སེར་པོའོ། །གུང་མོ་ལ་སྭཱ་ཧཱ་ཧུ་དམར་པོའོ། །མིང་མེད་ལ་བཽ་ཥཊ་ཧེ་ནག་པོའོ། །མཐེའུ་ཆུང་ལ་ཧཱུྃ་ཧཱུྃ་ཧོ་དམར་སེར་རོ། །བསྡུས་པའི་སེན་མོ་ལ་ཕཊ་ཧྃ་ལྗང་གུ་བསམས་ལ། དེ་དག་ཡོངས་སུ་གྱུར་པ་ལས་གོ་རིམ་ཇི་ལྟ་བར། རྡོ་རྗེ་དང༌། འཁོར་ལོ་དང༌། པདྨ་དང༌། རྡོ་རྗེ་གདེངས་པ་དང༌། རིན་པོ་ཆེ་དང༌། རལ་གྲི་རྣམས་ཇི་ལྟར་བརྗོད་པའི་ཁ་དོག་དང་ཡི་གེ་རྣམས་ཀྱིས་མཚན་པའོ། །དེ་དག་ལས་འོད་ཟེར་སྤྲོ་བ་དང་བསྡུ་བ་དང་གཅིག་ཏུ་གྱུར་པ་ལས། རྡོ་རྗེ་སེམས་དཔའ་དང༌། རྣམ་པར་སྣང་མཛད་དང༌། པདྨ་གར་དབང་དང༌། དཔལ་ཧེ་རུ་ཀ་དང༌། རྡོ་རྗེ་ཉི་མ་དང༌། རྟ་མཆོག་རྣམས་ཇི་སྐད་བཤད་པའི་སྐུ་མདོག་དང་ལྡན་པ། རྡོ་རྗེ་སེམས་དཔའ་ནི་ཞལ་གསུམ་པ། རྩ་ཞལ་དཀར་བ། གཡས་པ་སྔོ་བ། གཡོན་པ་དམར་བའོ། །ཕྱག་དྲུག་པ་སྟེ། རྡོ་རྗེ་དྲིལ་བུ་ཐོད་པ་ཁ་ཊྭཱཾ་ག ཅང་ཏེའུ་དང་མགོ་བོ་འཆང༌། རྣམ་པར་སྣང་མཛད་ལ་སོགས་པ་ནི། ཞལ་གཅིག་པ་ཕྱག་བཞི་པ། གཡས་ཀྱི་དང་པོས་འཁོར་ལོ་ལ་སོགས་པ་རང་གི་མཚན་མ་འཛིན་པ། གཡོན་དང་པོས་དེས་མཚན་པའི་དྲིལ་བུ། གཡས་ཀྱི་གཉིས་པས་ཌཱ་མ་རུ། གཡོན་གྱི་གཉིས་པ་ལ་ཐོད་པ་དང༌། གྲུ་མོར་ཁ་ཊྭ྄ཱཾ་གའོ། །ཐམས་ཅད་ཀྱང་རང་དང་མཚུངས་པའི་ཤེས་རབ་དང་གཉིས་སུ་མེད་པ། ཕྱག་རྒྱ་དྲུག་གིས་བརྒྱན་པ། གཡས་བརྐྱང་བས་བཞུགས་པར་བསམ་མོ། །ལག་པའི་མཐིལ་དུ་ཡང་གྲུབ་པའི་པདྨ་འདབ་མ་ལྔ་པ་བསམས་ཏེ། དེའི་ལྟེ་བ་ནས་བརྩམས་ཏེ་གཡོན་སྐོར་གྱིས་མེ་ཏོག་རེ་རེ་བཞག་པས། ཟླ་བའི་གདན་བསམ་པར་བྱས་ལ། ལྟེ་བར་ཨོཾ་བྃ་དམར་པོའོ། །འདབ་མ་རྣམས་ལ་ཤར་ནས་གཡོན་སྐོར་གྱི་རིམ་པས། ཧྃ་ཡོཾ་ནག་པོའོ། །ཧྲིཾ་མྃ་དཀར་པོ་དང༌། ཧྲེཾ་ཧྲིཾ་སེར་པོ་དང༌། ཧཱུྃ་ཧཱུྃ་ལྗང་གུ་དང༌། ཕཊ་ཕཊ་དུད་པའི་མདོག་ཅན་རྣམས་ཡོངས་སུ་གྱུར་པ་ལས་བྱུང་བའི་གྲི་གུག་སྟེ་རང་རང་གི་མདོག་དང་ས་བོན་གྱིས་མཚན་པའོ། །དེ་དག་ལས་སྤྲོ་བ་དང་བསྡུ་བ་དང༌། གཅིག་ཏུ་གྱུར་པ་ལས་རྡོ་རྗེ་ཕག་མོ་དང༌། གཤིན་རྗེ་མ་དང༌། རྨོངས་བྱེད་མ་དང༌། སྐྱོད་བྱེད་མ་དང༌། སྐྲག་བྱེད་མ་དང༌། གཏུམ་མོ་རྣམས་ཏེ། ཇི་སྐད་བཤད་པའི་སྐུ་མདོག་དང་ལྡན་པའོ། །རྡོ་རྗེ་ཕག་མོ་ནི་ཞལ་གསུམ་མ་ཕྱག་དྲུག་མ་སྟེ། དབུས་མ་དམར་ཞིང་གཡས་སྔོ་བ། གཡོན་པ་ལྗང་བ། ཕྱག་དྲུག་ན་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པ། །ཞགས་པ་ལྕགས་ཀྱུ་ཕྱག་ན་བསྣམས། །ཚངས་པའི་མགོ་དང་གྲི་གུག་བསྣམས། །དངོས་གྲུབ་ཐམས་ཅད་རབ་སྩོལ་བའོ། །གཞན་རྣམས་ནི་ཞལ་གཅིག་ཕྱག་བཞི་མ་སྟེ། ཐོད་པ་དང༌། ཁ་ཊྭཱཾ་ག་དང༌། དྲིལ་བུ་ནི་གཡོན་ནའོ། །གཡས་ཌཱ་མ་རུ་དང་གྲི་གུག་འཛིན་པའོ། །ཐམས་ཅད་ཀྱང་རང་དང་མཚུངས་པའི་ཐབས་དང་གཉིས་སུ་མེད་པ། རྡོ་རྗེ་ཕག་མོ་ནི་ཕྱག་རྒྱ་དྲུག་གིས་བརྒྱན་པ། གཞན་ནི་ཕྱག་རྒྱ་ལྔས་བརྒྱན་པའོ། །ཐམས་ཅད་ནི་གཡོན་བརྐྱང་བས་བཞུགས་པ། དཔའ་བོ་རྣམས་ནི་སྟག་གི་པགས་པའི་ཤམ་ཐབས་ཅན་ནོ། །རྣལ་འབྱོར་མ་ཐམས་ཅད་ཕྱོགས་ཀྱི་གོ་ཆ་ཅན་ནོ། །རྡོ་རྗེ་སེམས་དཔའ་ཕག་མོ་དང༌། །ཡ་མི་ནི་དང་རྣམ་སྣང་མཛད། །པདྨ་གར་དབང་རྨོངས་བྱེད་བཅས། །སྐྱོད་བྱེད་མ་དང་ཧེ་རུ་ཀ །རྡོ་རྗེ་ཉི་མ་སྐྲག་བྱེད་མ། །ཙཎྜི་ཀ་དང་རྟ་མཆོག་སྟེ། །གཉིས་མེད་སྦྱོར་བས་ཡང་དག་འཁྱུད། །ཡང་ན་སོ་སོར་བསྒོམ་པར་བྱ། །ཞེས་འབྱུང་ངོ༌། །དེ་ལྟར་ལྷའི་རྣམ་པ་མི་ནུས་པ་རྣམས་ཀྱིས། ཡི་གེའི་རྣམ་པ་ཉིད་ལྷའི་རྣམ་པར་མོས་པར་བྱའོ། །ལག་པའི་ས་དང༌། ཆུ་དང༌། མེ་དང༌། རླུང་དང༌། ནམ་མཁའི་ཁམས་རྣམས་ཀྱང༌། ལྟུང་བྱེད་མ་དང༌། གསོད་བྱེད་མ་དང༌། འགུགས་བྱེད་མ་དང༌། གར་གྱི་དབང་ཕྱུག་མ་དང༌། པདྨའི་དྲྭ་བ་ཅན་ཏེ། སྙིང་པོའི་རྣལ་འབྱོར་མ་ལྔར་མོས་པར་བྱའོ། །ལག་པའི་རྒྱབ་ཏུ་འཁོར་ལོ་གསུམ་པོ་གསལ་བར་བལྟའོ། །གལ་ཏེ་ཕྱིའི་མཆོད་པ་དང་འབྲེལ་པར་དེའི་རྗེས་ལ་བྱེད་ན་ཕྱིའི་དཀྱིལ་འཁོར་གྱི་གཟུགས་བརྙན་ཉིད་གསལ་བར་བལྟ་བར་བྱའོ། །དེ་ལྟར་ཐམས་ཅད་རྫོགས་པར་བྱས་ནས་ཐམས་ཅད་ཀྱང་ཕོ་ཉ་གསུམ་དབྱེར་མི་ཕྱེད་པའི་ངོ་བོར་མོས་པར་བྱའོ། །དེ་ནས་རང་རང་གི་སྔགས་ཀྱིས་མེ་ཏོག་ལ་སོགས་པས་མཆོད་པར་བྱའོ། །ཨོཾ་ཧཿ ན་མ་ཧིཿ སྭཱ་ཧཱ་ཧུ། བཽ་ཥཊ་ཧེ། ཧཱུྃ་ཧཱུྃ་ཧོ། ཕཊ་ཧྃ། ཞེས་བྱ་བས་སོར་མོ་རྣམས་ཀྱི་རྡོ་རྗེ་སེམས་དཔའ་ལ་སོགས་པ་མཆོད་པར་བྱའོ། །ཨོཾ་བཾ། ཧྃ་ཡོཾ། །ཧྲིཾ་མཾ། ཧྲེཾ་ཧྲིཾ། ཕཊ་ཕཊ། ཅེས་བྱ་བས་ནི་ལག་པའི་མཐིལ་དུ་རྡོ་རྗེ་ཕག་མོ་ལ་སོགས་པ་མཆོད་པར་བྱའོ། །ལྷག་མ་རྣམས་ལ་ནི་ཕྱིའི་མཆོད་པའི་སྐབས་སུ་བསྟན་པ་ལྟར་སྔགས་རྒྱས་པར་སོ་སོར་དབུལ་བའམ། ཡང་ན་ནི་ཐམས་ཅད་ལ་རྩ་བའི་སྔགས་དང༌། སྙིང་པོ་རྣམས་ཀྱིས་དབུལ་བར་བྱའོ། །དེ་ལ་དང་པོ་ནི་མེ་ཏོག་གིས་སོ། །དེ་ནས་བདུག་པ་ལ་སོགས་པ་བཞིས་སོ། །དེ་ནས་ཞུ་བའི་རྫས་ཀྱིས་སོ། །མཐར་གོང་བུའི་རྫས་ཀྱིས་མཆོད་ལ། གང་ཡང་རུང་བས་བསྟོད་ལ། ཆོ་ག་ལྷག་པ་དང་མ་ཚང་བ་ཁ་སྐོང་བའི་དོན་དུ་ཡི་གེ་བརྒྱ་པ་བཟླས་ཏེ། འཁོར་ལོ་བྱིན་གྱིས་བརླབ་པའི་དོན་དུ་གསོལ་བ་གདབ་པར་བྱའོ། །དེ་ནས་རྫས་དེ་དག་ཕྱེད་དུ་བྱས་ཏེ། ཕྱེད་ནི་སྣོད་དུ་བཞག ཕྱེད་ནི་ཙ་རུའི་བཟའ་བ་བྱས་ལ་བསྲེ་བར་བྱའོ། །དེ་ནས་ཡང་ལག་པའི་མཐིལ་དུ་སྦྱར་བའི་རྫས། གཡས་པའི་སྲིན་ལག་གིས་བླངས་ལ། སྙིང་ག་དང་ལྐོག་མ་དང་སྤྱི་བོ་རྣམས་སུ་ཧཱུྃ་ཨཱཿཨོཾ། ཞེས་བརྗོད་ནས་བྱུག་པར་བྱའོ། །དེ་ནས་ཡང་ལག་པ་ལ་ཨོཾ་ཨཱཿཧཱུྃ། ཞེས་བརྗོད་ཅིང་གཏོར་ལ་ཕན་ཚུན་མཉེས་ཏེ། ལུས་ཐམས་ཅད་ལ་བྱུགས་ལ། ལྷའི་འཁོར་ལོ་དེ་བདག་ཉིད་ལ་གཞུག་པར་བྱའོ། །སྔགས་ཀྱང་བརྗོད་དོ། །དེ་ནས་ཡོངས་སུ་སྦྱངས་པའི་ཁ་ཟས་རྣམས་རང་གིས་སྦྱིན་སྲེག་གི་ཚུལ་གྱིས་གཡོན་གྱི་ཀུན་ཏུ་སྤྱོད་པས་ལོངས་སྤྱད་པར་བྱའོ། །ལག་པ་ལ་མཆོད་པའི་ཆོ་ག་རྒྱས་པར་བྱ་བའོ། །རྣལ་འབྱོར་པ་འགའ་ཞིག་ཚོགས་ཀྱི་བཟའ་བ་ལ་སོགས་པའི་དུས་སམ། དེ་མ་ཡིན་ཡང་རུང་སྟེ། ཕྱིའི་མཆོད་པ་དང་ལག་པའི་མཆོད་པ་གཅིག་ཏུ་བྱེད་པར་འདོད་པ་དེའི་ཆོ་ག་བརྗོད་པར་བྱའོ། །ལུས་དང་ངག་དང་ཡིད་ཡོངས་སུ་དག་པ་དང་ལྡན་པས། ཐོག་མ་ཉིད་དུ་འཁོར་ལོས་སྒྱུར་བ་དྲུག་དང༌། རྣལ་འབྱོར་མ་དྲུག་དང༌། ལྟུང་བྱེད་མ་ལ་སོགས་ལྔས་ལག་པ་བྱིན་གྱིས་བརླབས་ལ། དེ་ནས་ཡོངས་སུ་དག་པའི་ཆར་ལག་པ་བཞག་ལ། ས་གཞི་བྱིན་གྱིས་བརླབས་པ་ནས་བརྩམས་ཏེ། ཕྱིའི་དཀྱིལ་འཁོར་ལ་མཆོད་པ་ཡོངས་སུ་རྫོགས་པར་བྱས་ཏེ། དེ་ནས་ལག་པ་ལ་བཀོད་པའི་ལྷ་རྣམས་ལ་མཆོད་པ་དེ་དག་རང་གི་ལུས་ལ་གཞུག་པའི་བར་དུ་བྱས་ལ། དེ་ནས་སྡིག་པ་བཤགས་པ་ལ་སོགས་པ་ནས་གཤེགས་སུ་གསོལ་བའི་བར་དུ་ཡོངས་སུ་རྫོགས་པར་བྱའོ། །ཡང་ན་ནི་ཐོག་མར་ལག་པའི་མཆོད་པ་ཡོངས་སུ་རྫོགས་པར་བྱས་ལ། དེ་ནས་ཕྱིའི་དཀྱིལ་འཁོར་བྱིན་གྱིས་བརླབས་པ་ནས་ཕྱིའི་དཀྱིལ་འཁོར་གཤེགས་སུ་གསོལ་བའི་བར་བྱས་ལ། དེ་ནས་ལག་པ་ཡོངས་སུ་སྦྱངས་པའི་ཆང་གིས་གཏོར་བས་མཉེས་པར་བྱས་ལ། ལག་པའི་འཁོར་ལོ་དེ་བདག་ཉིད་ལ་གཞུག་པར་བྱའོ། །ལུགས་འདི་ལ་ནི་ཕྱིའི་དཀྱིལ་འཁོར་གྲུ་གསུམ་གཉིས་བརྩེགས་པར་བཞུགས་པ་ཞེས་བྱ་བར་རཀྵི་ཏའི་ལུགས་ལྟར་ཡང་རུང་ངོ༌། །གལ་ཏེ་ཚོགས་ཀྱི་མཆོད་པ་དང་འབྲེལ་བར་བྱེད་ན། བདག་གི་རྣལ་འབྱོར་རྫོགས་པར་བྱས་ལ། དེ་བསྡུས་ནས་དང་པོ་ལག་པ་བྱིན་གྱིས་བརླབས་པའམ་མ་བརླབས་ཀྱང་རུང་སྟེ། ཕྱིའི་མཆོད་པ་སྔོན་དུ་བྱས་ལ། དེ་ནས་དུར་ཁྲོད་ཀྱི་བདག་པོ་གཏོར་མས་མཆོད་པར་བྱའོ། །དེ་ཡན་ནི་ལག་པའི་མཆོད་པའོ། །དེའི་རྗེས་ལ་དཔའ་བོ་དང་རྣལ་འབྱོར་མ་རྣམས་ལ་མཆོད་པར་བྱའོ། །དེ་ལྟར་རྣལ་འབྱོར་པ་རྣམས་ཚིམ་པར་བྱས་པའི་བར་ནི་མཆོད་པའི་ཆོ་གའོ། །དེའི་རྗེས་ལ་སྡིག་པ་བཤགས་པ་ནས་བརྩམས་ཏེ། དངོས་གྲུབ་བླང་བ་དང༌། ཡི་གེ་བརྒྱ་པའི་བར་དུ་ཡོངས་སུ་རྫོགས་པར་བྱས་ལ། བཀྲ་ཤིས་ཀྱི་ཚིགས་བཅད་ཀྱི་གླུ་བླང་ལ། ལྷག་མའི་གཏོར་མའང་བྱིན་ཏེ། དང་པོར་ཕྱི་རོལ་གྱི་དཀྱིལ་འཁོར་གཤེགས་སུ་གསོལ། དེ་ནས་ལག་པ་ལ་ཆང་གིས་གཏོར་ལ། ལག་པའི་དཀྱིལ་འཁོར་བདག་ཉིད་ཀྱི་ལུས་ལ་བཅུག་ལ། བསྲུང་བ་ཐམས་ཅད་བྱའོ། །ལག་པའི་དཀྱིལ་འཁོར་སྔར་གཤེགས་པ་ཡིན་ན། སྲུང་བའི་ཆོ་ག་གཞན་རྣམས་བྱས་པ་ཉིད་ཀྱིས་སོ། །ཆོ་ག་གཞན་དང་བསྒྲེ་བ་ཤུགས་ལས་ཤེས་པར་བྱའོ། །ཕྱོགས་གཅིག་ཏུ་བྱས་པའི་ཆོ་ག་བསྟན་པའོ། །ཕྱིའི་མཆོད་པ་དང་འབྲེལ་པའམ། བདག་ཉིད་ཀྱི་ཐུན་བསྒོམས་པའི་མཇུག་ཏུའང་རུང་སྟེ་འབྱུང་པོའི་ཚོགས་ལ་གཏོར་མས་ཚིམ་པར་བྱའོ། །དེའི་ཆོ་ག་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཏོར་མ་གཉིས་སམ། མ་འབྱོར་ན་གཅིག་ཀྱང་རུང་སྟེ། ཅི་འབྱོར་པ་མདུན་དུ་བྱས་ཏེ། ཆང་ལ་སོགས་པ་བླུགས་ཏེ། ཨོཾ་སུམྦྷ་ཞེས་བྱ་བ་ལ་སོགས་པ་བརྗོད་ཅིང་བདུད་རྩིས་གཏོར་བས་བགེགས་བསལ་བར་བྱའོ། །དེ་ནས་ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཞེས་བརྗོད་པས་སྟོང་པ་ཉིད་དུ་བསམ་པར་བྱའོ། །དེའི་ངང་ལས་ཡི་གེ་ཡྃ་ཡོངས་སུ་གྱུར་པ་ལས་རླུང་གི་དཀྱིལ་འཁོར་ཟླ་བ་ཕྱེད་པ་ལྟ་བུ་ཁ་དོག་སྔོན་པོ་ཡྃ་གིས་མཚན་པ་ལ་གཡོ་བའི་བ་དན་གྱིས་བརྒྱན་པའོ། །དེའི་སྟེང་དུ་རྃ་གྱི་ཡི་གེ་ཡོངས་སུ་གྱུར་པ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་པ་ཁ་དོག་དམར་པོ་རྃ་གྱིས་མཚན་པའོ། །དེའི་སྟེང་དུ་ཡི་གེ་ཨཱཿཡོངས་སུ་གྱུར་པ་ལས་ཐོད་པ་དཀར་པོ་ཆ་གསུམ་པ་དཔྲལ་བ་རང་ལ་བསྟན་ཅིང་ཨཱས་མཚན་པའོ། །དེའི་སྟེང་དུ། གོ ཀུ། ད། ཧ། ན། ཞེས་བྱ་བ་ལྔ་གྱུར་པ་ལས་ཤ་ལྔ་སྟེ། ན་ལས་མིའི་ཤའོ། །ཧ་ལས་གླང་པོ་ཆེའི་ཤའོ། །ད་ལས་རྟའི་ཤའོ། །ཀུ་ལས་ཁྱིའི་ཤའོ། །གོ་ལས་བ་ལང་གི་ཤའོ། །དེ་དག་གི་སྟེང་དུ། བི། མུ། ཤུ། མ། ར། ཞེས་བྱ་བའི་ཡི་གེ་ལས་བྱུང་བ། བདུད་རྩི་ལྔ་སྟེ། བི་ལས་དྲི་ཆེན་པོའོ། །མ་ལས་ཤ་ཆེན་པོའོ། །ཤུ་ལས་བྱང་ཆུབ་ཀྱི་སེམས་སོ། །ར་ལས་ཁྲག་ཆེན་པོའོ། །མུ་ལས་དྲི་ཆུའོ། །འདི་ཐམས་ཅད་ཀྱང་གཡོན་ནས་བསྐོར་བའི་རིམ་པས་བསྒོམ་པར་བྱའོ། །ཤར་ཕྱོགས་ཀྱི་ཤ་དང་བདུད་རྩིའི་སྟེང་དུ་ཡི་གེ་བྷྲཱུྃ་བསམས་ཏེ། དེ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སུ་མོས་པར་བྱའོ། །བྱང་ཕྱོགས་སུ་ཡི་གེ་ཁྃ་ནི་བྱ་བ་གྲུབ་པའི་ཡེ་ཤེས་སོ། །ནུབ་ཕྱོགས་སུ་ཡི་གེ་ཛྲཱིཾ་ནི་སོ་སོར་ཀུན་ཏུ་རྟོག་པ་ཡེ་ཤེས་སོ། །ལྷོ་ཕྱོགས་སུ་ཡི་གེ་ཨཱྃ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དབུས་སུ་ཡི་གེ་ཧཱུྃ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་མོས་པར་བྱའོ། །དེ་དག་གི་སྟེང་གི་ནམ་མཁའ་ལ་ཨོཾ་དཀར་པོ་མགོ་ཐུར་ལ་བལྟས་པའོ། །དེའི་སྟེང་དུ་ཡི་གེ་ཨ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་ཨས་བརྒྱན་པའོ། །དེའི་སྟེང་དུ་ཧཱུྃ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་ཧཱུྃ་གིས་མཚན་པའོ། །ཧཱུྃ་ལས་འོད་ཟེར་འཕྲོས་དེས་རླུང་གཡོས་པས་མེ་འབར་ཏེ། ཐོད་པ་བསྲོས་པ་ལས་ཤ་ལྔ་དང་བདུད་རྩི་ལྔ་དང༌། ཡི་གེ་ལྔ་འོད་དུ་ཞུ་སྟེ་བསྐོལ་བར་གྱུར་པར་བསམ་པར་བྱའོ། །དེའི་རླངས་ཀྱི་འོད་ཟེར་སྟེང་དུ་འཕྲོས་པས། ཨོཾ་དང་ཨཱཿདང་ཧཱུྃ་ཡང་དག་པར་བསྐུལ་ཏེ། དེ་དག་ལས་ཀྱང་བདུད་རྩིའི་རྒྱུན་བབས་པར་བསམ་པར་བྱའོ། །དེ་ནས་ཧཱུྃ་གི་འོད་ཟེར་གྱི་ཚོགས་ནམ་མཁའི་ཁམས་ཀུན་ཏུ་སྤྲོས་པས་དེ་རྣམས་ཀྱིས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས། ཡེ་ཤེས་ཀྱི་བདུད་རྩི་ཐོད་པ་བདུད་རྩིས་བཀང་བའི་རྣམ་པར་བསམས་ཏེ། སྣོད་ལ་སྣོད་དང་བདུད་རྩི་ལ་བདུད་རྩི་ཐིམ་པས། ཡེ་ཤེས་ཀྱི་བདུད་རྩི་དང་གཉིས་སུ་མེད་པར་བསམས་ལ། རྡོ་རྗེ་དང་ཟླ་བ་དང་ཨོཾ་ཡང་ལྷུང་ནས་ཞུ་ཞིང་གཉིས་སུ་མེད་པར་གྱུར་པས། ཁ་དོག་དང༌། དྲི་དང༌། རོ་དང༌། རེག་པ་དང༌། ནུས་པ་ཕུན་སུམ་ཚོགས་པར་བསྒོམ་ཞིང༌། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཞེས་ལན་གསུམ་བཟླ་བར་བྱའོ། །རྫས་སྦྱང་བའི་ཏིང་ངེ་འཛིན་ནོ། །དེ་ནས་རང་གི་སྙིང་གའི་ས་བོན་གྱི་འོད་ཀྱིས་དུར་ཁྲོད་བརྒྱད་ལ་ཕོག་ནས། དེ་རྣམས་ཀྱང་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་ཡོངས་སུ་གྱུར་པར་བསམ་པར་བྱའོ། །དེ་ནས་ལག་པས་མཁའ་འགྲོ་མ་ཐམས་ཅད་འགུགས་པའི་དམ་ཚིག་གི་ཕྱག་རྒྱ་དཔྲལ་བའི་དབྱིངས་སུ་བསྐོར་ཞིང༌། རྐང་པ་གཡོན་པས་གཡས་པ་མནན་ལ། མིག་གྱེན་དུ་ལྟ་བས་ངག་ཏུ་ཕཻཾ་ཞེས་བརྗོད་ཅིང༌། སྙིང་གའི་ས་བོན་གྱི་འོད་ཀྱིས། ཡེ་ཤེས་ཀྱི་དཀྱིལ་འཁོར་དག་སྤྱན་དྲངས་ཏེ། ཛཿཧཱུྃ་བྃ་ཧོཿ ཞེས་བརྗོད་པས་དམ་ཚིག་གི་དཀྱིལ་འཁོར་ལ་གཞུག་པ་དང༌། བཅིང་བ་དང་དབང་དུ་བྱས་ལ། འདོད་པའི་བསྐོར་བ་བྱ་ཞིང༌། ཨོཾ་བཛྲ་ཡོ་ག་ཤུདྡྷཿསརྦ་དྷརྨཱ་ཡོ་ག་ཤུདྡྷོ྅་ཧཾ། ཞེས་བཟླ་བར་བྱའོ། །དེ་ནས་ཐམས་ཅད་ཀྱང་ཧཱུྃ་ལས་བྱུང་བའི་རྡོ་རྗེ་དཀར་པོ་ཧཱུྃ་གིས་མཚན་པའི་ལྕེ་ཅན་རྣམས་ལ། བྱིན་གྱིས་བརླབས་པའི་གཏོར་མ་ལས་ཐོད་པ་བདུད་རྩིས་གང་བ་དཔག་ཏུ་མེད་པ་ཆད་ཅིང༌། ཕྱོགས་གཡོན་སྐོར་དང་མཚམས་གཡས་སྐོར་གྱིས་སོ་སོར་ཕྱག་ཏུ་ཕུལ་བས་མཉེས་པར་གསོལ་བར་བསམ་ཞིང༌། རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་ལ། ཨོཾ་བཛྲ་ཨཱ་རལླི་ཧོ་ཛཿཧཱུྃ་བྃ་ཧོཿབཛྲ་ཌཱ་ཀི་ནྱཿས་མ་ཡ་སྟྭཾ་དྲྀ་ཤྱ་ཧོཿ ཨོཾ་ཨཱཿཧཱུྃ། ཞེས་ལན་ལྔ་བཟླས་པས་དབུལ་བར་བྱའོ། །དེ་ནས་ཨོཾ་ན་མོ་བྷ་ག་ཝ་ཏི་ཝཱི་རེ་ཤཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཅེས་བྱ་བ་ལ་སོགས་པས་ཅི་ནུས་སུ་བསྟོད་ལ། མངོན་པར་འདོད་པའི་དངོས་གྲུབ་བླང་བར་བྱའོ། །དེ་ནས་ལུས་ཀྱི་ཕྱག་རྒྱ་སྔ་མ་ལྟ་བུ་དང་ལྡན་པས། ཨོཾ་བཛྲ་ཨཱ་ར་ལླི་ཧོ་ཛཿཧཱུྃ་བྃ་ཧོཿ བཛྲ་ཌཱ་ཀི་ནྱཿས་མ་ཡ་སྟྭཾ་དྲྀ་ཤྱ་ཧོཿ ཞེས་བརྗོད་ཅིང༌། སྙིང་གའི་ས་བོན་གྱི་འོད་ཀྱིས་འཛམ་བུའི་གླིང་ན་གདོད་ནས་གྲུབ་པའི་དུར་ཁྲོད་བརྒྱད་གནས་པ་སྤྱན་དྲངས་ལ། བདག་གིས་བསྐྱེད་པའི་དུར་ཁྲོད་བརྒྱད་ལ་གཉིས་སུ་མེད་པར་བསྟིམ་པར་བྱའོ། །དེ་ནས་སྔ་མའི་ཏིང་ངེ་འཛིན་ལྟ་བུ་དང་ལྡན་པས་དབུལ་བར་བྱ་ཞིང༌། རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་ལ། ཨོཾ་ཁ་ཁ། ཁཱ་ཧི་ཁཱ་ཧི། སརྦ་ཡཀྵཱ། རཱཀྵ་ས་བྷཱུ་ཏ་པྲེ་ཏ། པི་ཤཱ་ཙ། ཨུནྨཱ་ད། ཨ་པ་སྨཱ་ར། ཌཱ་ཀི་ནྱཱ་ད་ཡཿཨི་མཾ། བ་ལིཾ་གྲིཧྣནྟུ། ས་མ་ཡ་རཀྵནྟུ། མ་མ་སརྦ་སིདྡྷིམྤྲ་ཡཙྪནྟུ་ཡ་ཐཻ་བཾ། ཡ་ཐེཥྚཾ། བྷུཉྫ་ཐ། པི་ཝ་ཐ། ཛི་གྷ་ཐ། མཱ་ཏི་ཀྲ་མ་ཐ། མ་མ་སརྦ་ཀཱརྟྟ་ཡ། སཏྶུ་ཁཾ་བི་ཤུདྡྷ་ས་ཧཱ་ཡི་ཀ་བྷ་ཝནྟུ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད་པས་དུར་ཁྲོད་ཀྱི་བདག་པོ་རྣམས་མཉེས་པར་བསམ་པར་བྱའོ། །དེ་ནས་དྲིལ་བུ་དཀྲོལ་ཞིང་རྡོ་རྗེ་གསོར་བས་དུར་ཁྲོད་ཀྱི་བདག་པོ་རྣམས་ལ་ཕྲིན་ལས་བཅོལ་བར་བྱ་སྟེ། ལྷ་ཡི་ཚོགས་རྣམས་མ་ལུས་དང༌། །ཀླུ་ཡི་ཚོགས་རྣམས་མ་ལུས་དང༌། །གནོད་སྦྱིན་ཚོགས་རྣམས་མ་ལུས་དང༌། །སྲིན་པོའི་ཚོགས་རྣམས་མ་ལུས་དང༌། །འབྱུང་པོའི་ཚོགས་རྣམས་མ་ལུས་དང༌། །ཡི་དྭགས་ཚོགས་རྣམས་མ་ལུས་དང༌། །ཤ་ཟའི་ཚོགས་རྣམས་མ་ལུས་དང༌། །སྨྱོ་བྱེད་ཚོགས་རྣམས་མ་ལུས་དང༌། །བརྗོད་བྱེད་ཚོགས་རྣམས་མ་ལུས་དང༌། །མཁའ་འགྲོའི་ཚོགས་རྣམས་མ་ལུས་དང༌། །མ་མོའི་ཚོགས་རྣམས་མ་ལུས་དང༌། །དེ་ལ་སོགས་ཏེ་འབྱུང་པོའི་ཚོགས། །མ་ལུས་པ་ནི་ཐམས་ཅད་དག །འདིར་གཤེགས་བདག་ལ་དགོངས་སུ་གསོལ། །བསྟན་པ་སྲུང་དང་འགྲོ་བའི་དོན་མཛད་ཕྱིར། །ཐུགས་དམ་བཅས་ཤིང་ཞལ་གྱིས་འཆེས་པ་རྣམས། །དཔལ་ཆེན་བཀའ་སྡོད་ཡིད་ལྟར་མགྱོགས་པ་ཡི། །འཇིགས་པའི་གཟུགས་ཅན་དྲག་གཏུམ་མི་བཟད་པ། །གདུག་པ་འདུལ་མཛད་ནག་པོའི་ཕྱོགས་རྣམས་འཇོམས། །རྣལ་འབྱོར་ལས་ལ་འབྲས་བུ་སྟེར་མཛད་ཅིང༌། །མཐུ་སྟོབས་བྱིན་རླབས་བསམ་གྱིས་མི་ཁྱབ་པའི། །གནོད་སྦྱིན་ཚོགས་སོགས་བརྒྱད་ལ་ཕྱག་འཚལ་ལོ། །སྡེ་བརྒྱད་བཙུན་མོ་སྲས་དང་གཡོགས་བཅས་པས། །དངོས་གྲུབ་ཀུན་གྱི་བཀའ་དྲིན་བདག་ལ་སྩོལ། །རྣལ་འབྱོར་འདི་ཞེས་བྱ་བ་འཁོར་དང་བཅས་པ་ལ། །ནད་མེད་ཚེ་དང་དབང་ཕྱུག་དང༌། །དཔལ་དང་གྲགས་དང་སྐལ་བ་བཟང༌། །ལོངས་སྤྱོད་རྒྱ་ཆེན་ཀུན་འཐོབ་ཅིང༌། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །སྲུང་མས་རྟག་ཏུ་གྲོགས་མཛོད་ཅིག །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དུས་མིན་འཆི་དང་ནད་རྣམས་དང༌། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང༌། །འབྲུ་རྣམས་རྒྱས་ཤིང་ཆོས་འཕེལ་དང༌། །བདེ་ལེགས་ཐམས་ཅད་འགྲུབ་པ་དང༌། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་བརྗོད་པར་བྱའོ། །དེ་ལྟར་གཏོར་མའི་བྱ་བ་འདི་ནི་མཚན་ཕྱེད་ཀྱི་དུས་ཁོ་ན་མཆོག་ཏུ་གྱུར་པ་ཡིན་ཏེ། མ་མོ་མཁའ་འགྲོའི་ཚོགས་རྣམས་ལྷག་པར་འདུ་བའི་ཕྱིར་རོ། །ཇི་སྐད་དུ་མངོན་པར་བརྗོད་པ་བླ་མ་ལས་ཀྱང༌། ཇི་ལྟར་བདེ་བས་དཀྱིལ་འཁོར་དུ། །ཆོ་ག་བཞིན་དུ་གཏོར་མ་སྦྱིན། །ལྷོ་ཕྱོགས་ཁ་བལྟས་འདུག་པ་ཡིས། །མཚན་ཕྱེད་དུས་སུ་སྦྱིན་པར་བྱ། །ཞེས་སོ། །ཤིན་ཏུ་སྤྲོ་བ་དང་ལྡན་ན་ཐུན་བཞིར་སྦྱིན་པའང་མི་འགལ་ཏེ། ལེའུ་དགུ་པ་ལས། ཆོ་ག་འདི་ཡི་རིམ་པ་ཡིས། །ཐུན་མཚམས་བཞི་རུ་སྦྱིན་པར་བྱ། །ཞེས་འབྱུང་བས་སོ། །དེ་བས་ན་གཅིག་ལས་མི་འབྱོར་པས་མཚན་ཕྱེད་ཀྱི་དུས་ཁོ་ནའོ། །མངོན་བརྗོད་བླ་མ་ལས། མཾ་ས་བཟའ་བའི་དོན་གྱི་ཕྱིར། །དབེན་པར་བདེ་བར་གནས་པ་ནི། །མཉམ་པར་མ་བཞག་སྦྱོར་བ་ཡིས། །འདི་ལ་ཐམས་ཅད་བཟའ་བར་བྱ། །ཞེས་འབྱུང་བས་ཁ་ཟས་ལ་ལོངས་སྤྱོད་པའི་རྣལ་འབྱོར་བྱའོ། །ཐོག་མར་བདག་ཉིད་ལུས་དང༌། ངག་དང༌། ཡིད་ཡོངས་སུ་དག་པ་དང་ལྡན་པས། བདུད་རྩི་སྦྱར་བའམ་མ་སྦྱར་ཀྱང་རུང་སྟེ། བཟའ་བ་དང་བཏུང་བ་གང་ཡིན་པ་བསང་བ་དང་སྦྱང་བ་དང༌། བྱིན་གྱིས་བརླབ་པ་ཇི་ལྟ་བ་བཞིན་དུ་བྱའོ། །དེ་ནས་ལག་པའི་ཆོ་ག་བྱེད་པར་འདོད་པས། ལག་པ་མཆོད་པར་བྱས་ལ། དེའི་རྗེས་ལ་རླུང་མ་རྩེ་སྤྲད་པ་ལས། ལྟེ་བའི་དཀྱིལ་འཁོར་ནས་མེ་སྦར་ཏེ། ལུས་ཀྱི་ནང་ཐམས་ཅད་གང་བར་བསམ་པར་བྱས་ལ། དེའི་དབུས་སུ་ཡི་གེ་ཧཱུྃ་ཡོངས་སུ་གྱུར་པ་ལས། དཀྱིལ་འཁོར་གྱི་འཁོར་ལོ་ཡོངས་སུ་རྫོགས་པར་བལྟའོ། །དེ་ལ་སྤྲོས་པའི་བྱེ་བྲག་གིས་ཡེ་ཤེས་པ་གཞུག་པ་ལ་སོགས་པ་ཇི་ལྟར་རིགས་པར་བྱའོ། །དེ་ནས་ལག་པ་གཉིས་གཟར་བུར་བསམས་ཏེ། གཡོན་གྱི་ཀུན་ཏུ་སྤྱོད་པས་སྤྱད་ཅིང༌། ཨོཾ་བཛྲ་ཨ་མྲྀ་ཏ་ཨུ་ད་ཀ་ཧཱུྃ་ཐ་ཧྲིཾ་ཨཿཁཾ་ཧཱུྃ། ཞེས་བྱ་བའམ། ཨོཾ་ཨཱཿཧཱུྃ། ཞེས་བྱ་བ་བརྗོད་དེ་བདག་གི་དཀྱིལ་འཁོར་གྱི་འཁོར་ལོ་མཆོད་པའི་བསམ་པ་དང་ལྡན་པས་བཟའ་བ་དང༌། བཏུང་བ་ལ་སོགས་པ་ལོངས་སྤྱད་པར་བྱའོ། །དེ་ནས་ཚིམ་པར་གྱུར་པ་དང༌། ལྷག་མ་ལ་ཨོཾ་ཨུ་ཙིཥྚ་བ་ལིཾ་ཏ་བྷཀྵ་སཱི་སྭཱ་ཧཱ། ཞེས་བྱ་བ་འདིས་བསྔགས་ཏེ། ལྷག་མ་ལ་དགའ་བའི་འབྱུང་པོ་རྣམས་ལ་སྦྱིན་ནོ། །དེ་ནས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དུ་འཛིན་པའི་མཚན་མ་དང་རྣམ་པར་རྟོག་པ་མཐའ་དག་གཞིག་པའི་ཕྱིར། བདག་དང་མཆོད་རྫས་དང་ཡུལ་ཐམས་ཅད་མི་དམིགས་པ་ལ་བློ་གཞག་པར་བྱའོ། །ཆོ་ག་འདི་མངོན་བརྗོད་བླ་མ་ལས་གསུངས་པ། ཞལ་བཞིས་བྱིན་གྱིས་བརླབས་ནས་སུ། །སུམྦྷའི་སྔགས་ཀྱིས་མཆོད་པར་བྱ། །ཡང་ན་ཞལ་བཞི་ཀུན་རྡོ་རྗེ། །དེ་ཡི་ལྟེ་བར་ཧེ་རུ་ཀ །བདག་ཉིད་བསྒོམ་པ་བྱས་ནས་སུ། །འཁོར་དང་བཅས་པ་དེ་བཞིན་བསྒོམ། །ཇི་ལྟའི་རིམ་གྱིས་དུད་འགྲོ་སོགས། །བཟའ་བ་ཡིས་ནི་བསྒྲུབ་པར་བྱ། །ཞེས་གསུངས་སོ། །འདིའི་ཕན་ཡོན་ནི། རྒྱུད་རྣམས་ནས་དཔག་ཏུ་མེད་པ་གསུང་མོད་ཀྱི། ཡི་གེ་མངས་པས་མ་སྤྲོས་སོ། །ཁ་ཟས་ཀྱི་རྣལ་འབྱོར་བསྟན་པའོ། །རྡོ་རྗེ་ཆུ་ནི་སྦྱིན་པ་དང༌། མཆོད་རྟེན་གྱི་བྱ་བ་ལ་སོགས་པ་ཐུན་མཚམས་ཀྱི་བྱ་བ་གཞན་དུ་གོ་བར་བྱའོ། །དེ་ལྟར་ལས་དང་པོ་པའི་རྣལ་འབྱོར་པས་སྤང་བར་བྱ་བའི་དམ་ཚིག་རྣམས་སྤངས་ཏེ། མཉམ་པར་གཞག་པའི་རྣལ་འབྱོར་དང༌། མཉམ་པ་ལས་ལངས་པའི་རྣལ་འབྱོར་གྱིས་ཉིན་མཚན་ལ་བར་མེད་པར་རྣལ་འབྱོར་དུ་བྱའོ། །དུས་རྒྱུན་དུའམ་ཁྱད་པར་ཅན་ལ་ཚོགས་ཀྱི་མཆོད་པ་དང༌། སྦྱིན་སྲེག་དང༌། སློབ་མ་སྡུད་པ་ལ་སོགས་པའི་སྤྱོད་པ་དང༌། བསྐྱེད་པའི་རིམ་པ་གཙོར་གྱུར་པས་ནི་སྤྲོས་བཅས་ཀྱི་སྤྱོད་པ་ཇི་ལྟར་ནུས་པས་སྤྱད་པར་བྱའོ། །དེ་ནས་རྫོགས་པའི་རིམ་པ་ལ་གཙོ་བོར་གྱུར་ནས། སྤྲོ་མེད་དང་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་བྱའོ། །དེའི་རྗེས་ལ་རྣལ་འབྱོར་པ་མཐུ་དང་ལྡན་པ་དེས་ནི། གཞན་དོན་ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པ་ལ་སྤྱད་པར་བྱའོ། །དེ་ལྟར་རིམ་གྱིས་ས་བཅུ་ཡོངས་སུ་རྫོགས་ཏེ། རང་དང་གཞན་གྱི་དོན་མཐའ་དག་ཡོངས་སུ་རྫོགས་པ་སྐུ་གསུམ་ལྷུན་གྱིས་གྲུབ་པའི་གོ་འཕང་མྱུར་དུ་ཐོབ་པར་འགྱུར་རོ། །སྟོང་ཉིད་སྙིང་རྗེ་མི་ཕྱེད་པ། །བྱང་ཆུབ་སེམས་ལྡན་རྣལ་འབྱོར་ལ། །དོན་དུ་མི་འགྱུར་ཅུང་ཟད་མེད། །དེ་བས་འདི་ཉིད་རྟག་བསྟེན་རིགས། །རྡོ་རྗེ་འཆང་ཆེན་བདེ་མཆོག་སྒྱུ་མའི་སྐུ། །མཉེས་བྱའི་རིམ་པ་རྒྱུད་རྒྱལ་དུ་མ་ལས། །སྣ་ཚོགས་གསུངས་པ་གྲུབ་པའི་བླ་མ་རྣམས། །བརྒྱུད་རིམ་ལས་འོངས་དེ་འདིར་ཕྱོགས་གཅིག་བྲིས། །བདག་ལྟ་ལེ་ལོའི་དབང་གྱུར་ཀྱང༌། །བླ་མའི་མན་ངག་བདུད་རྩིའི་བཅུད། །ལུང་གིས་རབ་ཏུ་སྨིན་བྱས་པ། །འདི་ལ་བསམ་ལྡན་དཔྱད་པའི་རིགས། །བདེ་མཆོག་མཆོད་ཕྲེང་དྲི་མ་མེད། །མཛེས་ཤིང་རབ་རྒྱས་སྒེག་པའི་རྒྱན། །བསྡེབས་ལས་བསོད་ནམས་གང་བསགས་པ། །འགྲོ་ཀུན་རྡོ་རྗེ་འཆང་ཐོབ་ཤོག །དཔལ་འཁོར་ལོ་བདེ་མཆོག་ལ་མཆོད་པའི་ཆོ་ག དཔལ་ནཱ་རོ་པའི་མན་ངག དཔལ་ཕམ་ཐིང་པ་ལས་བྱུང་བ་བླ་མའི་གསུང་བཞིན་དུ་རྣལ་འབྱོར་པ་བསོད་ནམས་རྩེ་མོས་བྲིས་པ་འདི་ཡོངས་སུ་རྫོགས་སོ། །བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་པར་གྱུར་ཅིག།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*