༼ཅ༽
༄༅། །འཕགས་པ་དོན་ཡོད་ཞགས་པའི་ལོ་རྒྱུས་བཞུགས།།
༄༅། །འཕགས་པ་དོན་ཡོད་ཞགས་པ་ལ་ཕྱག་འཚལ་ལོ། །འདིའི་ལོ་རྒྱུས་ནི། སངས་རྒྱས་མྱ་ངན་ལས་འདས་ནས་རིང་པོ་མ་ལོན་པ་ན། ནུབ་ཕྱོགས་བཱ་རཱ་ཎ་སཱི་ན། དགེ་བསྙེན་ཞི་བའི་གོ་ཆ་ཞེས་ཀྱང་བྱ་བ། ཕྱིས་པོ་ཏ་ལར་ལན་གསུམ་བྱོན་པས་ལྕགས་ཀྱི་བྱིན་པ་ཅན་དུ་ཡང་གྲགས་པ། ཡོན་ཏན་གྱི་ཆོས་མང་པོ་མངའ་བ་ཞིག་ཡོད་པས། དེས་བླ་མ་ཐམས་ཅད་ལ་ཆོས་མཉན་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གཞན་བས་ཐུགས་རྗེ་ཆེན་པོ་འདིས་སེམས་ཅན་ལ་ཐུགས་བརྩེ་བར་ཐོས་ཏེ། དེ་ཡང་ལྷོ་ཕྱོགས་རྒྱ་མཚོའི་ངོགས་ལ་རི་བོ་པོ་ཏ་ལ་ཞེས་བྱ་བ་ལ་བཞུགས་སོ་ཞེས་ཐོས་ནས། པོ་ཏ་ལ་བལྟར་འགྲོ་སྙམ་པ་བྱུང་སྟེ། དེ་ནས་རྡོ་རྗེ་གདན་དུ་བྱོན། དེའི་སྔ་གདོང་ལ། ཨཽ་ཌྱན་དུ་འགྲོ་བའི་ལམ་ཡིག་དང༌། དཔལ་གྱི་རི་ལ་འགྲོ་བའི་ལམ་ཡིག་དང༌། རྒྱ་ནག་རི་བོ་རྩེ་ལྔ་ལ་འགྲོ་བའི་ལམ་ཡིག་དང༌། པོ་ཏ་ལར་འགྲོ་བའི་ལམ་ཡིག་བྲིས་ནས་ཡོད་པ་ལ་བལྟས་ཏེ། པོ་ཏ་ལའི་ལམ་ཡིག་བྲིས་ནས་ཁྱེར་ཕྱིན་ནས། ལྷོ་ཕྱོགས་ན་ཕར་གྲོང་དང་མ་བྲལ་བར་ཟླ་བ་དྲུག་ཕྱིན། གྲོང་མེད་པའི་ཐང་སྟོང་ལ་ཞག་ཉི་ཤུ་ཕྱིན། དེ་ནས་རྒྱ་མཚོ་ཆེན་པོའི་མཐའ་མ་ན་མར་ཆུ་པུས་ནུབ་ཙམ་ལ་ཉི་མ་བདུན་ཕྱིན། ཆུ་བ་ཚ་ཅན་བཏུང་དུ་མི་བཏུབ་པས་ཆུ་གསེབ་ནས་ཤིང་སྐྱེས་པའི་ཤིང་ཏོག་ཆུ་གསེབ་ཏུ་ལྷུང་བ་སྐྱུར་མོར་སོང་བ་མང་པོ་ཁུར་ནས་སྐོམ་ཙ་ན་དེ་དག་གི་ཁུ་བ་འཇིབ་ཅིང་ཕྱིན། དེ་ནས་ཆུ་ལས་མ་ཐར་པ་ལ་ལམ་ཡིག་བལྟས་པས་སྒྲོལ་མ་ལ་གསོལ་བ་ཐོབ་ཅིག་བྱ་བ་འདུག་སྟེ། གསོལ་བ་བཏབ་པས་སྒྲོལ་མས་གྲུ་བྱིན་སྟེ་ཕྱིན། སྒྲོལ་མ་གྲུ་འཛུགས་ཀྱི་གླིང་བྱ་བ་ཡིན། ཡང་གྲུ་གཡབ་པ་མ་བྱུང་སྟེ། ལམ་ཡིག་བལྟས་པས་ཁྲོ་གཉེར་ཅན་ལ་གསོལ་བ་ཐོབ་བྱ་བ་འདུག་སྟེ། གསོལ་བ་བཏབ་པས། གཟེངས་བྱུང་དེ་ལ་ཕྱིན། ཁྲོ་གཉེར་ཅན་གཟེངས་འཛུགས་ཀྱི་གླིང་བྱ་བ་ཡིན། དེ་ནས་ཆུ་བོ་ཆེན་པོ་བྷ་ག་ན་ཏི་བྱ་བ་ལྷོ་ནུབ་ནས་བྱང་ཤར་དུ་རྒྱ་མཚོའི་དཀྱིལ་ན་ཕར་མ་འདྲེས་པར། གཞུང་བྲེང་ངེ་འགྲོ་བ་ཅིག་འདུག དེ་ལས་མ་ཐར་ཏེ། ལམ་ཡིག་ལ་བལྟས་པས་རྟ་མགྲིན་ལ་གསོལ་བ་ཐོབ་བྱ་བ་འདུག་སྟེ། གསོལ་བ་བཏབ་པས། སྦྲུལ་ཆེན་པོ་ཤིང་རྟའི་འཕང་ལོ་ཙམ་གྱི་སྦོམ་པ་མགོ་ལ་རྟ་མགོ་ཅན་ཞིག་གི་ཟམ་པ་བྱུང༌། དེའི་ཁ་ནས་ཕར་ཕྱིན་པས་པོ་ཏ་ལའི་འདབ་ཏུ་ཕྱིན་ཏོ། །དེ་ལ་རྟ་མགྲིན་ཟམ་འཛུགས་ཀྱི་གླིང་བྱ་བ་ཡིན། དེ་ནས་ཡར་ཕྱིན་པ་ན་ཇོ་མོ་སྒྲོལ་མ་ལྷ་ཕལ་ཆེ་བའི་བྱང་ཆུབ་སེམས་དཔའ་ལ་ཆོས་འཆད་ཅིང་འདུག དེ་ལ་མེ་ཏོག་ཕུལ། ཕྱག་དང་མཆོད་པ་བྱས། ཁྱོད་གང་ནས་འོངས་གང་དུ་འགྲོ་གསུངས་པས། བདག་བཱ་རཱ་ཎ་སཱི་ནས་འོང༌། འཕགས་པའི་ཞལ་བལྟར་འགྲོ་བྱས་པས། མཇལ་ནས་འོང་གི་སོང་ཞིག་གསུངས། དེ་ནས་ཡང་ཕྱིན་པས། རིའི་རྐེད་པ་ན་ཀུན་ཏུ་བཟང་པོས་འཁོར་ལྷ་མ་ཡིན་གཙོ་ཆེ་བ་ལ་ཆོས་འཆད་ཅིང་འདུག་པ་ལ་སོགས་པ་སྔར་དང་འདྲ། དེ་ནས་ཡང་ཕྱིན་པས་ཁྲོ་གཉེར་ཅན་བྱང་ཆུབ་སེམས་དཔའི་འཁོར་མང་པོ་ལ་ཆོས་འཆད་ཅིང་འདུག་པ་ལ་སོགས་པ་སྔར་དང་འདྲའོ། །དེ་ནས་རྩེ་མོར་ཕྱིན་པ་ན། ས་གཞི་ཐམས་ཅད་ནི་རིན་པོ་ཆེ་གསེར་ལས་གྲུབ་པ། རིན་པོ་ཆེའི་མིག་མངས་རིས་སུ་བྲིས་པ་ལ། རིན་པོ་ཆེ་བཻ་ཌཱུརྻའི་ཕྲ་ཡོད་པ། རིན་པོ་ཆེའི་ཤིང་བཀོད་པ་ལ། རི་དྭགས་རྣམ་པ་སྣ་ཚོགས་ཡོད་པ། དེ་དག་ཐམས་ཅད་ཐེག་པ་ཆེན་པོའི་ཆོས་ཀྱི་སྒྲ་འབྱིན་པས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་གྲོལ་བར་བྱེད་པ། བྱ་རྣམ་པ་སྣ་ཚོགས་ཀྱང་དེ་དང་འདྲའོ། །བྱང་ཆུབ་སེམས་དཔའི་དགེ་འདུན་ཐམས་ཅད་ཀྱང་ཁྱེའུ་དང་བུ་མོའི་ཆ་བྱད་དུ་ཡོད་པ། ཉན་ཐོས་ཀྱི་དགེ་འདུན་མང་པོ་ཡང་འདུག་གོ །དེའི་དབུས་ན་གཞལ་ཡས་ཁང་གཅིག་འདུག་སྟེ། དེའི་ཤར་གྱི་སྒོ་ལ་རེག་བྱས་པས་ཕྱེད་དོ། །ནང་དུ་ཕྱིན་པས་འཕགས་པ་དོན་ཡོད་ཞགས་པ་འོད་དུ་ལྷ་ལྔ་ལམ་མེ་བཞུགས་པ་མཐོང་སྟེ་ཕྱག་བྱས། མཆོད་པ་ཕུལ་པས། འཕགས་པའི་ཞལ་ནས་ཁྱོད་གང་ནས་འོངས། ཅི་ལ་འོངས། འོ་བརྒྱལ་ལོ་གསུངས། བཱ་རཱ་ཎ་སཱི་ནས་འཕགས་པའི་ཞལ་བལྟ་རུ་འོངས་པ་ལགས། ཆོས་ཀྱང་ཞུ་བྱས་པས། ཆོས་ཀྱང་གསུངས། ད་ཁྱོད་འདི་རུ་སྡོད་དམ། ཡུལ་དུ་འགྲོ་གསུངས། དགེ་བསྙེན་གྱི་བསམ་པ་ལ་ངས་སངས་རྒྱས་མང་པོའི་ཞལ་མཐོང་བསྙེན་བཀུར་བྱས། འདི་བར་ཕྱིན་པ་ཕར་ཕྱིན་ལ། མི་རྣམས་ལ་བསྒྲག་སྙམ་སྟེ། བདག་ཡུལ་དུ་འགྲོ་བར་ཞུ་བྱས་པས། འགྲོན་བུ་ལྔ་བརྒྱ་ཙམ་བརྒྱགས་སུ་བསྐུར་ནས་འོ་ན་ཁྱོད་སོང་ཤིག་གསུངས། དེ་ནས་འཕགས་པ་ལ་ཕྱག་དང་མཆོད་པ་བྱས་ཏེ། མར་བབ་ནས་འོང་བས། ཁྲོ་གཉེར་ཅན་དང་མཇལ། འཕགས་པ་དང་མཇལ་ལམ་ད་ཁྱོད་གང་དུ་འགྲོ་གསུངས། འཕགས་པ་དང་མཇལ། ད་ཡུལ་དུ་འགྲོ་བྱས། ཕྱག་དང་མཆོད་པ་བྱས་ཏེ་ཕྱིན། རི་རྐེད་ཀྱི་ཀུན་ཏུ་བཟང་པོ་དང༌། ནགས་འདབ་ཀྱི་སྒྲོལ་མ་ལ་ཡང་དེ་བཞིན་ནོ། །དེ་ནས་རྟ་མགྲིན་ལ་གསོལ་བ་བཏབ་པས་ཟམ་པ་བཙུགས་པ་ལ་སོགས་པ་ནས་རིམ་གྱིས་བཱ་རཱ་ཎ་སཱིར་ཕྱིན་ནོ། །དེར་བཱ་རཱ་ཎ་སཱིའི་རྒྱལ་པོ་དང་པཎྜི་ཏ་ལ་སོགས་པའི་མི་རྣམས་ན་རེ། དགེ་བསྙེན་ཁྱོད་གང་དུ་ཕྱིན་ཟེར། ང་པོ་ཏ་ལར་ཕྱིན་ཏེ་སྒྲོལ་མ་དང་མཇལ་བ་ལ་སོགས་པ་ནས་རིམ་གྱིས་རྒྱས་པར་བརྗོད་པས། འོ་ན་ཁྱོད་ལ་འཕགས་པས་དངོས་གྲུབ་ཅི་བྱིན་ཟེར། ཅི་ཡང་མ་བྱིན་བྱས་པས། ཐམས་ཅད་ན་རེ། འཕགས་པ་དང་མཇལ་ན་དངོས་གྲུབ་འོང་བར་རིགས་པ་ལ། མི་འདུག་པས་འདི་བརྫུན་ཟེར་བ་ཡིན་ཟེར་ནས། ནགས་གསེབ་ན་གྲུབ་པ་ཐོབ་པའི་རྣལ་འབྱོར་བ་མང་པོ་བཞུགས་པ་རྣམས་ལ། ཕྱག་དང་མཆོད་པ་ལ་སོགས་པའི་བསྙེན་བཀུར་མང་པོ་བྱས་ཏེ། དགེ་བསྙེན་འདི་པོ་ཏ་ལར་ཕྱིན་ནས་འཕགས་པ་དང་མཇལ་ཟེར་ན། འདི་བདེན་ལགས་སམ་ཞུས་པས་གྲུབ་ཐོབ་རྣམས་ན་རེ། དེ་ལྟར་ཡིན་གསུངས། དེ་ནས་རྒྱལ་པོ་དང་པཎྜི་ཏ་རྣམས་ཀྱིས་དགེ་བསྙེན་ལ། འོ་ན་ད་ལྟར་ཉི་ཁྲི་ལེའུ་མངས་དང༌། བྱམས་པས་མཛད་པའི་མངོན་རྟོགས་རྒྱན་གཉིས་མི་མཐུན་པར་འདུག་ན། ཅི་ལྟར་ཡིན་དྲིས་སམ་བྱས་པས། ངས་མ་དྲིས་ཟེར། དྲི་བར་རིགས་བྱས་པས། དགེ་བསྙེན་གྱིས་ཡང་ལོག་སྟེ་རིམ་གྱིས་པོ་ཏ་ལའི་འདབ་ཏུ་ཕྱིན་ཏོ། །དེ་ན་ཁྱིམ་བཙུན་གཅིག་ཆོས་གོས་ཐོད་བྱས་ནས་ཞིང་རྨོ་ཞིང་རོལ་ཐམས་ཅད་ཁྲག་ཏུ་མེར་མེར་པའི་སྲོག་ཆགས་འཆི་ཡིན་འདུག དེའི་ཆུང་མས་རམ་པ་ཐུ། བུ་ཆུང་ཞིག་མལ་ན་བསྙལ་ནས་འདུག དེ་མཐོང་བ་དང་མ་དད་པ་སྐྱེས་ཏེ། དེའི་དྲུང་དུ་ཕྱིན་ནས་སངས་རྒྱས་ཀྱི་རྟགས་གྱོན་ནས་འདི་ལྟར་བྱེད་པ་འདི་སྐྱུར་ལ། དཀར་པོའི་གོས་གྱོན་བྱས་པས། བཙུན་པ་ན་རེ། འོ་ན་ཆོས་གོས་འདི་ཁྱོད་ཁྱེར་ཟེར་ཏེ་བྱིན། དགེ་བསྙེན་གྱིས་དེ་ཁྱེར་ཏེ་ཤིང་ཞིག་ལ་བཀལ་ནས་བཞག་སྟེ། དེ་ནས་ཕྱིན། སྔར་གྱི་སྒྲོལ་མ་བཞུགས་པའི་གནས་སུ་ཕྱིན་པས། དེ་ནས་དེ་ན་མེ་ཏོག་རྙིང་པ་ཐོ་རེ་བྱས་ནས་སྒྲོལ་མ་མ་མཐོང༌། དེ་བཞིན་དུ་ཀུན་ཏུ་བཟང་པོ་དང་ཁྲོ་གཉེར་ཅན་ཡང་མ་མཐོང༌། རིའི་རྩེ་མོར་ཕྱིན་པས་ཀྱང་སྨུག་པས་འཐིབས་ནས་སྔར་གྱི་གང་ཡང་མ་མཐོང་བས། ང་ལ་ཅིའི་སྒྲིབ་པ་ཡོད་པ་ཡིན་སྙམ་ནས་ཞག་གཅིག་ཏུ་སྡིག་པ་བཤགས་པ་དང༌། འཕགས་པ་ལ་གསོལ་བ་བཏབ་པ་དང༌། སྔར་གྱི་ལྟར་སྣང་ནས་གཞལ་ཡས་ཁང་དུ་ཕྱིན་ཏེ། འཕགས་པ་དང་མཇལ་ནས། བདག་གིས་སྒྲོལ་མ་ལ་སོགས་པ་མ་མཐོང་བ་ཅི་ལགས་བྱས་པས། འཕགས་པའི་ཞལ་ནས། ཁྱོད་ཀྱིས་བཙུན་པའི་ཆོས་གོས་ཕྲལ་བའི་སྒྲིབ་པས་མ་མཐོང་བ་ཡིན་གསུངས། རྟེན་ཐོབ་པར་དཀའ་བ་རབ་ཏུ་བྱུང་བའི་རྟེན་ཕབ། རྟགས་ཐོབ་པར་དཀའ་བ་ངུར་སྨྲིག་གི་རྟགས་དང་ཕྲལ་བ་ཡིན་པས། ཁྱོད་སོང་ལ་དེའི་ཆོས་གོས་གཏོད་ཅིག དེས་དེ་དམྱལ་བར་མི་འགྲོ་བ་ཡིན། དེ་མིན་ན་དེ་དམྱལ་བར་འགྲོ་བ་ཡིན་གསུངས། དེ་ནས་དགེ་བསྙེན་གྱིས་མར་བབ་སྟེ་ཆོས་གོས་བཙལ་བས་སྔར་གྱི་ཤུལ་ན་གྲོགས་ཤིང་ཁ་ལེ་འདུག དེ་བླངས་ཏེ་ཕྱིན་པས་བཙུན་པ་བཟའ་མི་གསུམ་པོ། སྤྱིལ་པོ་ཞིག་ན་འབྲས་ཐུག་འཚོད་ཅིང་འདུག་པ་ལ་གཏད་ནས། ངས་ཁྱེད་ལ་འདི་ཕྲལ་བས་སྒྲིབ་པ་ཆེན་པོ་བསགས། ད་ཁྱོད་ཀྱིས་འདི་མ་ཤིའི་བར་དུ་གྱོན་ཅིག་བྱས་ཏེ་ཕྱིན་པས་སྒྲོལ་མ་དང་མཇལ་བ་ལ། ལོ་རྒྱུས་རྒྱས་པར་བརྗོད་པས། ང་འདི་ཀ་ན་ཡོད་དེ་ཁྱོད་རང་སྒྲིབ་པས་མ་མཐོང་བ་ཡིན་གསུངས། དེ་བཞིན་ཏུ་ཀུན་ཏུ་བཟང་པོ་དང༌། ཁྲོ་གཉེར་ཅན་ཡང་དེ་བཞིན་ནོ། །དེ་ནས་འཕགས་པ་ཅན་དུ་ཕྱིན་ཏེ། འཕགས་པ་ལ་འཛམ་བུ་གླིང་དུ་སེམས་ཅན་གྱི་དོན་དུ་གཤེགས་པར་ཞུ་བྱས་པས། དུས་རྟག་ཏུ་ཡོད་དེ་མི་མཐོང་གསུངས། ཡང་ཞུས་པས་སེམས་ཅན་ལས་མ་དག་པས་ངས་མི་ཕན་གསུངས། ཡང་ཞུས་པས་འོ་ན་འོང་གི་གསུངས། འགྲོགས་ལ་གཤེགས་བྱས་པས། འགྲོན་བུ་ལྔ་བརྒྱ་ཙམ་བསྐུར་ནས་འདི་བརྒྱགས་སུ་ཁྱེར་ལ་སོང་ཤིག་ནམ་ཟད་ཙ་ན་ང་འོང་གིས་གསུངས། དེ་དགེ་བསྙེན་གྱི་བསམ་པ་ལ། སྔར་གྱི་དྲི་བ་དེ་འཕགས་པ་བྱོན་པ་དང་འདྲི་སྙམ་ནས་ཕྱིར་ལོག་སྟེ། ཁྲོ་གཉེར་ཅན་ལ་སོགས་པ་ལ་མཆོད་པ་བྱེད་ཅིང་ཕྱིན་པ་ནས་རིམ་གྱིས་གྲོང་དང་མ་བྲལ་བར་ཟླ་བ་ལྔ་འདས་ནས། རྡོ་རྗེ་གདན་དུ་འགྲོ་བ་ལ་ཟླ་བ་གཅིག་ཙམ་ཡོད་པའི་ས་ན། ལྷའི་གྲོང་ཁྱེར་བྱ་བ་ཡོད་པར་ཕྱིན་ཏེ། འགྲོན་བུ་ལ་བལྟས་པས་དེར་ཆོས་སྟོན་ལྡང་བ་ཅིག་ལས་མེད་པར་ཟད་ནས་འདུག་སྟེ། ལྷག་མ་དེས་བཟའ་རྒྱུ་ཉོས་ཏེ་ཟོས་ནས། ནགས་ཁྲོད་ན་ཕར་ཕྱིན་པས། ཤིང་མྱ་ངན་མེད་ཀྱི་སྡོང་པོ་གཅིག་འདུག་པའི་རྩར་ནུབ་མོ་ཉལ་ལོ། །ནང་པར་ནམ་ལངས་པ་ན་ས་གཞི་ཐམས་ཅད་ནི་བཀྲག་དང་གཟི་མདངས་དང་ལྡན་ཞིང་མེ་ཏོག་དང་སྤོས་ཆུའི་ཆར་བབ། བར་སྣང་ཐམས་ཅད་ནི་འོད་ཀྱིས་ཁེངས། ནམ་མཁའ་ནས་ལྷའི་བུ་རྣམས་མཆོད་པ་འབུལ་ཞིང་འདུག འདི་ཅི་ཡིན་སྙམ་སྟེ་ས་ལ་བལྟས་པས་ཅང་མ་མཐོང༌། མ་ཟད་ཕྱིན་ཏེ་བལྟས་པས་ཀྱང་མ་མཐོང༌། ཤིང་གི་དྲུང་དུ་ཕྱིན་པས་ཤིང་གི་སྡོང་པོ་ལ་འཕགས་པ་དོན་ཡོད་ཞགས་པ་ལྷ་ལྔ་བཞུགས་ཤིང་འདུག ཕྱག་དང་མཆོད་པ་བྱས་པས་འཕགས་པའི་ཞལ་ནས་ཁྱོད་ལ་ནུས་པ་མེད་ཀྱི། རྒྱལ་པོ་བོ་ཙ་རའི་བུ་ལ་སྦྲོན་ལ་འདིར་ཅོ་པ་རི་གྱིས་ཤིག་གསུངས། དེ་ནས་དགེ་བསྙེན་གྱིས་ཡུལ་དེར་ཕྱིན་ཏེ། འདི་ན་འཕགས་པ་བྱོན་ནས་ཡོད་པས། མི་ཐམས་ཅད་ཀྱིས་མཆོད་པ་ཕུལ། རྒྱལ་པོས་རིན་པོ་ཆེའི་དབྱིག་གསེར་སྲང་བྱེ་བ་རི་བ་ཕྱག་ཏུ་ཕུལ། ཤིང་གི་རྩེ་མོ་བཅད་དེ་གཉྫིར་བཙུགས་ཅོ་པ་རི་བཙུགས་ཏེ། ཁར་ས་པཱ་ཎིའི་ལྷ་ཁང་ཞེས་བྱའོ། །རྒྱལ་པོས་དགེ་སློང་བརྒྱད་ཅུའི་འཚོ་བ་སྦྱར་རོ། །དེ་ནས་དགེ་བསྙེན་གྱིས་འཕགས་པ་ལ་ཉི་ཁྲི་ལེའུ་མངས་དང་མངོན་རྟོགས་རྒྱན་གཉིས་མི་མཐུན་པ་ཇི་ལྟར་ལགས་ཞེས་ཞུས་པས། ང་སྤྲུལ་པའི་ཐུགས་རྗེ་ཆེན་པོ་ཡིན། མི་ཤེས། རྒྱུའི་ཐུགས་རྗེ་ཆེན་པོ་ལོངས་སྤྱོད་རྫོགས་པའི་སྐུ་པོ་ཏ་ལ་ན་བཞུགས། ཁྱོད་དེར་རྒྱུགས་ཟེར། དེ་ནས་ཡང་དགེ་བསྙེན་གྱིས་སྔར་གྱི་ལམ་དེ་ཉིད་ནས་སྔ་མ་ལྟར་ཕྱིན་ནས། པོ་ཏ་ལའི་འདབ་ཏུ་སྒྲོལ་མ་དང་མཇལ། ཕྱག་དང་མཆོད་པ་བྱས། ཁྱོད་ཡང་འོངས་པ་ཅི་ལ་འོངས་གསུངས། སྔར་གྱི་ལོ་རྒྱུས་རྒྱས་པར་བརྗོད་པས་ཁོང་གིས་མི་མཁྱེན་པ་ཅིག་ག་ལ་འོང༌། ཁྱོད་ཀྱི་སྒྲིབ་པ་དག་པར་བྱ་བའི་ཕྱིར་པོ་ཏ་ལར་ལན་གསུམ་འོང་དུ་བཅུག་པ་ཡིན། ད་ཁྱོད་ཀྱི་སྒྲིབ་པ་ཐམས་ཅད་སངས་ཀྱིས་དག་གི་གསུངས། དེ་བཞིན་དུ་ཀུན་ཏུ་བཟང་པོ་དང༌། ཁྲོ་གཉེར་ཅན་དང༌། འཕགས་པ་དང་མཇལ་བ་ལ་ཡང་དེ་དང་འདྲའོ། །དེ་ནས་འཕགས་པའི་ཞལ་ནས་ཉི་ཁྲི་ལེའུ་བརྒྱད་མ་འདི་དང༌། མངོན་རྟོགས་རྒྱན་མཐུན་པ་ཡིན་གྱི་གསུངས་ནས་དེའི་པོ་ཏི་བསྐུར། དེ་ནས་ཡང་སྔར་གྱི་ལམ་ནས་འོངས་ཏེ། ཁར་ས་པཱ་ཎིར་ཕྱིན་ནས་འཕགས་པ་དང་མཇལ་བས་སྔ་མ་ཁོ་ན་སྐད་གསུང་ངོ༌། །དེ་ནས་དགེ་བསྙེན་དེ་པོ་ཏ་ལ་ཉིད་དུ་གཤེགས་པ་ཡིན་གསུངས་སོ། །དེ་ནས་རྒྱ་གར་ནུབ་ཕྱོགས་ཀྱི་པཎྜི་ཏ་ཨ་བྷྱ་ཀ་ར་བྱ་བ་དེར་བྱོན་ཏེ་འཕགས་པ་ལ་བསྙེན་བཀུར་མཛད་ཅིང་བཞུགས་པ་ལ། ནུབ་གཅིག་གི་རྨི་ལམ་ན་ནམ་མཁའ་ནས་སྒོ་མཐའ་ཡས་པའི་གཟུངས་སཾ་སྐྲྀ་ཏའི་སྐད་དུ་ལན་གསུམ་འདོན་པ་ཐོས། གཉིད་སད་ཙ་ན་བློ་ལ་ཟིན་ནས་འདུག འདི་འཕགས་པའི་བྱིན་རླབས་ཡིན་སྙམ་སྟེ། དེ་ཁོ་ན་ཡི་དམ་དུ་བྱས་པས། དེ་ཡང་གྲུབ་པ་ཐོབ་ནས་པོ་ཏ་ལར་གཤེགས་པ་ཡིན་གསུངས། དེ་ནས་ཡང་ཕྱིས་པཎྜི་ཏ་ས་སྟོན་ཞེས་བྱ་བ་ཅིག འཕགས་པ་ལ་བསྙེན་བཀུར་བྱེད་ཅིང་བཞུགས་པས། དང་པོར་རྨི་ལམ་དུ་ཆོས་བསྟན། ཕྱིས་དངོས་སུ་བསྟན། དེའི་སློབ་མ་པཎྜི་ཏ་དོན་ཡོད་རྡོ་རྗེའོ། །དེའི་སློབ་མ་བླ་མ་བ་རི་ལོ་ཙཱ་བའོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply