དོན་ཞགས་ཀྱི་ས་བཅད།

༼ཅ༽

༄༅། །དོན་ཞགས་ཀྱི་ས་བཅད་བཞུགས།།

༄༅། །ཨ་མོ་གྷ་པཱ་ཤ་ནཱ་མ། རྒྱུད་འདི་ལ་དོན་ལྔ་སྟེ། སྡུད་པ་པོའི་ཚིག་གིས་མཚམས་སྦྱར་བ་དང༌། རྒྱུད་འབྱུང་བའི་རྒྱུ་གླེང་གཞི་ཕུན་སུམ་ཚོགས་པ་དང༌། རྐྱེན་གླེང་བསླང་བ་དང༌། འབྲས་བུ་རྒྱུད་ཀྱི་དོན་དང༌། རྒྱུད་བཤད་པ་ལ། འཁོར་རྣམས་རྗེས་སུ་ཡི་རང་བའོ། །གླེང་གཞི་ལ་གསུམ་སྟེ། སྟོན་པ་དང༌། གནས་དང༌། འཁོར་རོ། །འབྲས་བུ་རྒྱུད་ཀྱི་དོན་ལ་གསུམ་སྟེ། རྒྱུད་འདི་ལ་སྤྱོད་པའི་ཕན་ཡོན་བསྟན་ཅིང༌། ཆོ་ག་ཉམས་སུ་བླང་བའི་རིམ་པ་དང༌། དེའི་དུས་སུ་བཟླས་བརྗོད་བྱ་བའི་སྔགས་དང༌། སྔགས་དེ་ལས་དངོས་གྲུབ་སྒྲུབ་པའི་ཐབས་བསྟན་པའོ། །དང་པོ་ལ། དོན་བརྒྱད་དེ། རྒྱུད་འདི་ལ་སྤྱོད་པའི་ཕན་ཡོན་སྤྱིར་བསྟན་པ་དང༌། ཚེས་བརྒྱད་ཀྱི་དུས་སུ་བྱ་བའི་ཆོ་ག་ཕན་ཡོན་དང་བཅས་པ་དང༌། དེའི་དུས་ཀྱི་བསམ་གཏན་ཕན་ཡོན་དང་བཅས་པ་དང༌། བསམ་པ་དམན་པའི་གང་ཟག་རྣམས་ལ་ཕན་ཡོན་འབྱུང་བ་འཐད་པ་དང་བཅས་པ་དང༌། ཚེས་བརྒྱད་ཀྱི་དུས་སུ་བྱ་བའི་ཆོ་ག་ཕན་ཡོན་དང་བཅས་པ་རྒྱས་པར་བཤད་པ་དང༌། དེའི་དུས་ཀྱི་ཁྱད་པར་སྡོམ་པ་དང༌། ཕན་ཡོན་དང་ལྡན་པའི་རྒྱུད་འདི་གཞན་ལ་ཇི་ལྟར་བསྟན་པ་དང༌། རྒྱུད་འདི་གདུལ་བྱ་གང་གི་ཆེད་དུ་སྤྱད་པའི་བསམ་པ་ཕུན་སུམ་ཚོགས་པའོ། །ཚེས་བརྒྱད་ཀྱི་དུས་སུ་བྱ་བའི་ཆོ་ག་ལ་གསུམ་སྟེ། རྟེན་གྱི་གང་ཟག་དང༌། དེའི་ཆོ་ག་ཉམས་སུ་བླང་བའི་རིམ་པ་དང༌། ཆོ་ག་དེའི་ཕན་ཡོན་ནོ། །ལྔ་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། རྟེན་གྱི་གང་ཟག་དང༌། དེའི་ཆོ་ག་ཉམས་སུ་བླང་བའི་རིམ་པ་དང༌། དེའི་ཕན་ཡོན་ནོ། །དེ་ལ་གཉིས་ཏེ། མཐོང་བ་དང་མ་མཐོང་བའི་ཆོས་ཀྱི་ཕན་ཡོན་དང༌། འཆི་བའི་དུས་ལ་སོགས་པའི་ཕན་ཡོན་བརྒྱད་ཞར་ལ་འབྱུང་བ་དང་བཅས་པའོ། །དེའི་དུས་སུ་བཟླས་བརྗོད་བྱ་བའི་སྔགས་ལ་གསུམ་སྟེ། སྟོན་པས་གནང་བའི་སྐབས་ཕྱེ་བ་དང༌། མ་འོངས་པ་ལ་ཕན་པའི་ཕྱིར་གཟུངས་བཤད་པར་ཞལ་གྱིས་བཞེས་པ་དང༌། ཕྱག་འཚལ་སྔོན་དུ་འགྲོ་བའི་གཟུངས་བཤད་པ་དངོས་སོ། །དེ་ལ་དང་པོ་དངོས་གྲུབ་སྒྲུབ་པའི་ཐབས་ལ་གཉིས་ཏེ། ལས་སྣ་ཚོགས་སྒྲུབ་པའི་ཐབས་དང༌། ཐུན་མོང་དང་མཆོག་གི་དངོས་གྲུབ་སྒྲུབ་པའི་ཐབས་སོ། །དེ་ལ་གཉིས་ཏེ། སྒྲུབ་པའི་སྤྱོད་པ་དང༌། དངོས་གྲུབ་ཀྱི་སྤྱོད་པའོ། །བཅོམ་ལྡན་འདས་དོན་ཡོད་ཞགས་པའི་བསྙུང་བར་གནས་པའི་ཆོ་ག་འདི་བྱེད་པར་འདོད་པས་སྲུང་བར་སྤྲོ་བ། ཤེས་རབ་ཆུང་བ། ཡི་གེ་མི་ཤེས་པ་རྣམས་ཀྱིས། འདིའི་གཟུངས་མི་ཐོན་ཀྱང་འདིའི་སྙིང་པོ་བཟླས་པས་ཆོ་ག་བྱིན་རླབས་མཉམ་པར་འབྱུང་གསུངས། མཆོད་པ་བཟང་སྤྱོད་ནས་འབྱུང་བ་དེས་བྱས་པས་ཆོག གསོ་སྦྱོང་བླང་བ་དང་ཚུལ་ཁྲིམས་སོར་ཆུད་དོད་ལྟུང་བཤགས་བཏོན་པས་ཆོག དེ་ཡང་མེད་ན་སྐྱབས་འགྲོ་བྱས་པས་ཆོག དང་པོ་གཅིག་བླ་མ་ལས་བླང༌། དེ་ནས་ནམ་བསྲུང་ཀྱང་འདྲ། དེ་ལ་ཤོར་བ་མེད། ཁ་ཅིག་གི་ལུགས་ཀྱིས་མཆིལ་མ་མི་བོར་བ་ཡོད་དེ། དེ་མི་འགྲུབ་པས་གང་དགའ་དགར་བྱ་གསུངས་སོ། །བི་ཀྲ་མ་ལ་ཤཱི་ལར་དགེ་སློང་ཞིག་ཤི་ནས་རོ་འབྱིན་པའི་དུས་རོ་ལངས་ཞུགས་པ་ལས་དགེ་འདུན་རྣམས་གསོད་དུ་བྱུང་བས། གནས་བརྟན་གྱིས་ལྕགས་ཀྱི་ལྡེ་ཀྱོག་བརྒྱབ་པས་རོ་ལངས་ཤི ལྕགས་སུ་གཏོར་མ་མི་བྱེད་པའི་རྒྱུ་མཚན་ནོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*