བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་འགྲེལ་པ། ༢

ཞིང་དམན་པ་དང་གྱ་ནོམ་པའི་དབྱེ་བས་སྦྱིན་པའི་དབྱེ་བའོ། །སོགས་པ་ནི་ཚུལ་ཁྲིམས་ལས་བྱུང་བ་དང༌། བསྒོམས་པ་ལས་བྱུང་བའོ། །ལེགས་སྤྱད་ནི་ཐར་པར་མ་བསྔོས་པའི་བསོད་ནམས་ཀྱི་ཆ་མཐུན་ནོ། །ཁོང་ཁྲོ་བ་ནི་སེམས་ཞེ་སྡང་བའོ། །འཇོམས་པ་ནི་ཁོང་ཁྲོ་བའི་འབྲས་བུ་ཚེ་ཕྱི་མ་ལ་ངན་འགྲོ་བསྐྱེད་པས་ལེགས་སྤྱད་དེ་ཀུན་གྱིས་སྐྱེས་ནས་མྱོང་བར་འགྱུར་བའི་ལས་ཀྱི་ནུས་པ་འཇོམས་པ་ཡིན་ནོ། །གལ་ཏེ་འཇིག་རྟེན་པའི་ལམ་གྱིས་ཀྱང་ས་བོན་གཏན་འཇོམས་མི་ནུས་ན་ཞེ་སྡང་གིས་ས་བོན་འཇོམས་པ་འགལ་ལོ་ཞེ་ན། འབྲས་བུ་འབྱིན་པའི་ནུས་པ་ནུར་བས་ནུས་པ་འཇོམས་ཀྱང་ས་བོན་གཏན་འཇོམས་པ་ནི་མ་ཡིན་ཏེ། འཇིག་རྟེན་ལས་འདས་པའི་ལམ་མ་གཏོགས་པ་གཞན་ལ་ས་བོན་འཇོམས་པའི་ནུས་པ་མེད་པའི་ཕྱིར་རོ། །དེས་ན་ཞེ་སྡང་དང་བཟོད་པ་གཉིས་ཀ་འབྲས་བུ་ཆེ་བར་འགྲུབ་པ་ནི་ཞེ་སྡང་ལྟ་བུའི་ཞེས་བྱ་བ་སྟེ། སྣ་ཚོགས་ཚུལ་གྱིས་བསྒོམ་པ་ནི་དོན་དམ་པའི་དབང་དུ་བྱས་ནས་ཆོས་ལ་ངེས་པར་སེམས་པ་དང༌། ཀུན་རྫོབ་པའི་དབང་དུ་བྱས་ནས་གནོད་པ་ལ་ཇི་མི་སྙམ་པ་དང་སྡུག་བསྔལ་དང་དུ་ལེན་པའོ། །གཉིས་པ་མཐོང་བའི་འབྲས་བུ་ནི་སེམས་ལ་གནོད་པ་དང༌། ལུས་ལ་གནོད་པ་གཉིས་སོ། །དང་པོ་ནི་ཞེ་སྡང་ཞེས་པ་སྟེ། ཞི་བ་ནི་དེས་པའོ། །དགའ་བ་ནི་ཡིད་ཀྱིས་སོ། །བདེ་བ་ནི་རྣམ་ཤེས་ལྔའོ། །བརྟན་པ་ནི་ཡིད་རྣལ་དུ་གནས་པའོ། །གཉིས་པ་ནི་གང་དག་ཅེས་པ་སྟེ། བཀུར་སྟི་ཟས་ལ་སོགས་པའོ། །སྡང་བའི་རྗེ་དཔོན་ལ་རྒོལ་བའི་རྣམ་པ་ནི་གསོད་པར་རོ། །མཛའ་བཤེས་སྐྱོ་བའི་རྣམ་པ་ནི་སྦྱིན་པས་བསྡུས་ཀྱང་མི་བསྟེན་པའོ། །གསུམ་པ་འབྲས་བུ་མདོར་བསྡུས་པ་ནི་མདོར་ན་ཞེས་པ་སྟེ། བདེ་བ་མེད་པ་དང༌། སྡུག་བསྔལ་བསྐྱེད་པ་གཉིས། ཚིགས་བཅད་ཕྱེད་ཕྱེད་དོ། །དེས་ཁྲོ་བའི་འབྲས་བུ་དངོས་སུ་བསྟན་པས། ཁྲོ་བ་སྤངས་པའི་འབྲས་བུ་ཤུགས་ལས་གྲུབ་ལ། ཁྲོ་བ་སྤངས་པའི་འབྲས་བུ་དངོས་སུ་སྟོན་པ་ནི་གང་ཞིག་ཅེས་བྱ་བའོ། །བཟོད་པ་བསྒྲུབ་པའི་ཐབས་ཡིད་ལ་བྱ་བ་ལ་གཉིས་ཏེ། ཁྲོ་བའི་མཚན་མ་བཟློག་པ་དང༌། བཟོད་པའི་འབྲས་བུ་ཡིད་ལ་བྱ་བའོ། །དང་པོ་ལ་བཞི་སྟེ། རྒྱུའི་ངོ་བོ་དང༌། རྒྱུ་དེ་བཟློག་པའི་ཐབས་ལ་འབད་པ་དང༌། རྒྱུ་བཟློག་པའི་ཐབས་དང༌། རྒྱུའི་རྒྱུ་བཟློག་པའི་ཐབས་ཡིད་ལ་བྱ་བའོ། །དང་པོ་ནི་མི་འདོད་པ་ཞེས་པ་སྟེ། མི་འདོད་པ་བྱས་པ་བཅུ་གཉིས་དང༌། འདོད་པའི་གེགས་བྱས་པ་བཅུ་གཉིས་ལས་ཚོར་བ་ཡིད་མི་བདེ་བ་སྐྱེ་ལ་དེ་དང་མཚུངས་པར་ལྡན་པའི་ཞེ་སྡང་སྐྱེས་པས་ཟུག་རྔུས་སེམས་ལ་རྨ་འབྱིན་པའོ། །གཉིས་པ་དེ་ལྟར་ཞེས་པ་སྟེ། ཡིད་མི་བདེ་བའི་ཐབས་གཞོམ་པ་དང༌། ཞེ་སྡང་གི་ལས་གཉིས་ཚིགས་བཅད་ཕྱེད་ཕྱེད་དོ། །གསུམ་པ་ནི་ཡིད་མི་བདེ་བ་སྤྱིར་དོར་བ་དང༌། ཡིད་མི་བདེ་བ་ལ་འདོད་པའི་འབྲས་བུ་མེད་པ་དང༌། མི་འདོད་པའི་འབྲས་བུ་ཡོད་པ་དང༌། ཡིད་མི་བདེ་བའི་གཉེན་པོ་ཡིད་ལ་བྱ་བ་བཞི་ཅི་ལ་བབ་ཀྱང་ཞེས་པ་དང༌། མི་དགའ་ཞེས་པ་དང༌། དགེ་བ་ཞེས་པ་དང༌། གལ་ཏེ་ཞེས་པ་ནས་རིམ་པ་བཞིན་ནོ། །བཞི་པ་རྒྱུའི་རྒྱུ་བཟློག་པའི་ཐབས་ཡིད་ལ་བྱ་བ་ལ་གསུམ་སྟེ། མི་འདོད་པ་དང་འདོད་པའི་ཆོས་ཀྱི་རབ་ཏུ་དབྱེ་བ་སྤྱིར་བསྟན་པ་དང༌། མི་འདོད་པ་བྱེད་པ་ལ་ཁྲོ་བ་དགག་པ་དང༌། འདོད་པའི་ཆོས་ཀྱི་གེགས་བྱེད་པ་ལ་ཁྲོ་བ་དགག་པའོ། །དང་པོ་ནི་བདག་གམ་ཞེས་པ་སྟེ། བདག་ལ་སྡུག་བསྔལ་དང༌། བརྙས་པ་དང་ཚིག་རྩུབ་དང་མི་སྙན་པ་དང༌། བཤེས་ལ་དེ་ལྟར་བཞི་སྟེ། དགྲ་ལ་བདེ་བ་དང་བཀུར་བ་དང༌། བསྟོད་པ་དང་སྙན་པ་བཞི་ནི་མི་འདོད་པ་བཅུ་གཉིས་སོ། །བདག་ལ་བདེ་བ་དང་བཀུར་བ་དང༌། བསྟོད་པ་དང་སྙན་པ་དང༌། བཤེས་ལ་དེ་ལྟར་བཞི་དང༌། དགྲ་ལ་སྡུག་བསྔལ་དང་བརྙས་པ་དང༌། ཚིག་རྩུབ་དང་མི་སྙན་པ་བཅུ་གཉིས་ནི་འདོད་པའི་གནས་ཏེ་དེ་ལ་གེགས་བྱས་པ་བཅུ་གཉིས་ནི་འདོད་པའི་གནས་ཏེ་ཉི་ཤུ་རྩ་བཞིའོ། །དགྲའི་བཤེས་ནི་བདག་གི་ཡིད་དུ་མི་འོང་ཞིང་གནོད་པ་བྱེད་ན་དགྲའི་མཚན་ཉིད་ཡོད་ལ། ཕན་འདོགས་ཤིང་ཡིད་དུ་འོང་བ་བཤེས་ཀྱི་མཚན་ཉིད་ཡོད་པ་དང༌། ཕན་གནོད་གཉིས་ཀ་མི་བྱེད་ན་ཆགས་སྡང་གི་ཡུལ་མ་ཡིན་པས་དེ་མ་བརྩིས་སོ། །མི་འདོད་པ་བྱེད་པ་ལ་ཁྲོ་བའི་རྒྱུ་མཚན་དགག་པ་ནི་གསུམ་སྟེ། བདག་ལ་ཉེས་པ་བྱེད་པ་ལ་མི་བཟོད་པ་དགག་པ་དང༌། བདག་གི་བཤེས་ལ་ཉེས་པ་བྱེད་པ་ལ་མི་བཟོད་པ་དགག་པ་དང༌། བདག་གི་དགྲ་ལ་ལེགས་པ་བྱེད་པ་ལ་མི་བཟོད་པ་དགག་པའོ། །དང་པོ་ལ་གཉིས་ཏེ། བདག་ལ་སྡུག་བསྔལ་བསྒྲུབ་པ་ལ་མི་བཟོད་པ་དགག་པ་དང༌། བརྙས་སོགས་བསྒྲུབ་པ་ལ་མི་བཟོད་པ་དགག་པ་གཉིས་སོ། །དང་པོ་ལ་གསུམ་སྟེ། སྡུག་བསྔལ་ཉིད་ལ་སོ་སོར་བརྟག་པ་སྡུག་བསྔལ་དང་དུ་ལེན་པ་དང༌། དེ་ཉིད་ལ་རྟོག་པ་ཆོས་ལ་ངེས་པར་སེམས་པ་དང༌། གནོད་བྱེད་ཀྱི་སེམས་ཅན་ལ་རྟོག་པ་གནོད་པ་བྱེད་པ་ལ་ཇི་མི་སྙམ་པ་གསུམ་མོ། །དང་པོ་ལ་ལྔ་སྟེ། སྡུག་བསྔལ་རང་བཞིན་དུ་བརྟག་པ་དང༌། བདེ་བ་ལ་སྦྱོར་བའི་སྡུག་བསྔལ་དོན་ཆེན་པོར་བརྟག་པ་དང༌། སྡུག་བསྔལ་བསྟེན་པར་མི་དཀའ་བར་བརྟག་པ་དང༌། སྦྱོར་བའི་ཡོན་ཏན་བརྟག་པ་དང༌། རང་བཞིན་གྱི་ཡོན་ཏན་བརྟག་པའོ། །དང་པོ་ནི་བདེ་བའི་རྒྱུ་ནི་ཞེས་པ་རྐང་པ་གཉིས་ཏེ། རེས་འགའ་ཡོད་པའི་གློ་བུར་བར་ཡིན་ལ། གཏན་དུ་ཡོད་པ་རང་བཞིན་ཡིན་པས་རང་བཞིན་ལ་ཁྲོ་བར་མི་རིགས་ཏེ། མེའི་ཚ་བ་བཞིན་ནོ་ཞེས་བྱའོ། །གཉིས་པ་ནི་དཀའ་བའི་འབྲས་བུ་དང༌། འབྲས་བུ་མེད་པ་ལ་བཟོད་པའི་དཔེའོ། །འབྲས་བུ་དང་བཅས་པ་ལ་བཟོད་པར་རིགས་པའི་དོན་ལ་སྦྱར་ན་གསུམ། སྡུག་བསྔལ་མེད་པར་ཞེས་པ་དང༌། དཀའ་བཟློག་ཅེས་པ་དང༌། ཐར་པའི་ཞེས་པ་ནས་རིམ་པ་བཞིན་ནོ། །དེའང་དཀའ་བཟློག་ནི་དབང་ཕྱུག་གི་དཀའ་ཐུབ་བཟློག་པ་ཨུ་མ་སྟེ་དེ་ལ་དད་པས་རང་གི་མགོ་གཅོད་པར་བྱེད་དོ། །ཡུལ་ཀརྞ་བ་ནི་ཟླ་བ་གཟས་ཟིན་པ་ན་ཕུན་ཚུན་མཚོན་གྱིས་བསད་ནས་གྲོལ་བར་ལྟ་བའོ། །གསུམ་པ་ནི་གོམས་པས་འགྲུབ་པ་དང༌། བཟོད་པར་རིགས་པའི་འཐད་པ་དང༌། གང་ལ་བཟོད་པའི་ཡུལ་དང༌། བཟོད་པའི་སྟོབས་བསྐྱེད་པའི་དཔེ་དང༌། སྐབས་བསྡུ་བ་ལྔ། གོམས་ན་ཞེས་པ་དང༌། སྦྲུལ་དང་ཞེས་པ་དང༌། ཚ་གྲང་ཞེས་པ་དང༌། ལ་ལ་ཞེས་པ་དང༌། དེ་བས་ཞེས་པ་ནས་རིམ་པ་བཞིན་ནོ། །བཞི་པ་ནི་ཉོན་མོངས་རྣམས་དང་ཞེས་པ་སྟེ། ཞེ་སྡང་སྐྱེས་པ་ན་གཉེན་པོ་བསྒོམ་པ་ནི་གཡུལ་འགྱེད་པའི་དཔའ་བོ་ཡིན་ལ་མ་སྐྱེས་པ་ན་གཉེན་པོ་བསྒོམ་པ་ལྟར་འཆོས་པ་ནི་རོ་ལ་གསོད་པའོ། །ལྔ་པ་ནི་སྡུག་བསྔལ་གྱི་རྒྱུ་ང་རྒྱལ་འཇིག་པ་དང༌། གཞན་དོན་ལ་དཔའ་བ་དང༌། སྡུག་བསྔལ་གྱི་རྒྱུ་སེལ་བ་དང༌། བདེ་བའི་རྒྱུ་འཚོལ་བ་བཞི། རྐང་པ་གཉིས་དང་གཅིག་དང་ཕྱེད་དང་ཕྱེད་དོ། །ཆོས་ལ་ངེས་པར་རྟོག་པའི་བཟོད་པ་ལ་བཞི་སྟེ། རྒྱུ་ལ་རག་ལས་པས་རང་དབང་ཅན་མ་ཡིན་པ་དང༌། རང་དབང་གི་མཚན་ཉིད་དགག་པ་དང༌། ཁྲོ་བ་བཟློག་པའི་དགོས་པ་དང༌། དོན་བསྡུ་བའོ། །དང་པོ་ནི་གཉིས་ཏེ། ཁྲོ་བ་དང་ཁྲོ་བ་ཅན་རང་དབང་ཅན་མ་ཡིན་པ་དང༌། དེ་དག་གི་རྐྱེན་རང་དབང་ཅན་མ་ཡིན་པའོ། །དང་པོ་ནི་བཞི་སྟེ། དོན་གྱི་དངོས་པོ་དགོད་པ་དང༌། དཔེ་དོན་གྱི་ཆོས་མཚུངས་པར་སྤྱིར་བསྟན་པ་དང༌། དོན་ལ་སྦྱར་བ་དང༌། སྐབས་བསྡུ་བའོ། །དང་པོ་ནི་མཁྲིས་པ་ལ་སོགས་པ་ཞེས་པ་སྟེ། སེམས་ཅན་སྡུག་བསྔལ་གྱི་རྒྱུ་ལ་ཁྲོ་བ་ལ་སེམས་ཅན་མ་ཡིན་པ་སྡུག་བསྔལ་གྱི་རྒྱུ་ལས་མི་ཁྲོ་བའི་རྒྱུ་མཚན་མེད་དེ་རྒྱུ་འདྲ་བའི་ཕྱིར་རོ་ཞེས་བྱ་བའོ། །གཉིས་པ་ནི་དཔེར་ན་ཞེས་བྱ་བ་སྟེ། མི་འདོད་པ་བཞིན་དུ་རྒྱུ་ལས་འབྱུང་བར་ཁྱད་པར་མེད་དོ་ཞེས་བྱ་བའོ། །གསུམ་པ་ནི་ཁྲོ་བ་པོ་གང་ཟག་ལ་རང་དབང་མེད་པ་དང༌། ཁྲོ་བ་ཉིད་ལ་རང་དབང་མེད་པ་གཉིས་ཁྲོ་བར་བྱ་ཞེས་པ་ནས་ཚིག་རྐང་གཉིས་གཉིས་སོ། །བཞི་པ་ནི་ཉེས་པ་ཞེས་པའོ། །གཉིས་པ་དེ་དག་གི་རྐྱེན་རང་དབང་མེད་པ་ནི་རྐྱེན་རྣམས་ཞེས་པ་སྟེ། རྒྱུ་ལ་བསྐྱེད་དོ་སྙམ་པའི་སེམས་པ་མེད་ལ་འབྲས་བུ་ལ་སྐྱེའོ་སྙམ་པའི་སེམས་མེད་ཀྱང་ཆོས་ཉིད་ཀྱིས་སྐྱེ་བ་ཡིན་ནོ་ཞེས་བྱ་བའོ། །གལ་ཏེ་རྐྱེན་ལ་རང་དབང་མེད་ཀྱང་བྱེད་པ་པོ་རང་དབང་ཅན་གཞན་ཡོད་དོ་སྙམ་ན། གཉིས་པ་རང་དབང་གི་མཚན་ཉིད་དགག་པ་ནི་གཙོ་བོ་ཞེས་བྱར་ཞེས་བྱ་བ་སྟེ། དེ་ལའང་གྲངས་ཅན་གྱི་འདོད་པ་དགག་པ་དང༌། རིགས་པ་ཅན་གྱི་འདོད་པ་དགག་པ་དང༌། དོན་བསྡུ་བའོ། །དང་པོ་ལ་ཕྱོགས་སྔ་མ་ནི་གཙོ་བོ་ཞེས་བྱར་གང་འདོད་ཅེས་པ་སྟེ། འདི་སྙམ་དུ་གལ་ཏེ་རྐྱེན་ལ་རག་ལས་པ་རྣམས་ལྟ་རྐྱེན་གྱི་གཞན་དབང་ཅན་ཡིན་པས་རང་དབང་ཅན་མ་ཡིན་ཡང་བདག་ཅག་འདོད་པའི་གཙོ་བོ་དང་སྐྱེས་བུ་དག་ན་རྟག་པ་དང་རྐྱེན་ལ་མི་ལྟོས་པར་རང་དབང་དུ་འབྱུང་བ་ཡིན་ནོ། །གཙོ་བོ་དེ་ཡང་རང་བཞིན་གསུམ་ཆ་མཉམ་པའི་བེམ་པོ་རྟག་པར་འགྲོ་བ་ཐམས་ཅད་ལ་གཅིག་གིས་ཁྱབ་པའི་རྣམ་འགྱུར་སྤྲུལ་པའོ། །བདག་ཅེས་བརྟག་པ་ནི་དེའི་ཁུག་མ་ན་ཤེས་རིག་གི་ངོ་བོ་སེམས་ཅན་རེ་རེ་ལ་རེ་རེ་ཡོད་པ་རྟག་པའི་བློའི་མེ་ལོང་ངོས་གཉིས་ལ་རྣམ་པར་འཇོག་པའོ། །དེའི་རྣམ་པར་འགྱུར་བ་ནི་ཆེན་པོ་དང་ང་རྒྱལ་དང་དེ་ཙམ་ལྔ་དང་འབྱུང་བ་ལྔ་དང་དབང་པོ་བཅུ་གཅིག་སྟེ། བློའི་མེ་ལོང་ལ་དེ་ཙམ་ལྔའི་ངོ་བོར་གྱུར་པའི་བདེ་བ་ལ་སོགས་པས་ཀྱང་རྣམ་པ་འཇོག་ལ། བདག་ཤེས་རིག་གིས་ཀྱང་རྣམ་པ་འཇོག་པས་རྣམ་པ་གཉིས་འདྲེས་པ་ན་ཡུལ་ལ་ལོངས་སྤྱོད་པས་བདག་ལ་ཕན་གནོད་བསྐྱེད་དོ། །རང་བཞིན་དང་རྣམ་འགྱུར་དོན་དམ་པར་གཅིག་པས་རང་ལ་སྐྱེ་བ་ཡིན་ལ། དེའང་རང་བཞིན་རྟག་ལ་རྣམ་འགྱུར་རེས་འགའ་བ་ཡིན་ནོ། །དེས་ན་སྐྱེས་བུ་དགྲ་དེ་དབྱིག་པ་འཕེན་པ་ལ་སོགས་པའི་བྱ་བ་ལ་བཀོལ་བས་གནོད་པ་བྱེད་པ་པོ་རང་དབང་ཅན་ཡིན་ནོ། །ཞེའོ། །དེ་ལའང་འདི་བརྟག་སྟེ། རང་བཞིན་རྟག་པ་དེའི་རྣམ་འགྱུར་མི་རྟག་པ་དེ་རྣམས་མ་སྐྱེས་པའི་གོང་རོལ་དུ་ཡོད་དམ་མེད། དང་པོ་ལྟར་ན་དེ་ཉིད་ཅེས་གསུངས་ཏེ། རྣམ་འགྱུར་དེ་ཉིད་ཆོས་ཅན། རྣམ་འགྱུར་བདག་ནི་འབྱུང་བར་བྱའོ་ཞེས་ཆེད་དུ་བསམས་པ་སྟེ། བློ་སྔོན་དུ་བཏང་ནས་འབྱུང་བ་མེད་དེ། མ་སྐྱེས་གོང་ནས་ཡོད་པའི་ཕྱིར་རོ། །རྣམ་འགྱུར་མ་སྐྱེས་གང་དུ་ཡོད་ན། ཕྱིས་སྐྱེ་བ་དོན་མེད་པར་ཐལ་ལོ། །འདོད་པར་ཡང་མི་ནུས་ཏེ། རྣམ་འགྱུར་སྐྱེ་བར་ཁྱེད་རང་ཁས་ལེན་པས་རང་ཚིག་དང་འགལ་བ་དང༌། སྐྱེ་བ་མངོན་སུམ་དུ་གྲུབ་པས་ཚད་མས་གནོད་པའི་ཕྱིར་རོ། །ཕྱི་མ་ལྟར་ན་ཡང་རྣམ་འགྱུར་མ་སྐྱེས་པའི་དུས་དེ་ཆོས་ཅན་དེ་ཚེ་སྐྱེ་བར་འདོད་པ་གང་ཡིན་ཏེ། སྐྱེ་བར་འདོད་པའི་བློ་སྔོན་དུ་གཏོང་བའི་སེམས་པ་མེད་དོ་ཞེས་པ་བསྒྲུབ་བྱའོ། །དེ་མེད་ན་ཞེས་བྱ་བ་གཏན་ཚིགས་ཏེ། མ་སྐྱེས་པའི་གོང་དུ་འདོད་པ་པོ་ཉིད་མེད་པའི་ཕྱིར་རོ། །གལ་ཏེ་རྣམ་འགྱུར་མ་སྐྱེས་གོང་དུ་མེད་པས་བློ་སྔོན་དུ་གཏོང་བའི་སེམས་པ་མེད་ན་རྣམ་འགྱུར་ཉིད་བྱེད་པ་པོ་རང་དབང་ཅན་མ་ཡིན་ནོ། །སྐྱེས་བུའི་རང་བཞིན་རྟག་པ་དེ་སེམས་པ་ཅན་ཡིན་པས་བློ་སྔོན་དུ་གཏོང་བ་པོ་དེ་ཡིན་ནོ་ཞེ་ན། ཡུལ་ལ་རྟག་ཏུ་གཡེངས་འགྱུར་བས། །འགག་པར་འགྱུར་བ་མ་ཡིན་ནོ། །ཞེས་གསུངས་ཏེ། སྐྱེས་བུ་ཡུལ་ལ་ལོངས་སྤྱོད་པའི་བྱེད་པ་དེ་ཡུལ་ཡོད་པ་དང་མེད་པའི་གནས་སྐབས་ཐམས་ཅད་དུ་ཡོད་པས་ཡུལ་ལ་སེམས་པ་དེ་རེས་འགའ་ཡང་མི་ལྡོག་པར་ཐལ་ལོ། །དེ་འདོད་ན་མངོན་སུམ་གྱི་གནོད་དོ། །རིགས་པ་ཅན་གྱིས་བདག་ནི་ནུས་པ་ཐམས་ཅད་དང་ལྡན་པའི་རང་བཞིན་སེམས་པ་མ་ཡིན་ཡང་བེམ་པོ་ཡང་མ་ཡིན་ཏེ། དེ་སེམས་པ་གཞན་དང་ལྡན་པས་རང་དབང་ཅན་དང་ཁྲོ་བ་བསྐྱེད་དོ་ཞེ་ན། ཅི་སྟེ་བདག་དེ་ཞེས་པས་རྩ་བའི་གཏན་ཚིགས་དགོད་པ་སྟེ། བདག་རྟག་པ་ཆོས་ཅན་འབྲས་བུ་བསྐྱེད་པའི་བྱེད་པ་མེད་དེ། རིམ་དང་ཅིག་ཅར་གྱིས་དོན་བྱེད་པས་སྟོང་པའི་ཕྱིར་ཞེས་པ་ཁྱབ་བྱེད་མི་དམིགས་པ་སྟེ། མཁའ་བཞིན་ཞེས་བྱ་བ་ཁྱབ་པ་གཏན་ལ་འབེབས་པའི་དཔེའོ། །འདིའི་ཕྱོགས་ཆོས་ནི་རང་རིག་པའི་ཤུགས་ལས་གྲུབ་སྟེ། རྟག་པ་ལ་རྟོགས་པའི་རྟོགས་པ་ནི། རིམ་པ་མེད་པར་ཡོངས་སུ་བཅད་པ་ན། རིམ་པ་ཡོད་པ་རྣམ་པར་གཅོད་པར་མྱོང་བས་ན་རྟོག་པ་ནི་རིམ་པ་རྣམ་པར་གཅོད་བྱེད་ཡིན་ལ། དེའི་ཡུལ་རིམ་པ་ཡོད་པར་འགལ་བས་ཡུལ་རྟག་པའང་རིམ་པས་དབེན་པར་གྲུབ་བོ། །རིམ་པས་དབེན་པས་ན་སྔར་འབྲས་བུ་མི་སྐྱེད་པ་ཕྱིས་དུས་གཅིག་ཏུ་བསྐྱེད་པའི་ཅིག་ཅར་གྱིས་དོན་བྱེད་པ་དང༌། དུས་རིམ་གྱིས་འབྲས་བུ་སྐྱེད་པའི་རིམ་ཅན་གཉིས་ཀས་དབེན་པར་གྲུབ་བོ། །གལ་ཏེ་ཁྱབ་པ་མ་གྲུབ་སྟེ། རྟག་པ་ཉིད་ལ་རིམ་པ་མེད་ཀྱང་རྐྱེན་ལ་རིམ་པ་ཡོད་པས་འབྲས་བུ་རིམ་ཅན་དུ་སྐྱེད་ན་ཅི་འགལ་ཞེ་ན། རྐྱེན་རྣམས་ཞེས་གསུངས་ཏེ། འགྱུར་བ་མེད་པའི་སྒྲ་དོན་ཆོས་ཅན། རྐྱེན་རྣམས་གཞན་དང་ཕྲད་ན་ཡང་ཅི་བྱར་ཡོད་དེ་སྔར་ནུས་པ་མེད་པ་ནུས་པ་ཡོད་པར་མ་བྱས་ཞེས་པ་བསྒྲུབ་བྱའོ། །གཏན་ཚིགས་འགྱུར་བ་མེད་པའི་ཕྱིར་ཞེས་བྱ་བ་ཁྱབ་བྱེད་མི་དམིགས་པའོ། །དེའི་ཕྱོགས་ཆོས་བསྒྲུབ་པ་ནི་རྐྱེན་གྱིས་བྱེད་པའི་ཚེ་ལ་སྔོན་རྐྱེན་མེད་པ་བཞིན་གནས་ཏེ་ཁྱད་མེད་ན་བྱེད་པས་ཅི་ཞིག་བྱས་ཏེ་ཅི་ཡང་བྱས་པ་མེད་ཅེས་པ་རྟག་པ་ལ་རྟོག་པའི་རྟོག་པར་རིག་པ་རང་རིག་པའི་ཤུགས་ལས་གྲུབ་བོ། །གལ་ཏེ་རྟག་པ་ལ་ཁྱད་མེད་ཀྱང་རྐྱེན་ཉིད་ལ་ནུས་པའི་དབྱེ་བ་ཡོད་པས་འབྲས་བུ་བསྐྱེད་པ་དང་མི་བསྐྱེད་པའི་ཆ་ཡོད་དོ་ཞེ་ན། འོ་ན་རྐྱེན་གྱི་འབྲས་བུ་ཡིན་པས་རྟག་པའི་འབྲས་བུ་མི་རུང་བས། དེའི་བྱེད་པ་ཞེས་སྨོས་སོ། །དོན་བསྡུ་བ་ནི་དེ་ལྟར་ཞེས་པ་སྟེ། རྐྱེན་ལ་ལྟོས་པས་གཞན་གྱི་དབང་ངོ༌། །སྤྲུལ་པ་ལྟ་བུ་ནི་འཁྲུལ་པའི་དམིགས་པའོ། །ཡང་ན་འགྲེལ་ཆེན་བྱེད་པས་འདི་ལྟར་འཆད་དེ། གཙོ་བོ་ཞེས་བྱར་གང་འདོད་དང༌། ཞེས་པས་གྲངས་ཅན་པས་དེ་གཙོ་བོ་བེམ་པོའི་རང་བཞིན་རྟག་པར་བྱེད་པ་པོར་འདོད་པ་འགོད་པའོ། །བདག་ཅེས་རྟག་པ་གང་ཡིན་པ་ཞེས་བྱ་བ་ནི་རིགས་པ་ཅན་གྱིས་བེམ་པོ་དང་རིག་པ་གཞན་དང་འབྲེལ་པའི་བློ་སྔོན་དུ་གཏོང་བའི་སེམས་ཅན་དུ་འདོད་པ་དགོད་པའོ། །དེ་ལྟར་འདོད་པ་བཀོད་ནས། གྲངས་ཅན་པའི་འདོད་པ་འགོག་པ་ན། གཙོ་བོ་དགག་པ་དང༌། རྣམ་འགྱུར་དགག་པ་དང༌། སྐྱེས་བུ་དགག་པའོ། །དང་པོ་ནི་གཙོ་བོ་དེ་ཉིད་བདག་གིས་རྣམ་འགྱུར་དེ་འབྱུང་བར་བྱའོ། །ཞེས་ཆེད་དུ་བསམ་ཞིང་སྔོན་དུ་བཏང་ནས་འབྱུང་བ་མེད་དེ་བེམ་པོ་ཡིན་པའི་ཕྱིར་རོ་ཞེས་པ་ཁྱབ་བྱེད་འགལ་བ་དམིགས་པའོ། །གལ་ཏེ་གཙོ་བོ་བྱེད་པ་པོ་མ་ཡིན་པས་རྣམ་འགྱུར་བྱེད་པ་པོ་ཡིན་ནམ་སྙམ་ན། རྣམ་འགྱུར་དགག་པ་ནི་མ་སྐྱེས་པར་ནི་ཞེས་གསུངས་ཏེ། རྣམ་འགྱུར་མ་སྐྱེས་པའི་གནས་སྐབས་ཆོས་ཅན། སྐྱེ་བར་འདོད་པ་གང་སྟེ་སྐྱེ་བར་འདོད་པའི་སེམས་མེད་དེ། དེ་མེད་ན་སྟེ། མ་སྐྱེས་གོང་དུ་ངོ་བོ་མེད་པའི་ཕྱིར་རོ། །གལ་ཏེ་སྐྱེས་བུ་བྱེད་པ་པོ་ཡིན་ནོ་སྙམ་ན། སྐྱེས་བུ་དགག་པ་ལ་བྱེད་པ་པོ་ལ་འགལ་བ་དང༌། ཡུལ་ལ་ལོངས་སྤྱོད་པ་རེས་འགའ་བ་དང་འབྲེལ་པ་དགག་པའོ། །དང་པོ་ནི་མ་སྐྱེས་པར་ནི་ཞེས་བྱ་བ་དེ་ཡང་བཟླས་ཏེ་སྐྱེས་བུ་ཆོས་ཅན། དེ་ཚེ་སྐྱེ་བར་འདོད་པ་གང་སྟེ་བྱེད་པ་པོ་མེད་ཅེས་པ་བསྒྲུབ་བྱའོ། །གཏན་ཚིགས་ཅིའི་ཕྱིར་ཞེ་ན་མེད་པའི་ཕྱིར་རོ། །དེ་མ་གྲུབ་བོ་སྙམ་ན། སྐྱེས་བུ་ཆོས་ཅན་ངོ་བོ་མེད་དེ་མ་སྐྱེས་པའི་ཕྱིར་ནམ་མཁའི་ཨུཏྤ་ལ་བཞིན་ཞེས་པ་ཁྱབ་བྱེད་མི་དམིགས་པའོ། །མ་སྐྱེས་པར་ནི་ཕ་རོལ་པོས་ཀྱང་འདོད་དེ་སྐྱེས་བུ་ཡེ་ནས་སྐྱེ་འཇིག་མེད་པར་འདོད་པའི་ཕྱིར་རོ། །གཉིས་པ་ནི་ཡུལ་ལ་ཞེས་པ་སྟེ། སྐྱེས་བུ་དེ་ཆོས་ཅན། འགག་པར་འགྱུར་བ་མ་ཡིན་པར་ཐལ། ཡུལ་ལ་རྟག་ཏུ་གཡེངས་ཏེ་ལོངས་སྤྱོད་པ་པོ་རྟག་པའི་ཕྱིར་རོ། །དེའི་འདོད་པ་ལ་ཡུལ་ལ་ལོངས་སྤྱོད་པ་རེས་འགའ་བར་དམིགས་པས་གནོད་དོ། །དེས་ཡུལ་ལ་ལོངས་སྤྱོད་པ་རེས་འགའ་བ་ཡིན་པའི་ཕྱིར་བྱེད་པ་པོ་རྟག་པ་མེད་ཅེས་པ་འཕེན་ཏེ། ཁྱབ་བྱེད་འགལ་བ་དམིགས་པའི་ཐལ་བས་འགལ་བས་ཁྱབ་པ་དམིགས་པའི་རང་རྒྱུད་འཕེན་པའོ། །རིགས་པ་ཅན་དགག་པ་ནི་ཅི་སྟེ་ཞེས་པ་སྟེ། སྔ་མ་བཞིན་ནོ། །གསུམ་པ་ཁྲོ་བ་བཟློག་པའི་དགོས་པ་ནི་གལ་ཏེ་ཡང་དག་པར་ཁྲོ་བ་པོ་མ་གྲུབ་པ་ལྟར་བཟློག་པ་པོ་མ་གྲུབ་པས་བཟློག་པ་པོའང་མི་འཐད་དོ་ཞེས་བརྒལ་བ་ནི་གང་གིས་ཞེས་པའོ། །དེ་ཁོ་ནར་ཟློག་པར་བྱེད་པ་དང༌། བཟློག་པར་བྱ་བ་མེད་ཀྱང་ཀུན་རྫོབ་ཏུ་ཡོད་པ་ལ་བརྟེན་ནས་གཞན་གྱི་སྡུག་བསྔལ་ལྡོག་པས་བཟློག་པར་བྱའོ་ཞེས་འཆད་པས། དེ་ལ་བརྟེན་ནས་ཞེས་པའོ། །བཞི་པ་དོན་བསྡུ་བ་ནི་གཞན་གྱི་དབང་དུ་བསྒྲུབ་པ་དང༌། རང་དབང་ཅན་དགག་པ་གཉིས་དེ་བས་ཞེས་པ་དང༌། གལ་ཏེ་ཞེས་པ་ནས་རིམ་པ་བཞིན་ནོ། །གནོད་པ་བྱེད་པ་ལ་ཇི་མི་སྙམ་པའི་བཟོད་པ་ལ་གསུམ་སྟེ། བརྩེ་བའི་མཚན་མ་ཡིད་ལ་བྱ་བ་དང༌། ཁྲོ་བའི་མཚན་མ་མ་དམིགས་པ་དང༌། རང་གི་ཉེས་པ་བརྟག་པའོ། །དང་པོ་ལ་ཉོན་མོངས་པའི་འཁྲུལ་པས་ཚེ་འདིར་གནོད་པ་བྱེད་པ་དང༌། ཕྱི་མར་གནོད་པ་བྱེད་པ་དང༌། དེས་གཞན་ལ་གནོད་པ་བྱེད་པ་ལ་མི་རིགས་པ་མེད་པ་དང༌། དེས་ན་བརྩེ་བའི་དམིགས་པ་ཡིན་པ་དང༌། དེ་ལ་ཁྲོ་བའི་མཚན་མ་དགག་པ་ལྔ། བག་མེད་པ་ཞེས་པ་དང༌། བསོད་ནམས་ཞེས་པ་དང༌། གང་ཚེ་ཞེས་པ་དང༌། ཉོན་མོངས་ཞེས་པ་དང༌། ཁྲོ་བར་ཞེས་པ་ནས་རིམ་པ་བཞིན་ནོ། །གཉིས་པ་ནི་རང་བཞིན་ལ་ཁྲོ་བར་མི་རིགས་པ་དང༌། གནས་སྐབས་ལ་ཁྲོ་བར་མི་རིགས་པ་དང༌། དངོས་དང་བརྒྱུད་པའི་རྒྱུ་བརྟགས་ནས་ཁྲོ་བར་མི་རིགས་པ་གསུམ། གལ་ཏེ་ཞེས་པ་དང༌། འོན་ཏེ་ཞེས་པ་དང༌། དབྱུག་པ་ཞེས་པ་ནས་རིམ་པ་བཞིན་ནོ། །གསུམ་པ་ལ་དྲུག་སྟེ། རང་གི་ཉེས་པ་ཡིན་པ་དང༌། སྡུག་བསྔལ་གྱི་རྒྱུའི་ལུས་གཟུང་བའི་ཉེས་པ་ཡིན་པ་དང༌། སྡུག་བསྔལ་གྱི་རྒྱུ་ལ་བརྐམ་པའི་ཉེས་པ་དང༌། གཞན་མི་ཕན་པ་ལ་སྦྱོར་བའི་ཉེས་པ་དང༌། ཁྲོ་བ་ཡིད་ཕྱིན་ཅི་ལོག་ཡིན་པ་དང༌། དེ་ལ་རྩོད་པ་སྤང་བའོ། །དང་པོ་ནི་བདག་གིས་ཞེས་པ་སྟེ། རང་གིས་རྣམ་འཚེ་བྱས་པའི་ལས་ཀྱི་འབྲས་བུ་བསམ་པའོ། །གཉིས་པ་ནི་དཔེ་མཚོན་ན་ཞེས་པ་སྟེ་སྡུག་བསྔལ་གྱི་རྐྱེན་མཚོན་འདེབས་པ་ལ་ཁྲོ་བ་ལྟར་ལུས་འཛིན་པ་ལའང་ཁྲོ་བར་འགྱུར་རོ་ཞེས་བྱ་བའོ། །ཇི་ལྟ་བུ་བཟུང་ཞེ་ན་ཤུ་བ་ཞེས་གསུངས་སོ། །གསུམ་པ་ནི་བྱིས་པ་ཞེས་པའོ། །བཞི་པ་ནི་བདག་གི་ཞེས་པ་སྟེ། བདག་གི་ལས་ངན་པའི་རྒྱུས་གཞན་བདག་ལ་གནོད་པ་བྱེད་པ་ལ་སྦྱར་བས་བདག་གིས་གཞན་ངན་འགྲོར་བསྐྱེད་པའི་རྒྱུ་ལ་སྦྱར་རོ་ཞེས་བྱ་བའོ། །ལྔ་པ་ནི་འདི་དག་ལ་ཞེས་བྱ་བ་སྟེ། བདག་ནི་དེ་ལ་གནོད་བྱེད་ལ་དེ་དག་བདག་ལ་ཕན་འདོགས་ན་ཕ་རོལ་པོ་གནོད་པ་བྱས་པ་དེས་མི་ཁྲོ་བར་བདག་ལ་ཕན་བཏགས་པ་དེས་ཕྱིན་ཅི་ལོག་ཏུ་ཅིའི་ཕྱིར་ཁྲོ་བར་བྱེད། དེ་དག་ཕན་འདོགས་པ་ཇི་ལྟར་ཡིན་ཞེ་ན། དེ་དག་ལ་བརྟེན་ནས་དམིགས་ནས་བདག་གི་སྡིག་མང་དུ་འབྱང་བའོ། །རྒྱུ་མཚན་ཅིས་ཤེ་ན་བཟོད་པ་སྟེ། དེས་བཟོད་པའི་གྲོགས་བྱས་ཤིང་སྡིག་པ་སྦྱོང་བའི་གྲོགས་ཡིན་པས་བདག་ལ་ཕན་འདོགས་པ་ཡིན་ནོ། །བདག་དེ་ལ་གནོད་བྱེད་ཇི་ལྟར་ཡིན་ཞེ་ན། བདག་གིས་ཕ་རོལ་པའི་གནོད་པའི་ཡུལ་བྱས་པས་བདག་ལ་བརྟེན་ནས་དེ་དག་ཡུན་རིང་དུ་སེམས་ཅན་དམྱལ་བར་འགྲོའོ། །དྲུག་པ་རྩོད་པ་སྤང་བ་ལ་གསུམ་སྟེ། གཞན་ཕན་འདོགས་བྱེད་དུ་མི་འཐད་པ་སྤང་བ་དང༌། བདག་གནོད་བྱེད་དུ་མི་འཐད་པ་སྤང་བ་དང༌། བདག་ལན་ལ་ལ་སོགས་པ་ཞུགས་པ་དགག་པའོ། །དང་པོ་ནི་བདག་ལ་དམིགས་ནས་ཕ་རོལ་ངན་འགྲོ་གཏོང་བས་བདག་གཞན་གྱི་སྡིག་པའི་གྲོགས་ཡིན་ལ། སྡིག་པའི་གྲོགས་པོས་བདག་གིའང་སྡིག་པ་འབྱང་བར་འགལ་ན་བདག་གི་སྡིག་པ་མ་བྱང་ན་གཞན་སྡིག་པ་སྦྱོང་བའི་གྲོགས་བྱས་པས་ཕན་འདོགས་བྱེད་ཡིན་ཞེས་ཇི་ལྟར་བརྗོད་ཅེ་ན། གལ་ཏེ་ཞེས་གསུངས་ཏེ། བདག་གིས་གཞན་གྱི་སྡིག་རྐྱེན་དུ་གྱུར་ཀྱང༌། བདག་གི་སྡིག་པ་བྱང་བས་དམྱལ་བར་མི་འགྲོའོ། །སྡིག་རྐྱེན་བྱས་ཀྱང་དམྱལ་བར་མི་འགྲོ་བ་ཇི་ལྟར་ཞེ་ན། བསམ་པའི་ཡོན་ཏན་བཟོད་པ་ཡོད་པའི་ཕྱིར་རོ། །དེས་ན་བདག་གི་སྡིག་པ་བྱང་བས་ན་གཞན་ཡང་དེའི་གྲོགས་བྱེད་པའི་ཕན་འདོགས་སུ་གྲུབ་པའོ། །གཉིས་པ་ནི་འོ་ན་གཞན་བདག་གི་སྡིག་པ་སྦྱོང་བའི་གྲོགས་ཡིན་པས་གཞན་དམྱལ་བར་མི་འགྲོ་ལ་དེས་ན་བདག་གིས་ཀྱང་དེ་དག་དམྱལ་བར་བཏང་བ་མེད་པས་བདག་ལ་གནོད་བྱེད་དུ་འགལ་ལོ་ཞེ་ན། གལ་ཏེ་ཞེས་གསུངས་ཏེ། གཞན་དེ་དག་ལ་བསམ་པ་བདག་གིས་དགེ་བའི་གྲོགས་བྱའོ་སྙམ་པའི་ཕན་པའི་བསམ་པ་ཅི་ཞིག་འབྱུང་སྟེ་ཅིའང་མ་བྱུང་ངོ༌། །དེས་ན་གཞན་དམྱལ་བར་འགྲོ་བས་བདག་གནོད་བྱེད་དུ་འགལ་བ་མེད་དེ་དེའི་རྐྱེན་བདག་ཡིན་པས་སོ། །འོ་ན་གཞན་ལ་བདག་གིས་དགེ་བའི་གྲོགས་བྱ་སྙམ་པའི་བསམ་པ་མེད་བཞིན་དུ་བདག་གི་དགེ་བའི་གྲོགས་ཇི་ལྟར་ཡིན་ཞེ་ན། བདག་གིས་བདག་བསྲུངས་ན་སྟེ། གཞན་མི་དགེ་བ་དང་དགེ་བ་གཉིས་ཀའི་གྲོགས་སུ་རུང་བ་ལ་བདག་གིས་མི་དགེ་བ་ལས་རང་གི་སེམས་བསྲུངས་ན་དགེ་བའི་གྲོགས་ཡིན་ནོ། །གསུམ་པ་ནི་འོ་ན་གནོད་པ་བྱས་པས་ཕན་བཏགས་པར་འགྱུར་ན་བདག་གིས་ཀྱང་གནོད་པ་བྱས་པས་ཕན་པར་བྱའོ་ཞེ་ན། འོན་ཏེ་ཞེས་གསུངས་ཏེ། གནོད་པ་བྱས་པས་བསམ་པའི་ཡོན་ཏན་ཡོད་པ་ལ་དགེ་བའི་གྲོགས་སུ་འགྱུར་ཡང་མེད་པ་ལ་སྡིག་པའི་གྲོགས་སུ་འགྱུར་བས་དེ་དག་བསྲུང་བར་མི་འགྱུར་ལ། བདག་གི་སྤྱོད་པའང་ཉམས་པ་དེས་ན་དཀའ་ཐུབ་ཞིག་པར་འགྱུར་རོ། །བདག་ལ་བརྙས་སོགས་བསྒྲུབ་པ་ལ་བཟོད་པ་བསྒོམ་པ་ལ་བཞི་སྟེ། ལུས་ལ་མི་གནོད་པ་དང༌། སྡང་བ་དང་འབྲེལ་བས་ཁྲོ་བར་མི་རིགས་པ་དང༌། རྙེད་པའི་བར་ཆད་དུ་འགྱུར་བས་ཁྲོ་བར་མི་རིགས་པ་དང༌། སེམས་ཅན་མ་དད་པ་ལ་ཁྲོ་བའི་ཡུལ་དུ་མི་འོས་པའོ། །དང་པོ་ནི་མི་སྙན་པའི་ཚིག་གིས་ཡིད་ལ་གནོད་པ་དགག་པ་དང༌། བདག་གིར་བཟུང་བའི་ལུས་ལ་སྡུག་བསྔལ་གནོད་བྱེད་ཡིན་པ་དང༌། བརྙས་སོགས་གནོད་བྱེད་མ་ཡིན་པ་གསུམ་ཡིད་ནི་ཞེས་པ་དང༌། ལུས་ལ་ཞེས་པ་དང༌། བརྙས་དང་ཞེས་པ་ནས་རིམ་པ་བཞིན་ནོ། །གཉིས་པ་ནི་གལ་ཏེ་བརྙས་པ་དེས་བདག་གི་ལུས་ལ་མི་གནོད་ཀྱང་ཕ་རོལ་པོས་བདག་ལ་སྡང་བར་བསམ་པས་ཁྲོའོ་སྙམ་ན། གཞན་དག་ཅེས་པ་ལ་སོགས་པ་གསུངས་སོ། །འདི་ལས་འགྲེལ་པ་བདག་གི་ལུས་ལ་མི་གནོད་ཀྱང་དེས་སྐྱེ་བོ་གཞན་བདག་ལ་མ་དད་པར་འགྱུར་རོ་ཞེས་རྟོག་པའི་ལན་དུ་བཤད་དོ་ཞེས་ཟེར་བ་དེ་ལྟར་ན་འོག་མ་དང་ཟློས་པར་འགྱུར་རོ། །གསུམ་པ་རྙེད་པའི་བར་ཆད་བྱེད་པ་ལ་ཁྲོ་བར་མི་འོས་པ་ནི་དྲུག་སྟེ། རྙེད་པ་ཉིད་ལ་དོན་མེད་པ་དང༌། དེས་ན་བདག་ལ་ལོག་པའི་ཉེས་པ་སྒྲུབ་པ་དགག་པ་དང༌། དོན་མེད་པ་ཉིད་དཔེས་གསལ་བར་བྱེད་པ་དང༌། དོན་མེད་པའི་རྣམ་པ་དང༌། དེ་ཉིད་བསྒྲུབ་པའོ། །དང་པོ་ནི་རྙེད་པ་ཞེས་པ་སྟེ། ཁྲོས་ནས་རྙེད་པ་རྙེད་ཀྱང་རྙེད་པ་དེ་དོར་ནས་ཁྲོས་པའི་སྡིག་པ་དང་འགྲོགས་ནས་འགྲོའོ་ཞེས་པའོ། །གཉིས་པ་ནི་བདག་གི་ཞེས་པའོ། །དེའང་འཆི་བའི་སྡུག་བསྔལ་དེ་ཉིད་ཡིན། །ཞེས་པ་ནི་ཡུན་རིང་དུ་གསོན་ཡང༌། དེ་ནས་འཆི་བའི་སྡུག་བསྔལ་མི་འདོར་རོ་ཞེས་བྱ་བའོ། །གསུམ་པ་ནི་རྨི་ལམ་ཞེས་པ་སྟེ། ཚེ་རིང་བ་དང་ཐུང་བ་འཆི་བས་ཟིན་པ་དེའི་དུས་ན་གསོན་པོའི་བདེ་བ་དྲན་པའི་ཡུལ་དུ་འགྱུར་བར་འདྲའོ། །བཞི་པ་ནི་རྙེད་པ་མང་པོ་ཞེས་པ་སྟེ། ཤི་བ་ན་རྙེད་པ་ཡོད་པ་འདོར་བས་ཆོམ་པོ་དང་ཕྲད་པ་དཔེར་བྱས་སོ། །ལྔ་པ་ནི་གལ་ཏེ་རྙེད་པ་བསྒྲུབ་ལ་དགེ་བ་བསྒྲུབ་ཅིང་སྡིག་པ་སྤང་ངོ་སྙམ་པའི་རྒོལ་བ་འགལ་ཏེ་ཞེས་པས་བཀོད་ནས། རྙེད་པ་ཞེས་པས་ལན་བཏབ་སྟེ། བསོད་ནམས་ཟད་པ་ནི་ཞེ་སྡང་གིས་བསྐལ་བ་སྟོང་དུ་བསགས་པའི་དགེ་བ་འཇོམས་པ་ཡིན་ལ། སྡིག་པ་ནི་ཞེ་སྡང་གི་སྡིག་པའོ། །དྲུག་པ་ནི་གང་གི་དོན་དུ་ཞེས་པ་སྟེ། དགེ་བ་གང་གི་དོན་དུ་བདག་གསོན་པའི་དགེ་བ་དེ་ཉིད་གཞན་ལ་ཞེ་སྡང་བའི་ཞེ་སྡང་གིས་ཉམས་འགྱུར་ན་གསོན་ཡང་དགེ་བ་ནི་མི་བྱེད་པས་གསོན་པ་དེས་ཅི་ཞིག་བྱ། བཞི་པ་སེམས་ཅན་མ་དད་པའི་ཁྲོ་བའི་ཡུལ་དུ་མི་འོས་པ་ནི་གལ་ཏེ་སེམས་ཅན་ཞེས་པ་ལ་སོགས་པ་སྟེ། གལ་ཏེ་བདག་ལ་སྨད་པས་གཞན་བདག་ལ་དད་པའི་དད་པ་ཉམས་པར་བྱེད་པས་གཞན་གྱི་ཆེད་དུ་ཁྲོའོ་ཞེ་ན། གཞན་ལ་ཞེས་སྨོས་ཏེ་སྐྱེ་བོ་གཞན་ལ་གཞན་གྱིས་སྨད་པས་ཀྱང་སྐྱེ་བོ་གཞན་ལ་དད་པའི་གེགས་ཡིན་པས་དེ་ལའང་གཞན་ཆེད་དུ་ཁྲོ་བར་ཐལ་ལོ་ཞེས་བྱ་བའོ། །དེ་ལ་ལན་དུ་དང་བ་ཉམས་པ་དེ་བདག་ལས་མ་བྱུང་གི་སྐྱེ་བོ་གཞན་ལས་བྱུང་བས་དེ་ལ་བཟོད་དོ་ཞེ་ན་ཞེས་པའི་དགོས་པ་བསྡུ་བ་ནི། མ་དད་ཅེས་བྱ་བའོ། །འོ་ན་བདག་ལ་དད་པ་ཉམས་པའང་བརྙས་པ་བྱེད་མཁན་གྱི་ཉོན་མོངས་པ་ལས་བྱུང་གི་བདག་ལས་མ་བྱུང་བས་དེ་ལ་ཁྲོ་བར་མི་རིགས་སོ་ཞེས་འཆད་པ་ནི་ཉོན་མོངས་ཞེས་པའོ། །བདག་གི་ཕྱོགས་ལ་བརྙས་པ་ལ་སོགས་པ་བྱེད་པ་ལ་མི་བཟོད་ན་དགག་པ་ལ་གཉིས་ཏེ། ཆོས་ལ་ངེས་པར་རྟོག་པ་དང༌། གནོད་པ་བྱེད་པ་ལ་ཇི་མི་སྙམ་པའོ། །དང་པོ་ལ་དཀོན་མཆོག་ལ་གནོད་པ་བྱེད་པ་ལ་བཟོད་པར་བྱ་བ་ནི་སྐུ་གཟུགས་ཞེས་བྱ་བ་ལ་སོགས་པའོ། །སྐྱེ་བོ་རང་གི་ཕྱོགས་ལ་གནོད་པ་བྱེད་པ་ལ་བཟོད་པར་བྱ་བ་ནི། བླ་མ་ཞེས་བྱ་སྟེ། སྔ་མའི་ཚུལ་གྱིས་རྐྱེན་ལས་བྱུང་བ་ནི་བདག་ལ་གནོད་པ་བྱེད་པ་ལ་བཟོད་པར་བྱ་བའི་སྐབས་སུ་ཇི་ལྟར་བཤད་པ་ལྟར་ཁྲོ་བ་པོ་དང་གནོད་པ་པོ་ལ་རང་དབང་མེད་ཀྱི་རྐྱེན་གཞན་ལས་བྱུང་བ་ཡིན་པར་རིག་ནས། བཟོད་པར་བྱའོ། །གནོད་པ་བྱེད་པ་ལ་ཇི་མི་སྙམ་པའི་བཟོད་པ་ལ་བཞི་སྟེ། ཁྲོ་བའི་མཚན་མ་མ་གྲུབ་པ་དང༌། མི་རིགས་པར་བརྟག་པ་དང༌། རང་གི་ཉེས་པ་བརྟག་པ་དང༌། འབྲས་བུ་ཡིད་ལ་བྱ་བའོ། །དང་པོ་ནི་ལུས་ཅན་ཞེས་པ་སྟེ། བདག་གི་བཤེས་ལ་གནོད་པར་འདྲ་བ་ལ་སེམས་ཡོད་པའི་དགྲ་ལ་ཁྲོ་ལ། སེམས་མེད་པའི་མཁྲིས་པ་ལ་སོགས་པ་ལ་ཅི་མི་ཁྲོ་ཞེས་པའོ། །གཉིས་པ་ནི་ལ་ལ་ཞེས་པ་སྟེ། རྨོངས་ནས་ཉེས་པ་བྱེད་པ་ནི་ལས་ཀྱི་རྣམ་སྨིན་མ་ཤེས་པ་ལས་བདག་གི་ཕྱོགས་ལ་གནོད་པ་བྱས་པའོ། །རྨོངས་ནས་ཁྲོས་པ་ནི་བདག་གིས་ཞེ་སྡང་གི་ཉེས་པ་མ་ཤེས་པས་ནོམ་བྱས་ནས་ཁྲོས་པའོ། །དེ་གཉིས་བྱ་བར་མི་འོས་པར་ཁྲོ་བ་ནི་དེ་ལ་ཞེས་པའོ། །གསུམ་པ་ནི་གང་གིས་ཞེས་པ་སྟེ། བདག་གི་བཤེས་དངོས་ཀྱིས་གནོད་པའི་རྒྱུ་བསགས་པས་གནོད་པ་བྱུང་བ་ལ་བདག་མི་བཟོད་པར་མི་རིགས་སོ་ཞེས་བྱ་བའོ། །བཞི་པ་ནི་བསོད་ནམས་མི་ཉམས་པ་དང༌། སྡུག་བསྔལ་བཟློག་པ་དང༌། དོན་ཆེན་པོ་བསྒྲུབ་པའོ། །དང་པོ་ནི་དཔེར་ན་ཞེས་པ་སྟེ། མེ་མཆེད་ན་མེའི་རྒྱུ་རྩ་ལ་སོགས་པ་དོར་དགོས་པ་ལྟར་བཤེས་ལ་ཆགས་པ་ལ་ཞེ་སྡང་གི་མེ་འབར་བས་བསོད་ནམས་འཚིག་པར་འགྱུར་ན་དེ་ལ་ཞེ་སྡང་གི་རྒྱུ་བཤེས་ལ་ཆགས་པ་དོར་བའོ། །གཉིས་པ་ནི་གསད་བྱའི་ཞེས་པ་བྱ་བ་སྟེ། གསད་པའི་ཆད་པ་ལས་ཐར་ནས་ཡན་ལག་བཅད་པའི་ཆད་པ་ཙམ་ཕོག་པ་ལྟར་དམྱལ་བའི་སྡུག་བསྔལ་ལས་ཐར་ནས་མིའི་སྡུག་བསྔལ་སྨིན་ན་ལེགས་ན་སྡུག་བསྔལ་ཆུང་ངུ་མིའི་སྡུག་བསྔལ་ལའང་མི་བཟོད་ན་ཆེན་པོ་དམྱལ་བའི་སྡུག་བསྔལ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའོ། །གསུམ་པ་ནི་འབྲས་བུ་མེད་པའི་སྡུག་བསྔལ་ལ་བཟོད་པའི་དཔེ་དང༌། འབྲས་བུ་དང་བཅས་པའི་སྡུག་བསྔལ་སྡུག་བསྔལ་ཆུང་བ་དང༌། འབྲས་བུ་ཆེ་བ་དང༌། དེས་ན་བཟོད་པར་རིགས་པ་བཞི་འདོད་པའི་ཞེས་པ་དང༌། འདི་ནི་ཞེས་པ་དང༌། དོན་ཆེན་ཞེས་པ་དང༌། འགྲོ་བའི་ཞེས་པ་ནས་རིམ་པ་བཞིན་ནོ། །བདག་གི་དགྲ་ལ་ལེགས་པ་བྱེད་པ་ལ་མི་བཟོད་པ་དོར་བ་ལ་གསུམ་སྟེ། བསྟོད་གྲགས་ལ་མི་བཟོད་པ་དོར་བ་དང༌། བདེ་བ་བསྒྲུབ་པ་ལ་མི་བཟོད་པ་དོར་བ་དང༌། རྙེད་པ་བསྒྲུབ་པ་ལ་མི་བཟོད་པ་དོར་བའོ། །དང་པོ་ལ་གཉིས་ཏེ། རང་ལ་བདེ་བའི་རྒྱུ་ཡིན་པས་མི་བཟོད་པ་དོར་བ་དང༌། གཞན་བདེ་བའི་རྒྱུ་ཡིན་པས་མི་བཟོད་པ་དོར་བའོ། །དང་པོ་ནི་གཞན་གྱིས་ཞེས་པ་སྟེ། གཞན་གྱིས་བདག་གི་དགྲ་ལ་བསྟོད་པས་དགྲ་དེ་དགའ་བ་ཐོབ་ན། བདག་གིས་ཀྱང་དེ་བསྟོད་ནས་གཞན་ལ་དགའ་བ་སྐྱེས་པ་ལ་དགའ་བར་བྱས་ཏེ། གཞན་དོན་གྱི་དགའ་བ་དེ་བདེ་བའི་འབྱུང་གནས་ཡིན་པ་དང༌། ཉེས་པ་མེད་པ་དང༌། མཁས་པས་བསྔགས་པའི་ཕྱིར་དང༌། གཞན་དོན་ཉིད་གྲུབ་པའི་ཕྱིར་རོ། །ཏིག་ཆུང་ནས་ནི་གཞན་རང་ལ་བསྟོད་ན་དགའ་བ་ལྟར་གཞན་ཡང་དགའ་བས་རང་ཉིད་ཉམས་དང་སྦྱར་བས་གཞན་བསྟོད་ན་དགའ་བ་དེ་ལ་བདག་ཀྱང་དགའ་བར་རིགས་སོ་ཞེས་འཆད་དོ། །གཉིས་པ་ནི་རང་བསྟོད་པས་དགའ་བ་ཐོབ་ཀྱང་དགྲ་ལ་སོགས་པ་གཞན་དགའ་བའི་རྒྱུ་ཡིན་པ་མི་འདོད་དོ་ཞེ་ན། གཞན་བདེ་བའི་རྒྱུ་ཡིན་པ་མི་འདོད་པར་མི་བྱ་བ་ནི། གཞན་ཡང་ཞེས་པ་སྟེ། གཞན་བདེ་བ་གཏན་མི་འདོད་ན་གཞན་ལ་གླ་རྔན་སྤངས་པས་ཚེ་འདིའི་དོན་ཉམས་པས་མཐོང་བའི་ཆོས་ལ་ཉམས་པའོ། །སྦྱིན་སོགས་སྤངས་པས་མ་མཐོང་བའི་འབྲས་བུ་མི་འཐོབ་སྟེ། གཞན་བདེ་བ་ནི་རང་བདེ་བའི་རྒྱུ་ཡིན་པ་ལས་རྒྱུ་དེ་མེད་ན་འབྲས་བུ་རང་གི་བདེ་བ་མི་འབྱུང་ངོ༌། །དེས་ན་གཞན་བདེ་བའི་རྒྱུ་ལ་དགའ་ལ་རང་བདེ་བའི་རྒྱུ་ལ་མི་དགའ་བས་འབྲས་བུ་ལ་དོན་དུ་གཉེར་བ་དང༌། རྒྱུ་ལ་འབད་པ་ཕྱིན་ཅི་ལོག་ཏུ་གྱུར་ཏོ། །ཞེས་བྱ་བའི་དོན་འཆད་པ་ནི་རང་གི་ཞེས་པའོ། །གཉིས་པ་གཞན་ལ་བདེ་བ་བསྒྲུབ་པ་ལ་མི་བཟོད་པ་དགག་པ་ནི་སེམས་ཅན་ཐམས་ཅད་ཅེས་པ་སྟེ། བདག་གིས་བསྒྲུབ་པར་བྱ་བའི་དོན་རང་གིས་བསྒྲུབ་མ་དགོས་པར་གྲུབ་པས་དེ་ལ་དགའ་བར་རིགས་སོ་ཞེས་བྱ་བའོ། །རྙེད་པ་བསྒྲུབ་པ་ལ་མི་བཟོད་པ་དོར་བ་ནི་གཉིས་ཏེ། འདོད་པ་གྲུབ་པ་དང༌། མི་འདོད་པ་མེད་པའོ། །དང་པོ་ནི་གཞན་བྱང་ཆུབ་འདོད་ལ་བདེ་བ་དམན་པ་མི་འདོད་པ་འགལ་བ་དང༌། གཞན་གྱི་བདེ་བ་འདོད་བྱ་ཡིན་པའི་དཔེ་དང༌། གཞན་བདེ་བ་མི་འདོད་ན་སེམས་བསྐྱེད་པ་འགལ་བ་གསུམ་འཇིག་རྟེན་ཞེས་པ་དང༌། གསོ་བྱ་ཞེས་པ་དང༌། དེ་ཅི་ཞེས་པ་ནས་རིམ་པ་བཞིན་ནོ། །གཉིས་པ་ནི་གཞན་གྱི་རྙེད་པ་དང་མ་རྙེད་པ་བདག་ལ་ཕན་པ་མེད་པར་མཚུངས་པ་དང༌། རང་གི་མ་རྙེད་པ་རང་གིས་ཉེས་པར་བརྟག་པ་གཉིས་གལ་ཏེ་ཞེས་པ་དང༌། བསོད་ནམས་ཞེས་པ་ནས་རིམ་པ་བཞིན་ནོ། །དེ་ལ་བསོད་ནམས་ནི་ཚེ་རབས་གཞན་དུ་སྟེར་བའི་ལས་བསགས་པའོ། །དད་པ་ནི་འདི་ཉིད་དུ་སྦྱིན་བདག་དད་པའི་ཐབས་སོ། །ཡོན་ཏན་ནི་ཚུལ་ཁྲིམས་ལ་སོགས་པའོ། །དེ་དག་རང་ཉིད་ཀྱིས་ཚེ་སྔ་མ་ལ་ཅིའི་ཕྱིར་འདོར། དེས་ན་རང་ཉིད་ཀྱིས་ཚེ་སྔ་མ་ལ་དེ་དག་དོར་ཏེ་སྡིག་པ་བྱས་པའི་ཉེས་པ་ཡིན་བཞིན་དུ་གཞན་ལ་ཅི་སྟེ་ཁྲོ་ཞེས་པའོ། །དེ་ལྟར་མི་འདོད་པར་བྱེད་པ་ལ་ཁྲོ་བའི་རྒྱུ་མཚན་བཀག་ནས། འདོད་པའི་གེགས་བྱེད་པ་ལ་མི་བཟོད་པ་འདོར་བ་ནི་གཉིས་ཏེ། དགྲ་ལ་ཉེས་པ་འགྲུབ་པའི་གེགས་བྱེད་པ་ལ་མི་བཟོད་པར་འདོར་བ་དང༌། བདག་དང་བདག་གི་ཕྱོགས་ལ་ལེགས་པའི་གེགས་བྱེད་པ་ལ་མི་བཟོད་པ་དོར་བའོ། །དང་པོ་ལ་དགའ་བའི་ཡུལ་དགྲ་ལ་གནོད་པ་རང་ལ་མི་ཕན་པ་དང༌། ཡུལ་ཅན་གཞན་ལ་གནོད་སེམས་ཀྱིས་གཞན་ལ་མི་འདོད་པ་དང༌། ཡུལ་ཅན་གནོད་སེམས་ཀྱིས་རང་ལ་གནོད་པ་གསུམ། གལ་ཏེ་ཞེས་པ་དང༌། ཁྱོད་ཀྱི་ཞེས་པ་དང༌། ཁྱོད་ཀྱི་ཞེས་པ་ནས་རིམ་པ་བཞིན་ཏེ། གཞན་ལ་སྡུག་བསྔལ་བསྐྱེད་པས་བདག་ཕུང་བ་ནི་ངན་འགྲོར་འགྲོ་བའོ། །ཇི་ལྟར་འགྲོ་ཞེ་ན་ཉོན་མོངས་ཞེས་པ་སྟེ། ཞེ་སྡང་གིས་མཆིལ་པས་བཟུང་ནས་དམྱལ་བ་འབུམ་པར་འཚོད་པའོ། །གཉིས་པ་ལ་གཉིས་ཏེ། འཇིག་རྟེན་པའི་ཆོས་འགོག་པ་ལ་མི་བཟོད་པ་དོར་བ་དང༌། བསོད་ནམས་ཀྱི་གེགས་བྱེད་པ་ལ་མི་བཟོད་པར་དོར་བའོ། །དང་པོ་ལ་གཉིས་ཏེ། བསྟོད་གྲགས་འཇིག་པ་ལ་གནོད་བྱེད་དུ་མི་ལྟ་བ་དང༌། འཇིག་རྟེན་པའི་ཆོས་འགོག་པ་ལ་ཕན་འདོགས་སུ་ལྟ་བའོ། །དང་པོ་ལ་བཞི་སྟེ། བསྟོད་གྲགས་ལ་ཕན་བདེ་མེད་པ་དང༌། དགའ་བ་ཙམ་དོན་མ་ཡིན་པ་དང༌། དོན་དུ་འཛིན་པ་ཕྱིན་ཅི་ལོག་ཡིན་པ་དང༌། དགའ་བ་ཉིད་ཕྱིན་ཅི་ལོག་ལས་གྱུར་པའོ། །དང་པོ་ནི་བསྟོད་དང་ཞེས་པ་སྟེ། བསོད་ནམས་ནི་ཚེ་ཕྱི་མའི་དོན་ཡིན་ལ། ལྷག་མ་ནི་ཚེ་འདིའི་དོན་ཏོ། །གཉིས་པ་ཡིད་བདེ་ཞེས་པའོ། །གསུམ་པ་ནི་ཚེ་འདིའི་བདེ་བ་ཉམས་པ་དང༌། བརྗོད་པ་ཙམ་ལ་སྙིང་པོ་མེད་པ་དང༌། ཕྱི་མའི་དོན་མེད་པ་དང༌། དེའི་དཔེ་དང༌། དོན་ལ་སྦྱར་བ་རྣམས་གྲགས་པའི་ཞེས་པ་དང༌། ཚིག་འབྲུ་ཞེས་པ་དང༌། ཤི་ན་ཞེས་པ་དང༌། བྱེ་མའི་ཞེས་པ་དང༌། དེ་བཞིན་ཞེས་པ་ནས་རིམ་པ་བཞིན་ནོ། །བཞི་པ་ནི་སྒྲ་ཙམ་དགའ་བའི་རྒྱུར་མི་རུང་བ་དང༌། བསྟོད་པ་པོའི་ཀུན་སློང་དགའ་བའི་རྒྱུར་མི་རུང་བ་དང༌། དེ་ཉིད་བཟློག་པས་བསྒྲུབ་པ་དང༌། དོན་བསྡུ་བ་བཞིའོ། །དང་པོ་ནི་རེ་ཞིག་ཅེས་པ་སྟེ། གུས་པ་མེད་པའི་བསྟོད་པའི་སྒྲ་ཙམ་ནི་ཁ་གསག་ལ་ཡང་ཡོད་པས་དགའ་བའི་རྒྱུ་མ་ཡིན་པས་སྒྲ་ལ་དེ་འགོག་པའོ། །གཉིས་པ་ནི་བདག་ལ་ཞེས་པ་སྟེ། གཞན་བདག་ལ་དགའ་བས་བདག་ལ་མི་ཕན་ཏེ། གཞན་དགའ་བ་དེ་དགའ་བ་པོ་ལ་ཡིད་བདེ་བ་ཙམ་མོ་ཞེས་པས་སོ། །གསུམ་པ་ནི་དེ་བདེ་བ་ཡིས་ཞེས་པ་སྟེ། གཞན་བདེ་བ་ལ་བདག་བདེ་ན་འོ་ན་གཞན་ལ་དགའ་བ་བསྒྲུབ་དགོས་པས་གཞན་བདེ་བ་ལ་མི་བཟོད་པ་ནི་མི་རིགས་སོ་ཞེས་སོ། །དོན་བསྡུ་བ་ནི་དེ་བས་བདག་ལ་ཞེས་པའོ། །གཉིས་པ་འཇིག་རྟེན་གྱི་ཆོས་འགོག་པ་ལ་ཕན་འདོགས་བྱེད་དུ་ལྟ་བ་ནི། ངན་འགྲོ་འགོག་པ་དང༌། ཐར་པ་བསྒྲུབ་པའོ། །དང་པོ་ནི་བསྟོད་པ་ལ་སོགས་པས་ངན་འགྲོའི་རྒྱུ་ལ་སྦྱོར་བ་དང༌། དེ་སྤོང་བ་ནི་ངན་འགྲོའི་རྒྱུ་སྤོང་བ་ཡིན་པ་གཉིས་བསྟོད་སོགས་ཞེས་པ་དང༌། དེ་ཕྱིར་ཞེས་པ་ནས་རིམ་པ་བཞིན་ནོ། །གཉིས་པ་ནི། རྙེད་པ་དང་བཀུར་སྟི་འཁོར་བར་འཆིང་བའི་རྒྱུ་ཡིན་པ་དང༌། དེ་བཟློག་པ་འཆིང་བ་ལས་ཟློག་བྱེད་ཡིན་པ་དང༌། སྡུག་བསྔལ་བཟློག་པའི་དཔེ་དང༌། དེས་ན་ཁྲོ་བར་མི་རིགས་པ་བཞི་བདག་ནི་གྲོལ་བ་ཞེས་པ་དང༌། གང་དག་ཅེས་པ་དང༌། བདག་ནི་ཞེས་པ་དང༌། དེ་ལ་ཞེས་པ་ནས་རིམ་པ་བཞིན་ནོ། །གཉིས་པ་བསོད་ནམས་ཀྱི་གེགས་བྱེད་པ་ལ་མི་བཟོད་པ་དོར་བ་ལ་གསུམ་སྟེ། བསོད་ནམས་ཀྱི་གེགས་ཀྱིས་ཁྲོ་བར་འགལ་བ་དང༌། གེགས་ཉིད་མ་ཡིན་པ་དང༌། གུས་པའི་ཡུལ་དུ་བརྟག་པའོ། །དང་པོ་ནི་འདི་ནི་ཞེས་པ་སྟེ། བསོད་ནམས་གཞན་གྱི་གེགས་ཡིན་པ་དང༌། བཟོད་པའི་གྲོགས་ཡིན་པས་གྲོགས་དེ་དང་ཕྲད་ན་དགེ་བ་གཞན་བཏང་སྙོམས་སུ་བྱས་ཏེ་བཟོད་པ་བསྒོམ་པར་རིགས་སོ་ཞེས་བྱ་བའོ། །གལ་ཏེ་བཟོད་པའི་རྐྱེན་ཡོད་ཀྱང་རྒྱུ་མེད་པས་བཟོད་པ་མི་འབྱུང་ངོ་ཞེ་ན། འོ་ན་བཟོད་པའི་རྐྱེན་གཞན་ལ་ཚང་ཡང་རྒྱུ་རང་ལ་མ་ཚང་བས་རང་གི་གེགས་བྱས་སོ་ཞེས་པ་ནི། གལ་ཏེ་ཞེས་པའོ། །གཉིས་པ་ནི་གང་ཞིག་ཅེས་པ་སྟེ། གནོད་བྱེད་དེ་ཉིད་ཆོས་ཅན་ཇི་ལྟར་གེགས་དེ་གེགས་མ་ཡིན་པ་བསྒྲུབ་བྱ། དགེ་བའི་རྒྱུ་ཡིན་པའི་ཕྱིར་གཏན་ཚིགས་མ་གྲུབ་ཅེ་ན། གང་ཞིག་ཅེས་གསུངས་ཏེ། གནོད་བྱེད་ཆོས་ཅན་བཟོད་པའི་རྒྱུ་ཡིན་ཏེ། གནོད་བྱེད་མེད་ན་བཟོད་པ་མི་འབྱུང་བའི་ཕྱིར་རོ། །སློངས་མོ་པ་མེད་ན་སྦྱིན་པ་མི་འབྱུང་བས་སློངས་མོ་པ་སྦྱིན་པའི་རྒྱུ་ཡིན་པའམ། མཁན་པོ་མེད་ན་རབ་ཏུ་བྱུང་བ་མི་འབྱུང་བས་མཁན་པོ་རབ་ཏུ་འབྱུང་བའི་རྒྱུ་ཡིན་པ་བཞིན་ནོ། །དཔེ་དེ་ཉིད་འཆད་པའི་དུས་སུ་ཞེས་པ་སྟེ། དང་པོ་སྦྱིན་པའི་དཔེ་ཡིན་ལ། གཉིས་པ་ཚུལ་ཁྲིམས་ཀྱི་དཔེའོ། །གུས་པའི་ཡུལ་དུ་བརྟག་པ་ལ་གཉིས་ཏེ། རང་གི་ཡོན་ཏན་གྱིས་གུས་པར་བྱ་བ་དང༌། སྟོན་པ་ལ་དད་པས་གུས་པར་བྱ་བའོ། །དང་པོ་ལ་གསུམ་སྟེ། ཕན་འདོགས་ཆེ་བ་དང༌། བསམ་པའི་ཡོན་ཏན་ལ་མི་ལྟོས་པ་དང༌། དེས་ན་སྟོན་པ་དང་འདྲ་བར་བལྟ་བའོ། །དང་པོ་ནི་བཟོད་པའི་ཞིང་སྦྱིན་པའི་ཞིང་བས་དཀོན་པ་དང༌། དཀོན་པ་དེ་བྱང་ཆུབ་ཀྱི་གྲོགས་ཡིན་པ་དང༌། དེས་ན་དེ་ལ་དགའ་བར་རིགས་པ་དང༌། འབྲས་བུ་སྟོར་བར་རིགས་པ་བཞི་འཇིག་རྟེན་ཞེས་པ་དང༌། དེ་བས་ཞེས་པ་དང༌། བདག་གི་ཞེས་པ་དང༌། འདི་ན་ཞེས་པ་ནས་རིམ་པ་བཞིན་ནོ། །གཉིས་པ་བསམ་པའི་ཡོན་ཏན་ལ་མི་ལྟོས་པ་ནི་ཕན་པའི་བསམ་པ་མེད་ཀྱང་གུས་པའི་གནས་ཡིན་པའི་དཔེ་དང༌། གནོད་པའི་བསམ་པ་མེད་ན་བཟོད་པའི་ཞིང་མ་ཡིན་པ་གཉིས་གལ་ཏེ་ཞེས་པ་དང༌། གལ་ཏེ་ཞེས་པ་ནས་རིམ་པ་བཞིན་ནོ། །གསུམ་པ་སྟོན་པ་དང་འདྲ་བར་བལྟ་བ་ནི། སྟོན་པ་བསོད་ནམས་ཀྱི་རྟེན་ཡིན་པས་མཆོད་པར་བྱ་བ་ཡིན་པ་ལྟར་སེམས་ཅན་ཡང་བསོད་ནམས་ཀྱི་རྟེན་ཡིན་པས་མཆོད་པ་བྱ་བ་མཉམ་དུ་ལྟ་བའོ། །དེ་ལ་ལྔ་སྟེ། ལུང་གི་མདོར་གཞག་པ་དང༌། དེ་ཉིད་བསྒྲུབ་པ་དང༌། དེས་ན་གུས་པའི་ཡུལ་དུ་མཉམ་པ་དང༌། དེ་ལ་རྩོད་པ་སྤང་བ་དང༌། དོན་བསྡུ་བའོ། །དང་པོ་ནི་དེའི་ཕྱིར་ཞེས་རྐང་པ་གཉིས་ཏེ། སེམས་ཅན་ནི་བཟོད་པ་དང་སྙིང་རྗེ་ལ་སོགས་པའི་ཞིང་ཡིན་ལ། སངས་རྒྱས་ནི་དད་པ་དང༌། མཆོད་པ་ལ་སོགས་པའི་ཞིང་ཡིན་ནོ། །ཐུབ་པས་གང་དུ་གསུངས་སྙམ་ན། ཆོས་ཡང་དག་པར་སྡུད་པ་ལས་སེམས་ཅན་གྱི་ཞིང་ནི་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཞིང་སྟེ། སངས་རྒྱས་ཀྱི་ཞིང་གང་ལ་སངས་རྒྱས་ཀྱི་ཞིང་རྣམས་ཐོབ་པར་འགྱུར་བ་དེ་ལ་ལོག་པར་བསྒྲུབ་པར་མི་རིགས་སོ་སྙམ་མོ་ཞེས་གསུངས་སོ། །གཉིས་པ་ནི་འདི་དག་ཅེས་པ་སྟེ། སེམས་ཅན་འདི་ཁོ་ན་ལ་ཞིང་དུ་བྱས་ནས་འདས་པའི་སངས་རྒྱས་མང་པོ་འཁོར་བ་ལས་གྲོལ་བས་འདི་ཞིང་ཡིན་ནོ་ཞེས་བྱ་བའོ། །གསུམ་པ་ནི་སེམས་ཅན་རྣམས་དང་ཞེས་པ་སྟེ། ཞིང་དེ་ལ་སངས་རྒྱས་ཀྱི་ཆོས་འགྲུབ་པར་འདྲ་བ་ལ་སེམས་ཅན་ལ་གུས་པ་མི་བྱེད་ལ་སངས་རྒྱས་ལ་གུས་པ་བྱེད་པ་འགལ་ལོ་ཞེས་བྱ་བའོ། །འོ་ན་གཏན་ཁྱད་པར་མེད་པར་འགྱུར་རོ་ཞེ་ན། བཞི་པ་རྩོད་པ་སྤོང་བ་ནི། ཞིང་དུ་མཉམ་ཡང་སྤངས་རྟོགས་ལ་སོགས་པའི་ངོ་བོ་མི་མཉམ་པ་མི་འགལ་བ་དང༌། ངོ་བོ་མི་མཉམ་ཡང་ཚོགས་ཀྱི་ཞིང་ཡིན་པར་མཉམ་པ་དང༌། དེ་བསྒྲུབ་པ་གསུམ་བསམ་པའི་ཞེས་པ་དང༌། འབྲས་བུ་ལས་ཞེས་པ་དང༌། བྱམས་སེམས་ཞེས་པ་ནས་རིམ་པ་བཞིན་ནོ། །བྱམས་པ་བསྒོམ་པ་ལ་མཆོད་པ་དེ་དགེ་སློང་མི་སྡུག་པ་བསྒོམ་པ་ལ་མཆོད་པ་བས་བསོད་ནམས་ཆེ་བར་བཤད་པས་བྱམས་པའི་ཏིང་ངེ་འཛིན་ཁྱད་པར་དུ་འཕགས་ལ། དེའི་ཞིང་སེམས་ཅན་ཡིན་པས་སེམས་ཅན་ཞིང་དམ་པ་ཉིད་དུ་གྲུབ་བོ། །སངས་རྒྱས་ལ་དད་ན་བསོད་ནམས་ཡོད་པས་དད་པ་ཁྱད་པར་དུ་འཕགས་ལ་དེའི་ཞིང་སངས་རྒྱས་ཡིན་པས་སངས་རྒྱས་ཞིང་དམ་པ་ཉིད་དུ་འགྲུབ་བོ་ཞེས་བྱ་བའོ། །ལྔ་པ་དོན་བསྡུ་བ་ནི་གསུམ་སྟེ། འབྲས་བུ་མཉམ་པ་དང་ཡོན་ཏན་མི་མཉམ་པ་དང༌། སེམས་ཅན་དང་ཞིང་དམ་པ་ཉིད་དུ་གྲུབ་པ་བསྡུ་བའོ། །དང་པོ་ནི་སངས་རྒྱས་ཞེས་པ་སྟེ། སེམས་ཅན་དང་སངས་རྒྱས་དེ་དག་མཉམ་པར་འདོད་ཅེས་དྲང་ལ། ལྡོག་པ་གང་ལས་ཤེ་ན། དེ་གཉི་ག་ལ་ཞིང་བྱས་ནས་སངས་རྒྱས་ཀྱིས་ཆོས་འགྲུབ་པའི་རྐྱེན་བྱེད་པའི་ཆ་ཡོད་ན་མཉམ་ཞེས་པའོ། །གཉིས་པ་ནི་ཡོན་ཏན་ཞེས་པས་རྐང་པ་གཉིས་སོ། །གསུམ་པ་ནི་ཡོན་ཏན་ཞེས་པ་སྟེ། ཡོན་ཏན་མཆོག་གི་ཚོགས་ནི་སྟོབས་ལ་སོགས་པ་མངའ་བའོ། །གཅིག་པུ་ཞེས་པ་ནི་ཟླ་བོ་མེད་པ་སྟེ་སངས་རྒྱས་སོ། །དེའི་ཡོན་ཏན་ཆ་ཤས་ཙམ་ཡོད་པ་ནི་སངས་རྒྱས་ལ་ཡོད་པའི་ཡོན་ཏན་ཀུན་སེམས་ཅན་ལ་ཡོད་པ་མི་སྲིད་ཀྱང་ལྡོག་པ་ཕྱོགས་གཅིག་ཡོད་པ་སྟེ། ཚོགས་ཀྱི་ཞིང་ཡིན་པའི་ལྡོག་པ་ཡོད་པའོ། །དེ་ནས་ཡོན་ཏན་དེ་རྒྱུ་ཙམ་དུ་བསྡུས་ནས་མཆོད་པ་ན། ཁམས་གསུམ་ཕུལ་ཡང་དངོས་པོ་ཆུང་ངོ་ཞེས་བྱ་བའོ། །ཚོགས་ཀྱི་ཞིང་ཡིན་པའི་རྒྱུ་མཚན་གྱིས་མཆོད་པར་རིགས་པར་བསྒྲུབ་པ་རྒྱས་པར་བཤད་པ་ནི་སངས་རྒྱས་ཞེས་པ་སྟེ། རྐང་པ་དང་པོ་གཉིས་ཀྱིས་རྟགས་བཀོད་ནས་ཕྱི་མ་གཉིས་ཀྱིས་བསྒྲུབ་བྱའི་དོན་ལ་སྦྱར་རོ། །དེ་ལྟར་རང་གི་ཡོན་ཏན་གྱི་གུས་པའི་ཡུལ་དུ་བསྒྲུབས་ནས་གཉིས་པ་སྟོན་པ་ལ་དད་པས་གུས་པར་བྱ་བ་ནི། སྟོན་པས་སེམས་ཅན་བདག་གིར་མཛད་པ་དང༌། སྟོན་པས་སེམས་ཅན་བདག་ཏུ་མཛད་པའོ། །དང་པོ་ལ་དྲུག་སྟེ། མདོར་དགོད་པ་དང༌། གནོད་པ་ལ་བཟོད་པར་བྱ་བ་དང༌། ཁེངས་པ་སྤང་བ་དང༌། གནོད་པ་སྤང་བ་དང༌། ཐུབ་པ་མི་དགོས་པའི་སྡིག་པ་བཤགས་པ་དང༌། ཕྱིན་ཆད་བསྡམ་པའོ། །དང་པོ་ནི་གཞན་ཡང་ཞེས་པ་སྟེ། གཡོ་བ་མེད་པའི་གཉེན་ནི་བྱམས་པའི་བསམ་པའོ། །ཕན་པ་དཔག་མེད་མཛད་པ་ནི་སྦྱོར་བའོ། །དེ་ལྟ་བུ་བདག་ལ་ཕན་པ་མཛད་པ་ལ་ལན་སེམས་ཅན་མགུ་བས་ལན་ལོན་པ་ནི་དེས་དེ་བདག་གིར་བཟུང་བས་སོ། །གཉིས་པ་ནི་གང་ཕྱིར་ཞེས་པ་སྟེ། དེའི་དོན་དུ་སྐུ་བཏང་ནས་མནར་མེད་པར་འཇུག་པས་སེམས་ཅན་ལ་ཕན་བཏགས་པས་སངས་རྒྱས་ལ་ལན་ལོན་པས་སེམས་ཅན་གྱི་གནོད་པ་བཟོད་པར་བྱའོ་ཞེས་པའོ། །གསུམ་པ་ནི་རེ་ཞིག་ཅེས་པ་སྟེ། བདག་གི་རྗེ་སངས་རྒྱས་ཀྱང་དེའི་དོན་བསྒྲུབ་པ་ལ་ཁེངས་པ་མི་བྱེད་ན་བདག་དེའི་བསྒྲུབ་པ་ལ་ཁེངས་པ་མི་རིགས་པས་དེའི་བྲན་བྱའོ་ཞེས་པའོ། །བཞི་པ་ནི་གང་དག་ཅེས་པ་སྟེ། བདག་གིར་བཟུང་བའི་ལུས་ལས་མེ་བྱུང་ན་ཁ་ཟས་ལ་སོགས་པ་གང་གིས་ཀྱང་ཡིད་བདེ་བ་མེད་པ་ལྟར་བདག་གིར་བཟུང་བའི་སེམས་ཅན་ལ་གནོད་ན་སངས་རྒྱས་མི་དགོས་སོ་ཞེས་བྱ་བའོ། །ལྔ་པ་ནི་དེ་བས་ཞེས་པས་སླ་བར་ཟད་དོ། །དྲུག་པ་ནི་དེ་བཞིན་གཤེགས་པ་རྣམས་ལ་ཞེས་པའོ། །སྟོན་པས་བདག་ཏུ་མཛད་པ་ནི། འགྲོ་བ་འདི་ཀུན་ཞེས་པ་སྟེ། སེམས་ཅན་གྱི་ངོ་བོར་མཐོང་ཡང་འཇིག་རྟེན་གྱི་མགོན་པོ་ཡིན་པ་ནི། དེ་དང་འདྲ་བར་མཐོང་བས་སོ། །དེ་ལྟར་ཁྲོ་བའི་མཚན་མ་བཟློག་ནས་བཟོད་པའི་འབྲས་བུ་ཡིད་ལ་བྱ་བ་ལ་བཞི་སྟེ། མདོར་བསྟན་པ་དང༌། འབྲས་བུའི་དབང་དུ་བྱས་པའི་དཔེ་དང༌། དཔེ་ལས་ཁྱད་པར་དུ་འཕགས་པ་དང༌། འབྲས་བུའི་རྣམ་གྲངས་བསྡུ་བའོ། །དང་པོ་ནི་འདི་ཉིད་ཅེས་པ་སྟེ། བསྒྲུབ་པའི་མཆོད་པས་རྒྱལ་བ་མཉེས་པ་དང༌། རང་གི་དོན་གྲུབ་པ་དང༌། སེམས་ཅན་སྒྲོལ་བའི་མཐུ་ཐོབ་པ་གསུམ་རྐང་པ་གཅིག་དང་གཅིག་དང་གཉིས་རིམ་པ་བཞིན་ནོ། །གཉིས་པ་ནི་དཔེར་ན་ཞེས་པ་སྟེ་རྒྱལ་པོའི་འཁོར་གནོད་པ་བྱེད་པ་ལ་ལན་དུ་གནོད་པ་བྱེད་ནུས་ཀྱང་རྒྱལ་པོ་འཇིགས་ནས་མི་བྱེད་པ་ལྟར་དམྱལ་བར་སྐྱེས་པ་དང་བཀའ་དང་འགལ་བས་འཇིགས་ནས། ནུས་ཀྱང་སེམས་ཅན་ལ་གནོད་པ་མི་བྱེད་པའོ། །གསུམ་པ་ནི་གནོད་པའི་འབྲས་བུ་ཚེ་འདིའི་གནོད་པ་བས་ངན་སོང་གི་གནོད་པ་ཁྱད་པར་དུ་འཕགས་པ་དང༌། ཕན་པའི་འབྲས་བུ་ཚེ་འདིའི་ཕན་པ་བས་སངས་རྒྱས་ཀྱི་ཕན་པ་ཁྱད་པར་དུ་འཕགས་པ་གཉིས་རྒྱལ་པོ་ཞེས་པ་དང༌། རྒྱལ་པོ་ཞེས་པ་ནས་རིམ་པ་བཞིན་ནོ། །འབྲས་བུའི་རྣམ་གྲངས་བསྡུ་བ་ནི་གཙོ་བོའི་འབྲས་བུ་དང༌། མཐོང་བའི་འབྲས་བུ་དང༌། རྣམ་སྨིན་གྱི་འབྲས་བུ་གསུམ་སེམས་ཅན་ཞེས་པ་དང༌། ཚེ་འདི་ཉིད་ལ་ཞེས་པ་དང༌། འཁོར་ཚེ་ཞེས་པ་ནས་རིམ་པ་བཞིན་ནོ། །བཟོད་པའི་ལེའུ་སྟེ་དྲུག་པའོ།།  །།བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བཞི་སྟེ། བརྩོན་འགྲུས་ལ་སྤྲོ་བ་བསྐྱེད་པ་དང༌། བརྩོན་འགྲུས་ཀྱི་ངོ་བོ་དང༌། མི་མཐུན་པའི་ཕྱོགས་སྤང་བ་དང༌། བརྩོན་འགྲུས་ཡང་དག་པར་སྤེལ་བའོ། །དང་པོ་ནི་བྱང་ཆུབ་ཀྱི་བརྒྱུད་པའི་རྒྱུ་ཡིན་པར་རྗེས་འགྲོའི་སྒོ་ནས་བསྟན་པ་དང༌། བསོད་ནམས་ཀྱི་དངོས་ཀྱི་རྒྱུ་ཡིན་པར་ལྡོག་པའི་སྒོ་ནས་བསྟན་པ་གཉིས་དེ་ལྟར་ཞེས་པ་དང༌། རླུང་མེད་ཅེས་པ་ནས་རིམ་པ་བཞིན་ནོ། །གཉིས་པ་ནི་བརྩོན་གང་ཞེས་པ་ནི་མཚོན་བྱའོ། །མཚན་ཉིད་ལ་དམིགས་པ་ནི་དགེ་ལ་ཞེས་པ་དང༌། དེས་མི་དགེ་བ་དང་ཐ་མལ་པའི་སྤྲོ་བ་བསལ་བའོ། །སྤྲོ་བའོ་ཞེས་པ་རྣམ་པའོ། །གསུམ་པ་ལ་བཞི་སྟེ། མི་མཐུན་ཕྱོགས་མདོར་བསྟན་པ་དང༌། སྦྱོར་བ་མེད་པའི་ལེ་ལོ་སྤང་བ་དང༌། བྱ་བ་ངན་པ་ལ་ལེ་ལོ་སྤང་བ་དང༌། སྒྱིད་ལུག་པའི་ལེ་ལོ་སྤང་བའོ། །དང་པོ་ནི་དེ་ཡི་ཞེས་པ་རྐང་པ་གསུམ་སྟེ། ལེ་ལོ་ནི་བདེ་བ་དམན་པ་ལ་ཡིད་ཆགས་ནས་གང་ལ་ཡང་མི་སྤྲོ་བའོ། །ངན་ལ་ཞེས་པ་ནི་མི་དགེ་བ་ལ་སྤྲོ་བའོ། །སྒྱིད་ལུག་བདག་ཉིད་བརྙས་པ་ནི། འབྲས་བུ་ལ་རེ་བ་ཆད་པའོ། །གཉིས་པ་སྦྱོར་བ་མེད་པའི་ལེ་ལོ་སྤང་བ་ལ་གསུམ་སྟེ། མི་སྦྱོར་བའི་རྒྱུ་བརྟགས་ཏེ་བཟློག་པ་དང༌། ཚེ་འདིའི་ཉེས་པ་བརྟགས་ཏེ་བཟློག་པ་དང༌། ཚེ་ཕྱི་མའི་སྡུག་བསྔལ་བརྟགས་ཏེ་བཟློག་པའོ། །དང་པོ་ནི་སྙོམ་ལས་ཞེས་པ་སྟེ། སྙོམ་ལས་དང༌། བསམ་པ་འཁོར་བས་མི་སྐྱོ་བ་ལ་ལེ་ལོ་སྐྱེའོ་ཞེས་པའོ། །གཉིས་པ་ལ་བདུན་ཏེ། མི་རྟག་པས་ངེས་པར་ཟིན་པ་དང༌། དཔེ་ལ་མཐོང་བ་དང༌། རང་ལ་འབབ་པ་དང༌། དུས་ལ་སྡོད་པར་མི་ནུས་པ་དང༌། འཆི་བའི་ཚེ་དུས་ལས་འདས་པ་དང༌། དུས་ལས་བསྡད་པར་མི་ནུས་པ་ཉིད་བཤད་པ་དང༌། སྡུག་བསྔལ་གྱི་རྣམ་པ་ཉིད་བརྗོད་པའོ། །དང་པོ་ནི་ཉོན་མོངས་ཞེས་པ་སྟེ། རྒྱར་ཆུད་ན་མི་འཁོར་བ་ལྟར་ཚེ་སྔ་མའི་ཉོན་མོངས་ལས་བྱུང་བའི་སྐྱེ་བའི་རྒྱར་ཆུད་ན་ངེས་པར་འཆི་བས་སོ། །གཉིས་པ་ནི་རང་སྡེ་ཞེས་པ་སྟེ། སྐྱེ་བར་ཆུད་པ་རང་དང་འདྲ་བ་ཐམས་ཅད་ཤི་བར་མཐོང་བས་གཉིད་དང་སྙོམ་ལས་བོར་ནས་བརྩོན་པར་རིགས་སོ་ཞེས་བྱ་བའོ། །གདོལ་བ་དང་མ་ཧེ་ནི་གདོལ་པས་མ་ཧེ་སྔ་མ་བསད་ཀྱང་ཕྱི་མ་སྐྲག་པའི་རྒྱུར་མི་འགྱུར་བའོ། །གསུམ་པ་ནི་ལམ་ནི་ཞེས་པ་སྟེ། འཆི་བ་ལས་ལམ་གཞན་མེད་ཀྱང་སྙོམ་ལས་ལ་ཇི་ལྟར་ཆགས་ཞེས་བྱ་བའོ། །བཞི་པ་ནི་མྱུར་བ་ཉིད་དུ་ཞེས་བྱ་བའོ། །ལྔ་པ་ནི་དེ་ཚེ་ཞེས་པ་སྟེ། འཆི་བའི་དུས་བྱེད་པ་ན་བརྩོན་པ་བྱས་ཀྱང་ད་ངེས་པར་འཆི་བས་དགེ་བ་མི་འགྲུབ་བོ་ཞེས་བྱ་བའོ། །དྲུག་པ་ནི་འདི་ནི་ཞེས་བྱ་བ་སྟེ། ལས་མ་བྱས་པ་དང༌། བརྩམས་པ་ཙམ་དང༌། ཕྱེད་བྱས་པ་ལ་སོགས་པ་མ་རྫོགས་པ་ལའང་འཆི་བདག་འོངས་ནས་དེ་ལས་འཕྲོ་ལུས་པས་བཅོམ་ཞེས་མྱ་ངན་བྱེད་པའོ། །བདུན་པ་ནི་ཚེ་འདིའི་ཉེ་དུ་འདོར་བ་དང༌། ཕྱི་མའི་སྣང་བ་ཤར་བ་དང༌། ཡིད་ལ་གཅགས་པ་མང་བ་དང༌། འཇིགས་པ་ཤས་ཆེ་བ་བཞི་སྟེ། མྱ་ངན་ཞེས་པ་དང༌། གཤིན་རྗེ་ཞེས་པ་དང༌། རང་སྡིག་ཅེས་པ་དང༌། དམྱལ་བའི་ཞེས་པ་ནས་རིམ་པ་བཞིན་ནོ། །ཕྱི་མའི་སྡུག་བསྔལ་བརྟགས་ཏེ་བཟློག་པ་ནི་བཞི་སྟེ། སྡུག་བསྔལ་ངེས་པར་འབྱུང་བ་དང༌། བརྣག་པར་དཀའ་བ་དང༌། འགལ་བ་འདུ་བ་དང༌། དེ་ལས་ཐར་པའི་ཐབས་ལས་བསྐུལ་བའོ། །དང་པོ་ལ་ཁྱོད་ནི་ཞེས་པ་སྟེ། འཆི་ཀ་མའི་སྡུག་བསྔལ་ལ་མི་བཟོད་ན་དམྱལ་བའི་སྡུག་བསྔལ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའོ། །གཉིས་པ་ནི་ཆུ་ཚན་ཞེས་པའོ། །གསུམ་པ་ནི་བདེ་བ་འདོད་ཅིང་རྒྱུ་ལ་གཡེལ་བ་དང༌། སྲན་ཆུང་ལ་སྡུག་བསྔལ་ཆེ་བ་དང༌། རིང་དུ་གནས་པར་དགའ་ཞིང་འཆི་བས་ཟིན་པ་གསུམ། བརྩོན་མེད་ཅེས་པ་དང༌། བཟེ་རེ་ཞེས་པ་དང༌། འཆི་བས་ཞེས་པ་ནས་རིམ་པ་བཞིན་ནོ། །ལྷ་འདྲ་ཞེས་པ་ནི་དེ་ལ་རིང་དུ་གནས་པར་དགའ་བའོ། །བཞི་པ་ནི་མི་ཡི་གྲུ་ཞེས་པའོ། །གསུམ་པ་བྱ་བ་ངན་པ་ལ་དགའ་བའི་ལེ་ལོ་སྤང་བ་ནི། དགའ་བའི་རྒྱུ་ནི་ཞེས་པ་སྟེ། དམ་པའི་ཆོས་ཀྱི་རོ་ལ་དགའ་བས་ནི་མ་འོངས་པའི་དགའ་བ་སྣ་ཚོགས་འགྲུབ་པས་དགའ་བའི་རྒྱུ་མཐའ་ཡས་པའོ། །དེ་སྤངས་ནས་སྡུག་བསྔལ་གྱི་རྒྱུ་ལ་བརྟེན་པའི་འདོད་པའི་ཡུལ་ཞེན་པ་ལ་དགའ་བ་དེ་སྤང་བའོ། །བཞི་པ་ནི་སྒྱིད་ལུག་གི་ལེ་ལོ་སྤང་བ་ལ་གསུམ་སྟེ། གཉེན་པོ་འབྲས་བུ་དང་བཅས་ཏེ་མདོར་བསྟན་པ་དང༌། རྒྱུ་མེད་པས་སྒྱེད་ལུག་པའི་གཉེན་པོ་ཡིད་ལ་བྱ་བ་དང༌། སྦྱོར་མི་བཟོད་པས་སྒྱིད་ལུག་པའི་གཉེན་པོ་ཡིད་ལ་བྱ་བའོ། །དང་པོ་ནི་སྒྱིད་ལུག་མེད་དང་ཞེས་བྱ་བ་སྟེ། སྒྱིད་ལུག་མེད་པ་ནི་བྱ་བ་ཁྱད་པར་ཅན་ལ་སེམས་གཟེངས་མཐོ་བའི་རྣམ་པ་ཅན་རང་གི་ངོ་བོའོ། །སྒྱིད་ལུག་པའི་གཉེན་པོ་ནི། དཔུང་ཚོགས་ཞེས་བྱ་བ་ལ་སོགས་པ་སྟེ། སྦྱོར་བ་མོས་པ་དང༌། དངོས་གཞི་བརྟན་པ་དང༌། དགའ་བ་དང༌། རྗེས་དོར་བའི་དཔུང་ནི་སྦྱོར་བ་གྲིམས་པར་ཞུགས་པས་རྒྱུད་འོས་སུ་གྱུར་པ་ལ་དཔུང་གི་ཚོགས་བསགས་ནས་གཡུལ་འབེབས་པ་ལྟ་བུའོ། །ལྷུར་བླངས་པ་དང༌། བདག་ཉིད་དབང་དུ་བྱས་པ་ཡང་སྔར་བཤད་པའི་རྣམ་པ་ཁོ་ན་ཡིན་ནོ། །དེ་ལ་སེམས་མཉམ་པར་གཞག་སྟེ། བདག་དང་གཞན་དུ་མཉམ་པ་དང༌། བདག་དང་གཞན་བརྗེ་བ་ནི་འབྲས་བུའོ། །གཉིས་པ་རྒྱུ་མེད་པས་སྒྱིད་ལུག་པའི་གཉེན་པོ་ཡིད་ལ་བྱ་བ་ནི་བདག་གིས་ཞེས་པ་ལ་སོགས་པ་སྟེ། དེ་ལ་རྟེན་དམན་པ་དུད་འགྲོས་ཀྱང་ཐོབ་པར་རུང་བ་ནི། བླ་མེད་ཐོབ་པ་ཡན་ཆད་དོ། །བདག་དལ་བའི་རྟེན་ཐོབ་པ་དང༌། བླང་དོར་དམིགས་ཕྱེད་པས་སྤྱོད་པ་མདོར་ན་ཐོབ་པ་ནི་བདག་ལྟ་ཞེས་པའོ། །བརྩོན་པ་མ་བཏང་ན་བྱང་ཆུབ་ཐོབ་པ་ནི་དཀོན་མཆོག་སྤྲིན་ལས། འདི་དག་ནི་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་མི་འགྱུར་བས་ནི་བྱང་ཆུབ་ཐོབ་དཀའ་ལ། བརྩོན་འགྲུས་འདིའང་ཆུང་ཞིང་ཞན་ཏེ་བདག་ནི་ལེ་ལོ་ཅན་ནོ། །བྱང་ཆུབ་ནི་མགོ་ལ་མེ་འབར་བ་ཙམ་དུ་བསྐལ་པ་བརྒྱ་ཕྲག་མང་པོ་བསྒྲུབ་དགོས་པས་བདག་ནི་འདི་ལྟ་བུའི་ཁུར་བཀུར་བར་མི་སྤྲོའོ་སྙམ་དུ་སེམས་མི་བསྐྱེད་དེ། འོན་ཀྱང་བྱང་ཆུབ་སེམས་དཔའ་ནི་འདི་ལྟར་དེ་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་པར་རྫོགས་པར་སངས་རྒྱས་པ་དང༌། གང་དག་མངོན་པར་རྫོགས་པར་འཚང་རྒྱ་བ་དང༌། གང་དག་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དེ་དག་ཀྱང་ཚུལ་ཁྲིམས་འདི་འདྲ་བ་དང་བརྩོན་འགྲུས་འདི་འདྲ་བས་མངོན་པར་རྫོགས་པར་སངས་རྒྱས་པ་དང༌། མངོན་པར་རྫོགས་པར་འཚང་རྒྱ་བ་དང༌། མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གསུམ་པ་སྦྱོར་བ་མི་བཟོད་པས་སྒྱིད་ལུག་པའི་གཉེན་པོ་ཡིད་ལ་བྱ་བ་ནི་དཀའ་བ་དོན་ཆེ་བ་དང༌། སྡུག་བསྔལ་མེད་པ་དང༌། བདེ་བ་ཉིད་ཡིན་པ་གསུམ་མོ། །དང་པོ་ནི་འོན་ཏེ་ཞེས་པ་སྟེ། འཁོར་བའི་སྡུག་བསྔལ་ཁུར་ལྕི་བ་ལ་ལྟོས་ནས་སྤང་བ་དང༌། ཁུར་ལྕི་བའི་སྡུག་བསྔལ་ལ་དོན་མེད་པ་དང༌། ཁུར་ཡང་བའི་སྡུག་བསྔལ་ལ་དོན་ཡོད་པ་དང༌། སྡུག་བསྔལ་ཆུང་ངུས་ཆེན་པོ་སེལ་བ་དཔེས་བསྒྲུབ་པ་བཞི། འོན་ཏེ་ཞེས་པ་དང༌། བསྐལ་པ་ཞེས་པ་དང༌། བདག་གིས་ཞེས་པ་དང༌། སྨན་པ་ཞེས་པ་ནས་རིམ་པ་བཞིན་ནོ། །གཉིས་པ་ནི་སྨན་པ་མཆོག་ཏུ་གྱུར་པ་དང༌། གོམས་པས་འགྲུབ་པ་དང༌། དེའི་དཔེ་དང༌། གོམས་ཏེ་དཀའ་བ་མེད་པའི་ཚད་བཞི། གསོ་དཔྱད་ཅེས་པ་དང༌། ཆོ་ག་ཞེས་པ་དང༌། ཚོད་མ་ཞེས་པ་དང༌། གང་ཚེ་ཞེས་པ་ནས་རིམ་པ་བཞིན་ནོ། །གསུམ་པ་ནི་ལུས་བདེ་བ་མི་ཟད་པའི་རྒྱུ་ཡིན་པ་དང༌། སེམས་དགའ་བའི་རྒྱུ་ཡིན་པ་དང༌། ལུས་དང་སེམས་སྡུག་བསྔལ་གྱི་རྒྱུ་དང༌། དེ་ལས་བཟློག་པ་བདེ་བའི་རྒྱུ་དང༌། བྱེད་པ་ཁྱད་པར་དུ་འཕགས་པས་བསྔགས་པ་དང༌། བདེ་བའི་གཞིར་གྲུབ་པ་ཉིད་བསྡུ་བ་དྲུག སྡིག་པ་ཞེས་པ་དང༌། མཁས་པའི་ཞེས་པ་དང༌། འདི་ལྟར་ཞེས་པ་དང༌། བསོད་ནམས་ཀྱི་ཞེས་པ་དང༌། འདི་ནི་ཞེས་པ་དང༌། དེ་བས་ཞེས་པ་ནས་རིམ་པ་བཞིན་ཏེ། སྡུག་བསྔལ་གྱིས་ལུས་ལ་གནོད་པ་ཡིན་ལ། ལོག་པར་རྟོག་པས་སེམས་ལ་གནོད་པ་དགའ་བའི་བར་ཆད་ཡིན་ནོ། །བསོད་ནམས་དང་མཁས་པས་ལུས་དང་སེམས་བདེ་བ་ནི་དེ་ལས་བཟློག་པའི་ཕྱིར་རོ། །བརྩོན་འགྲུས་ཡང་དག་པར་སྤེལ་བ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི་སེམས་ཅན་ཞེས་པ་སྟེ། དོན་དུ་བྱ་བ་ནི་སེམས་ཅན་དོན་གྲུབ་བྱ་ཕྱིར་རོ། །ངོ་བོ་ནི་མོས་བརྟན་དགའ་དང་དོར་བ་སྟེ། བསམ་པའི་གོ་ཆ་མི་ཕྱེད་པས་འཇུག་པ་ནི་མོས་པའོ། །སྦྱོར་བ་མི་བསྒུལ་བ་ནི་བརྟན་པའོ། །སྦྱོར་བ་ནི་དེ་ཉིད་ཁྱད་པར་དུ་བྱ་བའི་ཕྱིར་སྤྲོ་བ་སྤེལ་བ་ནི་དགའ་བའོ། །དེས་དུབ་ནས་སྦྱོར་བ་ཀློད་པ་ནི་དོར་བའོ། །རྒྱུ་ནི་མོས་པ་ཞེས་པ་སྟེ། སྡུག་བསྔལ་ལ་འཇིགས་པ་དང༌། དགེ་བའི་ཕན་ཡོན་བསམ་པའོ། །འབྲས་བུ་ནི་དེ་ལྟར་ཞེས་པ་སྟེ། སྟོབས་དྲུག་གོང་ནས་གོང་དུ་ཁྱད་བཞུགས་པས་བརྩོན་འགྲུས་འཕེལ་བའོ། །ཆེད་དུ་བྱ་བ་གཞན་དོན་ནི། བརྒྱུད་པའི་འབྲས་བུ་ཡིན་ལ། འདི་ནི་དངོས་ཀྱི་འབྲས་བུའོ། །རྒྱས་པར་བཤད་པ་ལ་གསུམ་སྟེ། དཔུང་ཚོགས་བསྐྱེད་པ་དང༌། ལྷུར་བླང་བ་དང༌། བདག་ཉིད་དབང་དུ་བྱ་བའོ། །དང་པོ་ལ་བཞི་སྟེ། མོས་པ་དང༌། བརྟན་པ་དང༌། དགའ་བ་དང༌། དོར་བའི་དཔུང་ངོ༌། །དང་པོ་ལའང་བཞི་སྟེ། ཡུལ་དང༌། འབྲས་བུ་དང༌། རྒྱུ་དང༌། མཇུག་བསྡུ་བའོ། །དང་པོ་ལ་གསུམ་སྟེ། བདག་དང་གཞན་གྱི་ཉེས་པ་སྤང་བ་དང༌། ཡོན་ཏན་ཐམས་ཅད་བསྒྲུབ་པ་དང༌། བྱ་བའི་རྣམ་གྲངས་གསུམ་མོ། །དང་པོ་ནི་བདག་དང་ཞེས་པ་སྟེ་ཉེས་པ་ཐམས་ཅད་སྤང་བྱ་ཡིན་པ་དང༌། གང་དུ་ཞེས་པས་སྔོན་གྱི་བྱང་ཆུབ་སེམས་དཔས་བརྩོན་པ་དུ་མ་བྱས་པ་དང༌། ཉེས་ཟད་ཅེས་པས་བདག་ལ་རྩོམ་པ་ཞན་པ་དང༌། སྡུག་བསྔལ་ཞེས་པས་སྤང་བྱ་མང་བ་བསྟན་ཏོ། །གཉིས་པ་ནི་བདག་དང་ཞེས་པས་ཡོན་ཏན་ཐམས་ཅད་བསྒྲུབ་བྱ་ཡིན་པ་དང༌། དེ་ལ་ཞེས་པས་སྔོན་བྱང་ཆུབ་སེམས་དཔས་རྩོམ་པ་དུ་མ་བྱས་པ་དང༌། བདག་ནི་ཞེས་པས་བདག་གི་རྩོམ་པ་ཆུང་བ་གསུམ་གྱིས་བསྟན་ཏོ། །གསུམ་པ་ནི། བདག་གིས་ཞེས་པས་བྱ་བའི་རྣམ་གྲངས་མ་བསྒྲུབས་པ་དང༌། མ་ཡི་ཞེས་པས་སྐྱེ་བའི་དོན་མེད་པར་བསྟན་ཏོ། །མོས་པའི་འབྲས་བུ་ནི་དགེ་བའི་ཆོས་ཏེ། དེའང་བདག་ནི་ཞེས་པས་ལྡོག་པ་དང༌། དགེ་བའི་རྗེས་ལས་རྗེས་འགྲོ་གཉིས་ཀྱིས་བསྟན་ཏོ། །མོས་པའི་རྒྱུ་ནི་ལས་འབྲས་ལ་ཡིད་ཆེས་པའོ། །དེ་ལ་གསུམ་སྟེ། འདྲེན་མ་ནི་ལས་ཀྱི་འབྲས་བུ་དང༌། གཅིག་ཏུ་དཀར་བའི་རྣམ་སྨིན་དང༌། གཅིག་ཏུ་གནག་པའི་རྣམ་སྨིན་ནོ། །དང་པོ་ལ་མདོར་བསྟན་པ་དང༌། མི་དགེ་བའི་མཐོང་བའི་འབྲས་བུ་ཕལ་ཆེ་བ་དང༌། དགེ་བའི་འབྲས་བུ་དང༌། མི་དགེ་བ་མཐོང་བའི་འབྲས་བུ་བཞི། དེ་ཡི་ཞེས་པ་དང༌། སྡུག་བསྔལ་ཞེས་པ་དང༌། ཡིད་ལ་ཞེས་པ་དང༌། སྡིག་པ་བྱེད་པ་ཞེས་པ་ནས་རིམ་པ་བཞིན་ཏེ། སྡུག་བསྔལ་ནི་ལུས་ཀྱིའོ། །འཇིགས་པ་ནི་མེ་ལ་སོགས་པའོ། །གཉིས་པ་ནི་རྒྱ་ཆེ་ཞེས་པ་སྐྱེ་གནས་དང༌། རྒྱལ་བའི་ཞེས་པས་ཉེ་བར་སྟོན་པ་དང༌། ཐུབ་འོད་ཅེས་པས་སྐྱེ་བ་དང༌། ལུས་མཆོག་ཅེས་པས་ལུས་དང༌། རྒྱལ་བའི་ཞེས་པས་ཡུལ་གྱི་ཁྱད་པར་ལྔས་བསྟན་ཏོ། །གསུམ་པ་ནི་གཤིན་རྗེའི་ཞེས་པས་ལུས་དང༌། རབ་ཏུ་ཞེས་པས་ནང་གི་ལོངས་སྤྱོད་དང༌། འབར་བའི་ཞེས་པས་ཕྱིའི་ལོངས་སྤྱོད་དང༌། ཤིན་ཏུ་ཞེས་པས་གནས་ཀྱི་ཁྱད་པར་བཞིས་བསྟན་ཏོ། །མཇུག་བསྡུ་བ་ནི་དེ་བས་ཞེས་པ་རྐང་པ་གཉིས་སོ། །བརྟན་པའི་སྟོབས་ལ་གཉིས་ཏེ། རྩོམ་པ་བསྟན་པ་དང༌། ཞུགས་པ་བརྟན་པའོ། །དང་པོ་ལ་གསུམ་སྟེ། མི་ལྡོག་པའི་ཐབས་དང༌། བརྩམ་པའི་ཐབས་དང༌། དེ་ལྟར་མ་བྱས་པའི་ཉེས་པའོ། །དང་པོ་ནི་རྡོ་རྗེ་རྒྱལ་མཚན་ཞེས་པ་སྟེ། རྡོ་རྗེ་རྒྱལ་མཚན་གྱི་བསྔོ་བ་དྲུག་པ་ལས། དཔེར་ན་ལྷའི་བུ་ཉི་མ་འཆར་བྱེད་ནི། དམུས་ལོང་དང་དྲི་ཟའི་གྲོང་ཁྱེར་དང༌། རྡུལ་དང་སྒྲ་གཅན་དང་དུ་བ་དང་ཁུག་རྣ་ལ་སོགས་པ་ལ་གྲིབ་མ་ཐ་དད་པ་དང་རི་མོ་མཉམ་པ་ལ་སོགས་པའི་ཉེས་པས་མི་ལྡོག་པར་འོས་སུ་གྱུར་པའི་ཡུལ་ལ་སྣང་བར་བྱེད་པ་ལྟར། བྱང་ཆུབ་སེམས་དཔའ་གཞན་དོན་དུ་འཆར་བས་སེམས་ཅན་འཁུ་བ་དང་དམུ་རྒོད་ལ་སོགས་པའི་ཉེས་པ་སྣ་ཚོགས་པ་གང་གིས་ཀྱང་མི་ལྡོག་པར་འོས་སུ་གྱུར་པའི་སེམས་ཅན་འདུན་པ་དང་སྨིན་པ་དང༌། རྣམ་པར་གྲོལ་བ་ལ་བརྩོན་པར་བྱའོ། །ཞེས་གསུངས་སོ། །གཉིས་པ་ནི་དང་པོ་ཞེས་པ་སྟེ། ནུས་ན་བརྩམ་པའམ་མི་ནུས་ན་མི་བརྩམ་སྟེ། བརྩམས་ནས་ལྡོག་པ་བསམ་བརྩམས་པ་མཆོག་ཡིན་ནོ། །ཞེས་བྱ་བའོ། །གསུམ་པ་བརྩམས་ནས་ལྡོག་པའི་ཉེས་པ་ལ་སྐྱེ་བ་གཞན་དུ་ལྡོག་པ་དེས་གོམས་པས་དེ་རྒྱུ་མཐུན་གྱི་འབྲས་བུའོ། །འདིར་སྡིག་པ་འཕེལ་བ་ནི་སྐྱེས་བུས་བྱེད་པའི་འབྲས་བུའོ། །ཚེ་རབས་གཞན་དུ་སྡུག་བསྔལ་འཕེལ་བ་ནི་རྣམ་སྨིན་གྱི་འབྲས་བུའོ། །གཞན་དམན་པ་ནི་འཇུག་པའི་གེགས་བྱས་པས་མ་ཐོབ་པ་ལས་ཉམས་པའོ། །འབྲས་བུ་དམན་པ་ནི་དེ་ཉིད་ཀྱི་འབྲས་བུ་ཐོབ་པར་མི་ནུས་པ་སྟེ་ཐོབ་པ་ལས་ཉམས་པའོ། །དེའང་བསྒྲུབ་བྱར་མི་འགྱུར་བ་ནི་དེ་ཉིད་ཐོབ་པ་ལས་ཉམས་པའོ། །གཉིས་པ་ཞུགས་པ་བརྟན་པ་ལའང་བཞི་སྟེ། མདོར་བསྟན་པ་དང༌། ལས་ཀྱི་ང་རྒྱལ་དང༌། ནུས་པའི་ང་རྒྱལ་དང༌། ཉོན་མོངས་པའི་ང་རྒྱལ་ལོ། །དང་པོ་ནི་ལས་དང་ཞེས་པ་སྟེ། གཉེན་པོའི་ལས་ཉིད་མཆོག་ཏུ་བསམ་སྟེ། འདི་ལྟ་བུ་ལ་བདག་ལྟ་བུས་འཇུག་པར་རིགས་ཀྱི་གཞན་གྱིས་ནི་མ་ཡིན་ནོ་སྙམ་ནས་འཇུག་པ་ནི་ལས་ཀྱི་ང་རྒྱལ་ལོ། །ཉོན་མོངས་པ་དམན་པར་ཡིད་ལ་བྱ་སྟེ་འདི་ལྟ་བུའི་དབང་དུ་ཅི་སྟེ་འགྱུར་སྙམ་པ་ནི་ཉོན་མོངས་པའི་ང་རྒྱལ་ལོ། །བདག་ཉིད་མཆོག་ཏུ་རིག་ནས་བདག་གིས་ནི་ཉེས་པ་སྤངས་པ་དང་ཡོན་ཏན་བསྒྲུབ་ནུས་ཀྱི་གཞན་གྱིས་ནི་མ་ཡིན་ནོ། །སྙམ་ནས་འཇུག་པ་ནི་ནུས་པའི་ང་རྒྱལ་ལོ། །གཉིས་པ་ལས་ཀྱི་ང་རྒྱལ་ལ་མདོར་བསྟན་པ་དང༌། རྒྱས་པར་བཤད་པ་དང༌། གཞན་གྱི་དོན་དུ་དམན་པའི་ལས་ལ་འཇུག་པ་གསུམ་སྟེ། དང་པོ་ནི་བདག་ཉིད་ཅེས་པའོ། །གཉིས་པ་ནི་ཉོན་མོངས་པ་ཞེས་པ་སྟེ། གཞན་ཉོན་མོངས་པས་དབང་མེད་པ་ཡིན་པས་དགེ་བ་བསྒྲུབ་མི་ནུས་པས་བདག་གིས་བསྒྲུབ་བོ་ཞེས་བྱ་བའོ། །གསུམ་པ་ནི་གཞན་ཡང་ཞེས་པའོ། །ནུས་པའི་ང་རྒྱལ་ལ་གཉིས་ཏེ། བསྟེན་པར་རིགས་པ་དང༌། བསྟེན་པའི་འཐད་པའོ། །དང་པོ་ལྔ་སྟེ། ཉེས་པ་དཔེས་བསྟན་པ་དང༌། དེ་འབྱུང་བའི་རྒྱུ་དང༌། ང་རྒྱལ་དེའི་ཆེ་བ་དང༌། དེ་བསྟེན་པར་འབད་པ་དང༌། མ་འབད་ན་དམ་བཅའ་བ་ལས་ཉམས་པའོ། །དང་པོ་ནི་ཤི་བའི་ཞེས་པ་སྟེ། སྦྲུལ་ཉམ་དམས་ན་ཁྲས་ཟ་བ་ལྟར་གཉེན་པོ་ཉམ་དམས་ན་ལྟུང་བས་ལྕིའོ་ཞེས་བྱ་བའོ། །གཉིས་པ་ནི་ཞུམ་བཅས་ཞེས་པ་སྟེ་ཞུམ་པ་ལས་རྩོལ་བ་མེད་པས་ནུས་པའི་ང་རྒྱལ་མི་འབྱུང་བས་ཕོངས་པ་ལས་མི་ཐར་པའོ། །གསུམ་པ་ནི་ང་རྒྱལ་ཞེས་པའོ། །བཞི་པ་ནི་དེ་བས་ཞེས་པའོ། །ལྔ་པ་ནི་བདག་ནི་ཞེས་པའོ། །བསྟེན་པའི་ཐབས་ལ་གསུམ་སྟེ། གཉེན་པོའི་ང་རྒྱལ་གྱི་རང་བཞིན་དང༌། ཉོན་མོངས་པའི་ང་རྒྱལ་ལས་ང་རྒྱལ་གྱི་དོན་མེད་པ་དང༌། གཉེན་པོའི་ང་རྒྱལ་གྱིས་བསྔགས་པ་བརྗོད་པས་སྤྲོ་བ་བསྐྱེད་པའོ། །དང་པོ་ནི་ཁམས་གསུམ་ལས་རྣམ་པར་རྒྱལ་བར་འདོད་པ་དང༌། རྒྱལ་བའི་སྲས་ཀྱི་རྗེས་སུ་སློབ་པ་གཉིས། བདག་གིས་ཞེས་པ་དང༌། རྒྱལ་བའི་ཞེས་པ་ནས་རིམ་པ་བཞིན་ནོ། །དེ་ལྟར་ང་རྒྱལ་སྤངས་པས་བཤད་པ་དང་འགལ་ལོ་ཞེ་ན། གཉིས་པ་ནི་འགྲོ་གང་ཞེས་པ་སྟེ། འགྲོ་གང་ང་རྒྱལ་གྱི་གཉེན་པོ་བཅོམ་པ་དེ་ཉོན་མོངས་པ་ཡིན་ལ། དེ་ནུས་པའི་ང་རྒྱལ་ཅན་མ་ཡིན་ནོ། །ཇི་ལྟར་ཞེ་ན། ནུས་པའི་ང་རྒྱལ་གྱིས་ཉོན་མོངས་པའི་གཉེན་པོ་བྱེད་པ་ལས་འདི་ཉོན་མོངས་པའི་དབང་དུ་གྱུར་པའི་ཕྱིར་རོ་ཞེས་འཆད་པ་ནི་ང་རྒྱལ་ཞེས་པའོ། །ནུས་པའི་ང་རྒྱལ་གྱིས་བདེ་བ་ཐོབ་པ་ལས་འདིར་སྡུག་བསྔལ་ཐོབ་པར་འཆད་པ་ནི་ངན་འགྲོར་ཞེས་པ་སྟེ། ངན་འགྲོའི་སྡུག་བསྔལ་དུ་ཁྲིད་པ་དང༌། མི་ཡི་ཞེས་པས་མཐོ་རིས་ཀྱི་དུས་སུའང་འཚེ་བའི་སྡུག་བསྔལ་མྱོང་བས་སོ། །དེ་ལྟ་བུ་དེའང་ཁམས་གསུམ་ལས་རྒྱལ་བ་ཡིན་ནོ། །དམན་པ་གཏན་མེད་པར་འགྱུར་རོ་ཞེས་འཆད་པ་ནི་དེའང་ཞེས་པའོ། །གསུམ་པ་གཉེན་པོའི་ང་རྒྱལ་གྱི་ཆེ་བ་ནི་གང་ཞིག་ཅེས་པ་སྟེ། ང་རྒྱལ་དགྲ་ལས་རྒྱལ་ཕྱིར་ང་རྒྱལ་འཆང་བས་ང་རྒྱལ་ཅན་ནོ། །ང་རྒྱལ་དགྲ་བདོ་བའང་དེས་བཅོམ་པས་དཔའ་བའོ། །འགྲོ་བ་འདོད་བཞིན་རྒྱལ་བའི་འབྲས་བུ་རྫོགས་པར་བྱེད་པས་ན་རྣམ་རྒྱལ་ལོ། །ཉོན་མོངས་པའི་ང་རྒྱལ་ལ་གསུམ་སྟེ། རྐྱེན་ཉེ་ན་སྟོབས་བསྐྱེད་པ་དང་ཉོན་མོངས་པས་མ་གོས་པ་ཉིད་དུ་ལྷུར་བྱ་བ་དང༌། དེ་ཉིད་བཤད་པ་གསུམ། ཉོན་མོངས་ཞེས་པ་དང༌། ཉམ་ང་ཞེས་པ་དང༌། བདག་ནི་ཞེས་པ་ནས་རིམ་པ་བཞིན་ཏེ། ཉམས་ཆེ་བ་ནི་སྲོག་གི་བར་ཆད་དོ། །དགའ་བའི་དཔུང་ལ་གསུམ་སྟེ། འབྲས་བུ་ལ་ལྟོས་པ་མེད་པར་ལས་དམ་པ་ཉིད་ཀྱི་རོ་ལ་ཞེན་པར་བྱ་བ་དང༌། འབྲས་བུ་ཡིད་ལ་བྱས་ཏེ་ཞེན་པ་དང༌། དགའ་བའི་སྟོབས་ལ་ཇི་ལྟར་སྦྱར་བའི་ཚུལ་ལོ། །དང་པོ་ནི་རྩེད་མོའི་ཞེས་པ་སྟེ། མངོན་ཞེན་ཙམ་གྱིས་ཆོ་ལོ་བྱེད་པ་ལྟ་བུའོ། །གཉིས་པ་ལ་གཉིས་ཏེ། འབྲས་བུ་འབྱུང་བར་ངེས་པ་དང༌། མཆོག་ཏུ་གྱུར་པར་ཡིད་ལ་བྱ་བའོ། །དང་པོ་ནི་བདེ་བའི་དོན་དུ་ཞེས་པ་སྟེ། ཐ་མལ་པའི་ལས་ལ་འབྲས་བུ་ལ་ཐེ་ཚོམ་ཟ་བཞིན་དུའང་འཇུག་ན་གཉེན་པོའི་ལས་ལ་ཞུགས་ན་ནི་འབྲས་བུ་འབྱུང་བར་ཐེ་ཚོམ་མེད་པའོ། །གཉིས་པ་ནི་སྤུ་གྲིའི་ཞེས་པ་སྟེ། བདེ་བ་ནི་འདོད་པ་གྲུབ་པའོ། །ཇི་ལྟར་སྦྱར་བའི་ཚུལ་ནི་དེ་ལྟས་ཞེས་པ་ལ་སོགས་པའོ། །བཞི་པ་དོར་བའི་དཔུང་ལ་གཉིས་ཏེ། རེ་ཞིག་དོར་བ་དང༌། གཏན་དོར་བའོ། །དང་པོ་ནི་གནས་སྐབས་དང༌། དགོས་པ་དང་དོར་བའི་ཚུལ་གསུམ་སྟོབས་ཉམས་ཞེས་པ་དང༌། སླར་བྱའི་ཞེས་པ་དང༌། དོར་བར་བྱ་ཞེས་པ་ནས་རིམ་པ་བཞིན་ནོ། །གཉིས་པ་ལ་གནས་སྐབས་དང༌། དགོས་པ་དང༌། དོར་བའོ། ཚུལ་གསུམ་ལེགས་པར་ཞེས་པ་དང༌། ཕྱི་མར་ཞེས་པ་དང༌། དེ་སྤང་བྱ་ཞེས་པ་ནས་རིམ་པ་བཞིན་ནོ། །ལྷུར་བླང་བ་ལ་ལྔ་སྟེ། བག་ཡོད་ལྷུར་བླང་བ་དང༌། དྲན་དང་ཤེས་བཞིན་ལྷུར་བླང་བ་དང༌། དེ་གཉིས་ཀྱི་མི་མཐུན་ཕྱོགས་འབྱུང་བའི་སྐབས་མི་དབྱེ་བ་དང༌། བྱུང་བ་བཟློག་པ་དང༌། རྗེས་སུ་མཐུན་པའི་བྱ་བ་བསྒྲུབ་པའོ། །དང་པོ་ནི་འཐབ་རྙིང་ཞེས་པ་སྟེ། འཐབ་རྙིང་གཡུལ་དུ་གོམས་པའམ་འཁོན་རྙིང་ཡོད་པའོ། །ཉོན་མོངས་པ་ལ་བཟུར་ཞིང་འཐབ་པ་ནི་དུག་གསུམ་དང་ལེ་ལོའི་གཉེན་པོ་ལ་གནས་པའོ། །གཉིས་པ་ནི་གཡུལ་དུ་ཞེས་པའོ། །གསུམ་པ་ནི་གླགས་རྙེད་ན་ཉེས་པས་ཁྱབ་པ་དང༌། གླགས་མི་རྙེད་པའི་ཐབས་ལ་འབད་པ་གཉིས་ཇི་ལྟར་ཞེས་པ་དང༌། ཡུངས་མར་ཞེས་པ་ནས་རིམ་པ་བཞིན་ནོ། །བཞི་པ་ནི་གཉིད་དང་རྨུགས་པ་ལས་བཟློག་པ་དང༌། ལྟུང་བ་བཟློག་པ་གཉིས། དེ་བས་ཞེས་པ་དང༌། ཉེས་པ་ཞེས་པ་རིམ་པ་བཞིན་ནོ། །ལྔ་པ་ནི་ཇི་ལྟར་ཞེས་པ་སྟེ་དྲན་པ་གོམས་པར་བྱ་བའི་ཕྱིར་བླ་མ་དང་ཕྲད་པའམ། དེས་བསྒོས་པའི་རིག་པའི་ལས་ལ་གཞག་གོ་ཞེས་བྱ་བའོ། །གསུམ་པ་དབང་དུ་གྱུར་པ་ནི་ཉམས་སུ་བླང་བའི་ཐབས་དང༌། བརྩོན་འགྲུས་ཀྱི་འབྲས་བུ་གཉིས། ཅི་ནས་ཞེས་པ་དང༌། ཇི་ལྟར་ཞེས་པ་ནས་རིམ་པ་བཞིན་ནོ། །བརྩོན་འགྲུས་ཀྱི་ལེའུ་སྟེ་བདུན་པའོ།།  །།བསམ་གཏན་ལ་གཉིས་ཏེ། མི་མཐུན་པའི་ཕྱོགས་སྤང་བ་དང༌། ཞི་གནས་ཀྱི་དམིགས་པ་ཡིད་ལ་བྱ་བའོ། །དང་པོ་ལ་གསུམ་སྟེ། མདོར་བསྟན་པ་དང༌། འཇིག་རྟེན་སྤང་བ་དང༌། རྣམ་རྟོག་དོར་བའོ། །དང་པོ་ནི་དེ་ལྟར་ཞེས་པ་སྟེ། དེ་ལྟར་བརྩོན་འགྲུས་བསྐྱེད་ནས་ནི། ཡིད་ནི་ཏིང་ངེ་འཛིན་ལ་གཞག་གོ །ཇི་ལྟར་བཞག་ཅེ་ན། རྣམ་པར་གཡེང་བ་སྤངས་པས་སོ། །མ་སྤངས་ན་ཉེས་པ་ཅི་ཡོད་ཅེ་ན་སེམས་ནི་ཞེས་པ་སྟེ་ཡུལ་གྱི་དབང་དུ་གྱུར་ན་ཉོན་མོངས་པས་རྨ་འབྱིན་སླ་བ་ཡིན་ནོ། །གཡེང་བ་ཇི་ལྟར་སྤང་ཞེ་ན། ལུས་དང་ཞེས་པའོ། །ལུས་དང་སེམས་དབེན་པའི་ཐབས་གང་ཡིན་སྙམ་ན། དེ་བས་འཇིག་རྟེན་སྤང་བྱ་ཞིང༌། རྣམ་པར་རྟོག་པ་ཡོངས་སུ་དོར་ཏེ། གཡེང་བའི་རྒྱུ་སྲེད་པ་སྤང་བའོ། །གཉིས་པ་འཇིག་རྟེན་སྤང་བ་ལ་ལྔ་སྟེ། འཇིག་རྟེན་མི་སྤོང་བའི་རྒྱུ་དང༌། རྒྱུའི་གཉེན་པོའི་ཆེ་བ་དང༌། གཉེན་པོས་བསྒྲུབ་པའི་ཚུལ་དང༌། འདུ་འཛིའི་ཉེས་པ་དང༌། མི་གཡེང་བའི་ཡོན་ཏན་ནོ། །དང་པོ་ནི་ཆགས་པའི་ཞེས་པ་སྟེ། ཆགས་པ་ནི་ཉེ་བར་ལེན་པའི་ཕུང་པོས་བསྡུས་པའི་གཞན་གྱི་ལུས་ལ་ཆགས་པ་ཡིན་ལ། རྙེད་སོགས་ལ་སྲེད་པ་ནི། ཕྱི་རོལ་གྱི་ལོངས་སྤྱོད་ལ་ཆགས་པའོ། །གཉིས་པ་རྒྱུའི་གཉེན་པོའི་ཆེ་བ་ནི། འཇིག་རྟེན་སྤང་བ་མདོར་བསྟན་པ་དང༌། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པས་ཉོན་མོངས་པ་འཇོམས་པ་དང༌། ལྷག་མཐོང་གི་རྒྱུ་ཞི་གནས་ཡིན་པ་དང༌། ཞི་གནས་ཀྱི་རྒྱུ་འཇིག་རྟེན་པ་ལ་ཆགས་པ་སྤང་བ་ཡིན་པ་རྣམས། དེ་བས་ཞེས་པ་དང༌། ཞི་གནས་ཞེས་པ་དང༌། ཐོག་མར་ཞེས་པ་དང༌། དེ་ཡང་ནི་ཞེས་པ་ནས་རིམ་པ་བཞིན་ནོ། །གསུམ་པ་གཉེན་པོས་བསྒྲུབ་པའི་ཚུལ་ལ་གཉིས་ཏེ། སེམས་ཅན་ལ་མ་ཆགས་པ་བསྒྲུབ་པ་དང༌། རྙེད་པ་ལ་སོགས་པ་ལ་མ་ཆགས་པ་བསྒྲུབ་པའོ། །དང་པོ་ལ་གཉིས་ཏེ། ཡུལ་ཅན་ཆགས་པའི་ཉེས་པ་དང༌། ཡུལ་འདོད་པའི་ཉེས་པའོ། །དང་པོ་ལ་ལྔ་སྟེ། འདོད་པ་མི་ཐོབ་པ་དང༌། འདོད་པ་མ་མཐོང་ན་གཡེང་བ་དང༌། ཆོ་ག་མི་ཤེས་པས་གདུང་བ་དང༌། ཐར་པ་མི་ཐོབ་པ་དང༌། དལ་འབྱོར་ཆུད་གསོན་པའོ། །དང་པོ་ནི་མི་རྟག་ཅེས་པ་སྟེ། རང་མི་རྟག་པས་གཞན་མི་རྟག་པ་ལ་ཆགས་ཀྱང་འདོད་པའི་དོན་མི་ཐོབ་པའོ། །གཉིས་པ་ལ་འདིར་ཡང་ཆགས་པའི་ཡུལ་མ་མཐོང་ན་སེམས་མི་དགའ་བས་གཡེང་བ་ནི་མ་མཐོང་ན་ནི་ཞེས་པའོ། །གསུམ་པ་ནི་མཐོང་ཡང་ཞེས་པའོ། །བཞི་པ་ནི་སེམས་ཅན་ཞེས་པའོ། །ལྔ་པ་ནི་དེ་ལ་སེམས་པ་ཞེས་པའོ། །ཡུལ་གྱི་ཉེས་པ་ནི་དོན་ཆེན་པོ་འཇིག་པ་དང༌། འགྲོ་བ་དམན་པར་ཁྲིད་པ་དང༌། མི་བརྟན་པ་དང༌། བསྟེན་པར་དཀའ་བ་དང༌། ཕན་པ་མི་ཐོབ་པ་དང༌། ཉེས་པ་ལ་སྦྱོར་བ་དང༌། ཉེས་པ་མདོར་བསྡུ་བ་དང༌། དེ་སྤང་བའི་ཚུལ་བརྒྱད་དོ། །དང་པོ་ནི་རྟག་པ་མེད་པའི་ཞེས་པའོ། །དེ་ནི་བྱང་ཆུབ་ཆེན་པོའི་ཚོགས་ལས་ཉམས་པའོ། །གཉིས་པ་ནི་བྱིས་དང་ཞེས་པ་སྟེ། ངན་འགྲོའི་རྒྱུ་ལ་ཕྱོགས་པའི་ཕྱིར་རོ། །སྐལ་བ་མི་མཉམ་པ་ནི་འགྲོ་བ་མི་ལས་གཞན་ནོ། །གསུམ་པ་ནི་སྐད་ཅིག་གིས་ཞེས་བྱ་བའོ། །བཞི་པ་ནི་དགའ་བའི་ཞེས་པ་སྟེ། ཕན་བཏགས་པ་ལ་ལོགས་པར་བསྒྲུབ་པ་དང༌། ཕན་བཏགས་པའི་གདམས་ངག་ལ་ཕྱིར་ཕྱོགས་པ་དང༌། བདག་མི་དགེ་བ་ལ་སྦྱོར་བ་དང༌། དེའི་རྗེས་སུ་མ་འབྲངས་ན་སེམས་འཁྲུག་པ་བཞི། རྐང་པ་གཉིས་དང༌། གཅིག་དང༌། གཅིག་དང༌། གཉིས་རིམ་པ་བཞིན་ནོ། །ལྔ་པ་ནི་མཐོ་ལ་ཞེས་པ་སྟེ། མཐོ་དམན་ཀུན་ཉོན་མོངས་ཀྱི་ཡུལ་དུ་གྱུར་པ་ནི་མཐོ་ལ་ཞེས་པའོ། །བསྟོད་སྨད་ཀུན་ཏུ་ཉོན་མོངས་ཀྱི་ཡུལ་དུ་གྱུར་པ་བསྟོད་ན་ཞེས་པའོ། །དེས་ན་དགེ་བའི་གྲོགས་མ་ཡིན་ནི་ནམ་ཞིག་ཞེས་པའོ། །དྲུག་པ་ནི་བྱིས་དང་ཞེས་པ་སྟེ་ཅི་ནའང་ཉེས་སྤྱོད་ལ་སྦྱོར་བའོ། །བདུན་པ་ནི་དེ་ལྟར་ཞེས་པའོ། །བརྒྱད་པ་ནི་སེམས་ཅན་དང་འགྲོགས་པ་སྤང་བ་དང༌། ཕྲད་ན་གཞན་གྱི་སེམས་རྗེས་སུ་བསྲུང་བ་དང༌། རང་གི་རྒྱུད་ཉམས་པ་བསྲུང་བ་གསུམ། དེས་ཀྱང་ཞེས་པ་དང༌། ཕྲད་ན་ཞེས་པ་དང༌། བུང་བས་ཞེས་པ་ནས་རིམ་པ་བཞིན་ཏེ། ཆོས་ཀྱི་དོན་ནི་ཆོས་བསྒྲུབ་པའི་མཐུན་རྐྱེན་ཟས་དང་གོས་ལ་སོགས་པ་བསོད་སྙོམས་ཀྱི་འཚོ་བའོ། །རྙེད་པ་ལ་སོགས་པ་འཇིག་རྟེན་གྱི་ཆོས་ལ་མ་ཆགས་པ་བསྒྲུབ་པ་ལ་གཉིས་ཏེ། ཡུལ་ཅན་གྱི་ཉེས་པ་དང༌། ཡུལ་གྱི་ཉེས་པའོ། །དང་པོ་ནི་བདག་ནི་ཞེས་པ་དྲེགས་པའི་ཉེས་པ་དང༌། དེ་བས་ཞེས་པས་ཆགས་པའི་ཉེས་པ་སྟེ། ཆགས་པའི་བག་ཆགས་མཐུ་བསྡོམས་ནས་འབྲས་བུ་སྡུག་བསྔལ་དུ་ལྡང་ངོ་ཞེས་བྱའོ། །ཡུལ་གྱི་ཉེས་པ་ནི་གཡོ་བ་དང༌། བསྟོད་སྨད་ལ་ཕན་གནོད་མེད་པའོ། །དང་པོ་ནི་རྙེད་པ་ངེས་པར་འདོར་བ་དང༌། རྙེད་པ་དང་ལྷན་ཅིག་འགྲོགས་པར་མི་ནུས་པ་གཉིས། འདི་དག་ཅེས་པ་དང༌། རྙེད་པ་ཞེས་པ་ནས་རིམ་པ་བཞིན་ནོ། །གཉིས་པ་ནི་བདག་ལ་ཞེས་པའོ། །འདུ་འཛིའི་ཉེས་པ་ལ་གསུམ་སྟེ། གཞན་རྗེས་སུ་འཛིན་པའི་མཐུ་མེད་པ་དང༌། དེའི་འཐད་པ་དང༌། དེ་དག་དང་འདྲེ་བར་མི་བྱེད་པའི་འཐད་པ་རྣམས། སེམས་ཅན་ཞེས་པ་དང༌། གང་ཕྱིར་ཞེས་པ་ནས་རིམ་པ་བཞིན་ནོ། །ལྔ་པ་དབེན་པའི་ཡོན་ཏན་ཡིད་ལ་བྱ་བ་ནི་ལྔ་སྟེ། གྲོགས་དང༌། གནས་དང༌། འཚོ་བ་དང༌། སོ་སོར་རྟོག་པ་དང༌། མི་གཡེང་བའོ། །དང་པོ་ནི་ནགས་ན་ཞེས་པའོ། །གཉིས་པ་ནི་ཕུག་གམ་ཞེས་བྱ་བ་ཕྱི་ཆིས་མི་བྱེད་པ་དང༌། ས་ཕྱོགས་ཞེས་པ་རང་དབང་ཐོབ་པ་གཉིས་སོ། །གསུམ་པ་ནི་ལྷུང་བཟེད་ལ་སོགས་པ་ཞེས་པས་ཡོ་བྱད་ལ་འཚོ་བའི་ཡོ་བྱད་ཙམ་ལས་འཛིན་པ་ཉུང་བ་དང༌། ཀུན་ལ་ཞེས་པས་ཡོ་བྱད་ངན་པ་དང༌། ལུས་འདི་ཞེས་པས་བསྲུང་བ་ལ་མི་ལྟོས་པ་གསུམ་གྱིས་བསྟན་ཏོ། །བཞི་པ་ནི་བཞི་སྟེ། མི་གཙང་བ་དང༌། མཛའ་བ་རྣམས་དང་ངེས་པ་གཉིས་པ་ནི་ཕུག་འབྲལ་བ་དང༌། མཛའ་བ་ཉིད་མ་ཡིན་པ་དང༌། ཡིད་བརྟན་པའི་གནས་མ་ཡིན་པར་སོ་སོར་རྟོག་པའོ། །དང་པོ་ནི་ཀེང་རུས་ཀྱི་འདུ་ཤེས་དང༌། རྣམ་པར་རྣག་པའི་འདུ་ཤེས་གཉིས། དུར་ཁྲོད་ཅེས་པ་དང༌། བདག་གི་ཞེས་པ་ནས་རིམ་པ་བཞིན་ནོ། །དེའི་ལུས་ལ་ཆགས་པའི་གཉེན་པོའོ། །གཉིས་པ་ནི་ལུས་འདི་ཞེས་པས་ལུས་དོར་བའི་དཔེ་དང༌། མཛའ་བ་ཞེས་པས་མཛའ་བཤེས་འདོར་བའི་དོན་ལ་སྦྱར་བའོ། །གསུམ་པ་ནི་སྐྱེ་ན་ཞེས་པ་དང༌། སྡུག་བསྔལ་ཞེས་པ་དང༌། གེགས་ཞེས་པས་རྟག་ཏུ་འགྲོགས་པ་མ་ཡིན་པ་དང༌། སྡུག་བསྔལ་གྱི་སྐལ་བ་མི་ལེན་པ་དང༌། ཕན་པའི་གེགས་བྱེད་པས་སོ། །བཞི་པ་ནི་ལམ་དག་ཏུ་ནི་ཞེས་བྱ་བ་ལ་སོགས་པ་སྟེ། དེའི་མཛའ་བཤེས་དང་བྲལ་བས་གདུངས་པའི་གཉེན་པའོ། །ལྔ་པ་མི་གཡེང་བ་ནི་དབེན་པའི་གནས་ངེས་པར་འཛིན་པ་དང༌། དགྲ་དང་བཤེས་གྱི་མི་གཡེང་བ་དངོས་སུ་བསྟན་པ་དང༌། དབེན་པའི་ཡོན་ཏན་མདོར་བསྡུ་བ་གསུམ་འཇིག་རྟེན་ཞེས་པ་དང༌། བཤེས་མེད་ཅེས་པ་དང༌། དེ་བས་ཞེས་པ་ནས་རིམ་པ་བཞིན་ནོ། །དེ་ལྟར་འཇིག་རྟེན་སྤང་བ་བཤད་ནས་རྣམ་རྟོག་དོར་བ་ལ་སྤྱིར་མང་དུ་ཡོད་ཀྱང༌། འདོད་པའི་རྣམ་རྟོག་དེ་སྤང་དཀའ་བས་དེའི་གཉེན་པོ་སྟོན་ཏོ། །དེ་ལ་གསུམ་སྟེ། འབྲས་བུ་འཇིག་པར་བརྟག་པ་དང༌། རང་གི་ངོ་བོ་མི་གཙང་བར་བརྟག་པ་དང༌། རྒྱུས་གནོད་པ་སྤང་བར་ཡིད་ལ་བྱ་བའོ། །དང་པོ་ནི་བསམ་པ་ཞེས་པ་སྟེ། དེ་ལ་བརྩོན་པར་བྱེད་དོ། །ཅིའི་ཕྱིར་ཞེ་ན། སེམས་ཏིང་ངེ་འཛིན་ལ་གཞག་པ་དང༌། ཤེས་རབ་ལ་མཉམ་པར་གཞག་པ་དང༌། ཚུལ་ཁྲིམས་ལ་དུལ་བའི་ཕྱིར་རོ། །བསམ་པ་གང་གི་ཞེ་ན་བསམ་པ་གཞན་འདོད་པའི་རྟོག་པ་ལ་སོགས་པ་འདོར་བ་དང༌། བདག་ཉིད་ལ་ཕན་པ་ལ་སེམས་པས་སོ། །གཉེན་པོ་གང་ལ་འབད་པ་ཞེ་ན། འདོད་པའི་ཉེས་དམིགས་རིག་པ་སྟེ། འཇིག་རྟེན་ཞེས་པ་རྟག་པ་དང༌། འདིར་ནི་ཞེས་པས་བཤད་པའོ། །རང་གི་ངོ་བོ་མི་གཙང་བར་བརྟག་པ་ལ་གཉིས་ཏེ། དུར་ཁྲོད་ཀྱི་ཆོས་ལ་སྦྱར་བས་མི་གཙང་བ་དང༌། གསོན་པོའི་ཆོས་ཉིད་ཀྱིས་མི་གཙང་བའོ། །དང་པོ་ལ་དྲུག་སྟེ། བརྣག་པར་བྱ་བའི་འབྲས་བུ་མེད་པ་དང༌། དུར་ཁྲོད་དུ་བོར་བ་ལས་མ་འདས་པ་དང༌། དེ་ལ་སེར་སྣས་བསྲུང་བར་མི་རིགས་པ་དང༌། རྒྱན་གདགས་པར་མི་རིགས་པ་དང༌། ཤིན་ཏུ་འཇིགས་པར་མི་རིགས་པ་དང༌། གོས་ཀྱིས་བརྒྱན་པ་ཆགས་པའི་གནས་མ་ཡིན་པའོ། །དང་པོ་ནི་བཙོག་པ་དང༌། ཐར་པའི་སྒོ་འགོག་པའོ། །དང་པོ་ནི་ཕོ་ཉ་ཞེས་པ་སྟེ། རྙེད་པར་དཀའ་བས་བསྒྲུབ་པ་དང༌། དེ་ལ་དགའ་བའི་གནས་སུ་བཟུང་བ་དང༌། དེ་ཀེང་རུས་ལས་མ་འདས་པ་གསུམ། རྐང་པ་དྲུག་དང༌། གཉིས་དང་གཅིག་རིམ་པ་བཞིན་ནོ། །གཉིས་པ་ནི་རང་དབང་ཞེས་པ་སྟེ། རང་དབང་མེད་པ་ནི་རྐྱེན་གྱིས་གཞན་དབང་ཅན་ནོ། །བདག་མིན་པ་ནི་རྟག་པ་མ་ཡིན་པའོ། །དེ་ལ་ཞེན་ནས་ཅིའི་ཕྱིར་མྱ་ངན་ལས་འདས་པའི་ལམ་དུ་མི་འགྲོའོ་ཞེས་པའོ། །གཉིས་པ་ནི་གང་ཞིག་ཅེས་པ་སྟེ། དང་པོ་གསོན་པོའི་ཚེ་ན་བལྟས་ཀྱང་མ་མཐོང་བ་དེ་དུར་ཁྲོད་དུ་གསལ་པོར་མཐོང་བ་དེ་ཡིན་ནོ་ཞེས་བྱ་བའོ། །གསུམ་པ་ནི་གཞན་རྣམས་ཞེས་པ་སྟེ། ཕྱིས་དོར་བས་སྔོན་སྐྱེས་པས་གཞན་བསྲུང་བའི་སེར་སྣ་བྱེད་པ་འགལ་ལོ་ཞེས་བྱའོ། །བཞི་པ་ནི་ཤ་ཡི་ཕུང་པོ་ཞེས་པའོ། །ལྔ་པ་ནི་རུས་གོང་ཞེས་བྱའོ། །དྲུག་པ་ནི་གང་ལ་ཞེས་པའོ། །གསོན་པོའི་ཆོས་ཉིད་སྦྱར་བ་ནི་གསུམ་སྟེ། མི་གཙང་བར་མངོན་སུམ་གྱིས་མཐོང་བ་དང༌། རྗེས་སུ་དཔག་པས་ངེས་པ་དང༌། གཙང་བའི་མཚན་མ་དགག་པའོ། །དང་པོ་ལ་བདུན་ཏེ། རེག་བྱའི་ཁྱད་པར་ཆགས་པའི་གནས་མ་ཡིན་པ་དང༌། རེག་བྱ་འཇམ་པ་ཆགས་པའི་གནས་མ་ཡིན་པ་དང༌། འཁྲིག་པ་ཉིད་ཆགས་པའི་གནས་མ་ཡིན་པ་དང༌། གཙང་བས་ལོག་པར་རྟོག་པ་དགག་པ་དང༌། ལུས་སེམས་སོ་སོར་ཆགས་པའི་གནས་མ་ཡིན་པ་དང༌། གཞན་གཉིས་ཀ་ལ་ཆགས་པའི་གནས་མ་ཡིན་པ་དང༌། དབྱིབས་ཆགས་པའི་གནས་མ་ཡིན་པ་བདུན། ཟས་ན་ཞེས་པ་དང༌། ཤིང་བལ་ཞེས་པ་དང༌། འདོད་ལྡན་ཞེས་པ་དང༌། གལ་ཏེ་ཞེས་པ་དང༌། བདག་ནི་ཞེས་པ་དང༌། མི་གཙང་ཞེས་པ་དང༌། སྤྲིན་བྲལ་ཞེས་པ་ནས་རིམ་པ་བཞིན་ནོ། །མི་གཙང་བར་རྗེས་དཔག་གི་ངེས་པ་ལ་ལྔ་སྟེ། མི་གཙང་བ་བསྐྱེད་པའི་རྒྱུ་ཡིན་པས་མི་གཙང་བར་བསྒྲུབ་པ་དང༌། མི་གཙང་བའི་འབྲས་བུ་ཡིན་པས་མི་གཙང་བར་བརྟག་པ་དང༌། མི་གཙང་བ་ལ་སྐམ་པར་མི་རིགས་པ་དང༌། རང་གི་ལུས་མི་གཙང་བར་བསྒྲུབ་པ་དང༌། མི་གཙང་བ་བསྒོམ་པ་ལ་སྦྱར་བས་ཞེན་པ་དང་བྲལ་བ་མདོར་བསྟན་པའོ། །དང་པོ་ནི་ས་ཕྱོགས་ཞེས་པ་སྟེ། ལུས་ཀྱི་ས་ཕྱོགས་ཀྱང་མི་གཙང་བར་བསྐྱེད་ན་ལུས་ཉིད་མི་གཙང་བ་ཡིན་པ་སྨོས་ཀྱང་ཅི་དགོས་ཞེས་པའོ། །གཉིས་པ་ནི་གལ་ཏེ་ཞེས་པ་སྟེ། ཞིང་ནི་མའི་མངལ་ལོ། །ས་བོན་ནི་ཕའི་ས་བོན་ནོ། །དེའི་བསྐྱེད་པ་ནི་མའི་བད་ཀན་ཀྱི་ཟག་ཆུ་ལ་སོགས་པས་བསྐྱེད་པའོ། །གསུམ་པ་ནི་ཁྱོད་ནི་ཞེས་པའོ། །བཞི་པ་ནི་ག་པུར་ཞེས་བྱ་བ་ལ་སོགས་པའོ། །དེའང་ལུས་དང་འབྲེལ་པས་མི་གཙང་བའོ། །ལྔ་པ་ནི་དུར་ཁྲོད་ཀྱི་ཆོས་སྦྱར་བ་དང༌། འཇིག་པའི་གནས་ཡིན་པ་གཉིས་གལ་ཏེ་ཞེས་པ་ནས་ཚིགས་སུ་བཅད་པ་རེ་རེའོ། །གལ་ཏེ་རྒྱན་ལ་སོགས་པ་དང་ལྡན་པས་ཆགས་པའི་གནས་སུ་འཛིན་ན་གཙང་མའི་མཚན་མ་དགག་པ་ལ་བཞི་སྟེ། བཅོས་པའི་རྒྱན་གྱིས་ལུས་གཙང་བར་མི་འགྱུར་བ་དང༌། བཅོས་པའི་རྒྱན་ཆགས་པའི་གནས་མ་ཡིན་པ་དང༌། ལུས་ཀྱི་རང་བཞིན་འཇིག་པ་ཡིན་པ་དང༌། ཡིད་འབྱུང་བའི་གནས་ཡིན་པ་རྣམས། ལུས་ལ་ཞེས་པ་དང༌། འཇིགས་རྟེན་ཞེས་པ་དང༌། གལ་ཏེ་ཞེས་པ་དང༌། བདག་ལ་ཞེས་པ་ནས་རིམ་པ་བཞིན་ནོ། །རྒྱུ་གནོད་པ་མང་བ་ལ་གཉིས་ཏེ། བསྟན་པ་དང༌། བཤད་པའོ། །དང་པོ་ནི་དེ་ལྟར་ཞེས་པ་སྟེ། ཆུང་མ་ལ་སོགས་པ་ནོར་གྱིས་བསྒྲུབ་དགོས་སོ། །ནོར་ཚོལ་བ་ལ་ཚེ་འདིའི་འཇིག་པ་ནི་དོན་བསྒྲུབ་པས་ཤ་ཐང་བའོ། །ཕྱི་མའི་གནོད་པ་ནི་དམྱལ་བ་ལ་སོགས་པའི་གནོད་པར་འགྱུར་བའོ། །རྒྱས་པར་སྟོན་པ་ལ་གཉིས་ཏེ། འདོད་པ་ཉིད་མི་ཐོབ་པ་དང༌། དེ་ལས་གཞན་པའི་ཉེས་པ་དང་འབྲེལ་པའོ། །དང་པོ་ནི་ཚེ་འདིར་འདོད་པ་བསྟེན་པའི་གོ་སྐབས་མེད་པ་དང༌། ཡོངས་སུ་ངལ་བའི་སྡུག་བསྔལ་གྱིས་འདོད་པ་བསྟེན་མི་ནུས་པ་དང༌། ཡུལ་གྱིས་བསྐལ་པས་འདོད་པ་དང་མི་ཕྲད་པ་དང༌། གཞན་དབང་དུ་གྱུར་པས་འདོད་པ་མི་ཐོབ་པ་བཞི་བྱིས་པ་ཞེས་པ་དང༌། འདོད་ལྡན་ཞེས་པ་དང༌། ལ་ལ་ཞེས་པ་དང༌། བདག་ལ་ཞེས་པ་ནས་རིམ་པ་བཞིན་ནོ། །གཉིས་པ་ནི་བཅུ་སྟེ། རང་དབང་མེད་པ་དང༌། སྲོག་འདོར་བའི་འཇིགས་པས་སྡུག་བསྔལ་བ་དང༌། གཞན་གྱི་དབང་དུ་གྱུར་པ་དང༌། ལུས་ཀྱིས་སྡུག་བསྔལ་སྣ་ཚོགས་མྱང་བ་དང༌། དུས་གསུམ་གྱིས་བསྡུས་པའི་སྡུག་བསྔལ་དང༌། ཐར་པའང་འགོག་པ་དང༌། ཉེས་པ་མདོར་བསྡུ་བ་དང༌། དལ་བ་ཆུད་གསོན་པ་དང༌། ཉེས་པ་དེ་དག་དབང་དུ་བྱས་ཏེ་ཐར་པའི་ཐབས་ལ་འབད་པ་དང༌། ཉེས་པའི་འབྱུང་གནས་ཐམས་ཅད་ལས་ཕུལ་དུ་བྱུང་བ་བཅུ། ལ་ལ་ཞེས་པ་དང༌། འདོད་པས་ཞེས་པ་དང༌། ཁེ་ཕྱིར་ཞེས་པ་དང༌། འདོད་ལྡན་ཞེས་པ་དང༌། བསགས་དང་ཞེས་པ་དང༌། ནོར་ལ་ཞེས་པ་དང༌། འདོད་ལྡན་ཞེས་པ་དང༌། ཕྱུགས་ཀྱིས་ཞེས་པ་དང༌། འདོད་པ་ཞེས་པ་དང༌། དམྱལ་སོགས་ཞེས་པ་ནས་རིམ་པ་བཞིན་ཏེ། ཤིང་ཏ་འདྲེན་པའི་ཕྱུགས་ཀྱིས་རྩྭ་ཁམ་གང་ཟོས་པ་ནི་ཟ་བའི་བདེ་བས་འཁོར་ལོས་སྒྱིད་པ་གཅོད་པའི་སྡུག་བསྔལ་ཆེ་བའོ། །ཕྱུགས་ཀྱིས་བསྒྲུབས་ཀྱང་མི་དཀོན་པ་ནི་འདོད་པའི་སྤྱོད་པའོ། །འདོད་པས་དུས་ཀུན་ཏུ་དུབ་པ་ནི་དེའི་ཆེད་དུ་འཁོར་བ་ཐོག་མ་མེད་པ་ནས་ད་ལྟའི་བར་དུའོ། །དེའི་བྱེ་བའི་ཆས་སངས་རྒྱས་འགྲུབ་པ་ནི་གྲངས་མེད་གསུམ་གྱིས་སོ། །དམྱལ་བའི་སྡུག་བསྔལ་ལ་བསམས་ནས་དུག་ལ་སོགས་པས་ཆར་མི་ཕོད་པ་ནི། མིའི་སྡུག་བསྔལ་ཙམ་ཡིན་པས་སོ། །དབེན་པ་ལ་དགའ་བ་བསྐྱེད་པ་ལ་གཉིས་ཏེ། ཕུན་སུམ་ཚོགས་པའི་ཁྱད་པར་དང༌། བདེ་བའི་ཁྱད་པར་རོ། །དང་པོ་ལ་བསྟན་པ་དང༌། འགལ་རྐྱེན་མེད་པ་དང༌། མཐུན་རྐྱེན་ཡོད་པའོ། །དང་པོ་ནི་དེ་ལྟར་ཞེས་པའོ། །གཉིས་པ་ནི་རྩོད་དང་ཞེས་པ་སྟེ། རྩོད་པ་ནི་ཕྱི་རོལ་གྱི་གཡེང་བ་ཡིན་ལ། ཉོན་མོངས་པ་ནི་ནང་གི་གཡེང་བའོ། །གསུམ་པ་ནི་སྐལ་ལྡན་ཞེས་པ་སྟེ། རྒྱལ་པོའི་ཁང་བཟངས་ཙནྡན་གྱི་ཆུས་བསིལ་བ་ལྟར་ཟླ་འོད་ཀྱིས་བསིལ་བ་དང༌། རྒྱལ་པོའི་ཁང་བཟངས་ལྟར་རྡོ་ལེབ་ཡངས་པ་དང༌། རྒྱལ་པོ་ལ་བསིལ་ཡབ་ཀྱིས་གཡོབ་པ་ལྟར་ནགས་ཀྱི་རླུང་འཇམ་པོས་གཡོབ་པ་དང༌། རྒྱལ་པོ་ཡུལ་འཁོར་གྱི་བྱ་བ་ལ་སེམས་ཤིང་སྤྱོད་པ་བཞིན་དུ་བྱེད་པ་ལྟར་གཞན་གྱི་དོན་ལ་དམིགས་ཤིང་སྤྱོད་ལམ་བྱེད་པའོ། །གཉིས་པ་ནི་ཁང་སྟོང་ཞེས་པ་སྟེ། རང་དབང་ཡོད་པས་འདོད་གནས་སོ། །རང་གིས་ཡོངས་སུ་འཛིན་ནོ། །དགྲ་ལས་བསྲུང་བའོ། །བཤེས་ལས་ལྟོས་པའོ། །ཆོག་ཤེས་པ་འཇིག་རྟེན་པ་ལ་མེད་པས་དབང་པོ་རྙེད་དཀའ་བའོ། །དེ་ལྟར་མི་མཐུན་པའི་ཕྱོགས་སྤངས་པ་དེས། ཞི་གནས་ཀྱི་དམིགས་པ་ཡིད་ལ་བྱ་བ་ལ་གཉིས་ཏེ། བདག་དང་གཞན་མཉམ་པ་དང༌། བརྗེ་བའོ། །དང་པོ་ལ་ལྔ་སྟེ། མདོར་བསྟན་པ་དང༌། སྡུག་བསྔལ་ཅན་བདག་ཏུ་བཟུང་བས་མཉམ་པ་དང༌། སྡུག་བསྔལ་སྤང་བྱ་ཡིན་པས་མཉམ་པ་དང༌། མཉམ་པར་བསྒོམས་པའི་ཡོན་ཏན་དང༌། མཉམ་པར་བསྒོམ་པར་ནུས་པའོ། །དང་པོ་ནི་དེ་ལ་སོགས་པའི་ཞེས་པ་སྟེ། བདག་གཞན་མཉམ་པར་བསྒོམ་པ་དེ་རྒྱུ་གང་ལས་ཤེ་ན། དེ་ལ་སོགས་པའི་ཞེས་པའོ། །དགོས་པ་གང་གི་ཕྱིར་ཞེ་ན། རྣམ་རྟོག་ཅེས་པ་སྟེ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དོར་བའི་ཕྱིར་རོ། །རྣམ་པ་ཇི་ལྟར་ཞེ་ན། བདེ་དང་ཞེས་པ་སྟེ། བདེ་བ་བླང་བྱར་མཉམ་པས་གཞན་གྱི་དགེ་བ་ཉམས་པ་བསྲུང་བ་དང༌། སྡུག་བསྔལ་སྤང་བྱར་མཉམ་པས་མི་དགེ་བ་སྤང་བའི་ཕྱིར་བདག་བཞིན་དུ་བསྲུང་བའོ། །གཉིས་པ་ལ་བསྟན་པ་དང༌། དེ་ཉིད་བསྒྲུབ་པ་གཉིས་སོ། །དང་པོ་ནི་ལག་པ་ལ་སོགས་ཞེས་པ་སྟེ། ལག་པ་ལ་སོགས་པ་དངོས་པོ་ཐ་དད་ཀྱང་བདག་འཛིན་གཅིག་གིས་ཁྱབ་པས་བསྲུང་བྱར་མཉམ་པ་ལྟར་རང་རྒྱུད་ཐ་དད་ཀྱང་བདག་འཛིན་གཅིག་གིས་ཁྱབ་པར་བྱས་ལ། བསྲུང་ངོ་ཞེས་བྱ་བའོ། །གཉིས་པ་ནི་བདག་འཛིན་མེད་ན་མི་བཟོད་པ་མི་འབྱུང་བ་ལྡོག་པས་བསྟན་པ་དང༌། བདག་འཛིན་ཡོད་ན་མི་བཟོད་པ་འབྱུང་བ་རྗེས་འགྲོས་བསྒྲུབ་པ་དང༌། དེས་ན་གཞན་རྒྱུད་བདག་ཏུ་བཟུང་ནའང་མི་བཟོད་པར་འགྱུར་བ་གསུམ་གལ་ཏེ་ཞེས་པ་དང༌། དེ་ལྟ་ནའང་ཞེས་པ་དང༌། དེ་བཞིན་ཞེས་པ་ནས་རིམ་པ་བཞིན་ནོ། །གསུམ་པ་སྡུག་བསྔལ་སྤང་བྱ་ཉིད་དུ་འདྲ་བས་མཉམ་པ་བསྒོམ་པ་ན་དྲུག་སྟེ། སྦྱོར་བ་མདོར་བརྗོད་པ་དང༌། དེའི་ཁྱབ་པ་བསྒྲུབ་པ་དང༌། ཁྱབ་པ་བསྒྲུབ་པའི་མཚན་ཉིད་བསྒྲུབ་པ་དང༌། དེ་ལ་རྩོད་པ་སྤང་བ་དང༌། ཚད་མ་ངེས་པའི་དོན་བསྡུ་བ་དང༌། མ་ངེས་པའི་རྩོད་པ་སྤང་བའོ། །དང་པོ་ནི་བདག་གིས་ཞེས་པ་སྟེ། གཞན་གྱི་སྡུག་བསྔལ་ཆོས་ཅན། བདག་གིས་ཞེས་པ་དང་བསལ་ཞེས་པ་སྦྲེལ་ཏེ་བདག་གིས་བསལ་བྱ་ཡིན་ནོ་ཞེས་དམ་བཅའ་འོ། །སྡུག་བསྔལ་ཡིན་པའི་ཕྱིར་བདག་གི་སྡུག་བསྔལ་བཞིན་ནོ། །ཞེས་བྱ་བའོ། །ཡང་གཞན་ལ་ཕན་པ་ཆོས་ཅན། བདག་གིས་བྱ་ཞེས་བསྒྲུབ་བྱའོ། །སེམས་ཅན་གྱི་བདེ་བ་ཡིན་པའི་ཕྱིར་བདག་གི་ལུས་ཀྱི་བདེ་བ་བཞིན། ཞེས་བྱ་བའོ། །གཉིས་པ་ཁྱབ་པ་བསྒྲུབ་པ་ནི། གང་ཚེ་ཞེས་པ་སྟེ། གལ་ཏེ་སྡུག་བསྔལ་ཡིན་ཡང་སྤང་བྱར་མི་བརྗོད་ན་ཅི་འགལ་ཞེ་ན། འོ་ན་བདག་གི་རྒྱུད་ཀྱི་སྡུག་བསྔལ་དེ་སྤང་བྱར་བརྗོད་པའི་རྒྱུ་མཚན་གང་ཡིན། གལ་ཏེ་བདག་མི་འདོད་པའི་རྒྱུ་མཚན་གྱི་ཡིན་ནོ་ཞེ་ན། འོ་ན་གཞན་གྱི་སྡུག་བསྔལ་ལའང་མི་འདོད་པར་མཚུངས་ཏེ་སྤང་བྱའི་རྒྱུ་མཚན་དེའང་ཚང་བས་དེས་ན་སྡུག་བསྔལ་ཐམས་ཅད་སྤང་བྱ་ཡིན་པས་ཁྱབ་བོ་ཞེས་སྟོན་པ་ནི། གང་ཚེ་བདག་དང་གཞན་གཉིས་ཀ་སྡུག་བསྔལ་མི་འདོད་པར་མཚུངས་ལ། གང་གི་ཕྱིར་གཞན་ནི་མི་བསྲུངས་ལ་བདག་སྲུང་བར་བྱེད་དེ་བདག་དང་ཁྱད་པར་ཅི་ཡོད་ན་ཞེས་པའི་ཚིག་འོག་མ་སྨྲོས་སོ། །ཡང་བདེ་བ་ཡིན་ཡང་བསྒྲུབ་བྱ་མ་ཡིན་ན་ཅི་འགལ་ཁྱབ་པ་མ་གྲུབ་ཅེ་ན། རང་གི་བདེ་བ་དེ་བསྒྲུབ་བྱ་ཡིན་པ་རྒྱུ་མཚན་གང་གིས་བརྗོད། གལ་ཏེ་བདག་གི་འདོད་བྱ་ཡིན་པས་བསྒྲུབ་བྱ་ཡིན་ནོ་ཞེ་ན། འོ་ན་གཞན་གྱི་བདེ་བ་ལའང་རྒྱུ་མཚན་དེ་བརྗོད་པས་བསྒྲུབ་བྱ་ཡིན་པས་ཁྱབ་སྟེ། དེས་ན་བདེ་བ་ཐམས་ཅད་ལ་བསྒྲུབ་བྱ་ཡིན་པས་ཁྱབ་བོ་ཞེས་སྟོན་པ་ནི། གང་ཚེ་བདག་དང་གཞན་གཉིས་ཀ །བདེ་བ་འདོད་པར་མཚུངས་པ་ལ། གང་གི་ཕྱིར་བདག་གཅིག་པུ་བདེ་བར་བརྩོན་ལ་གཞན་མི་བརྩོན། དེ་བདག་དང་ཁྱད་པར་ཅི་ཡོད་ན་ཞེས་བྱ་བའི་ཚིགས་སུ་བཅད་པ་གོང་མའོ། །གསུམ་པ་ཁྱབ་པའི་རྒྱུ་མཚན་ཉིད་བསྒྲུབ་པ། གལ་ཏེ་གང་ཞིག་བདག་ལ་གནོད་པ་དེ་བསྲུང་བྱ་ཡིན་པའི་རྒྱུ་མཚན་ཡིན་གྱི་གཞན་མི་འདོད་པ་ཙམ་གྱིས་བསྲུང་བྱ་ཡིན་པའི་རྒྱུ་མཚན་མ་ཡིན་ཏེ། དེས་ན་གཞན་གྱི་སྡུག་བསྔལ་གྱིས་བདག་ལ་མི་གནོད་པ་བསྲུང་བྱ་མ་ཡིན་ནོ་སྙམ་ན། བདག་ལ་གནོད་པ་ཙམ་བསྲུང་བྱ་ཡིན་པའི་རྒྱུ་མཚན་ཡིན་པ་བཀག་པས་འདོད་བྱ་མ་ཡིན་པ་བསྲུང་བྱ་ཡིན་པའི་རྒྱུ་མཚན་ཤུགས་ལས་གྲུབ་པའོ། །དེའང་དངོས་སུ་བདག་ལ་མི་གནོད་པས་བསྲུང་བྱ་མ་ཡིན་པའི་རྒྱུ་མཚན་དུ་འདོད་པ་འགགས་སོ། །དེ་ལ་བཞི་སྟེ། དུས་ཐ་དད་པས་འཁྲུལ་པ་བརྗོད་པའི་ཐལ་བ་དང༌། བདག་གཅིག་ཏུ་འཛིན་པ་འཁྲུལ་པར་བསྒྲུབ་པ་དང༌། ལུས་ཀྱི་ཆ་ཐ་དད་ཀྱི་འཁྲུལ་པ་ཡོད་པར་ཐལ་བ་དང༌། དེ་ལ་དཔེ་མ་གྲུབ་པར་ཐལ་བ་སྤང་བའོ། །དང་པོ་ནི་གལ་ཏེ་ཞེས་པས་རྒོལ་བ་བཀོད་པས་མ་འོངས་པའི་ཞེས་བསྟན་ཏེ། མི་གནོད་པ་ལ་བསྲུང་བྱ་མ་ཡིན་པས་ཁྱབ་ན་ཚེ་ཕྱི་མ་དང་རང་ཉིད་རྒས་པ་ལ་སོགས་པའི་དུས་ཀྱི་སྡུག་བསྔལ་དེ་ཆོས་ཅན། །བདག་གིས་མ་བསྲུངས་པར་ཐལ། ད་ལྟར་གྱི་ལུས་ལ་མི་གནོད་པའི་ཕྱིར་གཞན་གྱི་སྡུག་བསྔལ་བཞིན་ནོ། །དེ་ལུས་འདི་ལ་མི་གནོད་ཀྱང་ད་ལྟ་བསྲུང་བར་མི་གནོད་པ་ལ་བསྲུང་བྱ་མ་ཡིན་པས་མ་ཁྱབ་ཅེས་བྱ་བ་ཁྱབ་པ་མ་གྲུབ་པར་བརྗོད་དོ། །གཉིས་པ་ནི་གལ་ཏེ་ད་ལྟར་གྱི་ལུས་ལ་གནོད་པ་དེ་ད་ལྟར་བ་དང་མ་འོངས་པའི་དུས་གཉི་ག་བདག་ཙམ་དུ་གཅིག་པས་བདག་གིས་དེ་མྱོང་བས་བསྲུང་ངོ་ཞེ་ན། བདག་གཅིག་མ་གྲུབ་པ་ནི་བདག་གིས་ཞེས་པ་སྟེ། ཇི་ལྟར་བདག་གཅིག་ཡིན་ཏེ། འདི་ལྟར་འཆི་བ་གཞན་ཡིན་ལ། །སྐྱེ་བ་ཡང་ནི་གཞན་ཡིན་ཏེ། །ཞེས་སེམས་སྐད་ཅིག་འགགས་པ་དང༌། རྒྱུན་འགགས་པའོ། །དེས་ན་བདག་གིས་དེ་ནི་མྱོང་སྙམ་པའི་རྣམ་པར་རྟོག་པ་ལོག་པ་ཡིན་ནོ། །གསུམ་པ་ནི་གང་ཚེ་ཞེས་པ་སྟེ། སྡུག་བསྔལ་མྱོང་བ་པོས་བསྲུང་གི་མྱོང་བ་པོ་མ་ཡིན་པའི་བསྲུང་བྱ་མ་ཡིན་པས་ཁྱབ་ན་རྐང་པའི་སྡུག་བསྔལ་ལག་པས་མ་མྱོང་བས་དེའང་མི་བསྲུང་བར་ཐལ་ལོ། །དེ་མི་གནོད་ཀྱང་བསྲུངས་པས་མི་གནོད་པ་ལ་བསྲུངས་བྱ་མ་ཡིན་པས་ཁྱབ་བོ་ཞེས་པའོ། །བཞི་པ་ནི་གལ་ཏེ་གཞན་གྱི་སྡུག་བསྔལ་བདག་ལ་མི་གནོད་པས་བསྲུང་བར་མི་རིགས་པ་ལྟར་བདག་གི་སྡུག་བསྔལ་མ་འོངས་པ་ན་མྱོང་བ་དེའང་བསྲུང་བྱར་རིགས་པ་མིན་ཡང་བདག་ཏུ་འཛིན་པ་འཇུག་གོ་ཞེ་ན། བདག་འཛིན་མི་རིགས་པ་ཅི་ནུས་པར་ནི་སྤང་བྱ་ཡིན་ནོ། །གལ་ཏེ་སྐད་ཅིག་དང་ཡན་ལག་ཐ་དད་ཀྱང་བདག་འཛིན་རིགས་སོ་ཞེ་ན། འོ་ན་རྒྱུད་ཐ་དད་ཀྱང་གཞན་ལ་ཡང་བདག་འཛིན་རིགས་པས་སྡུག་བསྔལ་བསྲུང་དགོས་སོ། །བདག་འཛིན་རིགས་ཀྱང་གཞན་འཛིན་འཇུག་གོ་ཞེ་ན། གཞན་འཛིན་མི་རིགས་པ་གང་ཡིན། དེ་ཅི་ནུས་པར་ནི་སྤང་བྱ་ཉིད་ཅེས་བྱ་བའོ། །དེས་ཁྱབ་པའི་རྒྱུ་མཚན་བསྒྲུབས་ནས། བཞི་པ་རྩོད་པ་སྤང་བ་ནི་གལ་ཏེ་མ་འོངས་པ་ལ་བདག་འཛིན་རིགས་ཏེ་སྐད་ཅིག་ཐ་དད་ཀྱང་རྒྱུ་གཅིག་པའི་ཕྱིར་རོ། །སེམས་ཅན་གཞན་ལ་བདག་འཛིན་མི་རིགས་ཏེ་རྒྱུད་ཐ་དད་པའི་ཕྱིར་རོ། །ཡན་ལག་གཞན་ཡང་བདག་འཛིན་རིགས་ཏེ། ཚོགས་པས་ལུས་སུ་གཅིག་པའི་ཕྱིར་རོ། །གཞན་གྱི་ལུས་ལ་བདག་འཛིན་མི་རིགས་ཏེ། ཚོགས་པ་ཐ་དད་པའི་ཕྱིར་རོ། །དེས་ན་བདག་གཞན་མི་རིགས་པ་མེད་དོ་ཞེ་ན། རྒྱུད་དང་ཞེས་སྨོས་ཏེ། རྒྱུད་ཅེས་བྱ་བ་ཆོས་ཅན་ནོ། །བརྫུན་ཞེས་བྱ་བ་བསྒྲུབ་བྱའོ། །རིམ་ཅན་དུ་མ་ལ་གཅིག་ཏུ་འཛིན་པའི་ཕྱིར་རོ། །ཕྲེང་བ་དུ་མ་ལ་གཅིག་ཏུ་འཛིན་པ་བཞིན། ཡང་ཚོགས་པ་ཞེས་བྱ་བ་ཆོས་ཅན། བརྫུན་ཏེ་ཅིག་ཅར་དུ་མ་ལ་གཅིག་ཏུ་གཟུང་བའི་ཕྱིར་དམག་དུ་མ་ལ་གཅིག་ཏུ་བཟུང་བ་བཞིན་ཞེས་པའོ། །ལྔ་པ་ཚད་མས་ངེས་པའི་དོན་བསྡུ་བ་ནི། སྡུག་བསྔལ་ཞེས་པའོ། །གཞན་གྱི་ལུས་དང་བདག་གི་ལུས་ཐ་དད་པས། གཞན་གྱི་ལུས་ཀྱི་སྡུག་བསྔལ་གྱི་བདག་པོ་བདག་གི་རྒྱུད་མ་ཡིན་པ་ལྟར་རྡུལ་ཕྲ་རབ་གཞན་དང་སྐད་ཅིག་གཞན་ཡང་ཐ་དད་པས་སྡུག་བསྔལ་གྱི་ངོ་བོ་སྐད་ཅིག་སིལ་བུ་དང་རྡུལ་ཕྲན་སིལ་བུ་ཡིན་གྱི། བདག་པོ་མེད་པས་སྡུག་བསྔལ་ཅན། གང་ཡིན་པའི་མྱོང་བ་པོ་མེད་པས་སྡུག་བསྔལ་དེ་སུ་ཞིག་དབང་དུ་འགྱུར་ཏེ། བདག་ལའང་སྡུག་བསྔལ་གྱི་དབང་དུ་མ་གྱུར་ཏེ། དེས་ན་གཞན་གྱི་སྡུག་བསྔལ་གྱི་བདག་པོ་རང་གི་རྒྱུད་མ་ཡིན་པ་ལྟར་རང་གི་རྒྱུད་ཀྱི་སྡུག་བསྔལ་ལའང་མྱོང་བ་པོ་མེད་པས་སྡུག་བསྔལ་བདག་པོ་མེད་པ་ནི། ཐམས་ཅད་བྱེ་བྲག་མེད་པ་ཉིད་དོ། །དེས་ན་སྤང་བྱ་འཇོག་པའི་རྒྱུ་མཚན་དེ་རང་གི་རྒྱུད་ལ་གནོད་པས་མ་ཡིན་གྱི་སྡུག་བསྔལ་ཡིན་པ་ཙམ་གྱིས་ཡིན་པས་སྡུག་བསྔལ་ཡིན་པའི་ཕྱིར་དེ་སྤང་བྱའོ། །རང་གི་སྤང་བྱ་ལ་གཞན་གྱི་མི་སྤང་བའི་ངེས་པས་འདི་ལ་ཅི་ཞིག་བྱ་བའོ། །དེས་ན་གཞན་གྱི་སྡུག་བསྔལ་སྤང་བྱར་གྲུབ་པས་ཅིའི་ཕྱིར་ཞེས་པ་རྐང་པ་གཉིས་པའོ། །དོན་བསྡུ་བ་ནི་གལ་ཏེ་ཞེས་པའོ། །དྲུག་པ་རྩོད་པ་སྤང་བ་ནི་གལ་ཏེ་སྡུག་བསྔལ་ཡིན་པ་ལ་སྤང་བྱ་ཡིན་པས་ཁྱབ་ན་སེམས་ཅན་གྱི་དོན་དུ་སྡུག་བསྔལ་ཉམས་སུ་ལེན་པའང་སྤང་བྱར་ཐལ། དེ་སྤང་བྱ་མ་ཡིན་ན་ཁྱབ་པ་མ་གྲུབ་པའི་སྐྱོན་གནས་སོ་ཞེ་ན། དཀའ་བའི་སྤྱོད་པ་ཉམས་སུ་བླང་བྱ་ཡིན་ཡང་དེ་ལ་འདིར་བཀོད་པའི་རྟགས་མ་ཞུགས་ཏེ། འདིར་སྡུག་བསྔལ་དང་ལྡན་པའི་ཕྱིར་ཞེས་པ་རྟགས་ཡིན་ལ་དཀའ་བ་ལ་སྡུག་བསྔལ་མེད་པས་ཇི་ལྟར་སྙིང་རྗེ་སྡུག་བསྔལ་མེད་ཅེས་བྱ་བའོ། །ཇི་ལྟར་སྡུག་བསྔལ་མེད་ཅེ་ན། འགྲོ་བའི་སྡུག་བསྔལ་བསམ་བྱས་ན་སྟེ། སེམས་ཅན་གྱི་སྡུག་བསྔལ་བསལ་བར་བྱ་བ་ལ་བསམས་ནས་གཞན་དོན་གྱི་སྡུག་བསྔལ་ལ་སྡུག་བསྔལ་དུ་མི་འཛིན་ཏེ་གཞན་དོན་དུ་མནར་མེད་པར་འཇུག་ནའང་པདྨའི་མཚོར་ངང་པ་འཇུག་པ་ལྟར་དགའ་བས་སོ། །ཡང་ངན་འགྲོའི་སྡུག་བསྔལ་དེ་འདུ་བྱེད་ཀྱི་སྡུག་བསྔལ་ཆེན་པོ་ལ་བསམས་ནས་ལེན་པ་ལས་གྲོལ་བའི་དཀའ་བ་སྡུག་བསྔལ་ཆུང་བས་སོ། །ཡང་ན་སྡུག་བསྔལ་ཙམ་ཡིན་པས་རྟགས་ཀྱི་ངོ་བོ་ཞུགས་ཀྱང་འབྲས་བུ་དང་བཅས་པའི་སྡུག་བསྔལ་ཡིན་གྱི། འབྲས་བུ་མ་ཡིན་པའི་སྡུག་བསྔལ་མ་ཡིན་པས་རྟགས་ཀྱི་ཁྱད་པར་མ་ཞུགས་པ་ནི་གལ་ཏེ་ཞེས་པའོ། །དེ་ལ་ཤེས་བྱེད་དགོད་པ་ནི་དེས་ན་ཞེས་པ་སྟེ། ཟླ་བ་སྒྲོན་མའི་མདོ་ལས། ཆོས་སྨྲ་བའི་མེ་ཏོག་ཟླ་མཛེས་ཀྱིས་རང་ཉིད་ཀུན་ཏུ་བཟང་པོའི་ནགས་ཁྲོད་ན་དབེན་པ་ལ་བརྩོན་པ་ན་རྒྱལ་པོ་དཔའ་བས་སྦྱིན་འདུལ་བར་ཤེས་ནས་རང་རྒྱལ་པོས་གནོད་པ་བྱེད་པར་ཤེས་ཀྱང་དེ་ལ་འཇིགས་པ་མེད་པར་རྒྱལ་པོའི་ཕོ་བྲང་འཁོར་རིན་ཆེན་ལྡན་དུ་ཕྱིན་ནས་དེ་དག་ཆོས་ཀྱི་ཀུན་དགའ་བའི་སྒྲ་བསྒྲགས་སོ་ཞེས་གྲག་གོ །རང་གི་སྡུག་བསྔལ་ཁྱད་དུ་བསད་པ་ཅི་སྟེ་ཞེ་ན། མང་པོའི་སྡུག་བསྔལ་ཟད་འགྱུར་ཕྱིར་རོ། །དེས་སྡུག་བསྔལ་མཉམ་པས་བདག་གཞན་མཉམ་པར་བསྒོམ་པ་བཤད་ནས་བཞི་པ་མཉམ་པར་བསྒོམས་པའི་ཡོན་ཏན་ནི་ལྔ་སྟེ། གཞན་དོན་ལ་བདེ་བས་འཇུག་པ་དང༌། གཞན་དོན་བསྒྲུབ་པའི་བདེ་བ་མཆོག་ཏུ་གྲུབ་པ་དང༌། རང་གི་དྲེགས་པ་ཞི་བ་དང༌། འབྲས་བུ་ལ་ལྟོས་པ་མེད་པ་དང༌། དགོས་པ་དེ་དག་གི་སྒྲུབ་བྱེད་ལ་འབད་པར་གདགས་པའོ། །དང་པོ་དེ་ལྟར་ཞེས་པ་སྟེ། གཞན་དོན་ལ་བདེ་བར་འཛིན་པའི་རྒྱུ་དང༌། བསམ་པ་དང༌། དཔེ་གསུམ། རྐང་པ་གཅིག་དང་གཅིག་དང་གཉིས་དང་རིམ་པ་བཞིན་ནོ། །གཉིས་པ་ནི་སེམས་ཅན་ཞེས་པ་སྟེ། གཞན་དོན་བསྒྲུབས་པས་ཆོག་གི་རང་ཐར་པ་ཙམ་དགའ་བའི་རྒྱུ་མ་ཡིན་ནོ་ཞེས་བྱ་བའོ། །གསུམ་པ་ནི་དེ་ལྟས་ཞེས་པ་སྟེ། གཞན་ལ་གཞན་གྱི་འདུ་ཤེས་དང་བྲལ་བས་གཞན་དོན་བྱས་སོ་སྙམ་པའི་དྲེགས་པ་མི་སྐྱེ་བའོ། །བཞི་པ་ནི་གཅིག་ཏུ་ཞེས་པའོ། །ལྔ་པ་ནི་དེ་བས་ཞེས་པའོ། །ལྔ་པ་གཟུང་བར་ནུས་པ་ནི་གོམས་པ་ཡིས་ནི་ཞེས་པ་སྟེ། སྔར་བཟུང་བའི་ལུས་འདི་ཕ་མའི་ཁུ་བ་དང་ཁྲག་ཡིན་གྱི་རང་གི་སེམས་ལས་ཐ་དད་ཀྱང་གོམས་པས་ན་རང་དུ་འཛིན་པའི་བློ་སྐྱེད་པ་ལྟར་རང་གི་ཤེས་པ་ལས་ཐ་དད་ནའང་གོམས་ན་གཞན་རྒྱུད་ལ་བདག་ཏུ་འཛིན་པའི་བློ་ཅི་སྟེ་མི་འབྱུང་ཞེས་བྱ་བའོ། །བདག་དང་གཞན་བརྗེ་བ་ལ་བཞི་སྟེ། མཚན་ཉིད་བྱ་བ་མདོར་བསྟན་པ་དང༌། མཚན་ཉིད་རྒྱས་པར་བཤད་པ་དང༌། བརྗེས་ནས་བསམ་པ་རྗེས་སུ་བསྒྲུབ་པའི་བྱ་བ་རྒྱས་པར་བཤད་པ་དང༌། སྦྱོར་བ་རྗེས་སུ་བསྒྲུབ་པའི་བྱ་བ་རྒྱས་པར་བཤད་པའོ། །དང་པོ་ལའང་བསམ་པ་དང་སྦྱོར་བས་ཇི་ལྟར་བསྒྲུབ་པའོ། །དང་པོ་ནི་བདག་ཉིད་སྐྱོན་བཅས་སུ་ཤེས་བྱ་གཞན་ལ་ཡོན་ཏན་རྒྱ་མཚོར་ཤེས་བྱ་ཞེས་པ་དམན་པ་དང་གྱ་ནོམ་པའི་བསམ་པ་དང་བདག་འཛིན་ཡོངས་སུ་དོར་བ་ལ་རང་གི་རྒྱུད་གཞན་དུ་གཟུང་བ་དང༌། གཞན་བླངས་ཏེ་གཞན་རྒྱུད་བདག་ཏུ་བཟུང་བས་བླང་དོར་གྱི་འདུ་ཤེས་ཏེ། དེའང་དང་པོ་ནི་མོས་པ་དང༌། ཕྱི་ནས་མཐོང་བའི་སྒོ་ནས་སོ། །གཉིས་པ་ནི་ལག་པ་ལ་སོགས་པ་ཞེས་པ་སྟེ། གོམས་ན་ལག་པ་ལ་སོགས་པ་ཐ་དད་ལའང་བསྲུང་བ་དང་བདག་ཏུ་འཛིན་པ་ལྟར་རྒྱུད་གཞན་ལའང་བདག་འཛིན་དང་བསྲུང་བའི་སྦྱོར་བ་འཇུག་པའོ། །མཚན་ཉིད་རྒྱས་པར་བཤད་པ་ལ་བཞི་སྟེ། གཞན་བླང་བ་དང༌། བདག་གཅེས་པར་འཛིན་པ་དོར་བ་དང༌། བདག་གཞན་གཙོ་བོར་བྱེད་པའི་སྐྱོན་ཡོན་དང༌། དོན་བསྡུ་བའོ། །དང་པོ་ནི་དེ་ལྟར་རྒྱུད་ནི་ཞེས་པ་ལ་སོགས་པ་བདག་གཞན་མཉམ་པའི་སྐབས་སུ་གསུངས་པའི་དོན་རྣམས་བཟླས་ནས་འདིར་ཡང་འཆད་པ་ན་བདུན་ཏེ། བརྗེ་བར་ནུས་པ་དང༌། དྲེགས་པ་ཞི་བ་དང༌། འབྲས་བུ་ལ་མི་ལྟོས་པ་དང༌། དགོས་པ་དེ་དག་གི་སྒྲུབ་བྱེད་ལ་འབད་པར་གདམས་པ་དང༌། གཞན་གྱི་དོན་ཆེད་ཆེར་གཟུང་བ་དང༌། གོམས་པས་གྲུབ་པ་དང༌། བདག་དང་གཞན་སྡུག་བསྔལ་ལས་སྒྲོལ་བའོ། །དང་པོ་ནི་ཇི་ལྟར་ཞེས་པ་སྟེ། ལུས་སེམས་ལ་ཐ་དད་ཀྱང་གོམས་ནས་བདག་འཛིན་འཇུག་པ་ལྟར། གཞན་གྱི་རྒྱུད་ལའང་གོམས་ན་བདག་འཛིན་འཇུག་ནུས་ཞེས་བྱ་བའོ། །གཉིས་པ་ནི་དེ་ལྟར་ཡིན་ན་ཞེས་པ་སྟེ། རང་དོན་བྱས་པ་ལ་རློམ་སེམས་མི་སྐྱེ་བ་ལྟར་གཞན་ལ་རང་དུ་བཟུང་ནའང་གཞན་དོན་བྱས་པ་ལ་རློམ་སེམས་མི་འབྱུང་ངོ་ཞེས་བྱ་བའོ། །གསུམ་པ་ནི་བདག་ཉིད་ཀྱིས་ཞེས་པའོ། །བཞི་པ་ནི་དེ་བས་ཞེས་པའོ། །ལྔ་པ་ནི་དེ་བས་ཞེས་པ་སྟེ། བྱ་བ་ཐམས་ཅད་གཞན་དོན་ཁོ་ནའི་ཆེད་དུ་བྱ་བ་ཡིན་པས། མགོན་པོ་སྤྱན་རས་གཟིགས་ཀྱིས་མཚན་བྱིན་གྱིས་བརླབས་ཏེ། མཚན་དྲན་པ་ཙམ་གྱིས་དགྲ་དང་མེ་ལ་སོགས་པའི་འཇིགས་པ་ལས་གྲོལ་བ་དང༌། འཁོར་དུ་བག་ཚ་བའི་འཇིགས་པ་ལས་གྲོལ་བར་འགྱུར་བར་བྱིན་གྱིས་བརླབས་སོ། །དང་པོ་ལྟར་ན་ནི་འཁོར་གྱི་ཞེས་བརྗོད་ལ། ཕྱི་མ་ལྟར་ན་འཁོར་གྱིས་ཞེས་བརྗོད་དོ། །དྲུག་པ་ནི་དཀའ་ལས་ཞེས་པ་སྟེ། དཀའ་བ་ལས་གོམས་ན་སླ་སྟེ། གང་ཟག་འགའ་ཞིག་མཐོང་ན་འཇིགས་ལ་གོམས་ན་དེ་ལ་དགའ་བ་བཞིན་ནོ། །ཞེས་བྱ་བའོ། །བདུན་པ་ནི་གང་ཞིག་ཅེས་པ་སྟེ། བསམས་པ་དེས་བདག་དང་གཞན་སྒྲོལ་བར་ནུས་ལ། དེ་སྐྱེ་བོ་དམན་པས་མོས་པར་མི་ནུས་པས་གསང་བའི་དམ་པའོ། །གཉིས་པ་བདག་གཅེས་པར་འཛིན་པ་དོར་བ་ལ་གཉིས་ཏེ། བདག་གི་ལུས་ལ་ཆགས་པས་སྐྲག་པའི་གནས་མ་ཡིན་པ་ལ་སྐྲག་པ་དང༌། ཉེས་དམིགས་སྣ་ཚོགས་ལ་སྦྱོར་བའོ། །དང་པོ་ནི་བདག་ལུས་ཞེས་པ་སྟེ། ལུས་ལ་གཅེས་པར་མི་འཛིན་ན་གང་ལའང་མི་འཇིགས་པའི་ལུས་གཅེས་པར་བཟུང་ན་ཅུང་ཟད་ལའང་འཇིགས་པ་སྐྱེ་བས་ལུས་དེ་འཇིགས་པའི་འབྱུང་གནས་ཡིན་པས་དགྲ་དང་འདྲའོ་ཞེས་བྱ་བའོ། །གཉིས་པ་ནི་སྡིག་པ་ལ་སྦྱོར་བ་དང༌། དེས་ན་སྡང་བར་རིགས་པ་དང༌། བསྲུང་བར་མི་རིགས་པ་གསུམ། ལུས་གང་ཞེས་པ་དང༌། མཁས་པ་ཞེས་པ་དང༌། འདི་ལ་ཞེས་པ་ནས་རིམ་པ་བཞིན་ནོ། །གསུམ་པ་བདག་གཙོ་བོར་བྱེད་པའི་སྐྱོན་ཡོན་ལ་གཉིས་ཏེ། སྐྱོན་ཡོན་གཉིས་ཀའི་རྣམ་གྲངས་དང༌། བདག་གཅེས་པར་འཛིན་པའི་ཉེས་པའོ། །དང་པོ་ལ་དྲུག་སྟེ། སྦྱིན་པའི་དབང་དུ་བྱས་པ་དང༌། གནོད་པའི་དབང་དུ་བྱས་པ་དང༌། བསྟོད་གྲགས་ཀྱི་དབང་དུ་བྱས་པ་དང༌། ལས་ལ་སྦྱར་བའི་དབང་དུ་བྱས་པ་དང༌། ཕན་བདེའི་དབང་དུ་བྱས་པ་དང་དོན་བསྡུ་བའོ། །དེའང་གལ་ཏེ་ཞེས་པ་དང༌། བདག་ཕྱིར་ཞེས་པ་དང༌། བདག་ཉིད་ཅེས་པ་དང༌། བདག་གི་ཞེས་པ་དང༌། འཇིག་རྟེན་ཞེས་པ་དང༌། མང་དུ་ཞེས་པ་ནས་རིམ་པ་བཞིན་ནོ། །གཉིས་པ་ལ་བཞི་སྟེ། མ་མཐོང་བའི་ཉེས་པ་དང༌། མཐོང་བའི་ཉེས་པ་དང༌། དོན་བསྡུ་བ་དང༌། འཇིགས་པའི་རྒྱུ་བདག་ཏུ་འཛིན་པ་དོར་བའོ། །དང་པོ་ནི་བདག་བདེ་ཞེས་པས་ཐར་པ་མི་ཐོབ་པ་དང༌། འཁོར་བ་ནའང་བདེ་བ་མེད་པ་ཞེས་པས་བདེ་འགྲོ་མི་ཐོབ་པའོ། །གཉིས་པ་ནི་འཇིག་རྟེན་ཞེས་པའོ། །གསུམ་པ་ནི་མཐོང་དང་ཞེས་པའོ། །བཞི་པ་ནི་འཇིག་རྟེན་དག་ན་ཞེས་པས་བདག་འཛིན་འཇིགས་པའི་གཞི་ཡིན་པ་རྗེས་འགྲོས་བསྒྲུབས་ནས་བདག་ཉིད་ཅེས་པས་དེ་དཔེའི་སྒོ་ནས་བསྒྲུབ་པའོ། །བཞི་པ་དོན་བསྡུ་བ་ལ་ལྔ་སྟེ། བརྗེ་བའི་ཆེད་དུ་བྱ་བ་དང༌། རང་བཞིན་དང༌། བསམ་པའི་ཁྱད་པར་དང༌། སྦྱོར་བའི་ཁྱད་པར་ལས་ལོག་པའི་སྦྱོར་བ་དགག་པ་དང༌། ཡང་དག་པར་སྦྱོར་བ་བསྒྲུབ་པའོ། །དང་པོ་ནི་དེ་ལྟར་ཞེས་པའོ། །གཉིས་པ་ནི་བདག་ཉིད་ཅེས་པའོ། །གསུམ་པ་ནི་བདག་ནི་ཞེས་པ་སྟེ། བདག་གཞན་ལ་བྱིན་པས་ལུས་དེས་རང་གི་དོན་བསྒྲུབ་པའི་བསམ་པ་དོར་བའོ། །བཞི་པ་ནི་གཞན་དབང་ཞེས་པ་སྟེ། རང་གི་ལུས་དེ་སྐྱེ་བོ་གཞན་དབང་བའི་མིག་ལ་སོགས་པའི་ལུས་ཀྱིས་གཞན་གྱི་དོན་འབའ་ཞིག་བསྒྲུབ་དགོས་པས་རང་དོན་བསྒྲུབ་པར་རིགས་པ་མ་ཡིན་ལ། དེ་དོན་ཏེ། གཞན་དོན་སྒྲུབ་པར་བྱེད་པའི་མིག་ལ་སོགས་པ་གཞན་དོན་གྱི་ལས་དེ་ལ་ལོག་པར་བསྒྲུབས་ན་དེ་ལ་གནོད་པའི་དགེ་བ་ཉམས་ན་མི་རུང་ཞེས་བྱའོ། །ལྔ་པ་ནི་དེས་ན་ཞེས་པ་སྟེ། རང་གི་ལུས་ལ་ཡོན་ཏན་ཡོད་ཀྱང་གཞན་གྱི་སྟོབས་ཀྱིས་བླང་བའོ། །བརྗེས་ནས་བསམ་པ་རྗེས་སུ་བསྒྲུབ་པ་ལ་གཉིས་ཏེ། མདོར་བསྟན་པ་དང༌། ཕྲག་དོག་བསྒོམ་པ་དང༌། འགྲན་སེམས་བསྒོམ་པ་དང༌། ང་རྒྱལ་བསྒོམ་པ་དང༌། བསྒོམ་པའི་འབྲས་བུའོ། །དང་པོ་ནི་དམན་སོགས་ཞེས་པ་སྟེ། སེམས་ཅན་གྱི་ཚོགས་ན་སེམས་ཅན་གསུམ་སྟེ། རང་བས་དམན་པ་དང༌། རང་དང་མཉམ་པ་དང༌། རང་ལས་ལྷག་པའོ། །དེ་གསུམ་བདག་ཏུ་བཟུང་སྟེ། རང་གི་ལུས་གཞན་དུ་བཟུང་ལ་རང་གིས་ལུས་འདི་གཞན་དུ་བྱས་པ་ལ་དམན་པ་བདག་ཏུ་བྱས་པ་ཕྲག་དོག་དང༌། མཉམ་པ་བདག་ཏུ་བྱས་པ་འགྲན་སེམས་དང༌། ལྷག་པ་བདག་ཏུ་བྱས་པ་ང་རྒྱལ་བསྒོམ་པའོ། །རྣམ་རྟོག་མེད་ཅེས་པ་ནི། སྔོན་བཟུང་བ་ལྟར་རང་གཞན་རྒྱུད་ངེས་པའི་རྣམ་རྟོག་མེད་པའོ། །གཉིས་པ་ཕྲག་དོག་བསྒོམ་པ་ལ་གསུམ་སྟེ། འཇིག་རྟེན་གྱི་ཆོས་ལ་ཕྲག་དོག་བསྒོམ་པ་དང༌། ཡོན་ཏན་ལ་ཕྲག་དོག་བསྒོམ་པ་དང༌། བསྒོམས་ནས་ཇི་ལྟར་བསྒྲུབ་པའོ། །དང་པོ་ནི་འདི་ནི་ཞེས་པ་སྟེ། བཀུར་བ་དང་རྙེད་པ་དང༌། རྗེ་དཔོན་དུ་གྱུར་པ་ལ་ཕྲག་དོག་བྱ་བ་སྟེ། འདི་ནི་ཞེས་པ་རང་རྒྱུད་གཞན་དུ་བཟུང་བའོ། །བདག་ཅེས་པ་དམན་པ་བདག་ཏུ་བཟུང་བའོ། །གཉིས་པ་ནི་འདི་ནི་ཞེས་པ་སྟེ། བདག་རྒྱུད་ལ་གཞན་དུ་བཟུང་བ་འདི་ཡོན་ཏན་གྱིས་ཆེ་ལ། དམན་པ་བདག་ཏུ་བྱས་པའི་བདག་དམན་ཡོན་ཏན་ཡང་མེད་པར་གྲགས་ན་དེ་མི་འདོད་པས་ཡོན་ཏན་མེད་པས་ཅི་ཞིག་བྱ་སྟེ། དེས་ན་དམན་པ་བདག་ཏུ་བྱས་པའི་སྐྱེ་བོ་དེ་ཡོན་ཏན་དང་ལྡན་པར་བྱ་དགོས་ཞེས་བསམ་པ་ནི་ཕྲག་དོག་གི་རྣམ་པའོ། །དེ་བས་ན་རང་རྒྱུད་གཞན་དུ་བཟུང་བ་དེས། དམན་པ་བདག་ཏུ་བྱས་པ་ལ་ང་རྒྱལ་བྱས་ན་དེ་གཅོགས་པ་ནི། མཐོན་དམན་ལ་ལྟོས་པ་ཡིན་པས་བདག་ཀུན་དེ་རང་བས་མཐོ་བ་བདག་ཏུ་བྱས་པའི། བདག་ཀུན་ཡོན་ཏན་དང་ལྡན་པ་གང་བ་སྟེ། དེ་ལ་ལྟོས་ནས་འདི་དམན་ཏེ། རང་རྒྱུད་གཞན་དུ་བཟུང་བ་དེ་དམན་པའང་ཡོད་པས་ན་རང་རྒྱུད་གཞན་དུ་བཟུང་བས་དམན་པ་བདག་ཏུ་བྱས་པ་ལ་ང་རྒྱལ་མི་རིགས་ལ། ཡང་དམན་པ་བདག་ཏུ་བྱས་པ་དེ་རང་རྒྱུད་གཞན་དུ་བཟུང་བའི་བརྙས་པའི་ཡུལ་དེ་ལ། རང་རྒྱུད་གཞན་དུ་བཟུང་བ་དེས་བརྙེས་པ་མི་རིགས་ཏེ། དམན་པ་དེའང་ལྟོས་ནས་འཇོག་པས་དེ་བས་ཀྱང་དམན་པ་གང་བས་ཀྱང་དམན་པ་བདག་ཏུ་བྱས་པ་མཆོག་སྟེ། དེ་ལ་ལྟོས་ནས་མཆོག་ཏུའང་འདུག་པས་བརྙས་པ་མི་རིགས་སོ། །གལ་ཏེ་དམན་པ་བདག་ཏུ་བྱས་པས་དེ་ལ་ཚུལ་ཁྲིམས་དང་ལྟ་བ་ལ་སོགས་པས་རྒུད་པ་དེ་ལ་བརྙས་སོ་ཞེ་ན། དེའང་མི་རིགས་ཏེ། ཚུལ་ཁྲིམས་ལྟ་བ་གུད་སོགས་ནི། བདག་དབང་མིན་ཏེ་རང་དབང་མེད་པའོ། །ཅིའི་ཕྱིར་ཞེ་ན། ཉོན་མོངས་སྟོབས་ཀྱིས་ཡིན་པས་སོ། །གསུམ་པ་ནི་བསམ་པས་བདག་ཏུ་བཟུང་བའི་བདག་ཕྱིར་རྒྱས་པར་བྱ་བ་དང༌། དེའི་གནོད་པ་བཟོད་པར་བྱ་བ་དང༌། སེམས་ཅན་ལ་མི་ཕན་པའི་ཡོན་ཏན་ལ་ཡོན་ཏན་དུ་མི་ལྟ་བ་དང༌། ངན་འགྲོར་ཕྱོགས་པ་ལ་བརྩེ་བར་བྱ་བ་དང༌། རང་རློམ་པ་སྤང་ཞིང་དེས་མཁས་པ་ལ་སྡང་བ་དོར་བའོ། །དང་པོ་ནི་ཅི་ནུས་ཞེས་བྱ་བའོ། །གཉིས་པ་ནི་གནོད་པའང་ཞེས་པ་སྟེ། བདག་རྒྱུད་གཞན་དུ་བཟུང་བ་ལ་དམན་པ་བདག་ཏུ་བཟུང་བས་གནོད་པ་བྱས་ནའང་དང་དུ་བླང་ངོ༌། །ཡང་ན་དམན་པ་བདག་ཏུ་བྱས་པའི་བདག་དེས་ཡོན་ཏན་བསྒྲུབ་པའི་གནོད་པའང་བདག་གིས་དང་དུ་བླངས་པ་ཡོན་ཏན་བསྒྲུབ་པའོ། །གསུམ་པ་ནི་འོན་ཏེ་ཞེས་པ་སྟེ། ཁྱེད་སྙིང་རྗེ་དང་ལྡན་པ་ཡིན་ན་དམན་པ་བདག་ཏུ་བྱས་པའི་བདག་གསོ་བྱ་མིན་པ་ཅིའི་ཕྱིར། ཡང་དམན་པ་བདག་ཏུ་བྱས་པའི་བདག་ལ། ཁྱོད་ཅིའི་ཕྱིར་བརྙས་པ་བྱེད་ཅེས་དྲིའོ། །གལ་ཏེ་རང་གི་རྒྱུད་གཞན་དུ་བྱས་པ་དེ་ཡོན་ཏན་དང་ལྡན་པས་སོ་ཞེ་ན། དམན་པ་བདག་ཏུ་བྱས་པའི་བདག་ལ་མི་ཕན་པའི་ཡོན་ཏན་དེས་ཅི་བྱ་སྟེ། རང་རྒྱུད་གཞན་དུ་བཟུང་བའི་ཡོན་ཏན་དེ་ལ་དགོས་པ་མེད་དོ་ཞེས་པའོ། །བཞི་པ་ནི་ངན་འགྲོ་ཞེས་པའོ། །ལྔ་པ་ནི་ཕྱིར་ལ་ཞེས་པའོ། །གསུམ་པ་འགྲན་སེམས་བསྒོམ་པ་ལ་གསུམ་སྟེ། བསམ་པས་བདག་ཏུ་བཟུང་བའི་བདག་གིས་རྙེད་བཀུར་ལ་འགྲན་པ་དང༌། དེའི་ཡོན་ཏན་ལ་འགྲན་པ་དང༌། ལེགས་པའི་རྣམ་གྲངས་ལ་འགྲན་པ་རྣམས། བདག་དང་ཞེས་པ་དང༌། ཅི་ནས་ཞེས་པ་དང༌། བདག་གི་ཞེས་པ་ནས་རིམ་པ་བཞིན་ནོ། །ང་རྒྱལ་བསྒོམ་པ་ལ་བཞི་སྟེ། ང་རྒྱལ་གྱི་རྣམ་པ་དང༌། བསྒོམ་པའི་ལེགས་པ་དང༌། བསྒོམས་ནས་བསྟེན་པར་བྱ་བའི་སྦྱོར་བ་དང༌། ང་རྒྱལ་དང་བྲལ་བའི་ཉེས་པའོ། །དང་པོ་ནི། ཉོན་མོངས་འདི་ཡང་ཞེས་པ་སྟེ། གཞན་རྒྱུད་མཐོན་པོ་བདག་ཏུ་བྱས་པས་རང་གི་རྒྱུད་ལ་དེ་ལྟར་བལྟ་བའོ། །གཉིས་པ་ནི་དེ་ལྟར་ཞེས་པ་སྟེ། བསམ་པས་བདག་ཏུ་བཟུང་བའི་བདག་ལ་ཡོན་ཏན་ཐོབ་ནས་ཡིད་བདེ་བ་དེ་རང་གི་སེམས་ཀྱིས་མྱོང་བའོ། །གསུམ་པ་ནི་ཅི་སྟེ་ཞེས་པ་སྟེ། རང་རྒྱུད་གཞན་དུ་བཟུང་བ་དེ་བྲན་ལྟ་བུར་འདུ་ཤེས་པས་གཞན་རྒྱུད་བདག་ཏུ་འདུ་ཤེས་བཟུང་བ་སྟེ། རྙེད་པ་འཕྲོག་པར་བསྒྲུབ་པ་ལ་སོགས་པའོ། །བཞི་པ་ནི་རང་གི་བསམ་པས་རང་རྒྱུད་ལ་གཞན་གྱི་གནོད་པ་སྦྱར་བ་དང༌། རང་གི་རྒྱུད་ལ་ཁོན་དུ་བཟུང་བའི་རྣམ་པ་གཉིས་འདི་ནི་བདེ་ཞེས་པ་ནས་རྐང་པ་གཉིས་སོ། །ལྔ་པ་བདག་གཞན་བརྗེ་བ་བསྒོམས་པའི་འབྲས་བུ་ནི་བཞི་སྟེ། མ་བརྗེས་པར་རང་རྗེས་སུ་བཟུང་བའི་ཉེས་པ་དང༌། འབྲས་བུའི་ཤེས་བྱེད་དང༌། འབྲས་བུའི་ཕྱིར་བསྒོམ་པ་ལ་འབད་པའོ། །དང་པོ་ནི་ཡིད་ཁྱོད་ཅེས་པའོ། །གཉིས་པ་ནི་བརྩོན་པར་བསྐུལ་བ་དང༌། འབྲས་བུ་ལུང་གིས་བསྒྲུབ་པ་དང༌། མྱོང་བས་འགྲུབ་པ་གསུམ། དེ་ལྟར་ཞེས་པ་ནས་རྐང་པ་གཉིས་དང༌། གཅིག་དང༌། གཅིག་རིམ་པ་བཞིན་ནོ། །གསུམ་པ་ནི་གལ་ཏེ་ཞེས་པ་སྟེ། སྔོན་བདག་གཞན་བརྗེས་ནས་སངས་རྒྱས་ཀྱི་བདེ་བ་ཐོབ་པར་འགྱུར་རོ་ཞེས་བྱ་བའོ། །བཞི་པ་ནི་དེ་བས་ཞེས་པ་སྟེ། གཞན་གྱི་ཁུ་བ་དང་ཁྲག་ལ་ངར་འཛིན་པ་འཇུག་པ་ལྟར་གཞན་ལ་ཡང་བདག་ཏུ་འཛིན་པ་གོམས་པར་བྱོས་ཞེས་བྱ་བའོ། །སྦྱོར་བ་ཇི་ལྟར་བསྒྲུབ་པ་ལ་གཉིས་ཏེ། སྦྱོར་བ་སྒྲུབ་པའི་ཚུལ་དང༌། སྦྱོར་བ་ལ་སེམས་དབང་དུ་བྱ་བའོ། །དང་པོ་ལ་དྲུག་སྟེ། གཞན་ཕན་བདེ་ལ་སྦྱོར་བ་དང༌། ཉེས་པ་ཐམས་ཅད་དང་དུ་བླང་བ་དང༌། གཞན་གྱི་ཕྱིར་དམན་པའི་གནས་ཡང་དག་པར་བླང་བ་དང༌། སྦྱོར་བའི་དོན་བསྡུ་བ་དང༌། གནོད་པ་ཉམས་སུ་བླང་བ་དང༌། སེམས་ཡང་དག་པར་བསྲུང་བའོ། །དང་པོ་ནི་གཞན་གྱི་ཞེས་བྱ་བ་སྟེ། རང་གི་རྒྱུད་ལ་བྱ་ར་བྱས་ཏེ་བདེ་བ་ཅི་ཡོད་པ་གཞན་ལ་སྦྱིན་པའོ། །གཉིས་པ་ནི་བདག་སྐྱིད་ཅེས་པ་སྟེ། བདག་གི་གྲགས་པ་དང༌། བདེ་བ་དང་ཕྲད་པ་ལ་མི་བཟོད་པར་གཞན་ཕན་བདེ་ལ་སྦྱོར་བའོ། །གསུམ་པ་ནི་བདག་སྡུག་བསྔལ་ལ་སྦྱར་བ་དང༌། རང་གི་ཉེས་པ་ལ་བརྟག་པ་དང༌། གཞན་གྱི་ཉེས་པ་ལ་མཐོང་ནས་རང་གི་ཉེས་པ་ཡིད་ལ་བྱ་བ་དང༌། རང་གི་ཉེས་པ་བཤགས་པ་བཞི། བདག་ནི་ཞེས་པ་ནས་ཀུན་ལ་ཚིག་རྐང་པ་གཉིས་གཉིས་སོ། །བཞི་པ་ནི་གཞན་གྱི་ཞེས་པ་སྟེ། གཞན་གྱི་གྲགས་པ་བསྒྲག་པ་དང༌། གཞན་གྱི་བྱ་བ་བསྒྲུབ་པ་དང༌། རང་གི་ཡོན་ཏན་ལ་རློམ་པ་སྤང་བ་དང༌། རང་གི་ཡོན་ཏན་མི་བསྒྲགས་པ་ཚིག་རྐང་གཉིས་གཉིས་སོ། །ལྔ་པ་ནི་མདོར་ན་ཞེས་པ་སྟེ། སྔོན་རང་དོན་དུ་གཞན་ལ་གནོད་པ་བྱས་པས་དང་གཞན་དོན་དུ་རང་གིས་གནོད་པ་ཉམས་སུ་བླང་ངོ་ཞེས་བྱ་བའོ། །དྲུག་པ་ནི་འདི་ནི་ཞེས་པ་སྟེ། སེམས་དེ་རྗེ་བོ་བཙན་པོ་ལྟར་གཉེན་པོས་མི་ཐུལ་བར་ཤེད་མི་བསྐྱེད་དེ་གཉེན་པོས་ཡང་དག་པར་གདུལ་ལོ་ཞེས་བྱ་བའོ། །སྦྱོར་བ་ལ་སེམས་དབང་དུ་བྱ་བ་ནི་བཞི་སྟེ། སེམས་ཚར་གཅད་པའི་ཚུལ་དང༌། རང་ཆེད་དུ་སྦྱོར་བའི་ཉེས་པ་དང༌། འཛིན་པའི་ཡུལ་ལུས་ཀྱི་ཉེས་པ་དང༌། སེམས་དབང་དུ་བྱ་བ་ལ་སྦྱར་བའོ། །དང་པོ་ནི་དེ་བྱ་ཞེས་པ་སྟེ་སྦྱོར་བ་ལ་སེམས་ལས་སུ་མི་རུང་ན་ཚར་བཅད་པ་སྟེ། དེའང་དེ་བྱ་ཞེས་པ་ནི་གང་ལ་སྦྱར་བར་བྱ་བ་དེ་དགེ་བ་བསྒྲུབ་པ་དང༌། སེམས་ཅན་གྱི་དོན་དུ་བྱ་བའོ། །དེ་ལྟར་སེམས་པའི་དབང་དུ་བྱའོ། །དེ་ལྟར་ཁྱོད་ཀྱིས་མི་བྱ་བ་ལ་དབང་དུ་བྱ་བ་ནི། སྡོམ་པའི་ཚུལ་ཁྲིམས་ཀྱིས་མི་དགེ་བ་མི་བྱ་བ་ལ་དབང་དུ་བྱ་བའོ། །དེ་ལྟར་གནས་བྱ་ཞེས་པ་ནི་བསླབ་པ་གསུམ་བསྒྲུབ་པ་དང༌། མཐུན་པའི་ལུས་ལ་སོགས་པའི་གནས་སྐབས་ལ་གནས་པར་བྱ་བའོ། །བསླབ་པ་གསུམ་པོ་དེ་ལས་འདས་ན་ཚར་གཅད་པར་བྱ་བའོ། །ཇི་ལྟར་ཚར་གཅད་ཅེ་ན། འོན་ཏེ་དེ་ལྟར་གདམས་ཀྱང་སེམས་རང་དབང་ཐོབ་སྟེ། སེམས་ཁྱོད་དེ་ལྟར་མི་བྱེད་ན་སེམས་ཁྱོད་ཉིད་ཚར་གཅད་པར་བྱ་སྟེ། གཉེན་པོས་བཙན་ཐབས་སུ་གདུལ་ལོ། །ཅིའི་ཕྱིར་ཞེ་ན་ཁྱོད་ལ་ཉེས་པ་ཀུན་བསྟེན་པས་སོ། །ཇི་ལྟར་ཞེ་ན་གཉིས་པ་རང་ཆེད་དུ་སྦྱོར་བའི་ཉེས་པ་ནི་སྔར་དོན་མེད་པར་བྱས་པས་དྲན་པ་ལ་སྦྱར་བ་དང༌། དེའི་དབང་དུ་མི་གཏང་བ་དང༌། དེ་སྤང་བའི་བྱ་བ་དང༌། མ་སྤངས་པའི་ཉེས་པ་དང༌། ཉེས་པ་དེ་ཡིད་ལ་བྱས་ཏེ་ཚར་བཅད་པ་སྐབས་ལ་སྦྱར་བའོ། །དང་པོ་ནི་ཁྱོད་ཀྱིས་ཞེས་པ་སྟེ། རང་གཅེས་པར་འཛིན་པ་ཁྱོད་ཀྱིས་ཁོ་བོ་དམྱལ་བ་ལ་སོགས་པ་གང་བརླག་པ་སྔོན་གྱི་དུས་དེ་ད་ལྟའི་དུས་ལས་གཞན་ཡིན་ཏེ། འོན་ཀྱང་བརླག་པའི་ཉེས་དམིགས་ངས་མཐོང་ཞེས་པའོ། །གཉིས་པ་ནི་ཁྱོད་ད་གང་དུ་འགྲོ་ཞེས་པས་སྐབས་མེད་པར་བསྟན་ནས། སྐབས་མེད་པའི་རྣམ་པ་ནི། ཁྱོད་ཀྱི་དྲེགས་པ་ཀུན་གཞོམ་བྱ། །ཞེས་པའོ། །གསུམ་པ་ནི་ད་དུང་ཞེས་པས་རང་དོན་འདོར་བ་དང༌། བདག་གིས་ཞེས་པས་གཞན་དོན་ལ་སྦྱོར་བའོ། །བཞི་པ་ནི་གལ་ཏེ་ཞེས་པ་སྟེ། བག་མེད་པར་གྱུར་པ་ནི་གཉེན་པོ་ལ་དབང་དུ་མ་གྱུར་པའོ། །ལྔ་པ་ནི་བདག་ཏུ་འཛིན་པའི་ཉེས་པ་དང༌། དེའང་མི་མཐུན་པར་བལྟ་བ་དང༌། བསམ་པས་བདག་ལ་དགའ་བ་དོར་བ་དང༌། སྦྱོར་བས་གཞན་བསྡུ་བ་བཞི། དེ་ལྟར་ཞེས་པ་ནས་ཚིག་རྐང་པ་གཉིས་གཉིས་སོ། །རང་ཆེད་དུ་བྱ་བ་མི་རིགས་པ་བསྒྲུབ་པའི་ཕྱིར་འཛིན་པ་དེའི་ཡུལ་ལུས་ཀྱི་ཉེས་དམིགས་བརྗོད་པ་ནི་རྣམ་པ་གསུམ་སྟེ། ཆོག་མི་ཤེས་པ་དང༌། གཡོ་བ་མེད་པ་དང༌། རྨོངས་པའོ། །དང་པོ་ལ་གཉིས་ཏེ། ཆོག་མི་ཤེས་པའི་ཉེས་པ་དངོས་སུ་བསྟན་པ་དང༌། ཞར་ལ་ཆོག་ཤེས་པའི་ཕན་ཡོན་བསྟན་པའོ། །དང་པོ་ནི་གནོད་པ་ལ་གཟེ་རི་འཕེལ་བ་དང༌། འདོད་པས་ངོམས་པ་མེད་པ་དང༌། འདོད་པ་དོན་དུ་གཉེར་བས་རང་གི་རྒྱུད་ཉམས་པ་གསུམ་ཇི་ལྟར་ཞེས་པ་དང༌། དེ་ལྟར་ཞེས་པ་དང༌། ནུས་མེད་ཅེས་པ་ནས་རིམ་པ་བཞིན་ནོ། །གཉིས་པ་ལ་ནི་གང་ཞིག་ཅེས་པ་ནས་རྩ་བ་དྲུག་གོ །གཉིས་པ་གཡོ་བ་མེད་པ་ནི་ཐ་མར་ཞེས་པ་ནས་ཚིགས་བཅད་གཉིས་ཏེ། ཐ་མར་ཐལ་བར་འགྲོ་བ་ནི་མི་རྟག་པའོ། །མི་གཡོ་བ་ནི་བེམ་པོའོ། །གཞན་གྱིས་དབང་སྒྱུར་ནི་ཀུན་སློང་གིས་བསྐྱོད་པའོ། །མི་གཙང་བ་ནི་དྲི་ང་བས་སོ། །སེམས་གཞན་དང་འབྲེལ་བས་བེམ་པོ་མི་ལྡོག་པ་ནི་གསོན་ནམ་ཞེས་པའོ། །ང་རྒྱལ་ནི་བདག་ཏུ་མངོན་པར་རློམ་པ་སྟེ་དེའི་གནས་མ་ཡིན་པའོ། །རྨོངས་པ་ལ་བཞི་སྟེ། ལེགས་ཉེས་ལ་རྨོངས་པ་དང༌། བསྟོད་སྨད་ལ་རྨོངས་པ་དང༌། དེ་ལ་རྩོད་པ་སྤང་བ་དང༌། ཉེས་དམིགས་ཀྱི་རྟེན་དེ་དགོས་པ་ལ་སྦྱར་བའོ། །དང་པོ་ནི་ལུས་ཀྱི་ཞེས་པ་སྟེ། དོན་མེད་པ་ནི་བསྲུངས་ཀྱང་ལུས་དགའ་བར་མི་འཛིན་པའོ། །བདག་གིས་འདི་ལྟར་བསྐྱངས་ཀྱང་ཆགས་པ་མེད་པའི་རྗེས་སུ་ཆགས་པས་ཅི་ཞིག་བྱ་ཞེས་སྦྲེལ་ལ། གང་ལ་ཞེ་ན། ཤིང་མཚུངས་བེམ་པོ་འདི་ལའོ། །བྱ་རྒོད་ཀྱིས་ཟོས་ཀྱང་རུང༌། ཞེ་སྡང་ཡོད་མིན་ན་གནོན་པ་ཁོང་ཁྲོ་བས་ཅི་ཞིག་བྱ། དེས་ན་ཤིང་མཚུངས་སོ། །གཉིས་པ་ནི་གང་ཞིག་ཅེས་པ་སྟེ། གང་ཞིག་སྨོད་པ་ཁྲོ་བའི་ཤེས་མེད་ན། གང་ཞིག་བསྟོད་པས་མགུ་བར་གྱུར་པའི་ཤེས་མེད་ན། བདག་གིས་འདིའི་དོན་དུ་ངལ་བ་བྱས་སོ་ཞེས་པའོ། །གསུམ་པ་རྩོད་པ་སྤང་བ་ལ། གལ་ཏེ་ལུས་ལ་དགའ་བ་དང༌། མི་དགའ་བ་མེད་ཀྱང་དེ་བདག་གིར་བྱེད་པ་པོ་སེམས་ལ་དགའ་བ་ཡོད་པས་དེས་ན་སེམས་དགའ་བའི་ཆེད་དུ་ལུས་ལ་བསྟོད་དོ་སྙམ་ནས་རྩོད་པ་ནི་གང་ཞིག་ཅེས་པའོ། །དེའི་ལན་ནི་ཐམས་ཅད་ཅེས་པ་སྟེ། དེ་ལྟར་ན་ལུས་འདོད་པ་ཙམ་དུ་རྒྱུ་མཚན་འདྲ་བས་དགྲའི་ལུས་ལ་བསྟོད་པ་ལ་ཡང་དགའ་བར་བྱོས་ཤིག་པའོ། །ཉེས་པའི་རྟེན་དེ་དགོས་པ་ལ་སྦྱོར་བའི་ཚུལ་ནི་དེ་བས་ཞེས་པ་སྟེ། ལས་ཀྱི་སྤྱད་ནི་སོ་ནམ་པ་དག་དངོས་པོ་ངན་པ་རྣམས་ལས་ཀྱི་ཆེད་དུ་འཛིན་པའོ། །དེ་བཞིན་དུ་ལུས་འདི་ལས་ཀྱི་ཆེད་དུ་གཟུང་ངོ་ཞེས་པའོ། །སེམས་དབང་དུ་བྱ་བ་ལ་སྦྱར་བ་ནི། མི་མཐུན་ཕྱོགས་སྤང་བ་དང༌། མཐུན་པའི་ཕྱོགས་ལ་བསྟེན་པ་དང༌། ཞི་གནས་ཀྱི་དམིགས་པ་ཡིད་ལ་བྱ་བ་རྣམས་དེ་བས་ཞེས་པ་དང༌། རྒྱལ་སྲས་ཞེས་པ་དང༌། དེ་བས་ཞེས་པ་ནས་རིམ་པ་བཞིན་ནོ། །བསམ་གཏན་གྱི་ལེའུ་སྟེ་བརྒྱད་པའོ།།  །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་ལ་དོན་ལྔ་སྟེ། ཤེས་རབ་གཙོ་བོར་བསྟན་པ་དང༌། དེའི་རང་བཞིན་སྟོང་པ་ཉིད་ཤེས་པ་ཡིན་པ་དང༌། སྟོང་པ་ཉིད་བསྒོམ་པ་ལ་འཇུག་པའི་ཚུལ་དང༌། དངོས་པོར་འཛིན་པ་དགག་པ་དང༌། སྟོང་པ་ཉིད་བསྒོམས་པའི་འབྲས་བུའོ། །དང་པོ་ལ་གཉིས་ཏེ། ཤེས་རབ་གཙོ་བོར་བཞག་པའི་འཐད་པ་དང༌། དེ་ཉིད་ཀྱིས་དེ་ལ་འབད་པར་གདམས་པའོ། །དང་པོ་ནི་ཡན་ལག་ཅེས་པ་སྟེ། འདི་དག་ཅེས་པས་ཕ་རོལ་ཕྱིན་པ་གཞན་ལྔའམ། ཐབས་ཀྱི་རྣམ་པ་གཞན་ནོ། །ཡན་ལག་ཅེས་པ་ནི་ཤེས་རབ་ཀྱི་རྒྱུ་སྟེ། ཕ་རོལ་ཏུ་ཕྱིན་པ་ལྔ་ལ་གོམས་པས་ཤེས་རབ་སྐྱེ་བའོ། །ཡང་ན་འཁོར་ཏེ། ཉོན་མོངས་པའི་གཉེན་པོ་ཤེས་རབ་ཡིན་ཡང་གཞན་རྣམས་དེའི་གྲོགས་སུ་འགྲོ་བའི་ཕྱིར་རོ། །ཤེས་རབ་དོན་དུ་ཞེས་པ་ནི། །དེ་བསྐྱེད་པའི་ཆེད་དུ་གསུངས་སོ། །གཉིས་པ་ནི་དེ་ཡི་ཕྱིར་ན་ཞེས་པ་སྟེ། སྡུག་བསྔལ་གྱི་རྩ་བ་དངོས་པོ་ལ་མངོན་པར་ཞེན་པ་དེ་ཤེས་རབ་ཁོ་ནས་སྤངས་པས་དེ་བསྐྱེད་དོ། །དེའི་རང་བཞིན་སྟོང་པ་ཉིད་ཡིན་པ་ནི་གཉིས་ཏེ། ཡུལ་སྟོང་པར་བསྒྲུབ་པ་དང༌། ཡུལ་ཅན་ལམ་དུ་བསྒྲུབ་པའོ། །དང་པོ་ལ་གསུམ་སྟེ། རང་གི་ལུགས་ཀྱི་བདེན་པ་གཉིས་ཀྱི་རང་བཞིན་དང༌། དེ་ལ་ཀུན་རྫོབ་ཀྱི་སྒོ་ཅན་གྱི་གནོད་པ་སྤང་བ་དང༌། དོན་དམ་པའི་སྒོ་ཅན་གྱི་གནོད་པ་སྤང་བའོ། །དང་པོ་ནི་ཀུན་རྫོབ་དང་ནི་ཞེས་པ་སྟེ། བདེན་པ་གཉིས་སུ་དབྱེ་བ་དང༌། མཚན་ཉིད་དང༌། མཚན་ཉིད་ངེས་པར་བྱེད་པའི་ཚད་མ་གསུམ་གྱིས་ངེས་པར་བྱའོ། །དང་པོ་ལའང་དབྱེ་གཞི་དང༌། དབྱེ་བའི་དོན་དང༌། གྲངས་ངེས་པ་དང༌། སྒྲའི་དོན་བཞིའོ། །དང་པོ་ནི་ཤེས་པར་བྱ་བ་ཙམ་སྟེ། ཤེས་བྱ་ཇི་ལྟ་བ་དོན་དམ་པ་དང༌། ཇི་སྙེད་པ་ཀུན་རྫོབ་ཡིན་ལ། དེ་གཉིས་ཀ་ལ་ཤེས་བྱ་ཙམ་གྱིས་ཁྱབ་པའི་ཕྱིར་རོ། །གཉིས་པ་ནི་བདེན་པ་གཉིས་དངོས་པོ་ཐ་དད་མ་ཡིན་ཏེ་བདེན་པ་གཉིས་ཆོས་ཅན་དང་ཆོས་ཉིད་མ་ཡིན་པར་ཐལ་བ་དང༌། དོན་དམ་པ་སྟོང་པ་རྟོགས་པས་དམིགས་པའི་མཚན་མ་ཟིལ་གྱིས་མི་གནོན་པར་ཐལ་བ་དང༌། ཀུན་རྫོབ་ཡང་དག་པར་མ་གྲུབ་པ་ཙམ་དོན་དམ་པ་མ་ཡིན་པར་ཐལ་བ་དང༌། ཀུན་ནས་ཉོན་མོངས་པ་དང་རྣམ་བྱང་དུས་གཅིག་པར་ཐལ་བའི་ཕྱིར་རོ། །ཐ་དད་གཏན་མེད་པའང་མ་ཡིན་ཏེ། ཀུན་རྫོབ་མཐོང་བ་ན་བདེན་པ་མཐོང་བར་འགྱུར་བ་དང༌། དོན་དམ་ལྟར་ཀུན་རྫོབ་དབྱེར་མེད་པར་འགྱུར་བ་དང༌། ཀུན་རྫོབ་སྒྲིབ་པའི་དམིགས་པ་ཡིན་པ་ལྟར་དོན་དམ་པའང་སྒྲིབ་པའི་དམིགས་པར་ཐལ་བ་དང༌། ཀུན་རྫོབ་མཐོང་བ་དང་ཐོས་པ་ལས་གཞན་དུ་བཙལ་བར་བྱ་བ་མ་ཡིན་པར་ལྟར་དོན་དམ་པའང་བཙལ་བར་བྱ་བ་མ་ཡིན་པར་ཐལ་བའི་ཕྱིར་རོ། །དངོས་པོ་གཅིག་ལ་ཆོས་ཐ་དད་པ་ནི་ཉེས་པ་འདི་དག་མེད་དེ་བུམ་པའི་བྱས་པ་དང་མི་རྟག་པ་བཞིན་ནོ། །དངོས་པོ་གཅིག་ལ་ཆོས་ཐ་དད་པའང་མ་ཡིན་ཏེ། དོན་དམ་པར་དངོས་པོར་མ་གྲུབ་པའི་ཕྱིར་རོ། །འོ་ན་ཅི་ཞེ་ན། ནམ་མཁའ་ལ་སྐྲ་ཤད་དུ་སྣང་བ་དང༌། སྣང་བ་དེས་དབེན་པ་ལྟར་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་དབྱེ་བའི་དོན་ཡིན་ནོ། །གྲངས་ངེས་པ་ནི་བདེན་པ་དང་བརྫུན་པ་གཉིས་སུ་དོན་གཅིག་ཡོངས་སུ་གཅོད་པའི་འཇུག་པ་ངེས་ལ། དེ་ལ་བརྫུན་པ་རྣམ་པར་རྟོག་པའི་ཡུལ་དུ་གྲུབ་པ་དེ་ཚད་མས་ཡོད་པར་བསྒྲུབ་པ་ཀུན་རྫོབ་པ་ཡིན་ལ། བདེན་པ་རྣམ་པར་རྟོག་པའི་ཡུལ་དུ་གྲུབ་པ་དེ་ཚད་མས་བཀག་པ་ནི་དོན་དམ་པའི་བདེན་པ་ཡིན་པས་བདེན་པ་གཉིས་ཁོ་ནའོ། །སྒྲའི་དོན་ལ་བློ་འཁྲུལ་པ་ནི། སྒྲིབ་པའི་དོན་གྱིས་ཀུན་རྫོབ་ཡིན་ལ། དེའི་ཡུལ་ནི་འཁྲུལ་ངོར་བདེན་པས་ཀུན་རྫོབ་ཀྱི་བདེན་པའོ། །རིགས་པའི་ཤེས་པ་ནི་དོན་དུ་གཉེར་བྱ་ཡིན་པ་དང་མི་སླུ་བས་དོན་དམ་པ་ཡིན་ལ། ཆོས་ཉིད་སྤྲོས་པ་དང་བྲལ་བ་ནི་རིགས་པ་དེའི་ངོ་བོར་བདེན་པས་དོན་དམ་པའི་བདེན་པའོ། །མཚན་ཉིད་ནི་ཕྱིན་ཅི་ལོག་གི་དམིགས་པ་མཐའ་དག་གིས་སྟོང་པ་ནི་དོན་དམ་པའི་བདེན་པ་སྟེ། ཡོད་པ་དང་མེད་པ་གཉིས་ཀ་དང་གཉིས་ཀ་མ་ཡིན་པ་ཇི་ལྟར་ཡོངས་སུ་བཅད་ཀྱང་ཕྱིན་ཅི་ལོག་གི་བློའི་དམིགས་པ་ཡིན་ལ། དེ་མཐའ་དག་གིས་དབེན་པས་སྤྲོས་པ་དང་བྲལ་བའོ། །ཀུན་རྫོབ་ནི་སྣང་ཡང་རིག་པའི་ངོར་མི་བདེན་པས་ཕྱིན་ཅི་ལོག་གི་བློའི་དམིགས་པའོ། །མཚན་ཉིད་ངེས་པར་བྱེད་པའི་མཚན་མ་ལ་དོན་དམ་པ་སྤྲོས་པ་དང་བྲལ་བ་ནི་རྣལ་འབྱོར་གྱི་མངོན་སུམ་གྱིས་འགའ་ཡང་མ་མཐོང་བ་དེ་ཁོ་ན་མཐོང་བའི་ཚུལ་གྱིས་ཤེས་ལ། སྤྲོས་པ་གཅོད་པའི་རྗེས་དཔག་གིས་དགག་བྱ་རྣམ་པར་བཅད་པའི་ཚུལ་གྱིས་ངེས་སོ། །ཀུན་རྫོབ་སྒྱུ་མ་ལྟ་བུར་ནི་སྣང་བ་ཙམ་དུ་ཐ་སྙད་པའི་ཚད་མས་ངེས་པ་དང༌། བདེན་པ་སྤྲོས་པ་གཅོད་པའི་རྗེས་དཔག་གིས་བཀག་པ་སྣང་བ་ལ་མི་བདེན་པར་ངེས་པ་ཡིན་ནོ། །མཚན་ཉིད་གཞུང་དུ་བཤད་པའི་དོན་དམ་བློ་ཡི་ཞེས་པ་སྟེ། མཚན་གཞི་ངེས་པར་བྱེད་པའི་ཚད་མ་འདི་ལ་ཁ་ཅིག་འདི་ལྟར་འཆད་དེ། བློའི་རྣམ་པ་དབྱེ་བ་དང༌། གནོད་བྱེད་ཀྱི་རིམ་པ་དང༌། དེ་ལ་རྩོད་པ་སྤང་བའོ། །དང་པོ་ནི་དེ་ལ་ཞེས་པ་སྟེ། རྣལ་འབྱོར་པ་ནི་འཇིག་རྟེན་ལས་འདས་པའི་ཤེས་རབ་ཐོབ་པ་རྒྱུན་དུ་ཞུགས་པ་དང༌། ས་དང་པོ་ཐོབ་པ་ཡན་ཆད་དོ། །ཕལ་པ་དེ་ཁོ་ན་མ་མཐོང་བའི་སེར་སྐྱ་ལ་སོགས་པའོ། །གཉིས་པ་གནོད་བྱེད་ཀྱི་རིམ་པ་ནི་དེ་ལ་ཞེས་པ་སྟེ། འཇིག་རྟེན་པས་བདག་ཏུ་ལྟ་བ་ལ་སོགས་པ་བདག་མེད་པར་མཐོང་བའི་མངོན་སུམ་གྱིས་དེ་མི་བདེན་པར་ཤེས་པས་གནོད་པས་འཇིག་རྟེན་ཕལ་པ་ལ་རྣལ་འབྱོར་འཇིག་རྟེན་གྱིས་གནོད་དོ། །ཆོས་ཀྱི་བདག་ཏུ་མཐོང་བའི་ཉན་ཐོས་པའི་རྣལ་འབྱོར་པ་ལའང་གཟུང་འཛིན་མེད་པར་མཐོང་བའི་རྣལ་འབྱོར་པའི་ཤེས་རབ་ཀྱིས་གནོད་ལ། རྣམ་པར་རིག་པ་ཙམ་དུ་མཐོང་བ་ལའང་སྣང་བ་མེད་པའི་ཤེས་རབ་ཀྱི་གནོད་པས། རྣལ་འབྱོར་པ་ཡང་བློ་ཁྱད་ཀྱིས། །གོང་མ་གོང་མ་རྣམས་ཀྱིས་གནོད། །ཅེས་པའོ། །འོ་ན་སོ་སོ་སྐྱེ་བོས་དེ་ཁོ་ན་ཉིད་མ་མཐོང་བས་དེ་དག་ལ་བློ་གོང་མས་གནོད་པར་ཅིས་ཤེས་ཤེ་ན། རྗེས་སུ་དཔག་པས་ངེས་སོ། །དེ་ལ་ཕལ་པའི་བློས་ཡུལ་དུ་བྱས་པའི་བདག་ལ་སོགས་པ་མ་གྲུབ་པར་གང་ཟག་གི་བདག་འགོག་པའི་རྗེས་དཔག་གིས་ངེས་ལ། གཟུང་བ་དང་འཛིན་པ་དང་རྣམ་པར་རིག་པ་ཙམ་མེད་པར་ཆོས་ཀྱི་བདག་འགོག་པའི་རྗེས་དཔག་གིས་ངེས་སོ། །དེ་ཅི་ལྟར་འགོག་ཅེ་ན། གཉི་ག་ཡང་ནི་འདོད་པའི་དཔེས། །ཞེས་གསུངས་ཏེ། རྒོལ་ཕྱིར་རྒོལ་བ་གཉིས་ཀས་གཟུགས་བརྙན་ལ་སོགས་པ་གཅིག་དང་དུ་མ་དང་བྲལ་བར་ཡང་མཐུན་པར་གྲུབ་ལ། རང་བཞིན་མེད་པར་ཡང་མཐུན་པར་གྲུབ་པས་གཅིག་དང་དུ་མ་དང་བྲལ་བར་རང་བཞིན་མེད་པས་ཁྱབ་པ་ངེས་ཏེ། སྣང་བ་འདི་ལའང་ཆ་ཤས་དང་བཅས་པར་ཡོངས་སུ་བཅད་པས་ཆ་མེད་པའི་གཅིག་དང་དུ་མ་རྣམ་པར་བཅད་པ་ན་གཅིག་དང་དུ་མ་དང་བྲལ་བར་ཡང་གྲུབ་པས་དེ་ནས་ཁྱབ་པ་དང་ཕྱོགས་ཆོས་ངེས་པས། གཅིག་དང་དུ་མ་དང་བྲལ་བའི་ཕྱིར་རོ། །རང་བཞིན་མེད་དེ་གཟུགས་བརྙན་བཞིན། །ཞེས་པས་དཔེ་ལ་བརྟེན་པའི་རྗེས་དཔག་གིས་གནོད་དོ། །དེ་ལ་རྩོད་པ་སྤང་བ་ནི། གལ་ཏེ་རྣལ་འབྱོར་པ་དང་ཕལ་པའི་བློ་ཐམས་ཅད་ཀུན་རྫོབ་ཀྱི་རང་བཞིན་འཁྲུལ་པར་བསྒྲུབས་ལ། དེ་གཉི་ག་ལ་གནོད་པ་ཡོད་པས། བློ་ཐམས་ཅད་འཁྲུལ་པར་གྲུབ་པ་ན། འཁྲུལ་པ་ཟད་པའི་རྣལ་འབྱོར་པ་དེ་ཁོ་ན་མཐར་ཕྱིན་པར་རྟོགས་པས་བློ་ཐམས་ཅད་སྤོང་བར་འགྱུར་ཏེ། འཁྲུལ་པ་སྤངས་པས་སོ་སྙམ་ན། མི་སྤོང་སྟེ་མ་དཔྱད་ཕྱིར་ཏེ། མ་བརྟགས་ན་ཉམས་དགའ་བའི་སྣང་བ་མི་འདོར་རོ། །དེས་ཅི་བྱ་ཞེ་ན། འབྲས་བུའི་དོན་དུ་སྟེ་ཚོགས་རྫོགས་པ་དང་གཞན་དོན་བསྒྲུབ་པ་ལ་སོགས་པའི་ཆེད་དུའོ། །འཁྲུལ་པར་ཤེས་བཞིན་དུ་སྣང་བ་མི་འགལ་ལམ་ཞེ་ན། མི་འགལ་ཏེ་གཉི་ག་ཡང་ནི་འདོད་པའི་དཔེས་ཞེས་བྱ་བ་ཡང་བཟླས་ཏེ། རྒོལ་ཕྱིར་རྒོལ་གཉིས་ཀས་གཟུགས་བརྙན་མི་བདེན་པར་ཤེས་བཞིན་དུ་སྣང་བ་མི་འགལ་བ་ལྟར་འདིར་རྣལ་འབྱོར་པ་ལ་མི་བདེན་པར་ཤེས་བཞིན་དུ་སྣང་ངོ༌། །འོ་ན་རྣལ་འབྱོར་པ་དང་ཕལ་པ་རྟོགས་པ་ཁྱད་མེད་པར་ཐལ་ཏེ། འཁྲུལ་པའི་སྣང་བ་ཡོད་པ་མཚུངས་པར་སོང་ཞེ་ན། བདེན་པའི་མངོན་ཞེན་ཡོད་པ་དང་མེད་པའི་ཁྱད་པར་ཡོད་དོ་ཞེས་འཆད་པ་ནི་འཇིག་རྟེན་པའི་ཞེས་པའོ་ཞེའོ། །འདི་ནི་མ་ཡིན་ཏེ། རྣལ་འབྱོར་པ་བདེན་པ་མཐོང་བ་ལ་བརྗོད་ལ། ཕལ་པ་བདེན་པ་མ་མཐོང་བ་ལ་བརྗོད་ན། འོག་ནས། རྣལ་འབྱོར་པ་དང་འཇིག་རྟེན་རྩོད། །ཅེས་རྒོལ་ཕྱིར་རྒོལ་རྩོད་པར་གསུངས་པ་དང་འགལ་ལོ། །དེས་ན་གནོད་བྱེད་དེའང་མངོན་སུམ་མ་ཡིན་ཏེ་རྗེས་དཔག་ཡིན་པར་མངོན་ནོ། །དེས་ན། གཉི་ག་ཡང་ནི་འདོད་པའི་དཔེས། །ཞེས་པའང་རྗེས་དཔག་གི་གནོད་བྱེད་དུ་མི་འཐད་དེ། རྗེས་དཔག་གི་གནོད་བྱེད་ནི་ཕལ་པ་རྣལ་འབྱོར་པའི་བློས་གནོད་པ་དང༌། རྣལ་འབྱོར་པ་བློ་ཁྱད་ཀྱིས་གནོད་པ་དེ་ཉིད་ཡིན་པས་ཟློས་པར་འགྱུར་བའི་ཕྱིར་རོ། །རྣལ་འབྱོར་པ་བློ་ཁྱད་ཀྱིས་གནོད་པ་མངོན་སུམ་གྱི་གནོད་བྱེད་ཡིན་ནའང་རྣམ་པར་རིག་པ་ཙམ་དུ་མཐོང་བ་ལའང་སྣང་བ་མེད་པའི་ཤེས་རབ་ཀྱིས་གནོད་པ་བརྗོད་པར་མི་འཐད་དེ། ཐེག་པ་ཆེན་པོ་དབུ་མ་པ་དང་རྣམ་པར་རིག་པ་ཙམ་དུ་སྨྲ་བའི་དབྱེ་བ་ནི་ཐེག་པ་ལ་གསར་དུ་ཞུགས་པའི་དུས་ན་ཡིན་གྱི་བདེན་པ་མཐོང་བ་ལ་དེ་ལྟ་བུའི་དབྱེ་བ་མེད་པས་གནོད་བྱ་གནོད་བྱེད་གཉིས་མེད་པའི་ཕྱིར་རོ། །དེས་ན་འདི་ལྟར་བཤད་པར་བྱ་སྟེ། བློའི་དབྱེ་བ་དང༌། གནོད་བྱེད་ཀྱི་རིམ་པ་དང༌། དེ་ལ་རྩོད་པ་སྤང་བའོ། །དང་པོ་ནི་དེ་ལ་ཞེས་པ་སྟེ། བདེ་བར་གཤེགས་པའི་གཞུང་ལུགས་བཀའ་རྟགས་ཀྱི་ཕྱག་རྒྱ་ལེན་པ་ནི་རྣལ་འབྱོར་པ་ཡིན་ལ། བདག་ཏུ་སྨྲ་བ་མུ་སྟེགས་བྱེད་དང༌། སྐྱེ་བོ་ཐ་མལ་པ་ནི་ཕལ་པའོ། །དེ་ལ་གནོད་བྱེད་ཀྱི་རིམ་པ་ནི། དེ་ལ་འཇིག་རྟེན་ཕལ་པ་ནི། རྣལ་འབྱོར་འཇིག་རྟེན་གྱིས་གནོད་ཅིང༌། །ཞེས་པས་འཇིག་རྟེན་ཕལ་པ་ཕྱི་རོལ་པས་ལུས་རྡུལ་ཕྲན་དུ་མ་ལ་ཡན་ལག་ཅན་རིལ་པོ་གཟུང་བས་ཤེས་པ་སྐད་ཅིག་སིལ་བུ་རྒྱུན་གཅིག་ཏུ་བསྲེས་ཏེ་རྟག་པར་འཛིན་པ་ལ་རྣལ་འབྱོར་འཇིག་རྟེན་དེ་ཉན་ཐོས་ཐ་མའི་བློས་ཀྱང་གཟུང་ལ་རྡུལ་ཕྲན་སིལ་བུ་དང་འཛིན་བྱ་སྐད་ཅིག་སིལ་བུར་བསྒྲུབས་པས་གནོད་པས་སོ། །འོ་ན་ཉན་ཐོས་ལ་སོགས་པའི་རྣལ་འབྱོར་པའི་བློ་དེ་ལ་གནོད་པ་མེད་དམ་སྙམ་ན། རྣལ་འབྱོར་པ་ཡང་བློ་ཁྱད་ཀྱིས། །གོང་མ་གོང་མ་རྣམས་ཀྱིས་གནོད། །ཅེས་སྨོས་ཏེ། བྱེ་བྲག་ཏུ་སྨྲ་བས་སྣང་བ་འདི་སྔོན་པོ་ཕྱི་རོལ་གྱི་དོན་དུ་འདོད་ནས་ཤེས་པ་དང་དོན་རྣམ་པས་མ་བཞག་པར་ཐུག་ཕྲད་དུ་འཛིན་པར་འདོད་པ་ལ་མདོ་སྡེ་པའི་རྣལ་འབྱོར་པས། ལྷན་ཅིག་ཏུ་དམིགས་པའི་ངེས་པ་ལ་སོགས་པས་གནོད་ཅིང༌། མདོ་སྡེ་པས་སྣང་བ་ཐམས་ཅད་སེམས་ཀྱི་རྣམ་པ་ཡིན་ཡང་དེ་ལ་རྣམ་པ་འཇོག་པ་པོ་མེ་ལོང་གི་ནང་གི་རྣམ་པ་བྱད་ཀྱིས་འཇོག་པ་ལྟར་ཕྱི་རོལ་ན་དོན་ཡོད་པར་སྨྲ་བ་ལ་སེམས་ཙམ་པའི་རྣལ་འབྱོར་པས་རྡུལ་ཕྲ་རབ་ཆ་མེད་ན་ཐམས་ཅད་དབུས་ཀྱི་རྡུལ་ལ་ཐིམ་པས་གོང་བུ་ཐམས་ཅད་རྡུལ་ཕྲ་རབ་ཀྱི་ཚད་དུ་ཐལ་ལ། ཕྱོགས་རྒྱས་པའི་བསགས་པ་ཡོད་པས་ཆ་ཤས་མེད་པའི་རྡུལ་མེད་ཅེས་པ་རྡུལ་ཕྲན་དང་དེས་བརྩམས་པའི་རགས་པ་བཀག་པ་དང༌། སྐྱེས་ལ་འདྲ་བ་ལ་སོགས་པའི་ཡུལ་གྱི་མཚན་ཉིད་བཀག་པས་གནོད་པ་དང༌། རྣམ་པ་བདེན་པས་ཐམས་ཅད་སེམས་ཀྱི་ངོ་བོ་བདེན་པར་སྨྲ་བ་ལ་རྣམ་པ་དུ་མ་དང་འབྲེལ་བའི་ཕྱིར་ཤེས་པ་ཆ་ཤས་མེད་པའི་གཅིག་མ་ཡིན་ཞེས་པས་གནོད་ཅིང༌། ཤེས་པ་ཤེལ་སྒང་དག་པ་ལྟ་བུའི་སྐད་ཅིག་མར་སྨྲ་བ་ལའང་དབུ་མ་པའི་རྣལ་འབྱོར་པས་སྐད་ཅིག་ལ་ཆ་དུ་མ་མེད་ན་སྔ་མ་དང་ཕྱི་མ་འབྲེལ་པ་ཐམས་ཅད་དུས་གཅིག་པས་བསྐལ་པའང་སྐད་ཅིག་གིས་ཚད་དུ་ཐལ་ལ། དེ་ལ་ཤེས་པ་དུས་དུ་མ་དང་འབྲེལ་བར་མཐོང་བས་གནོད་པས་སྐད་ཅིག་ལའང་ཆ་དུ་མ་ཡོད་པས་ཆ་མེད་པའི་སྐད་ཅིག་མ་བཀག་པས་གནོད་དོ། །དེ་ལྟར་གནོད་པ་དེའང་གང་གིས་ཤེས་ཤེ་ན། གཉི་ག་ཡང་ནི་འདོད་པའི་དཔེས། །ཞེས་སྦྱར་ཏེ་རྒོལ་ཕྱིར་རྒོལ་གཉི་ག་འདོད་པའི་དཔེས་མེ་ལོང་གི་གཟུགས་བརྙན་སོགས་པའི་དཔེས་འཆད་དོ། །འདི་དག་རྒྱས་པར་ནི་འོག་ནས་འཆད་པར་འགྱུར་བ་ཉིད་ཡིན་ཏེ། རྣལ་འབྱོར་པའི་བློ་ཁྱད་ནི་སྔོན་ལ་འཆད་ལ། ཕལ་པ་ལ་གནོད་པ་ནི་གང་ཟག་གི་བདག་མེད་པ་ནས་དངོས་པོར་འཛིན་པ་དགག་པའི་བར་གྱིས་སྟོན་ཏེ། འོ་ན་དབུ་མ་པའི་ལུགས་ལ་གནོད་པ་ཡོད་དམ་མེད། གནོད་པ་ཡོད་ན་ཐུག་པ་མེད་ལ། མེད་ན་བློ་དེ་ལ་འཁྲུལ་པ་མེད་པས་དེའི་ཡུལ་བདེན་པ་གྲུབ་པ་ན་བློའི་དམིགས་པ་ཐམས་ཅད་ཀུན་རྫོབ་པར་གྲུབ་པ་ཉམས་སོ་ཞེ་ན། དེ་ལ་དབུ་མ་པས་ཀྱང་ཁས་བླངས་པ་ཞིག་བྱུང་ན་དེ་ལ་གནོད་པ་ཡོད་པ་ཡིན་ཏེ། སྟོང་པ་ཉིད་དུ་ཁས་བླངས་ནའང་དེའང་ཡང་དག་པ་མ་ཡིན་ཏེ། གལ་ཏེ་སྟོང་པ་ཅུང་ཟད་ཡོད། །མི་སྟོང་ཅུང་ཟད་ཡོད་པར་འགྱུར། །མི་སྟོང་ཅུང་ཟད་མེད་པས་ན། །སྟོང་པའང་ཡོད་པར་ག་ལ་འགྱུར། །ཞེས་པ་དང༌། རྒྱལ་བ་རྣམས་ཀྱི་སྟོང་པ་ཉིད། །ལྟ་ཀུན་ངེས་པར་འབྱིན་པར་གསུངས། །གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་བསྒྲུབ་ཏུ་མེད་པར་གསུངས། །ཞེས་གསུངས་པ་ལྟ་བུའོ། །དེས་ན་དབུ་མ་པ་ཡིན་ན་དེས་ཁས་བླངས་པ་མེད་པས་དེ་ལ་གནོད་པ་མེད་པའི་ཕྱིར་ཐུག་པ་མེད་པ་མ་ཡིན་ལ། ཁས་བླངས་པ་མེད་པས་བློའི་ཡུལ་མ་གྲུབ་པའི་ཕྱིར་གནོད་པ་མེད་པའི་དམིགས་པ་གྲུབ་པར་ཐལ་བའི་སྐྱོན་མེད་དོ། །དེས་ན། གང་གི་ཕྱོགས་ལ་ཡོད་པ་དང༌། །མེད་དང་ཡོད་མེད་མི་བསྒྲུབ་པ། །དེ་ལ་ནན་ཏན་ལྡན་པས་ཀྱང༌། །ཅིར་ཡང་ཀླན་ཀ་བྱ་མི་ནུས། །ཞེས་གསུངས་སོ། །དེ་ལ་རྩོད་པ་སྤང་བ་ལ་གཉིས་ཏེ། སྤྱོད་པ་དོན་མེད་པས་རྩོད་པ་སྤང་བ་དང༌། རྟོགས་པ་ཁྱད་མེད་པའི་རྩོད་པ་སྤང་བའོ། །དང་པོ་ནི་གལ་ཏེ་བློའི་དམིགས་པ་ཐམས་ཅད་འཁྲུལ་པའི་དམིགས་པ་ཡིན་ན་མཚན་མ་དང་བྲལ་བའི་རྣལ་འབྱོར་པ་རྣམས་ལ་སྦྱིན་པ་ལ་སོགས་པའི་སྤྱོད་པ་རྒྱུན་ཆད་པར་འགྱུར་ཏེ་གང་དུའང་ཁས་མི་ལེན་པ་བློའི་འཇུག་པ་ཐམས་ཅད་འཁྲུལ་པའི་ཕྱིར་རོ་ཞེ་ན། འབྲས་བུའི་དོན་དུ་མ་དཔྱད་ཕྱིར་ཏེ། འབྲས་བུ་སངས་རྒྱས་ཐོབ་པར་བྱ་བའི་ཕྱིར་ཚོགས་རྫོགས་པར་བྱེད་པ་ལ་མི་བདེན་པར་ཤེས་ཀྱང་མ་བརྟགས་ན་ཉམས་དགའ་བར་སྣང་བས་མ་དཔྱད་ཕྱིར་ཞེས་པའོ། །འོ་ན་མི་བདེན་པའི་སྣང་བ་ཆེད་དུ་བསྐྱེད་པས་ཅི་བྱ་ཞེ་ན། དཔེར་ན་ཕ་རོལ་གྱི་ཡུལ་ལས་ཐར་བར་བྱ་བའི་ཕྱིར་སྒྱུ་མའི་དཔུང་སྤྲུལ་པ་ལྟར་སེམས་ཅན་གྱི་དོན་གྱི་ཆེད་དུ་སྣང་བ་མི་འདོར་རོ། །དཔེར་ན་སྒྱུ་མའི་རྒྱལ་པོ་ཞིག །སྤྲུལ་པ་ཐར་པར་བྱ་ཕྱིར་བརྩོན། །ཞེས་མདོ་སྡེ་རྒྱན་ལས་གསུངས་པ་ལྟ་བུའོ། །མི་བདེན་པར་ཤེས་བཞིན་དུ་སྣང་བ་མི་འགལ་ལམ་ཞེ་ན། མི་འགལ་ཏེ་སྒྱུ་མ་བཞིན་ནོ་ཞེས་འཆད་པ་ནི་གཉིས་ཀ་ལའང་འདོད་པའི་དཔེས་སྣང་བའོ། །གཉིས་པ་ནི་རྟོགས་པ་ཁྱད་མེད་ཀྱི་རྩོད་སྤང་ནི་འོ་ན་སྣང་བཅས་ཀྱི་བློ་མི་འདོར་བས་རྣལ་འབྱོར་པ་མཐར་ཐུག་པ་རྣམས་དང་འཇིག་རྟེན་པ་ཁྱད་པར་མེད་པར་ཐལ་ཞེ་ན། ཁྱད་པར་ཡོད་དོ་ཞེས་འཆད་པ་ནི། འཇིག་རྟེན་པ་ཡིས་ཞེས་པ་སྟེ། འཇིག་རྟེན་པས་རྟོགས་པ་མེད་པའི་ཤེས་པས་དངོས་པོ་རྣམས་མཐོང་ལ། རྟོག་པ་དང་བཅས་པས་ཡང་དག་ཉིད་དུ་རྟོགས་བྱེད་ཀྱིས་སྒྱུ་མ་ལྟ་བུར་རྟོགས་པ་མིན་ལ། རྣལ་འབྱོར་པས་སྒྱུ་མ་ལྟ་བུར་རྟོགས་པས་ཁྱད་ཡོད་དོ། །དེས་ན་འདིར་རྣལ་འབྱོར་པ་དང་འཇིག་རྟེན་རྩོད་དེ་འཇིག་རྟེན་བདེན་པར་འཛིན་པ་ལ། རྣལ་འབྱོར་པས་རྗེས་དཔག་གི་དངོས་པོ་བདེན་པར་ཡོད་པ་འགོག་དགོས་པས་སོ། །ཞེས་བྱ་བའོ། །དེ་ལྟར་རང་གི་བདེན་པ་གཉིས་ཀྱི་རང་བཞིན་རྣམ་པར་བཞག་ནས། དེ་ལ་དངོས་པོར་འཛིན་པའི་རྩོད་པ་སྤོང་བ་ནི། ཀུན་རྫོབ་ཀྱི་སྒོ་ཅན་གྱི་གནོད་པ་སྤོང་བ་དང༌། དོན་དམ་གྱི་སྒོ་ཅན་གྱི་གནོད་པ་སྤོང་བའོ། །ཞེས་དགེ་བཤེས་ལོ་ཙཱ་བ་ལ་སོགས་པ་བོད་ཀྱི་དགེ་བཤེས་ཕལ་ཆེར་གསུང་སྟེ། འདི་ཡང་དག་པ་མ་ཡིན་ཏེ་ཀུན་རྫོབ་ཀྱི་སྒོ་ཅན་ཞེས་བྱ་བ་དབུ་མ་པ་ཀུན་རྫོབ་ཏུ་འདོད་པ་ལ་ཟེར་ན་འོག་མའང་ཀུན་རྫོབ་ཏུ་འདོད་པས་དེའང་ཀུན་རྫོབ་ཀྱི་སྒོ་ཅན་དུ་ཐལ་ལ། དངོས་པོར་སྨྲ་བ་ཀུན་རྫོབ་ཏུ་འདོད་པ་ལ་ཟེར་ན་འདོད་པ་མཚུངས་པས་རྩོད་པ་མེད་པར་འགྱུར་རོ། །དེ་བཞིན་དུ་འོག་མ་ལའང་འདྲ་སྟེ། དངོས་པོར་སྨྲ་བ་དོན་དམ་དུ་འདོད་པས་དོན་དམ་སྒོ་ཅན་ཡིན་ན་སྔ་མའང་དོན་དམ་དུ་འདོད་ལ། དབུ་མ་པ་དོན་དམ་དུ་འདོད་ན་ནི་རྩོད་པ་མེད་པར་འགྱུར་རོ། །དེས་ན་ཐམས་ཅད་དབུ་མ་པ་ཀུན་རྫོབ་ཏུ་འདོད་ལ། དངོས་པོར་སྨྲ་བ་དོན་དམ་དུ་འདོད་པས་རྩོད་པ་དེ་སྤང་བ་ཡིན་ནོ། །དེ་ལ་གཟུགས་སོགས་ཞེས་བྱ་བ་ནི་བྱེ་བྲག་ཏུ་སྨྲ་བའི་རྩོད་པ་སྤོང་ལ། སྒྱུ་འདྲའི་ཞེས་བྱ་བ་ལ་སོགས་པས་མདོ་སྡེ་པའི་རྩོད་པ་སྤོང་ཞིང༌། གང་ཚེ་ཞེས་བྱ་བ་ལ་སོགས་པས་རྣམ་པར་རིག་པ་ཙམ་དུ་སྨྲ་བའི་རྩོད་པ་སྤང་བ་སྟོན་ཏོ། །དེ་ལ་བྱེ་བྲག་ཏུ་སྨྲ་བས་གཟུགས་ལ་སོགས་པ་ཤེས་བྱའི་གཞི་ལྔ་དོན་དམ་པར་ཚད་མས་གྲུབ་པར་འདོད་པས། ཚད་མ་དང་འགལ་བའི་རྩོད་པ་སྤང་བ་དང༌། བཅོམ་ལྡན་འདས་ཀྱིས་གསུངས་པས་ལུང་གི་གནོད་པ་སྤང་པའོ། །དང་པོ་ནི། གཟུགས་སོགས་མངོན་སུམ་ཉིད་ཅེས་སྨོས་ཏེ། གལ་ཏེ་དངོས་པོ་ཐམས་ཅད་དེ་ཁོ་ནར་མ་གྲུབ་ན་གཟུགས་ལ་སོགས་པ་ཤེས་བྱའི་གཞི་ལྔ་པོ་དོན་དམ་པར་ཡོད་པར་མངོན་སུམ་གྱིས་གྲུབ་པས་གནོད་དོ་ཞེ་ན། གྲགས་པས་ཡིན་གྱི་ཚད་མས་མིན་ཏེ། གཟུགས་ལ་སོགས་པ་མངོན་སུམ་དུ་སྣང་བ་ཉིད་ཀྱང་ནི་རྟོགས་པས་བརྟགས་པ་ལ་མངོན་སུམ་ལྟར་སྣང་བ་ཀུན་རྫོབ་པ་གྲགས་པ་ཙམ་ཡིན་གྱི་དོན་དམ་པའི་ཚད་མས་གྲུབ་པ་མིན་ནོ། །ཇི་ལྟར་ཞེ་ན་བུམ་པ་མངོན་སུམ་དུ་འདོད་པ་ན་དེའི་ནང་དང་ཕྱི་རོལ་ལ་སོགས་པ་མ་མཐོང་བས་བུམ་པ་མ་མཐོང་ཡང་འཇིག་རྟེན་ན་བུམ་པ་མཐོང་ཞེས་གྲགས་པ་དང་འདྲ་བར་གཟུགས་སོགས་ཀྱང༌། སྒྲ་མེད་ཕྲ་རབ་རྡུལ་རྫས་བརྒྱད། །ཅེས་བྱ་བ་ཁྱོད་རང་འདོད་པས་རྫས་བརྒྱད་མེད་པའི་ཁ་དོག་མེད་ལ་རྫས་བརྒྱད་མིག་གིས་མཐོང་བ་མེད་དོ། །དེས་ན་རྣམ་རྟོག་ལ་སྣང་ཚད་ཙམ་ཡིན་པར་གྲགས་པས་ཡིན་ནོ། །འོ་ན་གྲགས་པ་དེ་ཉིད་དོན་དམ་པ་ཡིན་ནོ་ཞེ་ན། དེ་བརྫུན་ཞེས་སྦྲེལ་ཏོ། །དཔེར་ན་ཇི་ལྟ་བུ་ཞེ་ན་མི་གཙང་བ་ལ་སོགས་པ་ལ་གཙང་སོགས་གྲགས་པ་བཞིན་ནོ། །གཉིས་པ་ལུང་དང་འགལ་བ་སྤང་བ་ནི། གལ་ཏེ་ཐམས་ཅད་དེ་ཁོ་ནར་མེད་ན་བཅོམ་ལྡན་འདས་ཀྱིས་ཕུང་པོ་ལ་སོགས་པ་ཡོད་པར་གསུངས་པ་དང་འགལ་ལོ་ཞེ་ན། དེ་དགོངས་པ་ཅན་ཡིན་ནོ། །དེ་ལ་དགོངས་ཏེ་གསུངས་པ་ཞེས་བྱ་བ་ལ། དགོངས་ཏེ་གསུངས་པའི་དགོས་པ་དང༌། དགོངས་གཞི་དང༌། དངོས་ཀྱི་དོན་ལ་གནོད་པའི་ཚད་མ་དང་གསུམ་དགོས་སོ། །དེ་ལ་དགོངས་པ་ལ་དགོས་པ་ཅི་ཡོད་ཅེ་ན་འཇིག་རྟེན་གཞུག་པའི་དོན་དུ་མགོན་པོས་དངོས་བསྟན་ཏོ། །དགོངས་གཞི་གང་ཡིན་ཞེ་ན། ཀུན་རྫོབ་པར་ཡོད་པ་དགོངས་གཞིའོ། །དངོས་ཀྱི་དོན་ལ་གནོད་པའི་ཚད་མ་གང་ཡིན་ཞེ་ན། དེ་དག་སྟེ་ཕུང་པོ་ལ་སོགས་པ་དེ་དག་ཆོས་ཅན་ནོ། །དེ་ཉིད་དུ་མིན་ཅེས་པ་དོན་དམ་པར་མེད་ཅེས་པ་བསྒྲུབ་བྱའོ། །གཏན་ཚིགས་ནི་སྐད་ཅིག་མ་ཉིད་མིན་ཏེ་རགས་པའི་དངོས་པོར་ལྟ་སྨོས་ཅི་དགོས་ཏེ་ཤིན་ཏུ་ཕྲ་བའི་སྐད་ཅིག་ཙམ་དང་དེ་བསགས་པའི་དུ་མར་མེད་པའི་ཕྱིར་རོ། །སྐད་ཅིག་མ་གཅིག་ཏུ་མེད་པའང་ཐོག་མ་དབུས་དང་ཐ་མའི་ཆ་གསུམ་དུ་ཡོད་པའི་ཕྱིར་རོ། །ཆ་གསུམ་མེད་ན་སྔ་མ་དང་འབྲེལ་པ་དང་ཕྱི་མ་དང་འབྲེལ་པ་དུས་གཅིག་པར་འགྱུར་བས་བསྐལ་པའང་སྐད་ཅིག་ཙམ་དུ་ཐལ་བར་འགྱུར་ཏེ། དེ་སྐད་དུའང་རིན་ཆེན་ཕྲེང་བ་ལས། ཇི་ལྟར་སྐད་ཅིག་མཐའ་ཡོད་ལྟར། །དེ་བཞིན་ཐོག་མ་དབུས་བརྟག་གོ །སྐད་གསུམ་གྱི་ནི་བདག་ཉིད་ཕྱིར། །འཇིག་རྟེན་སྐད་ཅིག་ལ་མི་གནས། །ཞེས་གསུངས་སོ། །གལ་ཏེ་སྐད་ཅིག་དོན་དམ་པ་མ་ཡིན་ན་སྐད་ཅིག་གཏན་མེད་པར་འགྱུར་ཏེ། འདི་ལྟར་དོན་དམ་པར་ནི་ཁྱོད་དབུ་མ་པ་མི་འདོད་ལ། བདེན་པ་གཉིས་མ་ཡིན་ཏེ། ཕུང་པོ་གསུམ་པ་མི་རུང་སྟེ། བདེན་པ་གསུམ་ལ་བཀག་པའི་ཕྱིར་རོ། །ཀུན་རྫོབ་ཏུ་མི་རུང་སྟེ། ཀུན་རྫོབ་ནི་འཇིག་རྟེན་ལ་སྣང་བའང་ཡིན་པ་ལས་སྐད་ཅིག་སུ་ལའང་མི་སྣང་ངོ་སྙམ་དུ་བསམས་ནས་རྒོལ་བ་ནི། ཀུན་རྫོབ་ཏུ་ཡང་འགལ་ཞེ་ན། ཞེས་པའོ། །དེའི་ལན་ལ་སྐད་ཅིག་མ་དེ་དོན་དམ་ཡང་མིན། ཕུང་པོ་གསུམ་པའང་མ་ཡིན་ཏེ་ཀུན་རྫོབ་ཡིན་ནོ། །དེ་ལ་ཀུན་རྫོབ་གཉིས་ཡོད་པ་ལས། དེ་ཕལ་པའི་བློའི་དམིགས་པའི་ཀུན་རྫོབ་མ་ཡིན་ཡང་རྣལ་འབྱོར་ཀུན་རྫོབ་ཉེས་མེད་དེ། རྣལ་འབྱོར་པ་བདེན་པ་མཐོང་བའི་མངོན་སུམ་དང༌། མོས་པས་དཔྱོད་པའི་རྗེས་དཔག་གི་ཡུལ་ཡིན་པས་བློ་དེ་དག་གི་སྣང་ངོར་ཡོད་པ་མི་འགལ་ལོ་ཞེས་ལན་འདེབས་པ་ནི། རྣལ་འབྱོར་ཀུན་རྫོབ་ཉེས་མེད་དེ། །ཞེས་བྱ་བའོ། །གལ་ཏེ་སྐད་ཅིག་ཏུ་མཐོང་བའི་ཉན་ཐོས་པ་དག་ལ་བདེན་པ་མཐོང་བ་བཤད་པའི་ཕྱིར་ཀུན་རྫོབ་པ་འགལ་ལོ་ཞེ་ན། འཇིག་རྟེན་ལ་ལྟོས་དེ་ཉིད་མཐོང༌། །ཞེས་སྨོས་ཏེ། སྐད་ཅིག་མཐོང་བ་ལ་དེ་ཁོ་ན་མཐོང་ངོ་ཞེས་བརྗོད་པ་དེ་འཇིག་རྟེན་པའི་བློ་འཁྲུལ་པ་ལ་ལྟོས་ནས་དེ་ཉིད་མཐོང་ཞེས་འཇོག་པ་ཡིན་ནོ། །གལ་ཏེ་ཀུན་རྫོབ་ཐམས་ཅད་འཇིག་རྟེན་པའི་ཀུན་རྫོབ་ཁོ་ན་མ་ཡིན་ནམ། རྣལ་འབྱོར་པའི་ཡུལ་ནི་དོན་དམ་པ་ཁོ་ན་ཡིན་ཏེ། རྣལ་འབྱོར་པ་ནི་ཀུན་རྫོབ་ཅེས་བྱ་བ་མི་སྲིད་དོ་ཞེ་ན། གཞན་དུ་ཞེས་གསུངས་ཏེ། རྣལ་འབྱོར་པའི་ཀུན་རྫོབ་ཁས་ལེན་པ་ལས་གཞན་དུ་འདོད་དེ་ཁས་མི་ལེན་པར་ཀུན་རྫོབ་ཐམས་ཅད་ལ་འཇིག་རྟེན་གྱི་ཀུན་རྫོབ་ཀྱིས་ཀྱང་ཁྱབ་པར་འདོད་ན་རྣལ་འབྱོར་པས་ཀུན་རྫོབ་ཏུ་བུད་མེད་མི་གཙང་བར་རྟོག་པ་ལ་འཇིག་རྟེན་པའི་ཀུན་རྫོབ་ཀྱིས་གནོད་པར་འགྱུར་རོ་ཞེས་བྱ་བའོ། །དེ་ལྟར་བྱེ་བྲག་ཏུ་སྨྲ་བའི་རྩོད་པ་སྤངས་ནས། ད་ནི་སྒྱུ་འདྲའི་ཞེས་བྱ་བ་ལ་སོགས་པས་མདོ་སྡེའི་རྩོད་པ་སྤོང་ངོ༌། །འདི་དག་མདོ་སྡེའི་རྩོད་སྤང་དུ་ཇི་ལྟར་འགྱུར་ཞེ་ན། འགྲེལ་པ་མཁན་པོ་དག་གིས་ཀྱང་བཤད་ལ། ཡང་བྱེ་བྲག་ཏུ་སྨྲ་བས་སངས་རྒྱས་ལ་ཤེས་པ་བཅུ་མངའ་བས་ཀུན་རྫོབ་ཤེས་པ་ཡོད་པས་ཀུན་རྫོབ་ཏུའང་འདོད་ལ། མདོ་སྡེ་པས་མྱ་ངན་ལས་འདས་པའི་དམིགས་པ་ཐམས་ཅད་དོན་དམ་ཡིན་ལ། ཀུན་ནས་ཉོན་མོངས་ཀྱི་དམིགས་པ་ཐམས་ཅད་ཀུན་རྫོབ་ཡིན་པར་འདོད་པས། མདོ་སྡེ་པའི་རྩོད་པ་ཡིན་པར་འདོད་དོ། །འདི་ལ་བཞི་སྟེ། ཚོགས་ཀྱི་རྟེན་གསུངས་པས་མི་གནོད་པ་དང༌། ཉིང་མཚམས་སྦྱོར་བར་གསུངས་པས་མི་གནོད་པ་དང༌། ལས་ཀྱི་རྟེན་གསུངས་པས་མི་གནོད་པ་དང༌། འཁོར་བ་དང་མྱ་ངན་ལས་འདས་པའི་ཐ་དད་རྣམ་པར་བཞག་པས་མི་གནོད་པའོ། །དང་པོ་ནི་སྒྱུ་འདྲའི་ཞེས་པ་སྟེ། གལ་ཏེ་ཐམས་ཅད་སྒྱུ་མ་ལྟར་བརྫུན་པ་ཁོ་ན་ཡིན་ན། རྒྱལ་བ་མཆོད་པ་ལ་བསོད་ནམས་མེད་པར་ཐལ་ཏེ། རྒྱལ་བའང་སྒྱུ་མ་ལྟ་བུ་ཡིན་པའི་ཕྱིར་རོ་ཞེ་ན། སྒྱུ་འདྲའི་རྒྱལ་ལས་བསོད་ནམས་ནི། །ཇི་ལྟར་དངོས་ཡོད་ཇི་བཞིན་ཏེ། །ཁྱེད་རང་དངོས་པོའི་སངས་རྒྱས་ལ་བསོད་ནམས་འབྱུང་བའི་རྒྱུ་མཚན་ནི་དེ་ལ་དད་པའི་དབང་གིས་ཡིན་ནས་དད་པ་དེ་རྒྱལ་བ་དངོས་པོ་ལ་འབྱུང་བ་ལྟར་སྒྱུ་མ་ལྟ་བུ་ལའང་འབྱུང་བས་སྒྱུ་མ་ལྟ་བུ་ཡིན་ན་ཚོགས་ཀྱི་ཞིང་མ་ཡིན་པར་ཐལ་ལོ། །ཞེས་བྱ་བ་དེ་ཁྱབ་པ་མ་གྲུབ་བོ་ཞེས་བྱ་བའོ། །གཉིས་པ་ནི། གལ་ཏེ་སེམས་ཅན་སྒྱུ་འདྲ་ན། །ཤི་ནས་ཇི་ལྟར་སྐྱེ་ཞེས་སྨོས་ཏེ། སེམས་ཅན་ཆོས་ཅན་སྒྱུ་མ་ལྟ་བུ་ཡིན་ན་སྐྱེ་བ་ཕྱི་མ་ཕྱི་མ་ཉིང་མཚམས་མི་སྦྱོར་བར་ཐལ་ཏེ། སྒྱུ་མ་ལྟ་བུ་ཡིན་པའི་ཕྱིར་རོ། །སྒྱུ་མ་མཁན་གྱིས་སྤྲུལ་པའི་སྐྱེས་པ་ལ་སོགས་པ་བཞིན་ནོ། །དེ་འདོད་ན་ཉིང་མཚམས་སྦྱོར་བ་གསུངས་པས་གནོད་དོ་ཞེས་རྒོལ་བའོ། །དེའི་ལན་ནི་ཇི་སྲིད་རྐྱེན་རྣམས་ཞེས་སྨོས་ཏེ། དེ་ལ་རྐྱེན་འཚོགས་ན་སྒྱུ་མ་ལྟ་བུ་ལའང་སྐྱེ་བ་མི་འགལ་བས་ན་སྒྱུ་མ་ལྟ་བུ་ལ་སྐྱེ་བ་མི་ལེན་པས་ཁྱབ་པའི་ཁྱབ་པ་མེད་དོ། །དེས་ན་ཐལ་བའི་རྗེས་འགྲོ་ཁྱབ་པ་མ་གྲུབ་ཅེས་འཆད་པའོ། །གལ་ཏེ་རྐྱེན་ཡོད་ཀྱི་བར་དུ་གནས་པས་ཡུན་རིང་དུ་གནས་པའི་ཕྱིར་སེམས་ཅན་བདེན་པར་ཡོད་པར་ཐལ་ལོ་ཞེ་ན། རྒྱུན་རིང་ཙམ་གྱིས་ཇི་ལྟར་ན། །སེམས་ཅན་བདེན་པར་ཡོད་པ་ཡིན། །ཞེས་སྨོས་ཏེ། སྐྱེ་བ་རྒྱུན་རིང་དུ་གནས་པ་ལ་བདེན་པས་མ་ཁྱབ་སྟེ། བདེན་བརྫུན་ནི་ཡུན་རིང་ཐུང་གིས་མི་འབྱེད་དེ་སྒྱུ་མ་ལོར་གནས་ཀྱང་ཐ་སྙད་བརྫུན་ལ། སེམས་ཅན་ཞག་གཅིག་ནས་འཆི་ནའང་ཐ་སྙད་བདེན་པའི་ཕྱིར་རོ། །དེས་ཚེ་ཕྱི་མ་ལ་སོགས་པ་ཡུན་རིང་དུ་འབྲེལ་པ་མ་བདེན་པས་མ་ཁྱབ་པས་ཐལ་བའི་ཁྱབ་པ་མ་གྲུབ་ཅེས་འཆད་པའོ། །གསུམ་པ་ནི་གལ་ཏེ་ཐམས་ཅད་སྒྱུ་མ་ལྟ་བུ་ཡིན་ན་བསད་པ་ལ་སོགས་པ་ལ་སྡིག་པ་དང་ཕན་གདགས་ན་དགེ་བ་མེད་པར་ཐལ་ལ། དེ་སྒྱུ་མ་ཡིན་ཡང་དགེ་སྡིག་ཡོད་ན་སྒྱུ་མ་མཁན་གྱིས་སྤྲུལ་པའི་སྐྱེས་བུ་ལ་བསད་ན་སྡིག་པ་དང་ཟས་བྱིན་ན་དགེ་བ་ཡོད་པར་འགྱུར་རོ་ཞེ་ན། སྒྱུ་མའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྱོད་ཉིད་དངོས་པོར་ཁས་ལེན་པར་འདྲ་ཡང་མཐོ་ཡོར་བཤིག་པ་ལ་སྡིག་པ་མེད་ལ་སྐྱེས་བུ་བསད་པ་ལ་སྡིག་ཡོད་པའི་ཁྱད་སེམས་ཡོད་མེད་ཀྱིས་འབྱེད་པ་ལྟར། ཁོ་བོ་ཅག་སྒྱུ་མ་ལྟ་བུར་ཐམས་ཅད་ཁས་ལེན་པའང་སེམས་དང་ལྡན་པའི་སྒྱུ་མ་ལ་ནི་ཟས་བྱིན་ན་བསོད་ནམས་དང་བསད་ན་སྡིག་པ་ཡོད་པར་སྨྲ་ལ། སེམས་མེད་ལ་དེ་ལྟ་མ་ཡིན་ནོ་ཞེས་འདོད་དོ། །གལ་ཏེ་སྒྱུ་མ་ལྟ་བུ་ཡིན་ན་སེམས་ཡོད་མེད་ཀྱི་རང་བཞིན་གྱི་དབྱེ་བ་ཉིད་ཀྱང་མི་འཐད་དོ་ཞེ་ན། དངོས་པོར་སྨྲ་བའི་ལྟར་ན་སེམས་ཡོད་མེད་རྒྱུ་ཐ་དད་པ་ལས་ཡིན་པ་ལྟར་སྒྱུ་མ་ལའང་སེམས་ཡོད་མེད་ཀྱི་དབྱེ་བ་རྒྱུའི་དབྱེ་བ་ལས་ཡིན་ནོ་ཞེས་འཆད་པ་ནི་སྔགས་སོགས་ཞེས་པ་སྟེ། ལས་དང་ཉོན་མོངས་ལ་ནི་སེམས་བསྐྱེད་པའི་ནུས་པ་ཡོད་དོ་ཞེས་ཤུགས་ལས་གོ་བར་བྱའོ། །གལ་ཏེ་སྒྱུ་མ་ལྟ་བུ་ཡིན་ན་རྐྱེན་ཐ་དད་པ་ལས་འབྲས་བུ་ཐ་དད་པ་ཉིད་འགལ་ལོ་ཞེ་ན། དེ་ལྟར་དངོས་པོ་ཉིད་ལའང་འགལ་ལོ། །མི་འགལ་བར་མཐོང་ངོ་ཞེ་ན། སྒྱུ་མ་ཉིད་ལས་རྐྱེན་མི་འདྲ་བས་འབྲས་བུ་རྟ་དང་གླང་པོ་ལ་སོགས་པ་མི་འདྲ་བ་མཐོང་བས་རྒྱུ་མི་འདྲ་བ་དང༌། འབྲས་བུ་མི་འདྲ་བ་མི་འགལ་ལོ་ཞེས་འཆད་པ་ནི་སྣ་ཚོགས་ཞེས་བྱ་བའོ། །སྒྱུ་མ་དང་དངོས་པོ་གང་གི་ལྟར་ཡང་རྒྱུ་འདྲ་བ་ལས་འབྲས་བུ་མི་འདྲ་བ་བསྐྱེད་པ་དགག་པ་རྐྱེན་གཅིག་གིས་ཞེས་པའོ། །བཞི་པ་འཁོར་བ་དང་མྱ་ངན་ལ་འདས་པའི་ཐ་དད་རྣམ་པར་བཞག་པ་མི་འཐད་པའི་རྩོད་སྤང་ནི། གལ་ཏེ་ཞེས་པ་སྟེ། འདི་ལ་རྔོག་ལོ་ཙཱ་བ་འདི་ལྟར་འཐད་དེ། གལ་ཏེ་རང་གི་སེམས་ཀྱི་ཆོས་ཉིད་དོན་དམ་པ་དེ་རང་བཞིན་གྱིས་མྱ་ངན་ལས་འདས་པ་ཡིན་ཡང་འཁོར་བ་ཀུན་རྫོབ་མི་སྤོང་སྟེ། འཁོར་བ་དང་མྱ་ངན་ལས་འདས་པ་མི་འགལ་ན། འོ་ན་མྱ་ངན་ལས་འདས་པའི་སངས་རྒྱས་ཐོབ་པའི་སངས་རྒྱས་ཀྱང་འཁོར་བར་ཐལ་ཏེ་འཁོར་བ་དང་རང་བཞིན་རྣམ་པར་དག་པའི་ཆ་ནས་ཁྱད་མེད་པའི་ཕྱིར་རོ། །དེ་འདོད་ན་སངས་རྒྱས་འཁོར་བར་འགྱུར་བས་བྱང་ཆུབ་སྤྱོད་པ་དོན་མེད་དོ་ཞེས་པ་ནི་རྒོལ་བའོ། །ལན་ལ་རང་བཞིན་རྣམ་པར་དག་པ་ཁྱད་པར་མེད་ཀྱང་ཀུན་རྫོབ་ཏུ་འཁོར་བ་དང་མྱ་ངན་ལས་འདས་པ་ཁྱད་ཡོད་ན་ཅི་འགལ་ཁྱབ་པ་མ་གྲུབ་ཅེས་བརྗོད་དོ། །ཀུན་རྫོབ་ཏུ་ཁྱད་ཅིས་བྱེད་ཅེ་ན། ཉོན་མོངས་པ་སྐྱེད་པའི་རྒྱུ་གློ་བུར་བ་ཟད་མ་ཟད་ཀྱིས་འབྱེད་དོ་ཞེས་འཆད་པ་ནི་རྐྱེན་རྣམས་ཞེས་པས་འཁོར་བར་འཇུག་པའི་ཚུལ་དང༌། རྐྱེན་རྣམས་ཞེས་པས་ལྡོག་པའི་ཚུལ་གཉིས་ཀྱིས་བཤད་དོ། །བཤད་པ་དེ་ཧ་ཅང་ལེགས་པ་མ་ཡིན་ནོ། །འདི་ལ་འགྲེལ་ཆེན་བྱེད་པས་འདི་ལྟར་འཆད་དེ། སྤྱིར་མདོ་སྡེ་པ་རང་གི་གྲུབ་མཐའ་མྱ་ངན་ལས་འདས་པའི་དམིགས་པ་ནི་དོན་དམ་པ་ཡིན་ལ། ཀུན་ནས་ཉོན་མོངས་པའི་དམིགས་པ་ནི་ཀུན་རྫོབ་ཅེས་བསམས་ནས་རྒོལ་བ་ནི། གལ་ཏེ་དོན་དམ་མྱ་ངན་འདས། །འཁོར་བ་ཀུན་རྫོབ་དེ་ལྟ་ན། །སངས་རྒྱས་ཀྱང་ནི་འཁོར་འགྱུར་བས། །བྱང་ཆུབ་སྤྱོད་པས་ཅི་ཞིག་བྱ། །ཞེས་སྨོས་ཏེ། གལ་ཏེ་དོན་དམ་པ་ནི་མྱ་ངན་ལས་འདས་པ་ཡིན་ན་འཁོར་བ་ནི་ཀུན་རྫོབ་ཀྱི་སྤྲོས་པ་ཡིན་ན་སངས་རྒྱས་ལའང་སྣང་བཅས་ཀྱི་བློ་ཡོད་དམ་མེད། མེད་ན་སངས་རྒྱས་དངོས་མེད་དམ་བེམ་པོར་ཐལ་ལ། ཡོད་ན་དེ་ཀུན་རྫོབ་ཡིན་ནམ་དོན་དམ་ཡིན། དོན་དམ་ཡིན་ན་བློ་ནི་ཀུན་རྫོབ་ཡིན་པར་བརྗོད་ཀྱི་དམ་བཅའ་ཉམས་ལ། ཀུན་རྫོབ་ཡིན་ན་ཀུན་རྫོབ་ཀུན་ནས་ཉོན་མོངས་སྤྲོས་པ་ཡོད་པས་འཁོར་བར་ཐལ་ལོ། །དེ་འདོད་ན་བྱང་ཆུབ་སྤྱོད་པས་ཅི་ཞིག་བྱ་ཞེས་རྒོལ་བ་ན། དབུ་མ་ཐལ་འགྱུར་བ་འཁོར་བ་དང་མྱང་འདས་ཀུན་རྫོབ་དོན་དམ་གྱི་མཚན་ཉིད་མཐུན་པར་བསམས་ན་ལན་འདེབས་པ་ནི་སངས་རྒྱས་ལ་སྣང་བཅས་ཀྱི་བློ་ཡོད་པའི་གཏན་ཚིགས་མ་གྲུབ་པར་བརྗོད་པ་ནི། དོན་དམ་དུ། རྐྱེན་རྣམས་རྒྱུན་ནི་མ་ཆད་ན། །སྒྱུ་མའང་ལྡོག་པར་མ་འགྱུར་གྱི། །ཞེས་སྨོས་ཏེ། དཔེར་ན་སྒྱུ་མ་མཁན་གྱིས་སྤྲུལ་པའི་སྒྱུ་མ་ལའང་རྒྱུ་རྐྱེན་ཡོད་ཀྱི་བར་དུ་འབྱུང་ལ་དེ་བཞིན་དུ་ཇི་སྲིད་དུ་སྣང་བཅས་ཀྱི་རྒྱུ་ཡོད་པ་དེ་སྲིད་དུ་སྣང་བཅས་ཀྱི་བློ་སྒྱུ་མ་ལྟ་བུ་མི་འདོར་བས་འཁོར་བ་ཡིན་ལ། རྐྱེན་རྣམས་རྒྱུན་ནི་མ་ཆད་པ་སྟེ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་མཚན་མ་དང་རྣམ་པར་རྟོག་པ་ཐམས་ཅད་རྒྱུན་བཅད་པས་ཉོན་མོངས་པ་རྒྱུན་བཅད། དེ་བཅད་པས་ལས་རྒྱུན་བཅད། དེ་རྒྱུན་བཅད་པས་སྣང་བཅས་ཀྱི་བློ་རྒྱུན་བཅད་པས་འཁོར་བ་ཀུན་རྫོབ་ཏུའང་མི་འབྱུང་ངོ་ཞེས་བྱ་བའོ། །དེ་ནི་མི་རིགས་ཏེ། དགྲ་བཅོམ་པ་དང་རང་རྒྱལ་བ་དང་དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་དག་འཁོར་བར་ཐལ་བའི་ཕྱིར་རོ། །སྐྱོན་གཞན་ཡང་ཡོད་དེ། གཞན་དུ་རྒྱས་པར་ཤེས་པར་བྱའོ། །འོ་ན་ཇི་ལྟར་འཆད་ཅེ་ན། རྒོལ་བ་ནི་དེ་དང་འདྲ་ལ། ལན་མི་འདྲ་སྟེ། རྣམ་བརྫུན་པའི་གནོད་པ་སྤང་བ་དང༌། ཁོ་བོ་ཅག་ཀུན་རྫོབ་ཐམས་ཅད་འཁོར་བར་ཁས་མི་ལེན། མྱ་ངན་འདས་པ་ཐམས་ཅད་དོན་དམ་དུ་ཁས་མི་ལེན་ཏེ། དཔྱད་བཟོད་མི་བཟོད་ཀྱིས་དོན་དམ་ཀུན་རྫོབ་ཏུ་འཇོག་གོ །འོ་ན་ཁྱོད་ཀྱི་འཁོར་འདས་ཀྱི་ཁྱད་པར་གང་ཡིན་ཞེ་ན། རྐྱེན་རྣམས་ཞེས་སྨོས་ཏེ། སྒྱུ་མར་ཁྱད་མེད་ཀྱང་རྒྱུ་རྐྱེན་ཡོད་ཀྱི་བར་སྒྱུ་མ་མི་ལྡོག་པ་ལྟར། ལས་དང་ཉོན་མོངས་ཡོད་ཀྱི་བར་འཁོར་བ་མི་ལྡོག་ལ།          རྗེས་མ།>>

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*