བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་འགྲེལ་པ། ༣

རྐྱེན་ལས་དང་ཉོན་མོངས་པ་རྒྱུན་ཆད་ན་ཀུན་རྫོབ་ཏུའང་སྟེ་སངས་རྒྱས་ལ་ཡེ་ཤེས་ཀུན་རྫོབ་ཡོད་ཀྱང་འཁོར་བར་མི་འབྱུང་ཞེས་བྱ་བ་དབུ་མ་རང་རྒྱུད་པ་རྣམས་བཤད་པ་བྱེད་དོ། །དེ་ལྟར་མདོ་སྡེ་པའི་གནོད་པ་སྤངས་ནས། རྣལ་འབྱོར་སྤྱོད་པའི་གནོད་པ་སྤོང་བ་ན་གཉིས་ཏེ། འཛིན་པ་མ་གྲུབ་པ་དང༌། རྟེན་མ་གྲུབ་པ་སྤང་བའོ། །དང་པོ་ལ་གསུམ་སྟེ། རྣམ་བརྫུན་གྱི་གནོད་པ་སྤང་བ་དང༌། རྣམ་བདེན་གྱི་གནོད་པ་སྤང་བ་དང༌། རང་ལ་གནོད་པ་སྤང་བ་སྟེ་རང་གི་ལུགས་རྣམ་པར་གཞག་པའོ། །དང་པོ་ལ་གཉིས་ཏེ། རྒོལ་བ་དང་ལན་ནོ། །དང་པོ་ནི་གང་ཚེ་ཞེས་སྨོས་ཏེ། ཁྱེད་དབུ་མ་པ་ཆོས་ཐམས་ཅད་སྟོང་པ་ཉིད་དུ་སྨྲ་བས་གང་གི་ཚེ་འཁྲུལ་པའི་ཤེས་པ་ཡོད་པ་མིན་ན་དམིགས་བྱ་སྒྱུ་མ་ནི་གང་གིས་དམིགས་པར་འགྱུར་ཏེ། དམིགས་པ་ལ་དམིགས་བྱེད་ཀྱིས་ཁྱབ་པ་ལ་དམིགས་བྱེད་ཀྱི་སེམས་མེད་པས་དམིགས་བྱའི་རྣམ་པ་གཏན་མ་དམིགས་པར་ཐལ་ལོ་ཞེས་བྱ་བའོ། །དེའི་ལན་ལ། གང་ཚེ་ཁྱོད་ལ་སྟེ་རྣམ་པ་བརྫུན་པས་སྒྱུ་མ་ཉིད་མེད་ན་སྟེ། བརྫུན་པའི་རྣམ་པ་དངོས་པོར་གཏན་མེད་པར་འདོད་པས་དམིགས་པ་ལ་དམིགས་བྱས་ཁྱབ་པ་ལ་དམིགས་བྱ་སྒྱུ་མ་མེད་པས་མ་དམིགས་པར་ཐལ་ལོ་ཞེས་མཚུངས་སོ་ཞེས་ལན་འདེབས་པ་ནི་གང་གི་ཚེ་ཁྱོད་ལ་དམིགས་བྱ་སྒྱུ་མ་ཉིད་མེད་པས་ཅི་ཞིག་དམིགས་ཞེས་བྱ་བའོ། །རྣམ་བདེན་གྱི་གནོད་པ་སྤང་བ་ལ་གཉིས་ཏེ། སྣང་བ་སེམས་ཡིན་པ་ལ་གནོད་པ་བརྗོད་པ་དང༌། རང་རིག་པ་ལ་སྒྲུབ་བྱེད་དགག་པའོ། །དང་པོ་ལ་གསུམ་སྟེ། གནོད་པ་མདོར་གཞག་པ་དང༌། དེའི་ཁྱབ་པ་ལུང་གིས་བསྒྲུབ་པ་དང༌། དེ་ཉིད་རིགས་པས་བརྟན་པར་བྱ་བའོ། །དང་པོ་ལ་ཕྱོགས་སྔ་མ་ནི་གལ་ཏེ་ཞེས་པ་སྟེ། དེ་ཉིད་དུ་སེམས་ཉིད་ཡིན་ནོ། །གང་ཞེ་ན་རྣམ་པ་དེའོ། །རྣམ་པ་ཅི་འདྲ་བ་ཞེ་ན་གཞན་ཡོད་རྣམ་པ་སྟེ། ཐ་དད་པའི་རྣམ་པ་ལྟ་བུ་སེམས་ཉིད་ཡིན་ན། དམིགས་བྱ་དམིགས་བྱེད་ཐ་མི་དད་པས་གཉིས་ཀ་ཡོད་པས་རྣམ་བརྫུན་ལ་བརྗོད་པའི་གནོད་པ་ཁོ་བོ་ཅག་ལ་མེད་དོ་ཞེས་པ་ནི་རྒོལ་བའོ། །དེའི་ལན་ནི་གང་ཚེ་ཐ་དད་མེད་པས་གང་ཞིག་མཐོང་སྟེ་རིག་བྱ་གང་ཡིན། གང་གིས་མཐོང་སྟེ་རིག་བྱེད་གང་ཡིན་ཞེས་སྨོས་ཏེ། འདི་ལ་བླ་མ་གོང་མ་རྣམས་རང་རྒྱུད་དུ་སྦྱར་རོ། །དེ་ལ་རང་རྒྱུད་དེ་ལ་ནོར་བ་མེད་མོད་ཀྱི་རང་རྒྱུད་ཀྱི་ངག་འདི་ལ་ཕྱོགས་ཆོས་དང་ཁྱབ་པ་སྐྱོན་མེད་པར་སྦྱར་བ་ནི་ཤིན་ཏུ་དགག་པ་ཡིན་ནོ། །དེ་ན་རང་གིས་རང་རིག་གོ་ཞེས་བྱ་བ་ལ་སུན་འབྱིན་གྱི་ངག་ཐལ་འགྱུར་དུ་སྦྱར་རོ། །དེ་ལ་སེམས་ཙམ་པ་མྱོང་བ་གཉིས་མེད་ཀྱི་ཤེས་པ་ལ་ཡིན་ལ་རང་རིག་པའང་ཡིན་ནོ་ཞེས་ཟེར་བ་ལ། རང་གིས་རང་རིག་པའི་ཕྱིར་ཤེས་པ་གཉིས་སུ་ཐལ། ཡང་ན་གཉིས་མེད་པའི་ཕྱིར་འདོད་རང་རིག་ཏུ་འདོད་ཀྱང་རང་མི་རིག་པར་ཐལ་ཞེས་བྱའོ། །དེ་ལ་འདོད་པར་མི་ནུས་ཏེ། རང་གི་དམ་བཅའ་ཉམས་པར་འགྱུར་རོ། །གཏན་ཚིགས་མ་གྲུབ་པར་ཡང་མི་ནུས་ཏེ་དམ་བཅའ་བ་གཉིས་སོ། །དེ་གཉིས་ལ་ཁྱབ་པ་མ་གྲུབ་ཅེས་བརྗོད་དེ། །གཉིས་མེད་ཀྱང་རང་རིག་ན་ཅི་སྟེ་སྙམ་ན། རིག་པ་ཞེས་བྱ་བ་བྱ་བྱེད་ཀྱི་མཚན་ཉིད་ཡིན་ལ། དེ་ལ་གཉིས་ཀྱིས་ཁྱབ་སྟེ་དཔེར་ན་སྟ་རེས་ཤིང་གཤེགས་པ་བཞིན། གཉིས་མེད་ན་བྱ་བྱེད་མེད་པས་ཁྱབ་པ་གྲུབ་སྟེ། དཔེར་ན་རལ་གྲིའི་སོས་རང་ལ་མི་གཅོད་པ་བཞིན་ནོ། །གཉིས་པ་དེ་ལྟ་བུའི་ཁྱབ་པ་སྒྲུབ་པ་ལུང་གིས་སྟོན་པ་ནི། འཇིག་རྟེན་གྱི་ནི་མགོན་པོས་ཀྱང༌། སེམས་ཀྱིས་སེམས་མི་མཐོང་ཞེས་གསུངས། ཞེས་བྱ་བ་སྨོས་ཏེ། འདི་ལ་གསུམ་སྟེ། ལུང་དགོད་པ་དང༌། དེ་ལ་ཤེས་པར་བྱེད་པའི་དཔེ་དང༌། དོན་ལ་སྦྱར་བའོ། །དང་པོ་ནི་འཇིག་རྟེན་གྱི་ནི་ཞེས་པ་སྟེ། རིགས་པ་འཇིག་རྟེན་གྱི་མགོན་པོས་ཀྱང་གསུངས་ཞེས་སྦྲེལ་ཏོ། །གང་གསུངས་ཤེ་ན། གཙུག་ན་རིན་པོ་ཆེས་ཞུས་པའི་མདོ་ལས་སེམས་ཀུན་ཏུ་ཚོལ་བ་ལ་སེམས་ནི་ནང་ན་ཡང་དག་པར་རྗེས་སུ་མི་མཐོང༌། སེམས་ཕྱི་རོལ་ན་ཡང་དག་པར་རྗེས་སུ་མི་མཐོང་ཞེས་པ་དང༌། ཡང་དེ་འདི་སྙམ་དུ་སེམས་ཏེ། ཅི་དམིགས་པ་དེའང་གཞན་ལ་སེམས་ཀྱང་གཞན་ནམ། འོན་ཏེ་དམིགས་པ་གང་ཡིན་པ་དེ་ཉིད་སེམས་ཉིད་ཡིན། གལ་ཏེ་དམིགས་པ་ཡང་གཞན་ལ་སེམས་ཀྱང་གཞན་ན་སེམས་དེ་གཉིས་སུ་འགྱུར་རོ། །འོན་ཏེ་དམིགས་པ་གང་ཡིན་པ་དེ་ཉིད་ཡིན་ན་སེམས་ཀྱིས་སེམས་དེ་ཇི་ལྟར་མཐོང་བར་འགྱུར་ཏེ། སེམས་ཀྱིས་སེམས་ལ་མཐོང་བར་མི་རུང་ངོ༌། །འདི་ལྟ་སྟེ་དཔེར་ན་རལ་གྲིའི་སོ་དེ་ཉིད་ཀྱིས་རལ་གྲིའི་སོ་དེ་ཉིད་གཅད་པར་མི་ནུས་པ་དང༌། སོར་མོའི་རྩེ་མོ་དེ་ཉིད་ཀྱིས་སོར་མོའི་རྩེ་མོ་དེ་ཉིད་ལ་རེག་པར་མི་ནུས་པ་བཞིན་དུ་སེམས་ཉིད་ཀྱིས་སེམས་ཉིད་མཐོང་བར་མི་ནུས་སོ་ཞེས་གསུངས་སོ། །གཉིས་པའང་དཔེ་ནི་རལ་གྲིའི་སོས་ནི་རང་ལ་རང་ཇི་ལྟར་མི་གཅོད་ཅེས་པའོ། །དོན་ལ་སྦྱར་བ་ནི་དེ་བཞིན་ཡིད་ཅེས་བྱ་བའོ། །གསུམ་པ་དེ་ཉིད་རིགས་པས་བརྟན་པར་བྱ་བ་ལ་གཉིས་ཏེ། མར་མེའི་གསལ་བས་མ་ངེས་པ་སྤང་བ་དང༌། ལྷན་ཅིག་སྐྱེས་པའི་སྔོན་པོས་མ་ངེས་པ་སྤང་བའོ། །དང་པོ་ནི་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཁྱེད་དབུ་མ་པ་བྱ་བ་དང་བྱེད་པ་གཉིས་མེད་པས་རིག་པ་མེད་པར་བསྒྲུབ་པ་མ་ངེས་ཏེ། སྤྱིར་བྱ་བྱེད་གཉིས་མེད་ཀྱང་བྱ་བྱེད་གཉིས་ལྟ་བུར་སྣང་ཞིང་དེའི་ཐ་སྙད་འཇུག་པ་མང་སྟེ། དཔེར་ན་མར་མེ་ལ་བྱ་བ་དང་བྱེད་པ་གཉིས་མེད་ཀྱང་གསལ་བ་ཡོད་པ་ལྟར་ཤེས་པ་ལ་བྱ་བ་དང་བྱེད་པ་གཉིས་མེད་ཀྱང་རིག་པ་ཡོད་ན་ཅི་འགལ་ཞེས་རྒོལ་བའོ། །དེའི་ལན་ནི་མར་མེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མར་མེ་གསལ་བར་བྱ་བ་དང་བྱེད་པ་མ་ཡིན་པས། དེ་ལ་གཉིས་ཀྱིས་མ་ཁྱབ་སྟེ། མར་མེ་གསལ་བྱེད་ཡིན་ཡང་གསལ་བྱ་མ་ཡིན་ན་འདིར་ཤེས་པ་ནི་རིག་བྱ་རིག་བྱེད་དུ་གནས་པ་ལ་བྱ་བྱེད་གཉིས་ཀྱིས་ཁྱབ་པས་དེ་དང་མི་མཚུངས་སོ་ཞེས་འཆད་པ་ནི་མར་མེ་ཞེས་པ་སྟེ། མར་མེ་ལ་གསལ་བར་བྱ་བ་ཡིན་ན་ཡེ་ནས་བསྒྲིབས་པས་ཁྱབ་པ་ལས་ཡེ་ནས་བསྒྲིབས་པ་མེད་པས་གསལ་བར་བྱེད་དོ་ཞེས་བྱ་བའོ། །གཉིས་པ་ལྷན་ཅིག་སྐྱེས་པའི་སྔོན་པོས་མ་ངེས་པ་སྤང་བ་ནི་ཤེལ་བཞིན་ཞེས་པའི་རྒོལ་བའི་དཔེ་ནི། སྤྱིར་བྱ་བྱེད་གཉིས་ཡོད་ཀྱང་གཉིས་མེད་པ་ལྟ་བུར་སྣང་བའི་བཟློག་པའི་དཔེ་སྟེ། ཤེལ་བཞིན་དུ་སྔོན་པོ་དེ་གཞན་ལ་ལྟོས་པའང་མཐོང་ལ། མཐུན་པའི་དཔེ་གཉིས་མེད་ལ་གཉིས་སུ་སྣང་བ་ཡོད་དོ། །དཔེར་ན་བཻ་ཌཱུརྻ་བཞིན་སྔོ་ཉིད་གཞན་ལ་ལྟོས་པ་མེད་པའང་མཐོང་ངོ༌། །དེ་བཞིན་དུ་གཞན་རིག་གི་ཡུལ་འགའ་ཞིག་རིག་བྱེད་གཞན་ལ་ལྟོས་པའང་ཡོད་ལ། རང་གི་ཡུལ་འགའ་ཞིག་རིག་བྱེད་གཞན་ལ་ལྟོས་པ་མེད་པའང་མཐོང་བས་རིག་པ་ཐམས་ཅད་ལ་རིག་བྱེད་གཞན་གྱིས་མ་ཁྱབ་པས་རིག་བྱེད་གཞན་བཀག་པས་རིག་པ་ཙམ་འགག་པ་ཁྱབ་པ་མ་གྲུབ་བོ་ཞེས་པ་ནི་རྒོལ་བའི་དོན་ཏོ། །ལན་ནི་སྔོ་ཉིད་མིན་ལ་ཞེས་པ་སྟེ། སྔོན་པོ་ལ་བྱ་བྱེད་ཐ་དད་པས་མ་ཁྱབ་སྟེ། བྱ་བྱེད་ཀྱི་ངོ་བོ་མ་ཡིན་པས་སོ། །ཇི་ལྟར་མ་ཡིན་ཞེ་ན་བྱ་བྱེད་ཡིན་ན་སྔར་སྔོན་པོ་མ་ཡིན་པ་ལ་ཕྱིས་སྔོན་པོར་བྱས་པ་དགོས་པ་ལ་དེ་མེད་པས་སོ། །དེས་ན་བྱ་བྱེད་ཐ་དད་པ་བཀག་པས་སྔོན་པོ་ཁེགས་སོ་ཞེས་འཆད་པ་ནི་སྔོ་ཉིད་ཅེས་པའོ། །དེས་ན་དངོས་པོ་ཙམ་ལ་གནས་པ་དང་བྱ་བྱེད་ཀྱི་མཚན་ཉིད་དག་མཚུངས་པ་མ་ཡིན་ནོ། །དེ་ལྟར་རང་རྒྱུད་རང་རིག་པ་ལ་གནོད་བྱེད་བརྗོད་ནས་གཉིས་པ་སྒྲུབ་བྱེད་དགག་པ་ལ་གསུམ་སྟེ། སྤྱིར་མེད་པ་དང༌། དེ་ཉིད་ཀྱིས་ཡོད་པར་ངེས་པའི་ཐ་སྙད་འགལ་བ་དང༌། སྒྲུབ་བྱེད་ཀྱི་རྗེས་དཔག་མེད་པའོ། །དང་པོ་ནི་མར་མེ་ཞེས་པ་སྟེ། མར་མེ་ནི་གསལ་བར་རིག་པའི་དོན་མངོན་སུམ་གྱིས་གྲུབ་པས་རྟོགས་པ་དང་ལྡན་པས་དེ་ལྟ་ཐ་སྙད་དུ་བྱེད་པ་འཐད་པ་ཡིན་ན། ཤེས་པས་གསལ་བར་རང་རིག་གིས་ངེས་པ་གོང་དུ་བཀག་ལ་གཞན་རིག་གིས་ངེས་ན་གཟུང་འཛིན་གྲུབ་པར་ཐལ་བའི་སྐྱོན་ཡོད་པས་རང་རིག་ལ་སྒྲུབ་བྱེད་མེད་པས་བསལ་ལོ་ཞེས་རྟོགས་པ་དང་ལྡན་པས་རང་རིག་གིས་ཞེས་ངེས་པའི་ཐ་སྙད་དུ་བྱེད་པ་མི་འཐད་དོ་ཞེས་བྱ་བའོ། །གཉིས་པ་ནི་གང་ཚེ་ཞེས་པ་སྟེ། ཁྱད་པར་གསལ་བའམ་མི་གསལ་བ་དེ་བརྗོད་ཀྱང་དོན་མེད་དེ་རྟོགས་པ་དང་ལྡན་པའི་གང་ཟག་ལ་ངེས་པ་མི་སྐྱེའོ། །ཅི་སྟེ་ཞེ་ན་འགས་ཀྱང་ཤེས་བཞིན་ན་སྟེ་སྤྱིར་རང་རིག་པ་ཞེས་ངོ་བོ་ལ་སྒྲུབ་བྱེད་མེད་པའི་ཕྱིར་རོ། །དཔེ་ནི་མོ་གཤམ་བུ་མོའི་འགྱིང་བག་བཞིན་ནོ། །གསུམ་པ་སྒྲུབ་བྱེད་ཀྱི་རྗེས་དཔག་མེད་པ་ལ་གཉིས་ཏེ། འབྲས་བུའི་རྟགས་འཁྲུལ་པ་དང༌། རང་བཞིན་གྱི་རྟགས་འཁྲུལ་པའོ། །དང་པོ་ནི་གལ་ཏེ་རང་མྱོང་བར་འབྲས་བུའི་རྗེས་དཔག་གིས་བསྒྲུབས་ཏེ། གང་ཞིག་དྲན་པ་ལ་དྲན་པའི་ཡུལ་དེ་སྔར་མྱོང་བས་ཁྱབ་སྟེ། སྔོན་པོ་སྔར་ཤེས་པ་ཕྱིས་དྲན་པ་ལྟ་བུའོ། །སྔོན་པོའི་རྣམ་པར་ཤེས་པ་ལ་སོགས་པའང་འདྲེན་པས་སྔར་མྱོང་ངོ་ཞེས་འབྲས་བུའི་རྗེས་དཔག་གིས་བསྒྲུབས་སོ། །དེའི་ལྡོག་ཁྱབ་ནི་གལ་ཏེ་རང་རིག་ཡོད་མིན་ཞེས་པ་སྟེ། རྒྱུ་རང་རིག་པ་ཡོད་མིན་ན་འབྲས་བུ་རྣམ་ཤེས་དྲན་པ་ཇི་ལྟར་འགྱུར་ཏེ། དྲན་པ་ལྡོག་གོ །དེས་ན་འབྲས་བུའི་རྟགས་ཀྱིས་དཔོག་གོ་ཞེ་ན། ལན་ནི་དྲན་པ་ལ་མྱོང་བ་ཙམ་སྔོན་དུ་འགྲོ་བས། ཁྱབ་ཀྱང་དྲན་བྱ་དེ་ཉིད་མྱོང་བས་མ་ཁྱབ་སྟེ། གཞན་མྱོང་བ་དང་རྗེས་འབྲེལ་བས་དྲན་པར་འགྱུར་ཏེ། དེ་དང་འབྲེལ་བ་གཞན་མྱོང་བས་ཆོག་གོ །དེའི་དཔེ་ནི་བྱི་བའི་དུག་བཞིན་ནོ་སྟེ། བྱི་བའི་སོས་དུག་བསྒོས་པ་མ་མྱོང་ཡང་ན་ཚ་མྱོང་བ་ནི་བྱི་བའི་དུག་དང་འབྲེལ་པས་བྱི་བའི་དུག་དྲན་པ་བཞིན་ནོ། །དེས་ན་རྣམ་ཤེས་དྲན་པ་ལ་རྣམ་ཤེས་ཉིད་མ་མྱོང་ཡང་དེ་དང་འབྲེལ་པའི་ཡུལ་མྱོང་བས་ཤེས་པ་ལ་དྲན་པ་སྐྱེ་ན་འགལ་བ་ཅི་ཡོད། དེས་ན་ཁྱབ་པ་མ་གྲུབ་བོ་ཞེས་བྱ་བའོ། །རང་གཞན་གྱི་རྟགས་འཁྲུལ་པ་ནི། རྐྱེན་གཞན་ཞེས་པ་སྟེ། ཁ་ཅིག་གིས་འདི་ལྟར་འཆད་དེ་བསྒོམས་པའི་རྐྱེན་གྱིས་བསྐལ་པའི་དོན་གཞན་གྱི་སེམས་ལ་སོགས་པ་རིང་པོ་ན་ཡོད་པའང་མཐོང་བའི་ཕྱིར་ཉེ་བའི་ཤེས་པ་ཉིད་ཀྱང་གསལ་ལོ་ཞེས་སྒྲུབ་བྱེད་གཞན་གྱིས་བཀོད་པའི་རྐང་པ་དང་པོ་གཉིས་སོ། །དེ་ལ་མ་ངེས་པས་སུན་འབྱིན་པ་ནི། གལ་ཏེ་ཐག་རིང་པོ་མཐོང་བ་ལ་ཉེ་བ་ཉིད་མཐོང་བས་ཁྱབ་ན་མིག་སྨན་གྱིས་བསྐུས་པའི་མིག་གིས་རིང་པོ་ས་འོག་གི་བུམ་པའང་མཐོང་བས་ན་ཉེ་བའི་མིག་རང་མཐོང་བར་ཐལ་ན་རིང་པོ་མཐོང་ཡང་མིག་སྨན་གྱིས་བསྐུས་པའི་མིག་ཉིད་མི་མཐོང་བས་རིང་པོ་མཐོང་བ་ལ་རང་ཉིད་མ་མཐོང་བས་ཁྱབ་པས་རྟགས་མ་ངེས་སོ་ཞེས་འཆད་པ་ནི་གྲུབ་པའི་ཞེས་པ་རྐང་པ་འོག་མ་གཉིས་སོ། །ཡང་ཁ་ཅིག་འདི་ལྟར་འཆད་དེ། དོན་སྔོན་པོ་ལ་སོགས་པ་གསལ་བ་འདི་ཆོས་ཅན། ཤེས་པའི་ངོ་བོར་གྱུར་པའི་གསལ་བ་ཡིན་ཏེ། ཤེས་པ་ཁྱད་པར་དུ་སྐྱེད་པའི་རྐྱེན་དབང་པོ་ལ་སོགས་པའམ། ཡིད་གསལ་བའི་རྐྱེན་མན་ངག་ལ་སོགས་པའི་རྐྱེན་ལས་གསལ་བའི་ཕྱིར་རོ། །ཤེས་པ་ཙམ་གྱིས་རྐྱེན་ལས་སྐྱེས་པ་ལ་ཤེས་པའི་ངོ་བོ་ཡིན་པས་ཁྱབ་པའི་ཁྱབ་པའང་གྲུབ་སྟེ། དེས་ན་གསལ་བ་དེ་རང་གསལ་བའི་གསལ་བར་གྲུབ་བོ་ཞེས་པའི་རྒོལ་བ་ནི་རྐྱེན་གཞན་ཞེས་པའོ། །དེ་ལ་འོ་ན་མིག་སྨན་གྱིས་བསྐུས་པའི་མིག་ལ་ས་འོག་གི་བུམ་པ་གསལ་བ་དེའང་མིག་སྨན་གྱིས་བསྐུས་པའི་མིག་ཏུ་ཐལ་ཏེ། མིག་གི་རྐྱེན་ལས་གསལ་བའི་རང་བཞིན་དུ་སྐྱེས་པའི་ཕྱིར་རོ། །མིག་གི་རྐྱེན་ལས་གསལ་བར་སྐྱེས་པ་ལ་མིག་ཡིན་པས་མ་ཁྱབ་ན་ཤེས་པའི་རྐྱེན་ལས་གསལ་བར་སྐྱེས་པ་ལའང་ཤེས་པ་ཡིན་པས་མ་ཁྱབ་པས་ཁྱབ་པ་མ་གྲུབ་བོ་ཞེས་འཆད་པ་ནི་གྲུབ་པའི་ཞེས་པའོ། །ཡང་ན་ལན་གྱི་དོན་ནི་ཤེས་པའི་རྐྱེན་ལས་གསལ་བས་སྔོན་པོར་གསལ་བ་ཤེས་པའི་ངོ་བོར་བསྒྲུབས་ན། མིག་སྨན་གྱི་རྐྱེན་ལས་གསལ་བའི་རང་བཞིན་དུ་ས་འོག་གི་བུམ་པའང་མིག་སྨན་ཉིད་དུ་འགྱུར་རོ། །མིག་སྨན་གྱི་རྐྱེན་ལས་གསལ་བ་ཡང་བུམ་པའི་མིག་སྨན་དུ་མི་འགྱུར་ན། ཤེས་པ་སྐྱེད་པའི་རྐྱེན་ལས་གསལ་ཡང་གསལ་བའི་ཡུལ་སྔོན་པོ་ཤེས་པར་མི་འགྱུར་བས་རང་རིག་ཏུ་མི་འགྲུབ་བོ་ཞེས་བྱ་བའོ། །གསུམ་པ་རང་ལ་གནོད་པ་སྤང་བ་རང་གི་ལུགས་རྣམ་པར་བཞག་པ་ནི་གལ་ཏེ་ཤེས་པ་དེ་ཁོ་ནར་མེད་ན་མཐོང་བ་དང་ཐོས་པ་ལ་སོགས་པ་མངོན་སུམ་དུ་གྲུབ་པའང་བསལ་དགོས་ཤེ་ན། དེ་ནི་ཀུན་རྫོབ་པ་ཡིན་ལ་དེ་མ་བཀག་གོ །ཞེས་སྟོན་པ་ནི། ཇི་ལྟར་མཐོང་ཐོས་ཤེས་པ་དག །འདིར་ནི་གྲགས་པར་བྱ་མིན་ཏེ། །ཞེས་པའོ། །འོ་ན་གང་འགོག་ཅེ་ན་དོན་དམ་པར་ཡོད་ན་འགོག་གོ་ཞེས་བྱ་བར་སྟོན་པ་ནི། འདིར་ནི་སྡུག་བསྔལ་རྒྱུར་འགྱུར་བ། །བདེན་པར་རྟོག་པ་བཟློག་པ་ཉིད། །ཅེས་བྱ་བའོ། །འོ་ན་མཐོང་ཐོས་ཀྱིས་འགོག་པ་བདེན་པར་རྟོགས་པ་ཇི་ལྟར་བཟློག་ཅེ་ན། སེམས་ལས་སྒྱུ་མ་གཞན་མིན་ཞིང་སྟེ། སྣང་གྲགས་ཀྱི་ཆོས་སེམས་ལས་གཞན་ཐ་དད་ཀྱི་དངོས་པོར་འདོད་པ་ཁྱོད་རང་སེམས་ཙམ་པས་བཀག་ལ་ཁོ་བོ་ཡང་དེ་ལྟར་འདོད་དོ། །གཞན་མིན་པར་རང་ཉིད་མི་རྟོག་སྟེ་སྣང་གྲགས་རང་གི་སེམས་སུ་འདོད་པ་དེ་ཁོ་བོས་སུན་ཕྱུང་ལ། མི་རྟོག་ན་སྟེ་དེ་ལྟར་གཉིས་སུ་མི་འཛིན་པའི་ཕྱིར་དངོས་པོར་མེད་དེ་བདེན་པར་འཛིན་པར་མི་འོང་ངོ༌། །དེ་ཁྱབ་པ་མ་གྲུབ་པར་སེམས་པ་ལ། དངོས་ན་ཇི་ལྟར་དེ་གཞན་མིན། །གཞན་མིན་ན་སྟེ། དངོས་པོ་ཞིག་ཡིན་ཕན་ཆོད་ཡང་ན་གཞན་ཡིན་ལ། ཡང་ན་གཞན་མིན་ཏེ་སེམས་ཡིན་དགོས་ལ། དེ་གཉིས་ཀ་བཀག་པས་དངོས་པོ་བདེན་པ་མེད་པར་གྲུབ་བོ། །གལ་ཏེ་སེམས་ཙམ་རྣམ་མེད་པས་སྣང་བ་དངོས་པོར་མེད་པ་ཉིད་འདོད་དོ་ཞེ་ན། སེམས་ཉིད་གོང་དུ་སུན་ཕྱུང་ཟིན་ཏེ་ཕྱི་རོལ་དང་སེམས་རིག་པ་མཚུངས་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་བདེན་པ་བཀག་ན་མཐོང་ཐོས་ཀྱིས་ཀྱང་འགག་པར་འགྱུར་རོ་ཞེ་ན། བདེན་པ་མེད་ཀྱང་སྣང་བ་མི་འགག་སྟེ། དཔེར་ན། ཇི་ལྟར་སྒྱུ་མ་བདེན་མིན་ཡང༌། །བལྟ་བྱ་དེ་བཞིན་ལྟ་བྱེད་ཡིན། །དེ་མ་བརྟགས་ན་ཉམས་དགའ་བ་ཙམ་དུ་སྣང་བ་བཞིན་ནོ་ཞེས་བྱའོ། །སེམས་ལས་སྒྱུ་མ་གཞན་མིན་ཞེས་བྱ་བ་ལ་སོགས་པ་འདི་ལ་ཁ་ཅིག་གཅེར་པུ་བའི་སུན་འབྱིན་ཞེས་བྱ་བར་འཆད་པ་དེ་ན་མ་ཡིན་ཏེ། འདིར་སྐབས་སུ་བབ་པ་མ་ཡིན་པ་དང༌། གཅེར་པུ་པ་ཉིད་ཀྱང་དེ་ལྟར་མི་འདོད་པའི་ཕྱིར་རོ། །རྟེན་མ་གྲུབ་པ་ལ་བཞི་སྟེ། རྒོལ་བ་དགོད་པ་དང༌། རིགས་པ་དགག་པ་དང༌། དེའི་འདོད་པ་ལ་གནོད་པ་བརྗོད་པ་དང༌། དེའི་ཁྱབ་པ་བསྒྲུབ་པའོ། །དང་པོ་ནི་མིར་འཁྲུལ་པའི་གཞི་མཐོ་ཡོར་ཡིན་པ་ལྟར་འཁྲུལ་པ་ལའང་འཁྲུལ་གཞིས་ཁྱབ་པས་གཉིས་སྣང་གི་འཁྲུལ་པ་ཡོད་པའི་ཕྱིར། རྟེན་གཉིས་མེད་རང་རིག་ཡོད་ཅེས་རང་རྒྱུད་ཀྱི་རྟགས་སློབ་དཔོན་བློ་བརྟན་གྱིས་འགོད་པ་ནི་གལ་ཏེ་འཁོར་བ་དངོས་རྟེན་ཅན་ཞེས་པའོ། །རྟེན་མེད་ན་འཁྲུལ་སྣང་མེད་པར་ཐལ་ཞེས་ཐལ་འགྱུར་དགོད་པ་ནི་དེ་ནི་གཞན་དུ་མཁའ་འདྲར་འགྱུར་ཞེས་བྱ་བའོ། །གཉིས་པ་ནི་དངོས་མེད་ཅེས་པ་སྟེ། འཁྲུལ་པའི་དམིགས་པ་དངོས་མེད་ཆོས་ཅན། རྟེན་དངོས་པོ་གཞན་ལ་བརྟེན་པས་དངོས་མེད་རང་གི་དོན་བྱེད་ཀྱང་ཇི་ལྟར་ལྡན་པར་འགྱུར་ཏེ། བྱེད་པ་མེད་པར་ཐལ་དངོས་མེད་ངོ་བོ་མ་གྲུབ་པའི་ཕྱིར། དཔེར་ན་རི་བོང་གི་རྭ་བུམ་པ་ལ་བརྟེན་ནས་འབུགས་པ་ལ་སོགས་པའི་བྱ་བ་བྱེད་པ་མི་འཐད་པ་བཞིན་ནོ། །ཞེས་བྱ་བའོ། །དེ་ལ་གཏན་ཚིགས་མ་གྲུབ་པར་སྨྲ་བར་མི་ནུས་ཏེ། སྣང་གྲགས་དངོས་མེད་དུ་གཉི་གས་འདོད་པའི་ཕྱིར་རོ། །ཁྱབ་པ་མ་གྲུབ་པར་སྨྲ་བར་མི་ནུས་ཏེ་དངོས་པོ་མེད་ཀྱང་བྱ་བ་བྱེད་ན་གལ་ཏེ་འཁོར་བ་དངོས་རྟེན་ཅན་ཞེས་བྱ་བའི་དམ་བཅའ་ཉམས་པར་འགྱུར་ཞིང་དེ་ཉིད་དང་ཁྱད་མེད་དོ། །གལ་ཏེ་དངོས་མེད་ཀྱིས་བྱ་བ་མི་བྱེད་པར་འདོད་དོ་ཞེ་ན། གཉིས་པ་དེའི་འདོད་པ་ལ་གནོད་པ་ནི། ཁྱོད་ཀྱི་སེམས་ནི་གྲོགས་མེད་པར། །གཅིག་པུ་ཉིད་དུ་འགྱུར་བ་ཡིན་ཏེ། སེམས་རྟེན་བདེན་པ་ལའང་གཉིས་སྣང་བརྫུན་པ་རྟེན་པར་མི་འཐད་པས་ཁྱོད་ཀྱི་སེམས་ཉིད་དེ་གཉིས་སྣང་གི་གྲོགས་མེད་པར་གཉིས་མེད་ཀྱི་ཤེས་པ་གཅིག་པུ་གནས་པར་ཐལ་ལོ། །ཞེས་བྱ་བའོ། །གལ་ཏེ་དེ་འདོད་དོ་ཞེ་ན་དེའི་འདོད་པ་ལ་གནོད་པ་ནི་གང་ཚེ་ཞེས་པ་སྟེ། སེམས་གཟུང་འཛིན་གཉིས་སུ་སྣང་བའི་དྲི་མ་ལས་གྲོལ་བས་ཐམས་ཅད་སངས་རྒྱས་སུ་ཐལ་ལོ་ཞེས་པའོ། །གལ་ཏེ་གཟུང་འཛིན་གཉིས་སྣང་ལས་གྲོལ་ཡང་སངས་རྒྱས་མི་ཐོབ་པ་ཅི་འགལ་ཁྱབ་པ་མ་གྲུབ་བོ་ཞེ་ན། བཞི་པ་ཁྱབ་པ་བསྒྲུབ་པ་ནི་དེ་ལྟ་ནའང་ཞེས་པ་སྟེ། ཐམས་ཅད་རྣམ་པར་རིག་པ་ཙམ་དུ་རྟོགས་ཀྱང་སྒྲིབ་པ་ལས་མི་གྲོལ་ན་སེམས་ཙམ་དང་གཉིས་དང་བྲལ་བར་བྱ་བ་དེ་འཁོར་བ་ལས་གྲོལ་བའི་ཆེད་དུ་བརྟགས་པ་ལ་དགོས་པ་མེད་པར་ཐལ་ལོ། །ཐལ་བ་ལས་དེ་ལྟར་བརྟགས་པ་ལ་དགོས་པ་ཡོད་པ་ན་གཉིས་དང་བྲལ་བར་རྟོགས་ན་གྲོལ་ཏེ། དེས་ན་གཉིས་མེད་པར་རྟོགས་པ་ལས་གྲོལ་བས་ཁྱབ་བོ་ཞེས་པའོ། །ཡང་ན་འཁོར་བ་གཏན་མེད་པར་ཐལ་བར་འདོད་དོ་ཞེ་ན། འདོད་པ་ལ་གནོད་པ་ནི་དེ་ལྟ་ན་ཡང་ཞེས་པ་སྟེ། འཁོར་བ་འཁྲུལ་པ་འདི་གྲུབ་པའི་ཐབས་སུ་དེའི་རྟེན་བདེན་པ་རྣམ་པར་རིག་པ་ཙམ་དུ་གཏན་ལ་འབེབས་པ་ཡིན་ན། རྟེན་རྣམ་པར་རིག་པ་ཙམ་དུ་གྲུབ་ཀྱང་འཁོར་བར་གྲུབ་པ་ལ་མི་ཕན་ན་རྣམ་པར་རིག་པ་ཙམ་དུ་བརྟགས་པ་ལ་ཡོན་ཏན་ཅི་ཞིག་ཡོད་ཅེས་བྱ་བའོ། །ཡང་དང་པོ་ནས་དེ་བཞིན་གཤེགས་པ་ཡིན་ན་སངས་རྒྱས་བསྒྲུབ་པའི་དོན་མེད་དོ། །དེས་ན་སེམས་ཙམ་དུ་བརྟག་པ་ལ་ཡོན་ཏན་ཅི་ཞིག་ཡོད་ཅེས་བྱ་བའོ། །ཡུལ་ཅན་ལམ་དུ་བསྒྲུབ་པ་ལ་གསུམ་སྟེ། ཀུན་རྫོབ་པའི་ཡུལ་ཅན་ལམ་དུ་བསྒྲུབ་པ་དང༌། དོན་དམ་པའི་ཡུལ་ཅན་ལམ་དུ་བསྒྲུབ་པ་དང༌། ཤེས་པ་གཉིས་ཀྱིས་བྱེད་པ་མཇུག་བསྡུས་ཏེ་བསྟན་པའོ། །ཞེས་གསུངས་ཏེ། དེ་ལ་དང་པོ་འདི་ལ་ཀུན་རྫོབ་ཀྱི་ཡུལ་ཅན་ལམ་དུ་བསྒྲུབ་པ་ཞེས་བྱ་བར་མི་རུང་སྟེ། སྟོང་ཉིད་བག་ཆགས་གོམས་པས་ནི། །ཞེས་བྱ་བ་ནས། དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་བྱ་བའི་བར་གསུངས་པས་དེ་དག་ཀུན་རྫོབ་ཏུ་མི་འགྱུར་ལ། དེ་དག་ཀུན་རྫོབ་ཡིན་ན་འོག་མའང་ཀུན་རྫོབ་ཏུ་འགྱུར་ཏེ་ཁྱད་མེད་དོ། །དེས་ན་ཡུལ་ཅན་གྱི་ཤེས་པ་ལམ་དུ་བསྒྲུབ་པ་ལ་གསུམ་སྟེ། ཡུལ་ཅན་གྱི་ཤེས་པ་ལམ་དུ་བསྒྲུབ་པ་དངོས་དང༌། དེ་ལ་ཉན་ཐོས་ཀྱི་རྩོད་པ་སྤང་བ་དང༌། ཤེས་པ་གཉིས་ཀྱིས་བྱེད་པ་མདོར་བསྡུ་བའོ། །དང་པོ་ལ་གཉིས་ཏེ། རྩོད་པ་དང༌། ལན་ནོ། །དང་པོ་ནི་སྒྱུ་མ་ལྟ་བུར་ཞེས་པ་སྟེ། ཉོན་མོངས་པའི་དམིགས་པ་སྒྱུ་མ་ལྟ་བུར་ཤེས་ཀྱང༌། ཉོན་མོངས་པའི་གཉེན་པོར་མི་འགྱུར་ཏེ། སྒྱུ་མ་མཁན་པོས་རང་གིས་སྤྲུལ་པའི་བུད་མེད་སྒྱུ་མ་ལྟར་ཤེས་ཀྱང་དེ་ལ་ཆགས་པའི་གཉེན་པོ་མི་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ནི་རྒོལ་བའོ། །ལན་ལ་བཞི་སྟེ། ཕྱོགས་གཅིག་སྒྱུ་མར་རྟོགས་པ་གཉེན་པོ་མ་ཡིན་པ་དང༌། ཐམས་ཅད་སྒྱུ་མར་རྟོགས་པ་གཉེན་པོ་ཡིན་པ་དང༌། དེ་ལ་སྣང་བ་མེད་པའི་ཡེ་ཤེས་སྐྱེ་བའི་ཚུལ་དང༌། ཕྲིན་ལས་འཇུག་པ་འབད་པ་ལ་མི་ལྟོས་པའོ། །དང་པོ་ནི་འདིར་ཉོན་མོངས་པའི་རྒྱུ་མ་བཟློག་ན་ཡུལ་མི་བཟློག་པ་དང༌། ཉོན་མོངས་པའི་རྒྱུ་བག་ཆགས་བཟློག་ན་བཟློག་པའོ། །དང་པོ་ནི་ཡུལ་དེ་ལ་ཉོན་མོངས་པ་མི་སྐྱེའང་ཉོན་མོངས་པའི་ས་བོན་མ་སྤངས་པ་ཡིན་ལ། གཉིས་པ་ནི་ས་བོན་སྤངས་པས་སྤངས་པ་ཡིན་ནོ། །དེ་ལ་རྒྱུ་ཐམས་ཅད་སྒྱུ་མར་རྟོགས་ན་ཉོན་མོངས་པའི་ས་བོན་དངོས་པོ་ལ་མངོན་པར་ཞེན་པ་སྤངས་པས་དེ་ཉོན་མོངས་པ་སྤངས་པ་ཡིན་གྱི་ཕྱོགས་གཅིག་སྒྱུ་མར་རྟོགས་ཀྱང་སྤྱིར་དངོས་པོར་མངོན་པར་ཞེན་པ་མ་སྤངས་པས་ཉོན་མོངས་པའི་ས་བོན་མ་སྤངས་པ་ན་ཉོན་མོངས་པ་སྐྱེ་བ་ཡིན་ནོ་ཞེས་དེ་བྱེད་པ་ནི་ཞེས་པ་སྟེ། སྒྱུ་མ་བྱེད་པའི་སྒྱུ་མའི་མཁན་པོ་ནི་བུད་མེད་དེ་མཐོང་བ་ན་དེ་ཆགས་པ་སྐྱེ་བར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། ཤེས་བྱ་ལ་དངོས་པོར་ཞེན་པ་མ་སྤངས་པ་དེས་ནའོ། །དེ་ཉིད་ཅིས་ཤེ་ན་སྟོང་ཉིད་བག་ཆགས་ཉམ་ཆུང་སྟེ། དམིགས་པའི་འདུ་ཤེས་ཡོད་པའི་ཕྱིར་རོ། །དེས་ན་ཕྱོགས་གཅིག་སྒྱུ་མར་རྟོགས་པ་ལམ་མ་ཡིན་ནོ། །གཉིས་པ་ཐམས་ཅད་སྒྱུ་མར་རྟོགས་པ་ལམ་དུ་བསྒྲུབ་པ་ནི་གསུམ་སྟེ། ཡོད་པར་འཛིན་པ་སྤོང་བ་དང༌། མེད་པར་འཛིན་པ་སྤོང་བ་དང༌། དེའི་འཐད་པའོ། །དང་པོ་ནི་སྟོང་ཉིད་ཅེས་པ་སྟེ། སྟོང་པ་ཉིད་ཀྱི་དོན་སྤྱི་བསྒོམས་ན་དངོས་པོར་འཛིན་པ་དང༌། ཕན་ཚུན་འགལ་བའི་སྟོབས་ཀྱིས་དངོས་པོར་འཛིན་པ་འགག་པའོ། །གཉིས་པ་ནི་ཅི་ཡང་ཞེས་པ་སྟེ། དེའང་ཞེས་པ་སྟོང་པ་ཡོངས་གཅོད་དོ། །ཕྱི་ནས་སྤོང་ངོ༌། །ཅིས་ཤེ་ན་རྣམ་གཅོད་དང་ཡོངས་གཅོད་ཅི་ཡང་མེད་པར་གོམས་པས་སོ། །འོ་ན་སྟོང་པ་ཡོངས་གཅོད་ཀྱི་སྒྲོ་འདོགས་སྤོང་བ་ཅི་སྟེ་ཞེ་ན། གསུམ་པ་དེའི་འཐད་པ་ནི་གང་ཚེ་ཞེས་པ་སྟེ། དངོས་མེད་དག་བློའི་མདུན་ན་རིག་པའི་ཡུལ་ན་ཇི་ལྟར་གནས་ཞེས་སྦྲེལ་ཏོ། །ཅིའི་ཕྱིར་ཞེ་ན། རྟེན་བྲལ་བ་སྟེ། བཀག་པའི་སྒྲོ་འདོགས་ཀྱིས་རྟེན་དགག་བྱའི་སྒྲོ་འདོགས་མེད་པའི་ཕྱིར་རོ། །དགག་བྱ་མ་རྟོགས་པ་དེ་བཀག་པ་མི་རྟོག་སྟེ། སུ་མེད་ཅེ་ན་འདི་མེད་ཅེས་བྱ་བས་དགག་བྱ་ངོས་མ་བཟུང་ན་ཁྱད་པར་མེད་པར་བཀག་པར་འགྱུར་པས་བཀག་པར་ངེས་པའི་གོང་རོལ་དུ་དགག་བྱ་ངོས་འཛིན་དགོས་པ་ལས། རྟེན་དགག་བྱ་ལ་དམིགས་པ་མེད་པས་སོ། །ཇི་ལྟར་མེད་ཅེ་ན། གང་ཚེ་གང་ཞིག་མེད་དོ་ཞེས། །བརྟག་བྱའི་དངོས་པོ་མི་དམིགས་པ་དེའི་ཚེའོ། །དེ་ལ་སྣང་བ་མེད་པའི་ཤེས་རབ་སྐྱེ་བའི་ཚུལ་ནི་གང་ཚེ་ཞེས་པ་སྟེ། གང་ཚེ་དངོས་དག་བློའི་མདུན་ན་མི་གནས་ཏེ་རིག་པའི་ལམ་དུ་མ་གྲུབ་ལ། གང་ཚེ་དངོས་མེད་དག་བློའི་མདུན་ན་མི་གནས་ཏེ་མེད་པ་ཡོངས་གཅོད་རིགས་པའི་ཡུལ་དུ་མ་གྲུབ་ན་ཡོད་པ་དང་མེད་པའི་དོན་སྤྱི་མི་འཆར་ཞིང་ཕྱི་རོལ་དུ་ཞེན་པ་མེད་པས་དམིགས་པ་མེད་པར་རབ་ཏུ་ཞི་སྟེ། སྒྲོ་འདོགས་ཀྱི་དམིགས་པ་མེད་ཅིང་རྟོག་པ་རྒྱུན་ཆད་པའི་སྣང་བ་མེད་པའི་ཤེས་རབ་སྐྱེའོ། །འོ་ན་ཡོད་པ་དང་མེད་པའི་དོན་སྤྱིའི་རྣམ་པ་ཅན་གྱི་སྒྲོ་འདོགས་གཞན་ཡོད་པས་སྣང་བ་གཏན་མེད་པའི་ཁྱབ་པ་མ་གྲུབ་ཅེ་ན། རྣམ་པ་གཞན་མེད་པ་སྟེ། ཡོད་མེད་གཉིས་ལས་གཞན་མེད་པའི་ཕྱིར་རོ། །བཞི་པ་ཕྲིན་ལས་འཇུག་པ་འདབ་པ་ལ་མི་ལྟོས་པ་ནི་གསུམ་སྟེ། རྒྱུད་དག་པའི་གདུལ་བྱ་ལ་རྒྱལ་བའི་སྐུ་སྣང་བ་དང༌། སྣང་བ་དེས་ཕན་པ་ལ་འཇུག་པ་དང༌། དེ་ལ་རྩོད་པ་སྤང་བའོ། །དང་པོ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ལ། སྣང་བ་མེད་པའི་ཤེས་རབ་དུས་རྟག་ཏུ་མཉམ་པར་གཞག་ན་གཞན་དོན་ཇི་ལྟར་མཛད་ཅེ་ན། ཡིད་བཞིན་ཞེས་གསུངས་ཏེ། རྒྱལ་བའི་སྐུ་སྣང་སྟེ། ས་བཅུའི་དབང་ཕྱུག་ལ་ལོངས་སྤྱོད་རྫོགས་པའི་སྐུ་སྣང་བ་དང༌། སོ་སོའི་སྐྱེ་བོ་ལ་སྤྲུལ་པའི་སྐུ་སྣང་བའོ། །རྒྱུ་གང་ལས་ཞེ་ན་གདུལ་བྱའི་དབང་གིས་དང་རང་གི་སྨོན་ལམ་གྱི་དབང་གིས་སོ། །རྟོག་པ་མེད་ན་སྣང་བ་ཇི་ལྟར་ཞེ་ན། ཡིད་བཞིན་ནོར་བུ་དཔག་བསམ་ཤིང༌། །ཇི་ལྟར་རེ་བ་ཡོངས་སྐོང་བ། །དེ་བཞིན་ནོ། །གནས་པ་ནི་དཔེར་ན་ཞེས་པ་སྟེ། སྔོན་ཡུལ་འགའ་ཞིག་གི་སྐྱེ་བོ་ཀླུའི་གནོད་པས་ཟིན་པ་ན་ཡུལ་ཨོ་ཌི་ཡ་ན་ན་རིག་སྔགས་གྲུབ་པའི་བུད་མེད་ཅིག་ཡོད་པར་གྲགས་ནས་སཾ་གུ་ཞེས་བྱ་བ་དེའི་དྲུང་དུ་ཕྱིན་པ་དང༌། ཤིང་ཐུ་བ་ལ་སོགས་པ་བྱེད་པར་མཐོང་སྟེ་ཐེ་ཚོམ་དུ་གྱུར་པས་ལེགས་པར་དྲིས་པ་དང་དེས་ཀྱང་བཟླས་ནས་དེ་ན་ཀླུ་དབང་དུ་བྱེད་པའི་ཐབས་ཞུས་པ་དང་ཁྱི་ནག་མོའི་འོ་མ་ཕུལ་བརྒྱད་ལ་ནམ་མཁའ་ལྡིང་གི་རིག་སྔགས་ཀྱིས་མངོན་པར་བསྔགས་ཏེ་སཾ་གུ་དེ་འཐུང་དུ་བཅུག་པ་དང་ཕུལ་བདུན་འཐུངས་ཏེ་ཕུལ་གང་བཏུང་བར་མ་ནུས་པར་ཀླུ་བདུན་དབང་དུ་འགྱུར་ཏེ། མཐའ་ཡས་དབང་དུ་མ་གྱུར་ཏོ། །དེ་ནས་གང་ཟག་དེ་མཐུ་དང་ལྡན་པ་ལས་དུ་ཕྱིས་མཐའ་ཡས་ཀྱི་གནོད་པས་ཚེའི་དུས་བྱས་ཀྱང་སྔར་རིག་སྔགས་ཀྱིས་བསྔགས་པའི་མཆོད་སྡོང་གིས་གནོད་པ་ཞི་བར་བྱེད་དོ་ཞེས་གྲག་གོ །དེས་ན་ནད་ལ་སོགས་པ་ཞི་བར་བྱེད་པ་ལྟར་བྱང་ཆུབ་སེམས་དཔའ་མྱ་ངན་ལས་འདས་ཏེ་རྟོག་པ་ཆད་ཀྱང་དོན་རྣམས་ཐམས་ཅད་བྱེད་དོ། །རྒྱུ་གང་གིས་ཤེ་ན། བྱང་ཆུབ་སྤྱོད་དང་རྗེས་མཐུན་པས། གཞན་དོན་བསྒྲུབ་པའི་ལམ་གྱིས་རྒྱལ་བའི་མཆོད་སྡོང་བསྒྲུབས་པས་སོ། །དེ་ལ་རྩོད་པ་སྤང་བ་ལ་གསུམ་སྟེ། རྩོད་པ་དགོད་པ་དང༌། ལུང་གི་རྟགས་དགོད་པ་དང༌། དེའི་ཁྱབ་པ་བསྒྲུབ་པའོ། །དང་པོ་ནི་སེམས་མེད་པ་ལ་ཞེས་པ་སྟེ། སངས་རྒྱས་ལ་རྣམ་པར་རྟོག་པ་མི་མངའ་ན་དེ་ལ་མཆོད་པ་བྱས་པས་བསོད་ནམས་མེད་པར་ཐལ་ཏེ་རྟོག་པ་མེད་པས་སོ་ཞེ་ན། དགེས་པའི་རྣམ་རྟོག་མི་མངའ་ཡང་བསོད་ནམས་ཡོད་པ་མི་འགལ་ཏེ་ཡོངས་སུ་མྱ་ངན་ལས་འདས་པའི་སྐུ་གདུང་བསམ་པ་མེད་པ་ལའང་བསོད་ནམས་ཡོད་པ་བཞིན་ནོ་ཞེས་བྱ་བའོ། །དེ་ཅིས་ཤེས་ཤེ་ན། གང་ཕྱིར་ཞེས་གསུངས་ཏེ། སེང་གེ་རྣམ་པར་རྩེ་བའི་མདོ་ལས། གང་ཕྱིར་སངས་རྒྱས་བཞུགས་པའམ། །ཡོངས་སུ་མྱ་ངན་ལས་འདས་པའི། །སྐུ་གདུང་རིང་བསྲེལ་མཆོད་བྱས་ན། །སེམས་ཀྱང་མཉམ་ལ་འབྲས་བུ་མཉམ། །ཞེས་གསུངས་སོ། །གལ་ཏེ་ལུང་ལས་གསུངས་ཀྱང་འབྲས་བུ་མེད་ན་ཅི་འགལ་ཞེ་ན། གསུམ་པ་ཁྱབ་པ་བསྒྲུབ་པ་ནི། ཀུན་རྫོབ་བམ་ནི་ཞེས་པ་སྟེ། ཁོ་བོ་ཅག་བསོད་ནམས་ཀུན་རྫོབ་པར་འདོད་པ་དང༌། ཁྱོད་དོན་དམ་པར་འདོད་པ་གཉིས་ཀ་ལ་བསོད་ནམས་ཡོད་པ་སྒྲུབ་པར་བྱེད་པ་ལུང་ཁོ་ན་ཡིན་པས་ལུང་ལས་གསུངས་པ་ལ་དེ་ལྟར་བདེན་པས་ཁྱབ་བོ། །དེ་ལྟ་བུའི་ཡུལ་ཅན་ལམ་དུ་བསྒྲུབ་པ་ལ་ཉན་ཐོས་ཀྱི་རྩོད་པ་སྤང་བ་ལ་དྲུག་སྟེ། རྒོལ་བ་དགོད་པ་དང༌། དེ་ལམ་དུ་ལུང་གིས་སྒྲུབ་བྱེད་དང༌། ལུང་དེ་བཀར་བསྒྲུབ་པ་དང༌། ལུང་ངེས་དོན་དུ་བསྒྲུབ་པ་དང༌། སྐབས་ཀྱི་དོན་བསྡུ་བ་དང༌། བཀར་བསྒྲུབ་པའི་སྒྲུབ་བྱེད་རྒྱས་པར་བཤད་པའོ། །དང་པོ་ལ་རྒོལ་བ་ནི་བདེན་པ་ཞེས་པ་སྟེ། ཉན་ཐོས་པ་དག་བདེན་པ་བཞི་ལ་སྡུག་བསྔལ་གྱི་བདེན་པ་ལ་སྡུག་བསྔལ་བ་མི་རྟག་པ་སྟོང་པ་བདག་མེད་པ་བཞི་དང༌། ཀུན་འབྱུང་གི་བདེན་པ་ལ་ཀུན་འབྱུང་རྒྱུ་རབ་ཏུ་སྐྱེ་བའི་རྐྱེན་གྱི་རྣམ་པ་བཞི་དང༌། འགོག་པའི་བདེན་པ་ལ་འགོག་པ་ཞི་བ་གྱ་ནོམ་པ་ངེས་པར་འབྱུང་བ་བཞི་དང༌། ལམ་གྱི་བདེན་པ་ལ་ལམ་བསྒྲུབ་པར་རིགས་པ་ངེས་པར་འབྱིན་པ་བཞི་སྟེ། ལམ་གྱི་བདེན་པ་བཞི་དང༌། རྣམ་པ་བཅུ་དྲུག་ཏུ་རྟོགས་ན་དེ་ལ་སྟོང་པ་ཉིད་ཀྱང་ཡོད། བདག་མེད་དང་ཞི་བ་དང་འགོག་པའང་ཡོད་པས། འདི་གོམས་པར་བྱས་པ་ལས་ཕུང་པོ་ལྷག་བཅས་ཀྱི་མྱང་འདས་སུ་འགྱུར་ལ། དེ་གོམས་པ་ལས་ལྷག་མེད་ཀྱི་མྱ་ངན་ལས་འདས་པར་འགྱུར་བས་འདི་ལམ་ཡིན་གྱི། ཐམས་ཅད་སྒྱུ་མ་ལྟ་བུ་ཐམས་ཅད་ཀྱི་བདེན་པ་རང་བཞིན་མེད་པ། གང་ལའང་མ་དམིགས་པ་མི་རྟོག་པའི་སྟོང་པ་ཉིད་རྟོགས་པས་ཅི་བྱ་སྟེ་དེ་ལམ་མ་ཡིན་ནོ་ཞེས་རྒོལ་བའོ། །དེ་ལ་སྟོང་པ་ཉིད་ཀྱི་བསྒོམ་པའི་ཤེས་པ་ལམ་ཡིན་པའི་ལུང་གསུངས་པ་ནི་གང་ཕྱིར་ཞེས་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་དངོས་པོའི་འདུ་ཤེས་ཅན་ལ་རྗེས་སུ་མཐུན་པའི་བཟོད་པའང་མེད་ན་བླ་ན་མེད་པའི་བྱང་ཆུབ་ལྟ་ཅི་སྨོས་ཞེས་པ་དང༌། ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབ་པར་བྱའོ་ཞེས་པ་ལ་སོགས་པའོ། །གལ་ཏེ་ཐེག་པ་ཆེན་པོ་བཀའ་མ་ཡིན་ཏེ། བདེ་བར་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་དུས་ཕྱིས་བྱས་པ་ཡིན་ནོ། །དེས་ན་དེ་སྒྲུབ་བྱེད་དུ་མི་རུང་ངོ་ཞེ་ན། གཉིས་པ་ལུང་བཀར་བསྒྲུབ་པ་ལ་གཉིས་ཏེ། བླང་བའི་རྒྱུ་མཚན་མཚུངས་པ་དང༌། དོར་བའི་རྒྱུ་མཚན་མཚུངས་པའོ། །དང་པོ་ནི་གལ་ཏེ་ཞེས་པ་སྟེ། ཐེག་པ་ཆེན་པོ་བཀར་མ་གྲུབ་ན་ཁྱོད་ཉན་ཐོས་ཀྱི་ལུང་ཡང་བཀར་ཇི་ལྟར་གྲུབ་ཅེས་དྲིའོ། །གལ་ཏེ་རྒོལ་ཕྱིར་རྒོལ་གཉི་ག་ལ་འདི་བཀར་གྲུབ་བོ་ཞེ་ན། འོ་ན་ཁྱོད་ལ་དེ་ལུང་དུ་བསྒྲུབ་པ་གཉི་ག་ལ་བསྒྲུབ་པ་དེ་རྒོལ་ཕྱིར་རྒོལ་གཉི་ག་ལ་དེ་བཀར་གྲུབ་བམ། འོན་ཏེ་གང་ཡང་རུང་བ་གཉིས་མཐུན་པར་ཁས་ལེན་པས་བཀར་གྲུབ་པ་ཡིན། དང་པོ་ལྟར་ན་ཁྱེད་ལ་ལུང་དུ་གྲུབ་པ་དེ་དང་པོ་ནས་ལུང་དང་འབྲེལ་པས་སམ། འོན་ཏེ་ལུང་དེ་ཕྱིས་རིགས་པས་འཐད་ནས་ཁས་བླངས་པ་ཡིན། དང་པོ་ནི་མི་འཐད་དོ་ཞེས་སྟོན་པ་ནི། དང་པོ་ཁྱོད་ལ་འདི་མ་གྲུབ། །ཅེས་པ་སྟེ། ལུང་དང་མ་ལྟོས་ནས་འགྲོགས་པ་མེད་པས་སོ། །འོན་ཏེ་རིགས་པས་འཐད་པས་ཁས་བླངས་སོ་ཞེ་ན། རྐྱེན་གང་གིས་ནི་དེར་ཡིད་ཆེས། །ཞེས་སྨོས་ཏེ། འོ་ན་བཀར་ཁས་ལེན་པའི་རྒྱུ་མཚན་གང་ཡིན། གལ་ཏེ་མདོ་སྡེ་ལ་འཇུག་པ་དང༌། འདུལ་བ་ལ་སྣང་བ་དང༌། ཆོས་ཉིད་དང་མི་འགལ་བས་བཀའ་ཡིན་ནོ་ཞེ་ན། དེ་ནི་ཐེག་པ་ཆེན་ལ་ཡང་མཚུངས་ཏེ། དེ་ལ་ཡང་མདོ་སྡེ་ལ་འཇུག་པ་ལ་སོགས་པ་ཡོད་པའི་ཕྱིར་རོ། །གལ་ཏེ་བཀར་ཁས་ལེན་པའི་རྟགས་མེད་པས་རྒོལ་ཕྱིར་རྒོལ་གཉི་ག་ལ་གྲུབ་པ་མ་ཡིན་གྱི། འོན་ཀྱང་གང་ཟག་གང་ཡང་རུང་བ་གཉིས་མཐུན་པར་བཀར་ཁས་ལེན་པས་བཀའ་ཡིན་ནོ་ཞེ་ན། གཞན་གཉིས་ཞེས་སྨོས་ཏེ། དེ་ལྟར་ན་རིག་བྱེད་ལ་སོགས་པའང་མུ་སྟེགས་ཅན་གཉིས་ཀྱིས་མཐུན་པར་ཁས་ལེན་པ་དེ་ཡང་སྒྲུབ་བྱེད་ཀྱི་ལུང་དུ་ཐལ་ལོ་ཞེས་པའོ། །གཉིས་པ་དོར་བའི་རྒྱུ་མཚན་མཚུངས་པ་ནི་ཐེག་ཆེན་ཞེས་པ་སྟེ། ཐེག་པ་ཆེན་པོ་ལ་བཀའ་ཡིན་མིན་རྩོད་པ་དང་བཅས་པས་དོར་ན། ལུང་གཞན་ཉན་ཐོས་ཀྱི་སྡེ་སྣོད་ཀྱང་དོར་བྱར་འགྱུར་ཏེ། རྩོད་བཅས་ཡིན་པའི་ཕྱིར་རོ། །ཇི་ལྟར་རྩོད་པ་དང་བཅས་ཤེ་ན། རང་གཞན་ཏེ། ཕྱི་རོལ་པ་ལ་ལུང་མ་ཡིན་པ་དང་ཡིན་པས་རྩོད་ལ། སྡེ་པ་ཐ་དད་ན་ཡང་རྩོད་པ་ཡོད་པས་སོ། །གསུམ་པ་ངེས་དོན་དུ་བསྒྲུབ་པ་ནི་གལ་ཏེ་བཀའ་ཙམ་ཡིན་ཡང་ཐེག་ཆེན་དྲང་དོན་ཡིན་ནོ་ཞེ་ན་མ་ཡིན་ཏེ། ཐེག་ཆེན་ནི་ངེས་དོན་ཡིན་ལ། བཟློག་པ་ཉན་ཐོས་ནི་དྲང་དོན་ནོ། །ཇི་ལྟར་ཞེ་ན་བཞི་སྟེ། གཞན་གྱི་ལུགས་ལ་ཉོན་མོངས་པ་སྤངས་པའི་དགེ་སློང་མི་འཐད་པ་དང༌། སྡུག་བསྔལ་སྤངས་པའི་མྱ་ངན་ལས་འདས་པ་མི་འཐད་པ་དང༌། དེ་ལ་རྩོད་པ་སྤང་བ་དང༌། འཐད་པས་སྦྱར་བའོ། །དང་པོ་ནི་བསྟན་རྩ་ཞེས་པ་སྟེ། དགེ་སློང་ལྔ་ལས་འདིར་ནི་མིང་གི་དགེ་སློང་དང༌། ཁས་འཆེ་བ་དང༌། བསྙེན་པ་རྫོགས་པ་དང༌། སློང་བ་དང་བཞི་མ་ཡིན་ཏེ། ཉོན་མོངས་པ་སྤང་བའོ། །དེའང་དགྲ་བཅོམ་པའོ། །དེ་བསྟན་པའི་རྩ་བ་ཇི་ལྟར་ཡིན་ཞེ་ན། དགྲ་བཅོམ་པས་བསྟན་པ་སྡུད་པ་དང༌། འཛིན་པ་དང༌། ཡུལ་སོ་སོར་ཡོངས་སུ་སྤེལ་བ་ལ་སོགས་པས་སོ། །དེ་གཞན་གྱི་ལུགས་ལ་ཇི་ལྟར་མི་འཐད་ཅེ་ན། སྟོང་པ་ཉིད་ཆོས་ཀྱི་བདག་མེད་གོམས་པ་མེད་ན་ཉོན་མོངས་པ་མངོན་དུ་རྒྱུ་མེད་ཀྱང་དེའི་ས་བོན་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཡོད་པས་སོ་ཞེའོ། །དེ་ནི་ཡི་གེའི་དོན་མ་ཡིན་ཏེ། ཉན་ཐོས་དགྲ་བཅོམ་པས་མངོན་དུ་རྒྱུ་སྤངས་པ་ཙམ་མ་ཡིན་ཏེ། ཡིན་ན་སྐྱེ་བོས་གོང་མ་འཇིག་རྟེན་པའི་ལམ་གྱིས་འདོད་ཆགས་དང་བྲལ་བ་དང་ཁྱད་མེད་པར་འགྱུར་རོ། །དངོས་པོ་ལ་མངོན་ཞེན་ཡོད་ཀྱང་དེ་ཤེས་བྱའི་སྒྲིབ་པ་ཡིན་གྱི་དེ་ལ་ཉོན་མོངས་བསྐྱེད་པའི་ནུས་པ་གཏན་མེད་པས་དེ་ཉོན་མོངས་པའི་ས་བོན་མ་ཡིན་ནོ། །གཞན་ཡང་ཉན་ཐོས་པའི་གཞུང་ལས་ཉོན་མོངས་པ་སྤངས་པ་མི་འཐད་ན་འོ་ན་ཉོན་མོངས་པ་མེད་ཀྱང་དེ་དག་ལ་ཞེས་ཉོན་མོངས་པ་སྤང་བར་བཤད་པ་དང་འགལ་ལོ། །དེས་ན་ཉོན་མོངས་པ་སྤངས་པའི་དགེ་སློང་ནི་བྱང་ཆུབ་སེམས་དཔའི་དབང་དུ་བྱས་པའི་སྤང་བྱ་རྣམ་རྟོག་ཟད་པའོ། །དེ་བསྟན་པའི་རྩ་བ་ཡིན་པ་ནི་རང་གིས་ཟབ་མོའི་མངོན་པར་བྱང་ཆུབ་ནས་གཞན་ལ་སྟོན་པས་སངས་རྒྱས་ཁོ་ན་ཡིན་ནོ། །དེ་གཞན་གྱི་ལུགས་ལ་དཀའ་བ་ནི་ཆོས་ཀྱི་བདག་འཛིན་ལས་མ་གྲོལ་བས་དེ་མི་ཐོབ་པའོ། །དེ་ནས་འབྲས་བུ་མཐར་ཐུག་པའི་རྒྱུ་མ་ཡིན་པས་ན་གཞན་གྱི་ལུགས་དྲང་དོན་ཡིན་གྱི་ངེས་དོན་མ་ཡིན་ནོ། །ཞེས་བྱ་བའོ། །ཡང་ན་རྩོད་པ་དང་བཅས་པས་ལུང་དེ་མདོར་ན་དགེ་སློང་བསྟན་པའི་རྩ་བ་ཤིན་ཏུ་གཅེས་པར་བྱ་བ་ཡིན་ན། དེ་ལ་དོར་བྱར་འགྱུར་ཏེ། དགེ་སློང་གི་བསླབ་བྱ་ལ་རྩོད་པ་ཡོད་པའི་ཕྱིར་ཞེས་གོང་མའི་དོན་གྱི་ལྷག་མར་བཤད་ནས་ལུང་ངེས་དོན་དུ་བསྒྲུབ་པ་ནི། སེམས་ནི་ཞེས་པ་མན་ཆད་དོ། །ཞེས་དཱ་ན་ཤྲཱིས་འཆད་ན་དེ་ཁོ་ན་ཡི་གེའི་དོན་ཡིན་ནོ། །གཉིས་པ་གཞན་གྱི་ལུགས་ལ་སྡུག་བསྔལ་སྤངས་པའི་མྱ་ངན་ལས་འདས་པ་མི་འཐད་པ་ནི་ཞེས་པ་སྟེ། སེམས་དམིགས་པ་དང་བཅས་པ་ནི་ཆོས་ཀྱི་བདག་ཏུ་འཛིན་པ་ཡོད་པས་སོ། །མྱ་ངན་ལས་འདས་པ་ཡོད་པ་དཀའ་བ་ཡིན་པ་ནི་ཡིད་ཀྱི་རང་བཞིན་གྱི་ལུས་ཀྱི་སྡུག་བསྔལ་ལས་གྲོལ་བའི་མྱ་ངན་ལས་འདས་པ་མི་ཐོབ་པའོ། །ཕུང་པོ་མངོན་པར་གྲུབ་པའི་སྡུག་བསྔལ་ལས་གྲོལ་བའི་མྱ་ངན་ལས་འདས་པ་ཉན་ཐོས་ལའང་ཡོད་ཀྱང་དེ་མཐར་ཐུག་མ་ཡིན་པས་མྱ་ངན་ལས་འདས་པ་བཏགས་པ་ཡིན་ནོ་སྙམ་དུ་བསམས་པའོ། །རྩོད་པ་སྤང་བ་ལ་གཉིས་ཏེ། ཚེ་འདིའི་སྡུག་བསྔལ་ཡོད་པ་དང༌། ཕྱི་མའི་སྡུག་བསྔལ་ཡོད་པའོ། །དང་པོ་ལ་རྒོལ་བ་དང༌། དེའི་ལན་དང༌། དེའི་འདོད་པ་ལ་གནོད་པའོ། །དང་པོ་ནི། ཉོན་མོངས་སྤངས་པས་གྲོལ་ན་ཞེས་པ་སྟེ་རྒྱུ་ཉོན་མོངས་པ་སྤངས་པས་འབྲས་བུ་སྡུག་བསྔལ་ལས་གྲོལ་ནས་འཕགས་པ་ཉན་ཐོས་པ་དག་ལའང་རྒྱུ་ཉོན་མོངས་པ་མེད་པས་འབྲས་བུ་སྡུག་བསྔལ་སྤངས་པའི་མྱ་ངན་ལས་འདས་པ་ཡོད་དོ་ཞེས་པ་ནི་རྒོལ་བའོ། །ལན་ནི་དེའི་དེ་མ་ཐག་ཏུ་དེར་འགྱུར་ཞེས་པ་སྟེ། ཉོན་མོངས་པ་སྤངས་མ་ཐག་ཏུ་དགྲ་བཅོམ་པ་དེའི་སྡུག་བསྔལ་ཟད་པར་ཐལ་ཞེས་པའོ། །དེ་འདོད་དོ་ཞེ་ན་གསུམ་པ་འདོད་པ་ལ་གནོད་པ་ནི་ཕུང་པོ་ལྷག་བཅས་ཀྱི་མྱ་ངན་ལས་འདས་པ་ལ་ཉོན་མོངས་མེད་ཀྱང་ལས་ཀྱི་ནུས་པ་མཐོང་སྟེ། དགྲ་བཅོམ་པ་སྒུར་ཆུང་ལ་སོགས་པ་ལ་སྡུག་བསྔལ་མཐོང་ཞེས་པའོ། །གལ་ཏེ་ཚེ་འདིའི་སྡུག་བསྔལ་མ་ཟད་ཀྱང་ཡང་སྲིད་ལེན་པའི་སྡུག་བསྔལ་ཟད་དོ་ཞེ་ན། དེ་ལའང་ཕུང་པོ་མངོན་པར་གྲུབ་པའི་སྡུག་བསྔལ་ཟད་ཀྱང་ཡིད་ཀྱི་རང་བཞིན་གྱི་སྡུག་བསྔལ་མ་ཟད་པས་ཚེ་ཕྱི་མའི་སྡུག་བསྔལ་ཡོད་པར་སྟོན་ཏོ། །དེ་ལ་གསུམ་སྟེ། རྩོད་པ་དགོད་པ་དང༌། སྲེད་པ་ཉིད་ཡོད་པ་དང༌། དེའི་རྒྱུ་ཚོར་བ་ཡོད་པའོ། །དང་པོ་ནི་རེ་ཞིག་ཅེས་པ་སྟེ། ཚེ་ཕྱི་མའི་རྒྱུ་སྲེད་ལེན་མེད་པས་སྐྱེ་བ་ཕྱི་མའི་སྡུག་བསྔལ་མི་ལེན་ནོ་ཞེས་བྱ་བའོ། །གཉིས་པ་ནི། སྲེད་འདི་ཞེས་པ་སྟེ། སྲེད་པ་འདི་ཅི་སྟེ་མེད་ཅེས་དྲིའོ། །ཉོན་མོངས་མེད་པས་སོ་ཞེ་ན། ཉོན་མོངས་ཅན་མིན་ཡང་སྟེ། ཉོན་མོངས་མེད་པའི་སྲེད་པའོ། །དེ་ཇི་ལྟ་བུ་ཞེ་ན་ཀུན་རྨོངས་བཞིན་དུ་སྟེ། མ་རིག་པའི་བག་ཆགས་ཀྱིས་དེ་གང་ཟག་གི་བདག་ཏུ་འཛིན་པ་མ་ཡིན་པས་ཉོན་མོངས་པ་མ་ཡིན་ཡང་ཆོས་ཀྱི་བདག་ཏུ་འཛིན་པ་ཡིན་པས་མི་ཤེས་པ་ཡོད་པ་ལྟར་འཇིག་ཚོགས་ལ་བདག་ཏུ་ཞེན་པའི་སྲེད་པ་མ་ཡིན་པས་ཉོན་མོངས་པ་མ་ཡིན་ཡང་ཆོས་ཙམ་ལ་མངོན་པར་ཞེན་པའི་སྲེད་པ་ཡིན་པས་ཚེ་ཕྱི་མར་ཡིད་ཀྱིས་ལུས་ཐོབ་པའི་རྐྱེན་ཡིན་ནོ། །ཞེས་པའོ། །གསུམ་པ་ནི་ཚོར་བའི་ཞེས་པ་སྟེ། ཕུང་པོ་ལྷག་བཅས་ལ་ཀུན་གཞི་མ་སྤངས་པས་ན་དེའི་འཁོར་དུག་ལྔ་ཀུན་ཏུ་འགྲོ་བ་འབྱུང་བའི་ཚོར་བ་ངེས་པར་ཡོད་པས་དེ་ལ་བརྟེན་ནས་སྲེད་པ་སྐྱེའོ་ཞེས་བྱ་བའོ། །འཐད་པ་སྦྱར་བ་ནི་དམིགས་པ་དང་ནི་ཞེས་བྱ་བའོ། །བཞི་པ་སྐབས་ཀྱི་དོན་བསྡུ་བ་ནི་སྟོང་པ་ཉིད་དང་ཞེས་པ་སྟེ། དངོས་པོ་ལ་མངོན་པར་ཞེན་པ་ཡོད་པས་ཉོན་མོངས་པ་ལན་ཅིག་འགགས་ཀྱང་ཡང་སྐྱེ་སྟེ་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་པ་ན་ཚོགས་དྲུག་འགགས་ཀྱང་ས་བོན་མ་བཅོམ་པས་སྐྱེ་བ་བཞིན་ནོ་ཞེས་པའོ། །ལྔ་པ་ཐེག་པ་ཆེན་པོའི་ལུང་བཀར་བསྒྲུབ་པའི་སྒྲུབ་བྱེད་རྒྱས་པར་བཤད་པ་ལ་གཉིས་ཏེ། རྒྱུ་མཚན་མཚུངས་པ་དང༌། མ་རྟོགས་པས་སྤོང་བར་མི་འཐད་པའོ། །དང་པོ་ནི་ངག་གང་ཞེས་པ་སྟེ། མདོ་སྡེ་ལ་འཇུག་པ་དང༌། འདུལ་བ་ལ་སྣང་བ་དང༌། ཆོས་ཉིད་དང་མི་འགལ་བ་ལ་བཀའ་ཡིན་པས་ཁྱབ་པའི་ཁྱབ་པ་ཉན་ཐོས་ཀྱི་སྡེ་སྣོད་ལས་བསྒྲུབ་པ་ནི་ངག་གང་ཞེས་བྱ་བའོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་ཕྱོགས་ཆོས་སྦྱར་བ་ནི་ཐེག་པ་ཆེན་པོ་ཞེས་པའོ། །དེའང་སྟོང་པར་སྟོན་པ་སྡེ་སྣོད་ལ་སོགས་པ་ལ་འཇུག་པ་མ་ཡིན་དུ་ཆུག་ཀྱང༌། དེ་ལས་གཞན་མཚུངས་པས་ཕལ་ཆེར་ཞེས་པའོ། །གལ་ཏེ་གཞན་མདོ་སྡེ་ལ་སོགས་པ་ལ་འཇུག་ཀྱང༌། སྟོང་པར་སྟོན་པ་དེ་མདོ་སྡེ་ལ་འཇུག་པ་ལ་སོགས་པ་མེད་པས་དེའི་རིགས་ཅན་ཐམས་ཅད་བཀའ་མ་ཡིན་ནོ་ཞེ་ན། འོ་ན་ཉན་ཐོས་ཀྱི་མདོ་ཞིག་རྒྱལ་བས་གསུངས་པར་གྲུབ་པས་དེའི་རིགས་ཅན་གྱི་མདོ་ཐམས་ཅད་རྒྱལ་བས་གསུངས་པར་གྲུབ་པར་ཐལ་ལོ་ཞེས་འཆད་པ་ནི་གལ་ཏེ་ཞེས་པ་སྟེ། སྟོང་པ་ཉིད་དོན་དམ་པར་གསུངས་པས་ཀུན་རྫོབ་ལ་སྐུར་པ་བཏབ་པ་མེད་མོད་ཀྱི་ཡོད་དུ་ཆུག་ཀྱང་དེ་ལ་སྐྱོན་ཡོད་པས་གཞན་སྐྱོན་ཅན་དུ་མི་འགྱུར་རོ་སྙམ་དུ་བསམས་པའོ། །མ་རྟོགས་པས་སྤང་བ་རྒྱུ་མཚན་འཁྲུལ་པ་ནི། ངག་གང་འོད་སྲུང་ཆེན་པོ་ཞེས་པ་ལ་སོགས་པའོ། །ཚིགས་སུ་བཅད་པ་གསུམ་པོ་འདི་ལ་འགྲེལ་ཆེན་མཛད་པས་འདི་མི་རང་བས་བཅུག་པ་ཡིན་ན་སྟེ་སྐབས་འཆོལ་བས་སོ་ཞེའོ། །གོང་མའི་རྒྱས་བཤད་དུ་བྱས་ན་ཉེས་པ་དེ་མེད་དོ། །ཤེས་པ་གཉིས་ཀྱི་བྱེད་པ་བསྡུས་ཏེ་བསྟན་པ་ལ་བཞི་སྟེ། མཆོག་ཏུ་གྱུར་པའི་འབྲས་བུ་བསྐྱེད་པ་དང༌། དེས་ན་སུན་དབྱུང་བའི་གནས་མ་ཡིན་པ་དང༌། བསྒོམ་པའི་གཉེན་པོ་བྱེད་པ་དང༌། སྐྲག་པའི་རྒྱུ་མ་ཡིན་པའོ། །དང་པོ་ནི་རྨོངས་པས་ཞེས་པ་སྟེ། རྒྱུ་གཏི་མུག་གིས་རྨོངས་པས་འབྲས་བུ་སྡུག་བསྔལ་གྱིས་གཟིར་བའི་དོན་དུ་འཁོར་བར་གནས་པར་གྲུབ་པར་གྱུར་པའི་གཞན་དོན་འདི་ནི་སྙིང་རྗེ་དང་མ་ཡིན་དགག་སྒྱུ་མ་ལྟ་བུར་ཤེས་པའི་འབྲས་བུ་ཡིན་ལ། ཆགས་པ་དངོས་པོ་ལ་མངོན་པར་ཞེན་པ་དང༌། འཇིགས་པ་སྟོང་པ་ཉིད་ཀྱིས་སྐྲག་པ་ལས་གྲོལ་བ་ནི་མེད་དགག་གི་སྟོང་ཉིད་ཤེས་པའི་འབྲས་བུ་ཡིན་ནོ། །གཉིས་པ་ནི་དེ་ལྟར་ཞེས་པའོ། །གསུམ་པ་ནི་ཉོན་མོངས་ཞེས་པ་རྩ་བ་གཉིས་ཀྱིས་སྒྲིབ་པ་སྤོང་བ་དང༌། མྱུར་དུ་ཞེས་པས་ཡོན་ཏན་བསྐྱེད་པ་གཉིས་ཀྱིས་བསྟན་ཏོ། །བཞི་པ་ནི་གཉིས་ཏེ། སྡུག་བསྔལ་གྱི་རྒྱུ་མ་ཡིན་པ་དང༌། འཇིགས་པ་པོའི་བདག་མ་གྲུབ་པའོ། །དང་པོ་ནི་དངོས་གང་ཞེས་པ་སྟེ། གང་ཞིག་སྡུག་བསྔལ་གྱི་གཞི་བདག་ཏུ་འཛིན་པ་དང་ནད་ལ་སོགས་པ་ལ་འཇིགས་པར་རིགས་པ་ཡིན་ན་སྟོང་ཉིད་སྡུག་བསྔལ་གྱི་གཉེན་པོ་ལ་ཇི་ལྟར་འཇིགས་ཞེས་བྱ་བའོ། །གཉིས་པ་ནི་གལ་ཏེ་བདག་འགའ་ཞེས་པའོ། །སྟོང་པ་ཉིད་བསྒོམ་པའི་ཚུལ་ལ་འཇུག་པ་ལ་གཉིས་ཏེ། གང་ཟག་གི་བདག་མེད་པ་བསྒོམ་པ་ལ་འཇུག་པའི་ཚུལ་དང༌། ཆོས་ཀྱི་བདག་མེད་པ་བསྒོམ་པ་ལ་འཇུག་པའི་ཚུལ་ལོ། །ཞེས་དགེ་བཤེས་རྔོག་ལོ་ཙཱ་བ་ལ་སོགས་པ་དག་གིས་གསུངས་སོ། །འདི་ཡང་དག་པ་མ་ཡིན་ཏེ། དྲན་པ་ཉེ་བར་གཞག་པ་རྣམས་ལ་ཆོས་ཀྱི་བདག་མེད་པ་ཞེས་བྱ་ན་བསླབ་པ་ཀུན་ལ་བཏུས་པ་དང་འགལ་ཏེ། བསླབ་བཏུས་ལས་དྲན་པ་ཉེ་བར་གཞག་པ་རྣམ་བཤད་ཟིན་ཏོ། །དེ་ལྟར་གང་ཟག་ལ་བདག་མེད་པ་བསྟན་ནས་ཞེས་གསུངས་པའི་ཕྱིར་རོ། །དེས་ན་འདི་གཉིས་ཀས་གང་ཟག་གི་བདག་མེད་པ་བསྟན་ལ། དེ་ལྟར་གོང་དུ་བསྟན་པ་རྣམས་ཀྱིས་ཆོས་ཀྱི་བདག་མེད་པ་བསྟན་ཏོ། །དེ་ལྟར་སློབ་དཔོན་ཟླ་གྲགས་ཀྱིས་ཀྱང་དབུ་མ་ལ་འཇུག་པས་ལས་བཤད་དེ། དང་པོར་བདེན་པ་གཉིས་ཀྱི་རྣམ་པར་བཞག་པས་ཤེས་བྱ་སྤྱིའི་གནས་ལུགས་གཏན་ལ་ཕབ་ནས་དེ་ལ་ཆོས་ཀྱི་བདག་མེད་པ་ཞེས་བཏགས་ལ། དེ་ནས་དེ་ལྟར་ཤེས་པ་པོའི་གང་ཟག་གི་བདག་ཅེས་བྱ་བ་ཞིག་ཡོད་དམ་སྙམ་པ་ལ་དེ་དགག་པའི་ཕྱིར་གང་ཟག་གི་བདག་མེད་པ་ཕྱི་ནས་བཤད་དོ། །གལ་ཏེ་གང་ཟག་གི་བདག་ནི་རགས་པ་ལ་གཅིག་ཏུ་འཛིན་པ་ཡིན་ལ། ཆོས་ཀྱི་བདག་ཕྲ་མོ་གཅིག་ཏུ་འཛིན་པ་ཡིན་པས་སྔོན་ལ་ཆོས་ཀྱི་བདག་མེད་པ་བསྟན་པ་མི་རིགས་སོ་སྙམ་ན། རགས་པ་དང་ཕྲ་བ་ལ་གང་ཟག་དང་ཆོས་སུ་བསྟན་པ་གང་ནའང་མེད་པས་ད་ལྟ་དེ་ལྟར་འཆད་པ་མང་བར་ཡོད་ཀྱང་དེ་དག་ནོར་བ་ཡིན་ནོ། །ཆོས་མངོན་པ་མཛོད་ལས་ཀྱང༌། རྒྱུན་ལ་གང་ཟག་ཅེས་བྱ་སྟེ། །མཚན་ཉིད་འཛིན་ལ་ཆོས་ཞེས་བྱ། །ཞེས་སོ། །དེ་བས་ན་དེ་ཡན་ཆད་ཀྱིས་ང་ཡིར་བཟུང་བའི་ཤེས་བྱ་ཐམས་ཅད་བདེན་པ་གཉིས་སུ་གཏན་ལ་ཕབ་པས་ཆོས་ལ་བདག་མེད་པ་བསྟན་ནས། འདི་ནས་གང་ཟག་གི་བདག་མེད་པར་སྟོན་ཏོ། །འདི་ལ་བཞི་སྟེ། ཁམས་དྲུག་བདག་མེད་པ་སྤྱིར་བསྟན་པ་དང༌། ཕུང་པོ་དང་ཁམས་ལ་སོགས་པའི་བདག་མུ་སྟེགས་ཀྱི་བརྟགས་པ་དགག་པ་དང༌། བདག་མེད་པ་ལ་རྩོད་པ་སྤང་བ་དང༌། ཕུང་པོ་དང་ཁམས་ཉིད་ལ་བདག་ཏུ་རྟོགས་པ་དྲན་པ་ཉེ་བར་གཞག་པ་བཞིས་དགག་པའོ། །དང་པོ་ནི་གཉིས་ཏེ་སོ་དང་སྐྲ་སེན་ཞེས་བྱ་བ་ལ་སོགས་པ་རྐང་པ་དགུས་སའི་ཁམས་དང་ཆུའི་ཁམས་ལ་བདག་མེད་པ་དང༌། དྲོད་དང་རླུང་ཞེས་པས་མེའི་ཁམས་དང་རླུང་གི་ཁམས་ལ་བདག་མེད་པ་དང༌། བུ་ག་བདག་མིན་ཞེས་པས་ནམ་མཁའི་ཁམས་ལ་བདག་མེད་པ་བསྟན་ལ། རྣམ་པ་ཀུན་ཏུ་རྣམ་ཤེས་དྲུག་ཀྱང་བདག་མ་ཡིན་ཞེས་བྱ་བས་རྣམ་པར་ཤེས་པའི་ཁམས་ལ་བདག་མེད་པར་བསྟན་ཏོ། །འདི་ལ་གོང་མ་དག་དང་པོའི་རྐང་པ་བཅུ་གཅིག་ནི་གཟུགས་ཀྱི་ཕུང་པོ་བདག་མེད་ལ། རྐང་པ་ཐ་མས་ནི་མིང་གཞིའི་ཕུང་པོ་བདག་མེད་ཅེས་གསུངས་ཏེ། དེ་ནི་གཞུང་ན་མི་སྣང་བས་ཡི་གེའི་དོན་མ་ཡིན་ནོ། །གཉིས་པ་ཕུང་པོ་ལ་སོགས་པ་བརྟགས་པའི་བདག་དགག་པ་ལ་གཉིས་ཏེ། གྲངས་ཅན་གྱི་དང༌། རིགས་པ་ཅན་གྱིའོ། །དེ་ལ་གྲངས་ཅན་པའི་བདག་འགོག་པ་ན་གྲངས་ཅན་པ་སེམས་ཅན་ཀུན་ལ་གཙོ་བོ་བེམ་པོ་སྤྱིར་ཡོད་པའི་ཁུག་མ་ནས་བདག་ཤེས་ཤིང་རིག་པ་ཡོད་པའི་སྐྱེས་བུ་རྟག་པ་ཤེས་རིག་གི་ངོ་བོ་མི་སྣང་བ་ཅིག་ཡོད་པ་ན་དེའི་རྣམ་པ་བློའི་མེ་ལོང་ལ་བཞག་ནས་སྒྲ་དེ་ཙམ་ལ་སོགས་པའི་རྣམ་པ་རེས་འགའ་བ་དང་འབྲེལ་བར་སྣང་བ་དང༌། ཡུལ་ལ་ལོངས་སྤྱོད་པའི་གནས་སྐབས་རེས་འགའ་བར་ཁས་ལེན་ནོ། །དེ་དགག་པ་ལ་གསུམ་སྟེ། སྐྱེས་བུ་སྤྱིར་དགག་པ་དང༌། གནས་སྐབས་དུ་མ་དང་འབྲེལ་པ་དགག་པ་དང༌། རང་བཞིན་གཅིག་དགག་པའོ། །དང་པོ་ལ་གསུམ་སྟེ། ཐལ་བའི་རྟགས་དགོད་པ་དང༌། ཁྱབ་པ་བསྒྲུབ་པ་དང༌། རྩོད་པ་སྤང་བའོ། །དང་པོ་ནི་གལ་ཏེ་ཞེས་པ་སྟེ། སྐྱེས་བུ་ཆོས་ཅན་དུས་རྟག་ཏུ་སྒྲ་ལ་ལོངས་སྤྱོད་པར་ཐལ་ཏེ། སྒྲ་འཛིན་གྱི་ཤེས་པ་དུས་རྟག་ཏུ་གནས་པའི་ཕྱིར་རོ། །དེ་ལ་འདོད་པར་མི་ནུས་ཏེ། མངོན་སུམ་དུ་སྒྲ་རེས་འཛིན་རེས་མི་འཛིན་པས་བསལ་ལོ། །གཏན་ཚིགས་མ་གྲུབ་པར་སྨྲ་བར་མི་ནུས་ཏེ། རང་གིས་རྟག་པར་དམ་བཅས་པ་དང་འགལ་ལོ། །དེ་ལ་ཁྱབ་པ་མ་གྲུབ་པར་སྨྲ་སྟེ། གལ་ཏེ་རང་རིག་པའི་ངོ་བོ་རྟག་ཏུ་གནས་པ་ལ་སྒྲ་ལ་ལོངས་སྤྱོད་པ་རྟག་ཏུ་གནས་པས་མ་ཁྱབ་སྟེ། ཤེས་པའི་ངོ་བོ་ཙམ་ནི་ཡུལ་ལ་མི་ལྟོས་ལ། སྒྲ་ལ་ལོངས་སྤྱོད་པ་སྒྲ་ལ་ལྟོས་པས་སྒྲ་མེད་པ་ན་ལོངས་སྤྱོད་པ་མེད་ཀྱང་ཤེས་པ་ཙམ་ཡོད་པས་སོ། །དེས་ན་སྒྲ་ལ་ལོངས་སྤྱོད་པ་རྟག་ཏུ་གནས་པ་བཀག་པ་སྐྱེས་བུ་རྟག་ཏུ་གནས་པ་འགེགས་པས་ཁྱབ་པ་མ་གྲུབ་བོ་ཞེ་ན། གཉིས་པ་ཁྱབ་པ་བསྒྲུབ་པ་ལ་གསུམ་སྟེ། རང་བཞིན་ཉམས་པ་དང༌། ཧ་ཅང་ཐལ་བ་དང༌། སྐབས་བསྡུ་བའོ། །དང་པོ་ནི་ཤེས་བྱ་ཞེས་པའི་དགོས་པ་བསུ་ནས། གང་གིས་ཞེས་པས་ལན་བཏབ་སྟེ། སྒྲ་འཛིན་དུ་འཇོག་པ་སྒྲ་ལ་རག་ལས་པས་སྒྲ་མེད་ན་མེད་པ་ལྟར་སྒྲ་ཤེས་ཀྱི་ངོ་བོ་ཡང་ཤེས་བྱ་ལ་རག་ལས་པས་ཤེས་བྱ་མེད་ན་དེ་འཛིན་པའི་ཤེས་པ་མེད་པས། དེས་ན་སྒྲ་འཛིན་འགགས་པས་ཤེས་པ་འགོག་པའི་ཁྱབ་པ་གྲུབ་བོ་ཞེས་བྱ་བའོ། །གཉིས་པ་ནི་གལ་ཏེ་སྒྲ་ལ་ལོངས་སྤྱོད་པ་སྒྲ་ལ་ལྟོས་ཀྱང་ཤེས་པ་ཙམ་སྒྲ་ལ་མི་ལྟོས་པས་སྒྲ་ལ་ལོངས་སྤྱོད་པ་ཁེགས་ཀྱང༌། ཤེས་པ་ཙམ་མི་ཁེགས་པས་ཁྱབ་པ་མ་གྲུབ་པའི་ས་ན་གནས་སོ་ཞེ་ན། འོ་ན་ཤེས་པར་འཇོག་པ་ཤེས་བྱ་ལ་མི་ལྟོས་ན་ཤིང་ཡང་ཤེས་པར་ཐལ་ཞེས་འཆད་པ་ནི། གལ་ཏེ་ཤེས་མེད་ཤེས་ཡིན་ན། །ཤིང་ཡང་ཤེས་པར་ཐལ་བར་འགྱུར། །ཞེས་པ་རྩ་བ་གཉིས་སོ། །གསུམ་པ་ནི་དེས་ན་ཞེས་པ་སྟེ། ཤེས་པ་ནི་ཤེས་བྱས་ཁྱད་པར་དུ་བྱེད་པས་ཤེས་བྱེད་ཉེར་གནས་པ། མེད་ན་ཤེས་པ་མེད་པར་ངེས་ཏེ་དེ་ལྟར་གསལ་ལོ་ཞེས་པའོ། །གསུམ་པ་རྩོད་པ་སྤང་བ་ལ་ལྔ་སྟེ། སྒྲ་འཛིན་གཟུགས་ཤེས་སུ་མི་འཐད་པ་དང༌། སྔར་བཤད་པའི་ཉེས་པ་མཚུངས་པ་དང༌། གཅིག་གི་ཐ་སྙད་མི་འཐད་པ་དང༌། དཔེ་མ་གྲུབ་པ་དང༌། གཅིག་པ་ཉིད་དུ་མི་དམིགས་པའོ། །དང་པོ་ནི་གལ་ཏེ་ཤེས་བྱ་གཏན་མེད་པའི་ཤེས་པ་མི་སྲིད་ཀྱང་སྒྲ་མི་ཉེ་བ་ན། དེ་ཉིད་ཀྱིས་ནི་གཟུགས་ཤེས་ན་སྟེ། ཤེས་བྱ་གཟུགས་ཡོད་པས་ཤེས་བྱ་རྟག་ཏུ་ཡོད་དོ་ཞེ་ན། འོ་ན་སྔར་གྱི་སྒྲ་ཤེས་འགགས་ནས་ཕྱིས་གཟུགས་ཤེས་པའམ། འོན་ཏེ་སྒྲ་ཤེས་མ་འགགས། དང་པོ་ལྟར་ན་ཤེས་པ་ཙམ་དུ་ལྡོག་པ་མཚུངས་ཀྱང་ངོ་བོ་སྔ་མ་འགགས། མ་འགགས་པས་སྐྱེས་བུ་རྟག་པ་ཉམས་སོ། །གཉིས་པ་ལྟར་ན་དེ་ཚེ་ཐོས་པའང་ཅི་སྟེ་མིན་ཏེ་སྒྲ་ཤེས་པ་ལ་ཤེས་བྱ་བདག་རིག་པས་ཁྱབ་པས་གཟུགས་ཤེས་པ་ན་སྒྲ་རིག་པར་ཐལ་ཏེ། སྒྲ་འཛིན་མ་འགགས་པའི་ཕྱིར་རོ། །ཞེས་འཆད་པའོ། །གཉིས་པ་ནི། གལ་ཏེ་སྒྲ་མི་ཉེ་ཕྱིར་ན། །ཞེས་པ་སྟེ། སྒྲའི་ཤེས་པ་རྟག་པར་ཡོད་ཀྱང་སྒྲ་རིག་པ་སྒྲ་ལ་ལྟོས་པས་སྒྲ་རྟག་ཏུ་རིག་པའི་ཁྱབ་པ་མ་གྲུབ་ཅེས་རྒོལ་བའི་ལན་ནི་དེས་ན་དེའི་ཤེས་པའང་མེད་ཅེས་བྱ་སྟེ། སྒྲ་ཤེས་སྒྲས་ཁྱད་པར་དུ་བྱས་པས་སྒྲ་མེད་ན་སྒྲ་ཤེས་ཀྱང་མེད་པས་ཁྱབ་བོ་ཞེས་སྔར་བརྗོད་པ་དང༌། ཤེས་པ་ཤེས་བྱ་ལ་མི་ལྟོས་ན་ཤིང་ཡང་ཤེས་པར་ཐལ་བའི་ཉེས་པ་གནས་སོ་ཞེས་བརྗོད་དོ། །གསུམ་པ་ནི་གལ་ཏེ་སྒྲ་ཤེས་དང་གཟུགས་ཤེས་ངོ་བོ་གཅིག་པས་སྔ་མ་མ་འགགས་སོ་ཞེ་ན། དེའི་ལན་ནི། སྒྲ་འཛིན་རང་བཞིན་གང་ཡིན་པ། །དེ་གཟུགས་འཛིན་པར་ཇི་ལྟར་འགྱུར་ཏེ། རྣམ་པ་འགལ་བ་ལ་ངོ་བོ་གཅིག་གི་ཐ་སྙད་མི་འཐད་དོ། །གལ་ཏེ་ངོ་བོ་གཅིག་ཉིད་ཤེས་བྱ་གཟུགས་ལ་ལྟོས་ནས་གཟུགས་ཤེས་སུ་འཇོག་ལ། སྒྲ་ལ་ལྟོས་ན་སྒྲ་ཤེས་སུ་འཇོག་སྟེ། དཔེར་ན་ངོ་བོ་གཅིག་ལ་རང་གི་ཕ་ལ་ལྟོས་ན་བུ་དང༌། བུ་ལ་ལྟོས་ནས་ཕར་འཇོག་པ་མི་འགལ་བ་ཡིན་ནོ་ཞེ་ན། བཞི་པ་དཔེ་མ་གྲུབ་པ་ནི། གཅིག་ཉིད་ཕ་དང་བུ་ཉིད་དུ། །བརྟགས་པ་ཡིན་ཏེ་ཕ་དང་བུ་འཇིག་རྟེན་གྱི་ཐ་སྙད་ཡིན་ལ། འདི་ལྟར་སྙིང་སྟོབས་རྡུལ་དང་ནི། །མུན་པ་བུ་མིན་ཏེ་རང་བཞིན་གསུམ་གྱི་རང་བཞིན་དོན་དམ་པ་ལ་ཕ་དང་བུ་མ་ཡིན་ནོ་ཞེས་བྱ་བའོ། །ལྔ་པ་སྒྲ་ཤེས་དང་གཟུགས་ཤེས་བདག་གཅིག་པར་ཡོད་ན་སྣང་དུ་རུང་བ་ལས་མ་དམིགས་པས་དགག་པ་ནི་དེ་ནི་སྒྲ་འཛིན་ཞེས་བྱ་བའོ། །དེ་ལྟར་སྐྱེས་བུ་སྤྱིར་བཀག་ནས། ད་ནི་གནས་སྐབས་དུ་མ་དང་འབྲེལ་པ་འགོག་པ་ན་རྒོལ་བ་ནི། གར་མཁན་ལྟ་བུ་ཚུལ་གཞན་གྱིས། །ཞེས་པ་སྟེ་སྐྱེས་བུ་ངོ་བོ་གཅིག་རེས་འགའ་བརྒྱ་བྱིན་དང་རེས་འགའ་སྤྲེའུ་འབག་ལ་སོགས་པ་བྱིན་པ་ན་བཅོས་པའི་རྣམ་པ་དུ་མ་ཡོད་ཀྱང་ངོ་བོ་གཅིག་ཡིན་པ་མི་འགལ་བ་ལྟར། འདིར་ཡང་བཅོས་པའི་རྣམ་པར་འགྱུར་བ་སྒྲ་འཛིན་པ་ལ་སོགས་པའི་གནས་སྐབས་དུ་མ་དང་འབྲེལ་ཡང་ངོ་བོ་གཅིག་ཡིན་ནོ་སྙམ་དུ་བསམས་ནས་རྒོལ་བའོ། །དེའི་ལན་ལ། དེ་ཉིད་མཐོང་ན་དེ་རྟག་མིན་ཏེ། དེ་ལ་འོ་ན་གནས་སྐབས་དང་རང་བཞིན་བདག་གཅིག་པས་གནས་སྐབས་དུ་མ་དང་འབྲེལ་པ་སྔ་མ་འགགས་ལ་ཕྱི་མ་རང་བཞིན་གསར་པ་སྐྱེས་པས་དེ་རྟག་མིན་ཞེས་བརྗོད་དོ། །གལ་ཏེ་ཚུལ་གཞན་དེ་ཉིད་ན་སྟེ་རྣམ་པ་མི་འདྲའང་ངོ་བོ་གཅིག་གོ་ཞེ་ན། རྣམ་པ་མི་འདྲ་བ་ངོ་བོ་གཅིག་ན་གཅིག་གི་མཚན་ཉིད་དེ་འཇིག་རྟེན་ལ་སྔར་མ་གྲགས་པ་གཅིག་བྱུང་ངོ་ཞེས་འཆད་པ་ནི། གཅིག་ཉིད་དེ་ནི་སྔོན་མེད་ཅིག །ཅེས་བྱ་བའོ། །རང་བཞིན་གཅིག་དགག་པ་ལ་དྲི་བ་དང་ལན་གཉིས་སོ། །དང་པོ་ནི་གལ་ཏེ་ཞེས་པ་སྟེ། ཚུལ་གཞན་གནས་སྐབས་དུ་མར་བདེན་མིན་ཏེ། མི་བདེན་པས་རང་བཞིན་གཅིག་ཏུ་བདེན་ནོ་སྙམ་དུ་བསམས་པའོ། །དེ་ལ། དེ་ཡི་རང་བཞིན་གང་ཡིན་སྨོས། །ཞེས་རང་བཞིན་གཅིག་ཏུ་འཇོག་པའི་རྒྱུ་མཚན་དྲིའོ། །གལ་ཏེ་གནས་སྐབས་སྒྲ་ཤེས་པ་དང་གཟུགས་ཤེས་པ་ལ་སོགས་པ་ཐ་དད་ཀྱང་རང་བཞིན་གཅིག་སྟེ་ཤེས་པ་ཙམ་དུ་ལྡོག་པ་མཚུངས་པས་སོ་ཞེས་ཕ་རོལ་པོས་ལན་འདེབས་པ་ནི་ཤེས་ཉིད་ཅེ་ན་ཞེས་པའོ། །དེའི་ལན་ལ་གསུམ་སྟེ། འགྲོ་བ་ཐམས་ཅད་གཅིག་ཏུ་ཐལ་བ་དང༌། བློ་དང་སྐྱེས་བུ་གཅིག་ཏུ་ཐལ་བ་དང༌། སྤྱི་ཉིད་མ་གྲུབ་པའོ། །དང་པོ་ནི་སྐྱེས་བུ་ཀུན་གཅིག་ཏུ་ཐལ་བར་འགྱུར་ཞེས་པ་སྟེ། རིག་པ་ཙམ་དུ་ལྡོག་པས་མཚུངས་པ་ལ་ངོ་བོ་གཅིག་ཡིན་པས་ཁྱབ་ན། སྐྱེས་བུ་གང་ཟག་སོ་སོ་ལ་ཡོད་པ་ཆོས་ཅན། ངོ་བོ་གཅིག་ཏུ་ཐལ་ཏེ། རིག་པ་ཙམ་དུ་ལྡོག་པ་མཚུངས་པའི་ཕྱིར་རོ་ཞེས་པ་སུན་འབྱིན་པའི་ཐལ་བའོ། །གཉིས་པ་ནི་སེམས་པ་ཞེས་བྱ་བ་སྟེ། ལྡོག་པ་མཚུངས་ལ་ངོ་བོ་གཅིག་གིས་ཁྱབ་ན་སེམས་པ་ཤེས་རིག་གི་སྐྱེས་བུ་དང༌། སེམས་མེད་བློའི་མེ་ལོང་བེམ་པོར་འདོད་པའང་ངོ་བོ་གཅིག་ཏུ་ཐལ་ཏེ་ཡོད་པ་ཙམ་དུ་ལྡོག་པ་མཚུངས་པའི་ཕྱིར་རོ། །གསུམ་པ་ནི་གང་ཚེ་ཞེས་པ་སྟེ། བྱེ་བྲག་ཏུ་སྒྲ་ཤེས་དང་གཟུགས་ཤེས་པ་ལ་སོགས་པ་ཐམས་ཅད་མི་བདེན་ན་དེ་དང་བདག་གཅིག་པའི་ཤེས་པ་ཙམ་གྱི་སྤྱིའང་མི་བདེན་པར་གྲུབ་སྟེ། བྱེ་བྲག་སྔོ་བསངས་ལ་སོགས་པ་མི་བདེན་ན་སྤྱི་མོ་གཤམ་གྱི་བུ་ཙམ་ཡང་མ་གྲུབ་པ་བཞིན་ནོ་ཞེས་བྱ་བའོ། །རིག་པ་ཅན་གྱི་བདག་དགག་པ་ལ་གསུམ་སྟེ། རང་བཞིན་བེམ་པོ་ལ་བདག་དགག་པའི་ཐལ་བ་དགོད་པ་དང༌། སེམས་པ་གཞན་དང་ལྡན་པས་ཁྱབ་པ་མ་གྲུབ་པར་སེམས་པ་ལ་དེའི་ཁྱབ་པ་བསྒྲུབ་པ་དང༌། དོན་བསྡུ་བའོ། །དང་པོ་ནི་སེམས་མེད་པ་ཡང་ཞེས་པ་སྟེ། རིག་པ་ཅན་གྱི་བདག་བེམ་པོ་སེམས་པ་གཞན་དང་རྗེས་སུ་འབྲེལ་པས་བྱེད་པ་པོར་སྨྲ་བ་ལ། ཁྱེད་རང་འདོད་པའི་བདག་བེམ་པོ་ཆོས་ཅན། འདོད་པ་བྱེད་པ་པོར་འདོད་ཀྱང་བྱེད་པ་པོ་མིན་པར་ཐལ། སེམས་མེད་ཀྱི་བེམ་པོ་ཡིན་པའི་ཕྱིར་རོ། །དེ་ལ་འདོད་པ་དང་གཏན་ཚིགས་མ་གྲུབ་པར་སྨྲ་བར་མི་ནུས་ཏེ། རང་གི་དམ་བཅའ་བ་དང་འགལ་ལོ། །ཁྱབ་པ་མ་གྲུབ་པར་སྨྲ་ན་བུམ་སོགས་བཞིན་དེ་དེ་དང་ཁྱད་མེད་པར་བསྒྲེའོ། །གལ་ཏེ་སེམས་ཅན་གཞན་དང་ལྡན་ནོ། །དེས་ན་ཁྱབ་པ་མ་གྲུབ་པ་ནི། འོན་ཏེ་སེམས་དང་ལྡན་པའི་ཕྱིར། །ཞེས་པ་སྟེ་རང་ཉིད་བེམ་པོ་ཡིན་ཡང་སེམས་པ་གཞན་དང་ལྡན་པས་བློ་སྔོན་དུ་གཏོང་བའི་སེམས་པ་ཅན་ཡིན་པར་ཅི་འགལ་ཏེ་ཁྱབ་པ་མ་གྲུབ་བོ་ཞེ་ན། དེའི་ལན་ནི་སེམས་ཅན་གཞན་དེས་བདག་བེམ་པོའི་རང་བཞིན་བསྒྱུར་རམ་མ་བསྒྱུར། གལ་ཏེ་བསྒྱུར་ན་འོ་ན་སྔར་རང་བཞིན་བེམ་པོ་ཡིན་པ་ལས་ཕྱིས་བློ་སྔོན་དུ་གཏོང་བའི་བྱེད་པ་པོར་འགྱུར་བས་སྔར་གྱི་བེམ་པོ་མི་རྟག་པར་འགྱུར་བས། ཤེས་ན་མི་ཤེས་འཇིགས་པར་ཐལ། །ཞེས་པའོ། །གལ་ཏེ་མི་འགྱུར་ཏེ། ཅི་སྟེ་བདག་ལ་འགྱུར་མེད་ན། །ཞེས་པ་སྟེ། བེམ་པོ་འཇིགས་པར་མི་འགྱུར་ཏེ་བདག་རྟག་པ་ལ་འགྱུར་བ་མེད་པའི་ཕྱིར་རོ་ཞེ་ན། འོ་ན་སྔར་བེམ་པོ་བློ་སྔོན་དུ་གཏོང་བའི་སེམས་ཅན་མ་ཡིན་ན་སེམས་པ་གཞན་དང་ལྡན་པའི་སྒོ་ནས་འབྲེལ་པས་ཀྱང་བློ་སྔོན་དུ་གཏོང་བའི་སེམས་ཅན་མ་ཡིན་པས་བེམ་པོ་ལ་བློ་སྔོན་དུ་གཏོང་བའི་སེམས་པ་ཅན་བྱེད་པ་པོ་མ་ཡིན་པས་ཁྱབ་བོ་ཞེས་བྱ་བའོ། །གསུམ་པ་ནི་དེ་ལྟར་ཞེས་པ་སྟེ། ཤེས་པའི་ངོ་བོ་ཡང་མ་ཡིན་ལ། བྱེད་པ་པོའང་མ་ཡིན་པ་བདག་ཡིན་ན། ནམ་མཁའ་ཡང་བདག་ཏུ་ཐལ་ལོ་ཞེས་བྱ་བའོ། །བདག་མེད་པ་ལ་རྩོད་པ་སྤང་བ་ལ་ཡང་གཉིས་ཏེ། ལས་འབྲས་འབྲེལ་པར་མི་རིགས་པའི་རྩོད་པ་སྤང་བ་དང༌། སྙིང་རྗེ་བསྒོམ་པའི་ཡུལ་མི་འཐད་པ་སྤང་བའོ། །དང་པོ་ལ་དྲུག་སྟེ། རྩོད་པ་དགོད་པ་དང༌། ཁས་བླངས་མཚུངས་པ་དང༌། དངོས་པོའི་ལན་དང༌། དེ་ལ་ལུང་དང་འགལ་བ་སྤང་བ་དང༌། རྩོད་པ་སྤང་བ་དང༌། དོན་བསྡུ་བའོ། །དང་པོ་ནི་གལ་ཏེ་ཞེས་པ་སྟེ། ཚེ་འདི་དང་ཕྱི་མ་ལ་བདག་གི་རང་བཞིན་གཅིག་མེད་ན་ལས་བྱས་པ་ཚེ་འདིའི་ཕུང་པོ་ཞིག་པས་བྱས་པ་ཆུད་ཟོས་པ་དང༌། ཚེ་ཕྱི་མའི་ཕུང་པོ་གསར་དུ་སྐྱེས་པས་མ་བྱས་པ་དང་ཕྲད་པར་འགྱུར་ཏེ། དེས་ན་སུའི་ལས་སུ་འགྱུར་ཞེས་བྱ་བའོ། །གཉིས་པ་ནི་བྱ་བ་འབྲས་གཞི་ཞེས་པ་སྟེ། ཁྱེད་ཉིད་བྱ་བའི་གཞི་ལ་བྱེད་པ་པོ་ཚེ་འདིའི་སྐྱེས་བུ་དང༌། འབྲས་བུའི་གཞི་ཚེ་ཕྱི་མའི་ཚོར་བ་ཐ་དད་པ་དང༌། བྱེད་པ་ཐམས་ཅད་གནས་སྐབས་ཀྱི་རྣམ་འགྱུར་ཡིན་པས་རང་བཞིན་གྱི་བདག་རྟག་པ་དེ་བྱེད་པ་མེད་པར་ཡང་ཡུ་འུ་གཉི་ག་ལ་མཚུངས་པས་ཉེས་པ་ཡོད་ན་མཉམ་དུ་ཡོད་པ་ལ་བདག་ལ། འདིར་བརྩད་དོན་མེད་མ་ཡིན་ནམ། ཞེས་བྱ་བའོ། །གསུམ་པ་ནི་རྒྱུ་ལྡན་ཞེས་བྱ་བ་སྟེ། རྒྱུ་ལས་བྱེད་པ་པོ་ཉིད་ཀྱིས་འབྲས་བུ་ཉམས་སུ་མྱོང་ན་རྒྱུ་འབྲས་དུས་གཅིག་པར་འགྱུར་བས། མཐོང་བ་འདི་ནི་སྲིད་མ་ཡིན། །ཞེས་བྱ་བའོ། །དེས་ན་རྒྱུ་ལས་བྱེད་པ་པོ་ནི་ལས་བྱེད་པ་པོ་ཉིད་ཀྱི་ལུས་དེ་ཡིན་ལ། འབྲས་བུ་ཉམས་སུ་མྱོང་བ་པོ་སྐྱེ་བ་གཞན་གྱི་ལུས་ཡིན་པས་ཐ་དད་པ་ཡིན་ནོ་ཞེས་པའོ། །བཞི་པ་ནི་འོ་ན་ལུང་ལས་གང་ལས་བྱེད་པ་པོ་ལ་འབྲས་བུ་སྨིན་གྱི་རྣམ་པར་སྨིན་པ་ལ་སོགས་པ་གཞན་ལ་མི་སྨིན་ནོ་ཞེས་གསུངས་པ་དང་འགལ་ལོ་ཞེ་ན། རྒྱུན་ཅིག་ལ་ནི་ཞེས་གསུངས་ཏེ། ལས་བྱེད་པ་པོ་དང་འབྲས་བུ་མྱོང་བ་པོ་སྐད་ཅིག་ཐ་དད་ཀྱང་རྣམ་ཤེས་དེ་ཉིད་ཀྱི་རིགས་འདྲ་བ་ཡིན་པ་ལས་བྱེད་པོ་ལ་འབྲས་བུ་སྨིན་ནོ་ཞེས་གསུངས་པ་མི་འགལ་ལོ་ཞེས་བྱ་བའོ། །ལྔ་པ་ནི་གལ་ཏེ་རྒྱུ་དེ་ཉིད་བདག་ཡིན་ནོ་སྙམ་ན། འདས་དང་ཞེས་གསུངས་ཏེ། འདས་པ་དང་མ་འོངས་པའི་སེམས་ནི་བདག་མ་ཡིན་ཏེ། འགགས་པ་དང་མ་སྐྱེས་པས་མེད་པའི་ཕྱིར་རོ། །ད་ལྟར་གྱི་སྐྱེས་པ་མ་འགགས་པའང་བདག་མ་ཡིན་ཏེ། དེ་ཞིག་པ་ན་མེད་པར་འགྱུར་བས་རྟག་ཏུ་གནས་པའི་རང་བཞིན་མ་ཡིན་པའི་ཕྱིར་རོ། །སྐད་ཅིག་དུ་མ་ལས་གཞན་དུ་རྒྱུན་དུ་རྫས་ལོགས་སུ་གྲུབ་པའང་ཡོད་པ་མ་ཡིན་ནོ་ཞེས་བྱ་བའོ། །དྲུག་པ་ནི་དཔེར་ན་ཞེས་པའོ། །སྙིང་རྗེའི་ཡུལ་དུ་མ་གྲུབ་པའི་རྩོད་པ་སྤང་བ་ལ་གཉིས་ཏེ། ཡུལ་མེད་པའི་རྩོད་པ་སྤང་བ་དང༌། ཡུལ་སེམས་ཅན་དུ་བསྒྲུབ་པའོ། །དེ་ལ་དང་པོ་ནི་གལ་ཏེ་ཞེས་པ་སྟེ། སྙིང་རྗེའི་ཡུལ་སེམས་ཅན་མེད་པས་སྙིང་རྗེ་བསྒོམ་པ་ཉིད་མི་འཐད་པས། ཐེག་པ་ཆེན་པོའི་ལམ་དུ་མི་རུང་ངོ་ཞེས་བྱ་བའོ། །ལན་ལ་གཉིས་ཏེ། སེམས་ཅན་བཏགས་པ་བསྒྲུབ་པ་དང༌། དེ་ལ་རྩོད་པ་སྤང་བའོ། །དང་པོ་ནི། འབྲས་བུའི་དོན་དུ་ཞེས་པ་སྟེ། རྨོངས་པ་སྟེ་ཀུན་རྫོབ་སྒྱུ་མ་ལྟ་བུ་སྐད་ཅིག་མ་དུ་མ་འདུས་པའི་རྒྱུན་ལ་སེམས་ཅན་དུ་འཛིན་པའི་ཀུན་རྫོབ་པའི་སེམས་ཅན་དང་སྙིང་རྗེ་མི་འགག་གོ །ཇི་ལྟ་བུའི་ཀུན་རྫོབ་ཅེ་ན། ཁས་བླངས་པའི་ཞེས་སྨོས་ཏེ། གཞན་དོན་བྱ་བར་ཁས་བླངས་པའི་ཀུན་རྫོབ་མི་སྤོང་ངོ༌། །རྨོངས་པ་དེས་ཁས་བླངས་པས་ཅི་བྱ་ཞེ་ན། འབྲས་བུའི་དོན་དུ་སྟེ། གཞན་དོན་དང་སངས་རྒྱས་ཐོབ་པའི་དོན་དུ་མི་འདོར་ཏེ། གང་དུ་སྣང་བཅས་ཀྱི་བློ་མ་འདོར་བར་གསུངས་པ་བཞིན་ནོ། །གཉིས་པ་དེ་ལ་རྩོད་པ་སྤང་བ་ལ་བཞི་སྟེ། རྫས་སུ་གྲུབ་པའི་གང་ཟག་ལ་མི་ལྟོས་པ་དང༌། བཏགས་པ་ཙམ་སྤང་བྱ་མ་ཡིན་པ་དང༌། རང་གི་ཚིག་དང་འགལ་བ་སྤང་བ་དང༌། མཚུངས་པར་དགོས་པ་སྤང་བའོ། །དང་པོ་ནི་སེམས་ཅན་ཞེས་པ་སྟེ། སེམས་ཅན་ཉིད་ཀྱང་མ་གྲུབ་ན་དེའི་དོན་བྱེད་པའི་འབྲས་བུ་ག་ལ་ཡོད་ཅེས་རྒོལ་བ་ལ། དེ་ཁོ་ནར་སེམས་ཅན་མེད་པར་བདེན་ཡང་དོན་བྱ་བའི་ཡུལ་ལ་དེ་ཁོ་ནའི་སེམས་ཅན་གྱིས་མ་ཁྱབ་སྟེ། སྒྱུ་མ་ལྟ་བུ་དང་སྐད་ཅིག་མ་དུ་མ་བསགས་པ་ལ། སེམས་ཅན་ཞེས་ཡུལ་དུ་བྱས་ནས་དེའི་དོན་བྱ་བ་ཡང་འཐད་པའི་ཕྱིར་རོ། །ཞེས་པའོ། །འོ་ན་སེམས་ཅན་དེ་ཁོ་ན་རྟོག་པ་སྤང་བ་ལྟར་བརྟགས་པའི་སེམས་ཅན་དུ་འཛིན་པ་ཡང་སྤོང་བར་བྱེད་དེ། ཕྱིན་ཅི་ལོག་གི་བློའི་དམིགས་པ་ཡིན་པའི་ཕྱིར་ཞེས་རྒོལ་ན་དོན་གཉིས་པ་གསུངས་པ་ནི། སྡུག་བསྔལ་ཞེས་པ་སྟེ། ཐབས་ཀྱི་རྣམ་པ་བསྒྲུབ་པ་ལ་དགོས་པ་ཡོད་པས་འཁྲུལ་པའི་ཀུན་རྫོབ་དེ་ནི་ཐབས་ལ་མཁས་པས་བསྟེན་བྱ་ཡིན་ནོ་ཞེས་པའོ། །དོན་གསུམ་པ་ནི་འོ་ན་གོང་ནས་བདག་གཞན་མི་རིགས་པ་གང་ཡིན་ཏེ། ཅི་ནུས་པ་ནི་སྤང་བྱ་ཉིད། །ཅེས་བདག་འཛིན་སྤང་བྱར་བཤད་པ་འགལ་ལོ་ཞེ་ན་མ་ཡིན་ཏེ་བདག་དེ་ནི་རྫས་ཡོད་པའི་བདག་ལ་བརྗོད་པ་ཡིན། འདི་བཏགས་ཡོད་ལ་བརྗོད་པ་ཡིན་ནོ། །དང་པོ་དེ་སྤང་བྱ་ཡིན་པ་ཅིའི་ཕྱིར་ཞེ་ན། སྡུག་བསྔལ་གྱི་རྒྱུར་གྱུར་པའི་ང་རྒྱལ་བདག་དོན་དམ་པར་འཛིན་པར་འགྱུར་བའི་ཕྱིར་རོ། །བཞི་པ་ནི་གལ་ཏེ་བདག་བཏགས་ཡོད་དུ་འཛིན་པ་སྣང་བཅས་ཀྱི་བློ་དེའང་སྤང་བྱར་འགྱུར་ཏེ། དེ་ལས་ཀྱང་གལ་ཏེ་རྫས་ཡོད་དུ་འཛིན་པ་འབྱུང་ལ་དེ་ལས་སྡུག་བསྔལ་འཕེལ་བས་སོ་སྙམ་དུ་བསམས་ནས་རྩོད་པ་ནི་དེ་ལས་ཀྱང་ཞེས་པ་ཡིན་ལ། ལན་ནི་སྣང་བཅས་ཀྱི་བློ་དེ་ལ་སྡུག་བསྔལ་གྱི་རྒྱུའི་བདག་འཛིན་མི་འཕེལ་ལོ། །ཅི་སྟེ་ཞེ་ན་བདག་མེད་བསྒོམ་པའི་གཉེན་པོས་བདག་ཏུ་འཛིན་པའི་ས་བོན་བཅོམ་པའི་ཕྱིར་རོ་ཞེས་འཆད་པ་ནི་བདག་མེད་བསྒོམ་པ་མཆོག་ཡིན་ནོ་ཞེས་བྱ་བའོ། །ཡང་ན་གང་ཟག་དོན་དམ་པར་འཛིན་པ་དེ་ཡང་སྤང་བྱར་བྱ་བ་མ་ཡིན་ཏེ། དེ་ཡང་འབྲས་བུ་སངས་རྒྱས་ཐོབ་པའི་ཕྱིར་རོ་ཞེ་ན། དེའི་གཏན་ཚིགས་མ་གྲུབ་སྟེ། སངས་རྒྱས་ཐོབ་པའི་ཐབས་མཆོག་བདག་མེད་བསྒོམ་པ་ཡིན་པས་སོ། །ཞེས་འཆད་པ་ནི་དེ་ལས་ཀྱང་ཞེས་རྒོལ་བ་བཀོད་ནས་བདག་མེད་ཅེས་པས་ལན་བཏབ་བོ་ཞེས་དཱ་ན་ཤྲཱིས་འཆད་དོ། །དེ་ལྟར་མཐོང་ཚོར་ལས་ལོག་པའི་བདག་མུ་སྟེགས་པས་བརྟགས་པ་བཀག་ནས། ད་ནི་མཐོང་ཚོར་འདི་ཉིད་བདག་ཡིན་ནོ་སྙམ་དུ་བརྟགས་པ་འགོག་པ་ལ་ཚུལ་བཞི་སྟེ། ལུས་དང༌། ཚོར་བ་དང༌། སེམས་དང༌། ཆོས་དྲན་པ་ཉེ་བར་གཞག་པའོ། །དེ་ལ་འདིར་དྲན་པ་ཉེ་བར་གཞག་པ་བཞི་མི་དམིགས་པར་གསུངས་པ་དང༌། གཞན་དུ་ལུས་མི་གཙང་བ་དང༌། ཚོར་བ་སྡུག་བསྔལ་བ་དང༌། སེམས་མི་རྟག་པ་དང༌། ཆོས་བདག་མེད་པར་གསུངས་པ་ལ་འགལ་བ་མི་བསམ་སྟེ། འདིར་མི་དམིགས་པར་བསམས་པས་ནི་ལྟ་བ་ངན་པ་ཐམས་ཅད་བདག་ཏུ་འཛིན་པ་ལས་འབྱུང་བ་གང་ཟག་གི་བདག་གཞིག་པའི་དོན་དུ་བདག་མེད་པའི་རྣམ་པ་ཅན་དུ་བྱང་ཆུབ་སེམས་དཔའི་རང་གི་ལུགས་སུ་བསྐྱེད་པའི་ལམ་ཡིན་པས་ཉོན་མོངས་རྣམ་པར་སྦྱོང་བའི་དམིགས་པ་ཡིན་ལ། གཞན་ནས་གསུངས་པ་དག་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་དབང་གིས་སྤྱོད་པ་ཉམས་པར་འགྱུར་བས་ཕྱིན་ཅི་ལོག་བཞི་སྤང་བའི་རྣམ་པ་ཅན་གཞན་ལུགས་སུ་རྒྱུད་ལ་སྐྱེས་པས་སྤྱོད་པ་རྣམ་པར་སྤྱོད་པའི་དམིགས་པ་ཡིན་པའི་ཕྱིར་རོ། །དེ་ལ་ལུས་དྲན་པ་ཉེ་བར་གཞག་པ་ལ་གསུམ་སྟེ། ཡན་ལག་སོ་སོ་ལུས་མ་ཡིན་པ་དང༌། ཡན་ལག་ཅན་གྱི་རྫས་ཀྱི་ལུས་མ་གྲུབ་པ་དང༌། སྤྱིའི་དོན་བསྡུ་བའོ། །དང་པོ་ནི་ལུས་ནི་ཞེས་བྱ་བའོ། །གཉིས་པ་ནི་གལ་ཏེ་ཡན་ལག་དུ་མ་ལུས་མ་ཡིན་ཡང་ཡན་ལག་ཅན་གྱི་རྫས་ཅིག་ཡོད་དོ་ཞེ་ན། དེ་དགག་པ་ལ་ལྔ་སྟེ། ཡན་ལག་རྣམས་ལ་ཆ་རེས་འབྲེལ་པ་དགག་པ་དང༌། བདག་ཉིད་ཐམས་ཅད་ཀྱིས་འབྲེལ་པ་དགག་པ་དང༌། ཚད་མའི་དོན་བསྡུ་བ་དང༌། ལུས་སུ་དམིགས་པ་འཁྲུལ་པ་ཡིན་པ་དང༌། འཁྲུལ་པར་བསྒྲུབ་པའོ། །དང་པོ་ནི་གལ་ཏེ་ཞེས་པ་སྟེ། ལུས་ཞེས་བྱ་བ་སྤྱི་དེ་ཡན་ལག་སོ་སོ་ལ་གནས་ན་ཆ་རེ་ཆ་རེ་ལ་གནས་སམ། འོན་ཏེ་ཡན་ལག་སོ་སོ་ལ་རྫོགས་པ་རེ་གནས། དང་པོ་ལྟར་ན་ཆ་དུ་མ་ཡན་ལག་ལ་གནས་ཀྱི་སྤྱི་གཅིག་པོ་དེ་མ་གྲུབ་པས་དེ་རང་ཉིད་ནི་གང་ན་གནས་ཞེས་བྱ་བའོ། །གཉིས་པ་ནི་ཕྱོགས་གཉིས་པ་ལྟར་ན་ཡན་ལག་རེ་རེ་ལ་ལུས་རྫོགས་པ་རེ་རེ་གནས་ན་ལུས་རྫོགས་པ་དུ་མར་གནས་པར་ཐལ་ལོ་ཞེས་འཆད་པ་ནི་གལ་ཏེ་བདག་ཉིད་ཅེས་བྱ་བའོ། །གསུམ་པ་ནི་ཕྱི་དང་ཞེས་པས་ཡན་ལག་ཉིད་ལ་ལུས་མེད་པ་དང༌། ལག་སོགས་རྣམས་ལས་ཞེས་བྱ་བས་གཞན་ན་ལུས་མེད་པ་གཉིས་ཀྱིས་བསྟན་ཏོ། །བཞི་པ་ནི་དེས་ན་ཞེས་པ་སྟེ། མཐོ་ཡོར་ལ་མིར་འཁྲུལ་པ་ལྟར་ཡན་ལག་དུ་མ་ལ་ལུས་ཀྱི་སྤྱི་གཅིག་ཏུ་འཁྲུལ་པ་ཡིན་ནོ་ཞེས་བྱ་བའོ། །ལྔ་པ་ལ་གཉིས་ཏེ། འཁྲུལ་པའི་རྒྱུ་དང༌། འཁྲུལ་པའི་ཤེས་བྱེད་དོ། །དང་པོ་ནི་ཇི་སྲིད་ཅེས་པ་སྟེ། མཐོ་ཡོར་ལ་མིར་འཁྲུལ་པའི་རྒྱུ་དབྱིབས་ཀྱི་ཁྱད་པར་ཡིན་པ་ལྟར། ལག་པ་ལ་སོགས་པ་ཚོགས་པ་ལ་ལུས་ཞེས་གཅིག་ཏུ་འཁྲུལ་ལོ་ཞེས་བྱ་བའོ། །གཉིས་པ་ནི་དེ་བཞིན་ཞེས་པ་སྟེ། རང་གི་ཆ་ཕྱེ་བ་ཞེས་པ་ཡན་ཆད་ཀྱིས་རགས་པ་མ་གྲུབ་པར་བསྟན་ལ། དེས་ན་རྡུལ་ཡང་མེད་ཅེས་པ་ཡན་ཆད་ཀྱིས་རྡུལ་ཕྲན་མ་གྲུབ་པར་བསྟན་ཏོ། །ལུས་ལ་ལུས་མ་གྲུབ་པའི་དོན་བསྡུ་བ་ལ། ལུས་ཀྱི་སྤྱི་མ་གྲུབ་པ་དང༌། ལུས་ཀྱི་བྱེ་བྲག་མ་གྲུབ་པ་གཉིས་དེ་ལྟར་ཞེས་པ་དང༌། གང་ཚེ་ཞེས་པ་ནས་རིམ་པ་བཞིན་ནོ། །ཚོར་བ་དྲན་པ་ཉེ་བར་གཞག་པ་ལ་བཞི་སྟེ། ཚོར་བའི་རང་བཞིན་མ་གྲུབ་པ་དང༌། རྒྱུ་རེག་པ་མ་གྲུབ་པ་དང༌། ཡུལ་མ་གྲུབ་པ་དང༌། འཛིན་བྱེད་མ་གྲུབ་པའོ། །དང་པོ་ལ་ལྔ་སྟེ། སྡུག་བསྔལ་དོན་དམ་དུ་མ་གྲུབ་པ་དང༌། བདེ་བ་དོན་དམ་པར་མ་གྲུབ་པ་དང༌། རྩོད་པ་སྤང་བ་དང༌། སྐབས་ལ་སྦྱར་བ་དང༌། རྣམ་པར་དཔྱད་པའི་དོན་ལ་རྣལ་འབྱོར་དུ་བྱ་བ་ལྟ་བུར་སྦྱར་བའོ། །དང་པོ་ནི་སྡུག་བསྔལ་ཞེས་པ་སྟེ། སྡུག་བསྔལ་ཆོས་ཅན་དེ་ཉིད་དུ་ཡོད་ན་ཞེས་བྱ་བ་གཏན་ཚིགས་ཏེ་མེའི་རང་བཞིན་ཚ་བར་གནས་པས་བསིལ་བ་མི་སྲིད་པ་ལྟར་འགོ་བའི་རྒྱུད་སྡུག་བསྔལ་གྱི་རང་བཞིན་དུ་གནས་པའི་ཕྱིར་ཅི་སྟེ་རང་དགའ་ལ་མི་གནོད་དེ་བདེ་བ་སྐད་ཅིག་ཀྱང་མེད་པར་ཐལ་ཞེས་བྱའོ། །དེ་ལ་གནོད་པར་མི་ནུས་ཏེ་མངོན་སུམ་དང་འགལ། གཏན་ཚིགས་མ་གྲུབ་པར་མི་ནུས་ཏེ་དམ་བཅའ་བ་དང་འགལ། ཁྱབ་པ་མ་གྲུབ་པར་མི་ནུས་ཏེ་ཚད་མ་དང་འགལ་ཏེ། མེ་དང་བསིལ་བས་མགོ་བསྒྲེའོ། །གཉིས་པ་ནི་བདེ་ན་ཞེས་པ་སྟེ་གྲངས་ཅན་པས་རོ་དེ་ཙམ་གྱི་ཞིམ་པོ་དེ་ལ་བདེ་བའི་རང་བཞིན་ཡོད་དོ་ཞེས་སྨྲ་བ་དང༌། རོ་དེ་ཙམ་ཆོས་ཅན། མྱ་ངན་གྱིས་གདུངས་པ་ལ་ཅི་སྟེ་དགའ་བར་མི་བྱེད་དེ་བདེ་བར་ཐལ། མེའི་རང་བཞིན་ཡིན་པའི་ཕྱིར་ཞེས་པའོ། །འདི་ལའང་གཏན་ཚིགས་མ་གྲུབ་པ་དང་ཁྱབ་པ་མ་གྲུབ་པ་དང་འདོད་པ་གསུམ་ཀ་མི་ནུས་ཏེ་སྔ་མ་དང་འདྲའོ། །རྩོད་པ་སྤང་བ་ལ་གཉིས་ཏེ། ཚོར་བ་ཉམས་པའི་ཐལ་འགྱུར་དང༌། དེའི་གཏན་ཚིགས་མ་གྲུབ་ན་བདེ་བ་ལས་མ་འདས་པའོ། །དང་པོ་ནི་སྟོབས་དང་ཞེས་པ་སྟེ། ཚོར་བ་སྡུག་བསྔལ་དོན་དམ་དུ་ཡོད་པས་སྡུག་བསྔལ་རྟག་ཏུ་གནས་པར་ཐལ་བ་བརྗོད་པ་འདོད་ལ། དེས་བདེ་བ་གཏན་མེད་པར་ཐལ་བར་བརྗོད་ན་ཁྱབ་པ་མ་གྲུབ་པའོ། །འོ་ན་སྡུག་བསྔལ་རྟག་ཏུ་ཡོད་པར་གནས་ན་ཅིས་མ་དམིགས་ཤེ་ན། སྟོབས་དང་ལྡན་པས་ཟིལ་གྱིས་མནན་པས་མ་མྱོང་སྟེ་ཉིན་མོའི་སྐར་མ་བཞིན་ནོ་ཞེ་ན། དེའི་ལན་ལ་མྱོང་བའི་གནས་སྐབས་ཆོས་ཅན། ཚོར་བ་མིན་པར་ཐལ་ཏེ། གང་ཞིག་མྱོང་བ་མིན་ན་སྟེ་མྱོང་བ་མ་ཡིན་པའི་ཕྱིར་རོ། །ཞེས་ཚོར་བའི་ཁྱབ་བྱེད་མྱོང་བ་བཀག་པས་ཚོར་བ་འགོག་པའོ། །དེ་ལ་འདོད་ཐོག་ཏུ་མི་ནུས་ཏེ་དམ་བཅའ་བ་དང་འགལ་ལ། ཁྱབ་པ་མ་གྲུབ་ན་ཚད་མ་དང་འགལ་ལ། གཉིས་པ་ནི་གལ་ཏེ་མ་མྱོང་བའི་གཏན་ཚིགས་མ་གྲུབ་སྟེ། ཕྲ་མོར་མྱོང་ངོ་ཞེས་རྒོལ་བ་ནི། སྡུག་བསྔལ་ཞེས་པའོ། །འོ་ན་ཕྲ་མོ་དེ་སྡུག་བསྔལ་དུའམ། བདེ་བ་མྱོང༌། དང་པོ་ནི་སྣང་བ་མ་དམིགས་པས་ཁེགས་སོ། །གལ་ཏེ་དེ་ནི་དེ་ལས་གཞན་འགའ་ཙམ་ཞེ་ན་ཞེས་གཉིས་པ་འདོད་དོ་ཞེ་ན། དེ་ནི་མ་ཡིན་ཏེ་སྣང་བ་ཕྲ་མོ་མུན་པར་འགལ་བ་ལྟར་སྡུག་བསྔལ་ཕྲ་མོ་བདེ་བར་འགལ་བས་བདེ་བར་མྱོང་ན་སྡུག་བསྔལ་མ་ཡིན་པ་ནི་ཕྲ་ཉིད་དེའང་དེའི་ཞེས་པའོ། །དེ་དག་ནི་འོག་མའི་རྩོད་སྤང་ལ་དོན་གྱིས་གོ་བར་བྱ་སྟེ། བདེ་བ་རང་བཞིན་ཡིན་པས་མྱ་ངན་གྱིས་གདུངས་པ་ནའང་བདེ་བ་ཡོད་ཀྱང་མ་མྱོང་ངོ་ཞེ་ན། འོ་ན་མྱོང་བ་མེད་པས་ཚོར་བ་མི་རུང་བ་དང༌། དེ་ཕྲ་མོར་མྱོང་ཞེ་ན་བདེ་བ་ཕྲ་མོར་མྱོང་བ་སྣང་བ་མི་དམིགས་པས་ཁེགས་པ་དང༌། སྡུག་བསྔལ་ཕྲ་མོར་མྱོང་ན་བདེ་བར་འགལ་བའི་ཕྱིར་རོ། །བཞི་པ་ཚོར་བ་དོན་དམ་པར་མེད་པ་སྐབས་ལ་སྦྱར་བ་ནི་གལ་ཏེ་ཞེས་པ་སྟེ། འགལ་རྐྱེན་སྡུག་བསྔལ་སྐྱེས་པས་བདེ་བ་འགགས་སོ་ཞེ་ན། བདེ་བར་རེས་འགའ་བ་གནས་སྐབས་པ་བཅོས་མར་འགྲུབ་པས་རང་བཞིན་དུ་མ་གྲུབ་ལ་དེས་ན་ཚོར་བ་ཡང་དག་པར་རྟོགས་པ་ལ་མངོན་ཞེན་ཙམ་དུ་གྲུབ་བོ་ཞེས་བྱ་བའོ། །ལྔ་པ་རྣམ་པར་དཔྱད་པའི་དོན་ལ་རྣལ་འབྱོར་དུ་བྱ་བ་ལྷུར་སྦྱར་བ་ནི་དེ་ཉིད་ཕྱིར་ན་ཞེས་བྱ་བ་སྟེ། རྣམ་པར་བརྟགས་པའི་ཞིང་ནི་བསམ་གཏན་རྒྱུ་དཔྱོད་པའི་ཤེས་རབ་བོ། །བསམ་གཏན་གྱི་རྒྱུ་དེ་ལས་བྱུང་བའི་ཏིང་ངེ་འཛིན་ནོ། །རྣལ་འབྱོར་པ་ཟས་ནི་ལུས་ཉེ་བར་སྟོན་པའོ། །རེག་པ་མ་གྲུབ་པ་ལ་ལྔ་སྟེ། དབང་པོ་དང་དོན་ཕྲད་པ་མེད་པ་དང༌། རྣམ་ཤེས་དང་ཕྲད་པ་མེད་པ་དང༌། ཚོགས་པ་ལ་ཡང་དག་པ་དགག་པ་དང༌། སྐབས་བསྡུ་བ་དང༌། དེས་གྲུབ་པའི་དོན་ཏོ། །དང་པོ་ཚོར་བའི་རྒྱུ་ནི་ཡུལ་དང་དབང་པོ་དང་རྣམ་ཤེས་གསུམ་ཕྲད་ནས་དོན་དེ་ཡིད་དུ་འོང་བ་དང་མི་འོང་བ་དང་བར་མར་ཡོངས་སུ་བཅད་པས་བདེ་བ་ལ་སོགས་པ་བསྐྱེད་པའི་རྒྱུར་གྱུར་པ་ཡིན་པ་ལས། དབང་པོ་དང་དོན་ཕྲད་པ་མི་འཐད་དོ་ཞེས་བྱའོ། །ཇི་ལྟར་ཞེ་ན། རགས་པ་དང་ཕྲད་པ་མེད་པ་དང༌། ཕྲ་མོ་དང་ཕྲད་པ་མེད་པའོ། །དང་པོ་ནི་དབང་པོ་དང་དོན་ལ་ཁྱད་པར་ཡོད་དམ་མེད་དྲིས། དེ་ལ་བར་ཡོད་པར་སྨྲ་ན་གལ་ཏེ་དབང་དོན་ཞེས་པ་སྟེ། དབང་དོན་ཆོས་ཅན་བར་བཅས་ན་སྟེ་བར་ཡོད་པའི་ཕྱིར་ཞེས་པ་གཏན་ཚིགས་སོ། །འདོད་ཕྲད་པར་འདོད་ཀྱང་ཕྲད་པ་མེད་པར་ཐལ་ཞེས་པ་དང༌། ཡང་གལ་ཏེ་བར་མེད་པར་སྨྲ་ན་བར་མེད་ནའང་གཅིག་ཡིན་པའི་ཕྱིར་ཕྲད་པ་མེད་པར་ཐལ་ཞེས་པས་སོ། །དེ་གཉི་ག་ལ་འདོད་པ་དང་གཏན་ཚིགས་མ་གྲུབ་ན་དམ་བཅའ་དང་འགལ། ཁྱབ་པ་མ་གྲུབ་ན་ཚད་མ་དང་འགལ་ལོ། །རྡུལ་ཕྲན་དང་ཕྲད་པ་མེད་པ་ལ་བཞི་སྟེ། ཐལ་བ་དགོད་པ་དང༌། དེའི་རྟགས་བསྒྲུབ་པ་དང༌། ཚད་མའི་དོན་བསྡུ་བའོ། །དང་པོ་ནི་རྡུལ་ཕྲན་ཞེས་པ་སྟེ། རྡུལ་ཕྲན་གཉིས་ཆོས་ཅན། འདོད་ཕྲད་པར་འདོད་ཀྱང་ཕྲད་པ་མེད་པར་ཐལ། གཏན་ཚིགས་རྡུལ་ཕྲན་ལ་འཇུག་མེད་དེ། གཅིག་གི་ནང་དུ་གཅིག་མ་ཞུགས་པའི་ཕྱིར་རོ། །དེའི་གཏན་ཚིགས་མ་གྲུབ་ཅེ་ན། རྡུལ་ཕྲན་ཆོས་ཅན་འདོད་འདྲེས་པར་འདོད་ཀྱང་གཅིག་ལ་གཅིག་མ་ཞུགས་པར་ཐལ་ཏེ་ནང་གི་སྐབས་མེད་པའི་ཕྱིར་ཞེས་པའོ། །གལ་ཏེ་མ་ཞུགས་ཀྱང་ཕྲད་ན་ཅི་འགལ་ཁྱབ་པ་མ་གྲུབ་ཅེ་ན། གསུམ་པ་ནི་མ་ཞུགས་པ་ལ་ཞེས་པའོ། །དོན་བསྡུ་བ་ནི་ཆ་མེད་པ་དང་ཞེས་པ་སྟེ། ཕྱོགས་མཐའ་དག་གིས་ཕྲད་ན་གཅིག་ཏུ་འགྱུར་ལ། ཕྱོགས་གཅིག་གིས་ཕྲད་ན་ཆ་མེད་འགལ་ལོ་ཞེས་བྱ་བའོ། །རྣམ་ཤེས་དང་ཕྲད་པ་མེད་པ་ནི་རྣམ་ཤེས་ཞེས་པ་སྟེ། རྣམ་ཤེས་ཆོས་ཅན་ཕྲད་པ་མེད་དེ། ལུས་མེད་དེ་ལུས་ཅན་མ་ཡིན་པའི་ཕྱིར་ཞེས་པའོ། །གསུམ་པ་ཚོགས་པ་ལ་ཡང་དག་པ་དགག་པ་ནི། ཚོགས་པའང་ཞེས་པ་སྟེ། གལ་ཏེ་ཕྲད་པ་ཞེས་པ་གཟུགས་ཅན་རེག་པ་མ་ཡིན་ཏེ་འབྲས་བུ་རེག་པ་བསྐྱེད་པའི་རྒྱུ་ཚོགས་པ་ཡིན་པས་ཉེས་པ་དེ་མཐའ་དག་མེད་དོ་ཞེ་ན། རྒྱུ་ཚོགས་པ་ལ་ཆོས་ཅན་འདོད། །བདེན་པར་འདོད་ཀྱང་དངོས་པོ་བདེན་པ་མེད་པར་ཐལ། དུ་མ་ལ་གཅིག་ཏུ་སྒྲོ་བཏགས་པ་ཡིན་པའི་ཕྱིར་ཞེས་པ་སྟེ། དེའི་ཁྱབ་པ་བསྒྲུབ་པ་ནི་སྔར་བཤད་པའི་རྒྱུ་དང་ཚོགས་ཞེས་བྱ་བ་དོར་རོ། །གལ་ཏེ་རྒྱུ་ཚོགས་པ་ཀུན་རྫོབ་པ་ཡིན་ཡང་འབྲས་བུ་རེག་པ་དང་ཚོར་བ་དོན་དམ་པར་ཡོད་ན་ཅི་འགལ་ཞེ་ན། རྒྱུ་ཀུན་རྫོབ་ལས་འབྲས་བུ་དོན་དམ་ཡོད་པ་ཅི་འགལ་ན་རྒྱུ་དོན་བྱེད་པ་མེད་པ་ལས་ཀྱང་འབྲས་བུ་དངོས་པོར་མི་འགལ་བར་འགྱུར་རོ། །བཞི་པ་སྐབས་བསྡུ་བ་ནི་དེ་ལྟར་ཞེས་པ་སྟེ། རེག་པ་མེད་པའི་ཕྱིར་ཚོར་བ་མེད་དོ་ཞེས་བྱ་བ་ནི་རྒྱུ་མ་དམིགས་པ་ཡིན་ལ། ངལ་བ་འདི་ཅིའི་དོན་དུ་བྱས་ཞེས་བྱ་བ་ནི་བདེ་བའི་དོན་དུ་ངལ་བ་མི་རིགས་པའོ། །གང་གིས་གང་ལ་གནོད་པར་འགྱུར། །ཞེས་པ་ནི་སྡུག་བསྔལ་གྱིས་མི་གནོད་པའོ། །ལྔ་པ་དེ་གྲུབ་པའི་དོན་ནི་གང་ཚེ་ཞེས་པ་སྟེ། ཚོར་བ་པོ་བདག་དང་རྒྱུ་ཚོར་བ་ཁེགས་ན་འབྲས་བུ་དེ་ལ་ཞེན་པའི་སྲེད་པ་ལྡོག་པའོ། །གསུམ་པ་ཚོར་བའི་ཡུལ་མ་གྲུབ་པ་ནི་མཐོང་བའམ་ཞེས་པ་སྟེ། མཐོང་བ་དང་ནི་རེག་པ་ནི་དབང་པོ་དང་ཐ་མའི་ཡུལ་ཡིན་ལ། དེས་གཞན་ཡང་མཚོན་ཏེ། ཡུལ་དོན་དམ་པར་མེད་པས་དེའི་ཡུལ་ཅན་ཚོར་བ་མེད་པར་ཤུགས་ལས་གྲུབ་ཅེས་པའོ། །ཡུལ་ནི་སྔར་ལུས་ལ་རྡུལ་ཕྲན་བཀག་པས་ཁེགས་པ་ཡིན་ནོ། །འཛིན་བྱེད་མ་གྲུབ་པ་ལ་བཞི་སྟེ། སེམས་མྱོང་བྱེད་མ་ཡིན་པ་དང༌། རང་ཉིད་མྱོང་བྱེད་མ་ཡིན་པ་དང༌། དེ་དག་ལས་གཞན་མྱོང་བྱེད་མ་ཡིན་པ་དང༌། སྐབས་བསྡུ་བའོ། །དང་པོ་ནི་སེམས་དང་ཞེས་པ་སྟེ། དུས་མཉམ་གྱི་སེམས་ཀྱིས་མྱོང་ངམ་སྔ་ཕྱིར་སྐྱེས་པ་མྱོང་ཞེས་དྲི། དེ་ལ་དུས་མཉམ་པར་མྱོང་ན་དུས་མཉམ་པའི་སེམས་ཆོས་ཅན། འདོད་མྱོང་བར་འདོད་ཀྱང་མྱོང་བྱེད་མ་ཡིན་པར་ཐལ་ཏེ། ལྷན་ཅིག་སྐྱེས་པའི་ཕྱིར་ཞེས་པ་སྟེ་དེའི་ཁྱད་པ་ནི་གྲུབ་པར་སེམས་ན་ཚད་མ་དང་འགལ་ཏེ། དམིགས་བྱ་དང་དམིགས་བྱེད་ལ་རྣམ་པར་འཇོག་པའི་རྒྱུ་དང༌། དེ་རྣམ་པ་གཞན་ལ་ཁྱབ་པས་རྒྱུ་འབྲས་ཀྱི་ཁྱབ་པ་དེ་དང་འགལ་བ་དུས་མཉམ་པ་དམིགས་པའི་ཕྱིར་རོ། །གལ་ཏེ་སྔ་ཕྱིར་སྐྱེས་པས་མྱོང་སྟེ་ཚོར་བ་སྔར་སྐྱེས་པས་རྒྱུ་ཡིན་ལ། རྣམ་ཤེས་ཕྱིས་སྐྱེས་པས་འབྲས་བུ་ཡིན་པས་ཡུལ་དང་ཡུལ་ཅན་ཡིན་ནོ་ཞེ་ན། སྔ་དང་ཞེས་གསུངས་ཏེ། སྔ་མ་དེ་ཆོས་ཅན། འདོད་མྱོང་བར་འདོད་ཀྱང་ཕྱི་མའི་དྲན་པའི་ཡུལ་ཡིན་གྱི་མྱོང་བའི་ཡུལ་མ་ཡིན་པར་ཐལ་ཏེ། ངོ་བོ་འགགས་པའི་ཕྱིར་ཞེས་པ་སྟེ། དེའི་ཁྱབ་པ་གྲུབ་པར་སེམས་ན་ཚད་མ་དང་འགལ་ཏེ། མྱོང་བྱ་མ་ཡིན་པ་ལ་ངོ་བོ་མ་འགགས་པས་ཁྱབ་པའི་ཕྱིར་རོ། །གཉིས་པ་ནི་རང་གིས་ཞེས་པ་སྟེ། རང་གིས་གོང་དུ་སུན་དབྱུང་བའི་ཕྱིར་རོ། །གསུམ་པ་ནི་གཞན་དག་ཅེས་པ་སྟེ། རང་དང་རྣམ་ཤེས་ལས་གཞན་པའི་མྱོང་བྱེད་མེད་པའི་ཕྱིར་རོ། །བཞི་པ་ནི་ཚོར་བ་པོ་ཞེས་པའོ། །སེམས་དྲན་པ་ཉེ་བར་གཞག་པ་ལ་གཉིས་ཏེ། ཡིད་ཀྱི་རང་བཞིན་མ་གྲུབ་པ་དང༌། རྣམ་པར་ཤེས་པ་ལྔའི་དམིགས་པ་མ་གྲུབ་པའོ། །དང་པོ་ནི་ཡིད་ནི་ཞེས་པ་སྟེ། དེ་དབང་པོ་ལ་མི་གནས་ཏེ་དབང་པོ་མེད་ཀྱང་ཡོད་པའི་ཕྱིར་རོ། །ཡུལ་ལ་མི་གནས་ཏེ་ཡུལ་མེད་ཀྱང་ཡོད་པས་སོ། །དེ་གང་གི་བར་ནའང་མི་གནས་ཏེ་མ་དམིགས་པས་སོ། །དེས་རྟེན་མ་གྲུབ་པར་བསྟན་ཏོ། །ངོ་བོ་མ་གྲུབ་པ་ནི་ནང་ཡང་ཞེས་པ་སྟེ། ཡིད་དྲུག་པོ་འགགས་མ་ཐག་པ་ནི་ནང་གི་སྐྱེ་མཆེད་མ་ཡིན་ཏེ། གཟུགས་ཅན་མ་ཡིན་པས་དབང་པོ་ལྔ་མ་ཡིན་ནོ། །ཕྱིའི་སྐྱེ་མཆེད་མ་ཡིན་ཏེ་ལུས་ཅན་མ་ཡིན་པས་ཡུལ་ལྔ་མ་ཡིན་ལ། འགགས་མ་ཐག་པ་མ་ཡིན་པས་ཆོས་མ་ཡིན་པས་སོ། །གཉི་གའི་རྟེན་ལུས་མ་ཡིན་ཏེ། ལུས་ཅན་མ་ཡིན་པས་སོ། །འདྲེས་པ་མ་ཡིན་ཏེ་འགལ་བས་སོ། །ལོགས་སུ་མེད་དེ་མ་དམིགས་པས་སོ། །དེས་ན་རང་བཞིན་གྱིས་མྱ་ངན་ལས་འདས་སོ་ཞེས་པའོ། །ཡིད་དྲུག་པོ་འགགས་མ་ཐག་པ་དེ་ཤེས་པའི་ངོ་བོར་མ་གྲུབ་ཀྱང་རྣམ་ཤེས་ལྔ་ཁོ་ནར་ཡོད་དོ་ཞེ་ན། ཤེས་བྱ་ཞེས་གསུངས་ཏེ། རྒྱུ་ཤེས་བྱའི་སྔོན་རོལ་དུ་ཤེས་པ་ཡོད་དམ། ཤེས་པ་དང་ཤེས་བྱ་དུས་མཉམ་དུའམ། ཤེས་བྱའི་དུས་ཕྱིས་ཤེས་པ་ཡོད། དང་པོ་ཤེས་བྱའི་གོང་དུ་ཤེས་པ་ཡོད་པ་ལྟར་ན་ཤེས་པ་ཆོས་ཅན་སྐྱེད་བྱེད་མེད་པར་ཐལ། ཤེས་བྱ་ལས་སྔ་རོལ་ཤེས་པ་ཡོད་ན་སྟེ་རྒྱུ་སྔོན་དུ་སོང་བ་མེད་པའི་ཕྱིར་ཞེས་བྱ། དེ་ལ་འདོད་པ་དང་གཏན་ཚིགས་མ་གྲུབ་པར་སྨྲ་མི་ནུས་ཏེ། དམ་བཅའ་ལས་ཉམས་པར་འགྱུར་རོ། །ཁྱབ་པ་མ་གྲུབ་པར་མི་ནུས་ཏེ་རྒྱུ་མེད་ཀྱི་འབྲས་བུ་མེད་པས་ཚད་མ་དང་འགལ་ལོ། །གཉིས་པ་དུས་མཉམ་པ་ལྟར་ན་ཡུལ་ལས་སྐྱེ་བར་མི་རིགས་ཏེ་ཤེས་དང་ཤེས་བྱ་ལྷན་ཅིག་ན་སྟེ། དུས་མཉམ་པའི་ཕྱིར་ཞེས་པ་དེའི་ལན་གསུམ་ལས་སྔ་མ་བཞིན་ནོ། །གསུམ་པ་ལྟར་ན། འོན་ཏེ་ཤེས་བྱའི་ཕྱིས་ཡོད་ན། །དེ་ཚེ་ཤེས་པ་གང་ལས་སྐྱེ་སྟེ། དེ་ལ་ཤེས་པ་དང་ཡུལ་དང་བར་ཆོད་དམ་མ་ཆོད། དང་པོ་ལྟར་ན་བར་ཆོད་པའི་ཕྱིར་བསྐྱེད་བྱ་མ་ཡིན་པར་ཐལ་ཞེས་བྱའོ། །གཉིས་པ་ལྟར་ན་ཕྱོགས་མཐའ་དག་གིས་བར་མ་ཆོད་དམ། ཕྱོགས་གཅིག་གིས་བར་མ་ཆོད། དང་པོ་ལྟར་ན་ཕྱོགས་མཐའ་དག་ལ་བར་ཆོད་མེད་པས་དུས་མཉམ་པར་ཐལ་བ་དེ་འདོད་ན་སྔ་མའི་སྐྱོན་ཡོད་དོ། །གཉིས་པ་ཕྱོགས་གཅིག་གིས་བར་མ་ཆོད་པ་ལྟར་ན་རྒྱུའང་ཆ་དུ་མ་ལ་གཅིག་ཏུ་བཟུང་ལ་འབྲས་བུའང་ཆ་དུ་མ་ལ་གཅིག་ཏུ་བཟུང་བས་བདེན་པའི་རང་བཞིན་གནས་པ་མེད་དེ་ཕྲེང་བ་དང་དམག་དུ་མ་ལ་གཅིག་ཏུ་བཟུང་བ་བཞིན་སྔར་བཤད་ཟིན་ཏོ། །ཆོས་དྲན་པ་ཉེ་བར་གཞག་པ་ལ་གཉིས་ཏེ། ཐམས་ཅད་སྐྱེ་བ་མེད་པར་བསྒྲུབ་པ་དང༌། དེ་ལ་རྩོད་པ་སྤོང་བའོ། །དང་པོ་ནི་དེ་ལྟར་ཞེས་པའོ། །ཆོས་ཐམས་ཅད་ཞེས་པ་ཆོས་ཅན་ནོ། །ཡང་དག་པའི་སྐྱེ་བ་མེད་དོ་ཞེས་པ་བསྒྲུབ་བྱའོ། །དེ་ལྟར་ཞེས་པས་རྟགས་ཏེ། ཆོས་ཐམས་ཅད་ལ་སྐྱེ་བ་དོན་དམ་པར་མ་གྲུབ་པའི་ཕྱིར་རོ། །ཇི་ལྟར་མ་གྲུབ་སྙམ་ན་རྒྱུ་བས་འབྲས་བུ་སྔ་བ་དང་ཕྱི་བ་དང་དུས་མཉམ་པ་ལས་སྐྱེ་བ་གོང་དུ་རྣམ་ཤེས་ལྔའི་དམིགས་པ་དགག་པར་སུན་ཕྱུང་ཟིན་ཏོ། །རྩོད་པ་སྤང་བ་ལ་གཉིས་ཏེ། ཀུན་རྫོབ་མེད་པའི་རྩོད་པ་སྤང་བ་དང༌། ངེས་བྱེད་ཐུག་པ་མེད་པའི་རྩོད་པ་སྤང་བའོ། །དང་པོ་ནི་གལ་ཏེ་ཞེས་པ་སྟེ། དོན་དམ་པའི་སྐྱེ་བ་ལ་རྒྱུའི་སྔོན་དུ་སྐྱེ་བ་དང༌། དུས་མཉམ་པར་སྐྱེ་བ་དང༌། རྒྱུའི་ཕྱིས་སྐྱེ་བ་གསུམ་ཀ་མི་འཐད་པས་དོན་དམ་པའི་སྐྱེ་བ་མི་འཐད་པ་ལྟར་ཀུན་རྫོབ་ཏུ་སྐྱེ་བའང་རྒྱུའི་སྔོན་དུ་སྐྱེ་བ་དང༌། དུས་མཉམ་པ་དང་ཕྱིས་སྐྱེ་བ་གང་ཡང་མི་འཐད་པས་ཀུན་རྫོབ་ཏུ་སྐྱེ་བའང་མི་འཐད་པར་ཐལ་ལོ། །དེ་འདོད་ན་དོན་དམ་པའི་བདེན་པ་གཅིག་པུ་ལས་མེད་པས་དེ་ལ་བདེན་གཉི་ག་ལ་ཡོད་ཅེས་བྱ་བ་ནི་རྒོལ་བའོ། །གལ་ཏེ་རིགས་པའི་བློ་འཁྲུལ་པ་མེད་པའི་བསམ་ངོ་ན་ཀུན་རྫོབ་པ་མེད་ཀྱང་འཁྲུལ་པའི་བློའི་བསམ་ངོ་ན་ཀུན་རྫོབ་ཡོད་པས་བདེན་གཉིས་འཐད་པས་བདེན་པ་གཉིས་སུ་འཇོག་གོ་ཞེས་ཀྱང་བརྗོད་མི་ནུས་ཏེ། དེ་ལྟར་ན་སངས་རྒྱས་ལ་སྒྲིབ་པ་མེད་ཀྱང་གཞན་གྱི་བློ་འཁྲུལ་པའི་སྣང་བ་ལ་སྒྲིབ་པ་ཡོད་པར་བཟུང་བས་སངས་རྒྱས་སྒྲིབ་པ་དང་བཅས་པར་ཐལ་ཞེས་འཆད་པ་ནི། དེ་ལ་ཀུན་རྫོབ་གཞན་གྱི་ན། །སེམས་ཅན་མྱ་ངན་གང་ལས་འདའ། །ཞེས་བྱ་བའོ། །དེ་ལ་དོན་ཕྱི་མའི་ལན་ནི་འདི་ན་ཞེས་པ་སྟེ། སངས་རྒྱས་ཀྱི་རྒྱུད་ལ་ཉོན་མོངས་པ་མེད་ཀྱང༌། ཉོན་མོངས་པ་ཅན་དུ་བརྟགས་པ་འདི་ནི་གཞན་སེམས་རྣམ་རྟོག་གི་བསམ་ངོར་ཡོད་དེ། དེ་ནི་མྱ་ངན་ལས་འདས་པ་རང་གི་ཀུན་རྫོབ་མིན་ཏེ་སྒྲིབ་པ་མ་ཡིན་ནོ། །འོ་ན་གཞན་གྱི་འཁྲུལ་པའི་ངོར་ཡོད་པས་ཀྱང་གཞན་གྱི་བློ་ལ་ལྟོས་པའི་ཀུན་རྫོབ་ཏུ་མི་འཐད་ལ། རིགས་པའི་ངོར་ཡང་ཀུན་རྫོབ་བཀག་པས་བདེན་པ་གཉིས་མེད་པའི་སྐྱོན་གནས་སོ་ཞེ་ན། རིགས་པའི་ངོར་དོན་དམ་པའི་སྐྱེ་བ་འགེགས་པའི་རིགས་པས་ཀུན་རྫོབ་སྐྱེ་བ་ཁེགས་པས་ཀུན་རྫོབ་མེད་པར་ཐལ་བའི་ཉེས་པ་མེད་དེ། དེ་རྒྱུའི་སྔོན་དུའམ་དུས་མཉམ་དུ་སྐྱེ་བར་ཁས་མི་ལེན་ལ་རྒྱུའི་ཕྱིས་སྐྱེ་བར་ཁས་ལེན་ནོ། །དེའང་ཆོད་པ་ལས་སྐྱེ་བར་ཁས་མི་ལེན་ལ་མ་ཆོད་པ་ལས་སྐྱེ་བར་འདོད་དོ། །དེའང་ཕྱོགས་མཐའ་དག་གིས་མ་ཆོད་པར་ཁས་བླང་བར་མི་ནུས་པས་ཕྱོགས་གཅིག་གིས་མ་ཆོད་པར་ཁས་ལེན་པ་དེ་ལ་དུ་མ་གཅིག་ཏུ་བཟུང་བས་ན་སྒྲོ་བཏགས་པ་ཀུན་རྫོབ་པ་ཞེས་བརྗོད་པའི་ཕྱིར་རོ། །དེས་ན་ཕྱིས་དེ་སྟེ་རྒྱུའི་ཕྱིས་དེ་ངེས་ན་སྟེ་འབྲས་བུ་དེ་ཡོད་ལ། རྒྱུ་སྔོན་དུ་སོང་བ་མིན་ན་འབྲས་བུ་ཀུན་རྫོབ་འཁྲུལ་པ་དེ་མེད་པས་རྒྱུ་འབྲས་རྗེས་སུ་འགྲོ་ལྡོག་གྲུབ་པས་ཀུན་རྫོབ་ཀྱི་སྐྱེ་བ་མི་ཁེགས་སོ། །དེས་ན་བདེན་པ་གཉིས་མེད་པར་མི་འགྱུར་རོ་ཞེས་བྱ་བའོ། །གཉིས་པ་ངེས་བྱེད་ཐུག་མེད་དུ་ཐལ་བ་སྤང་བ་ནི་གསུམ་སྟེ། ཡུལ་དང་ཡུལ་ཅན་གྱི་རྣམ་པར་གཞག་པ་སྤྱིར་བརྗོད་པ་དང༌། ཡུལ་ཅན་སྐྱེ་མེད་དུ་རྟོགས་པ་གཞན་ལ་ལྟོས་ན་ཐུགས་པ་མེད་པ་དང༌། རང་ལ་ཉེས་པ་མེད་པའོ། །དང་པོ་ནི་རྟོག་དང་ཞེས་པ་སྟེ། གལ་ཏེ་ཆོས་ཐམས་ཅད་སྐྱེ་བ་མེད་པར་ནམ་ཡང་རྟོགས་པར་མི་འགྱུར་ཏེ། སྐྱེ་མེད་རྟོག་མེད་ཀྱི་བློས་ཡུལ་ཐམས་ཅད་སྐྱེ་མེད་དུ་རྟོགས་ཡང་ཡུལ་ཅན་ཉིད་སྐྱེ་མེད་དུ་མ་རྟོགས་པའི་ཕྱིར་རོ། །གལ་ཏེ་དེའང་སྐྱེ་མེད་དུ་གཞན་གྱིས་རྟོགས་པར་བྱེད་ན་ཐུག་མེད་དུ་འགྱུར་རོ་ཞེ་ན། རྟོག་དང་ཞེས་གསུངས་ཏེ་ཡུལ་ཅན་རང་བཞིན་དུ་ཡོད་པ་དང་ཡུལ་ཡོད་པ་དེ་རྟོགས་པ་གཅིག་གོ་ཞེས་པའོ། །འོ་ན་དེ་གཉི་ག་རང་བཞིན་མེད་པ་ཚད་མ་གང་གིས་ངེས་ཤེ་ན། ཇི་ལྟར་གྲགས་པ་ལ་བརྟེན་ནས། །ཞེས་བྱ་བའོ། །གཉིས་པ་ནི། །གང་ཚེ་རྣམ་དཔྱོད་དེ་ཡང་ནི། །རྣམ་དཔྱོད་ཕྱིར་ན་ཐུག་པ་མེད། །ཅེས་པ་སྟེ། ཆོས་ཐམས་ཅད་སྐྱེ་མེད་དུ་གཏན་ལ་འབེབས་བྱེད་དེའང་གཞན་གྱིས་གཏན་ལ་འབེབས་ན་དེའང་གཞན་གྱིས་གཏན་ལ་འབེབས་དགོས། དེས་ན་ཐུག་པ་མེད་དོ་ཞེས་བྱ་བའོ། །གསུམ་པ་ནི་དཔྱད་བྱ་ཞེས་པ་སྟེ། དཔྱད་བྱ་ཆོས་ཐམས་ཅད་རང་བཞིན་མེད་པར། ངེས་པ་རྣམ་དཔྱོད་ཀྱི་རྗེས་སུ་དཔག་པ་ལའང་རྟེན་མེད་དེ། རྗེས་དཔག་ཀྱང་ཆོས་ཐམས་ཅད་ཀྱི་ཁོངས་སུ་འདུས་པས་རྗེས་དཔག་གི་ཁྱབ་བྱེད་མེད་པའམ། ཡང་ན་ཤིང་དྲུང་བའི་ཤིང་ཟད་ན་མེ་ཤི་བ་ལྟར་ཡུལ་ཁེགས་ན་ཡུལ་ཅན་ཡང་ཤུགས་ལས་ཁེགས་པས་རྣམ་དཔྱོད་ལ་ནི་རྟེན་ཡོད་མིན་ཏེ། དེས་ན་རྟེན་མེད་པས་མི་སྐྱེ་བས་ན། དེ་ཡང་མྱ་ངན་ལས་འདས་པར་བརྗོད། །ཅེས་བྱ་བའོ། །ཞེས་ཏེ་ཧ་ཅང་ཡི་གེའི་དོན་མ་ཡིན་ནོ། །འདི་ལ་ཊཱི་ཀ་བྱེད་པ་དག་གིས་འདི་ལྟར་འཆད་དེ། གལ་ཏེ་ཁྱོད་དོན་དམ་པར་ཅིར་ཡང་མ་གྲུབ་པར་ཁས་ལེན་ན་རང་བཞིན་མེད་པར་གཏན་ལ་འབེབས་པར་བྱེད་པའི་ཚད་མ་ཉིད་ཀྱང་མ་གྲུབ་པས་གང་གིས་གཏན་ལ་འབེབས་ཤེ་ན། ཚད་མ་དེ་ཁོ་ནར་མེད་ཀྱང་ཀུན་རྫོབ་ཏུ་ཡོད་པས་གཞལ་བྱ་ངེས་པ་མི་འགལ་ལོ་ཞེས་འཆད་པ་ནི། ཇི་ལྟར་གྲགས་པ་ལ་བརྟེན་ནས། །རྣམ་པར་དཔྱད་པ་ཐམས་ཅད་བརྗོད། །ཅེས་བྱ་བའོ། །འོ་ན་ཡུལ་ཅན་ཚད་མ་ཀུན་རྫོབ་ཏུ་ཇི་ལྟར་ཡོད་ཅེ་ན། རྗེས་དཔག་གི་ཡུལ་རྒྱུ་རྟགས་འཛིན་གྱི་བློའི་གཞལ་བྱ་དང༌། རྗེས་དཔག་གིས་བཟུང་བ་དོན་སྤྱི་ལ་སོགས་པ་ཐམས་ཅད་ཀུན་རྫོབ་པར་ཡོད་པ་མ་བཀག་པས་བརྟག་བྱ་དེ་ལ་བརྟེན་ནས་ཆོས་དང་ཆོས་ཅན་གྱི་རྟོགས་པ་སྐྱེའོ་ཞེས་འཆད་པ་ནི། རྟོག་དང་བརྟག་པར་བྱ་བ་དག །གཉིས་པོ་ཕན་ཚུན་བརྟེན་པ་ཡིན། །ཞེས་བྱ་བའོ། །འོ་ན་རྗེས་དཔག་དེ་ཀུན་རྫོབ་ཏུ་ཡོད་ཀྱི་དེ་ཁོ་ནར་མེད་པ་གང་ལས། རྗེས་དཔག་གཞན་གྱིས་སོ་སྙམ་ན། ཐུག་པ་མེད་པར་འགྱུར་རོ་ཞེས་རྒོལ་བ་ནི་གང་ཚེ་ཞེས་པའོ། །སྤྱིར་ཆོས་ཐམས་ཅད་རང་བཞིན་མེད་པར་དངོས་སུ་ངེས་ལ། བྱེ་བྲག་རྗེ་དཔག་རང་བཞིན་ཡོད་པར་འགལ་བས་རྗེས་དཔག་རང་བཞིན་མེད་པ་ཤུགས་ལས་ངེས་པའམ། དཔྱད་བྱ་ཡུལ་མ་གྲུབ་ན་དཔྱོད་བྱེད་རང་བཞིན་མེད་པར་ཤུགས་ལས་རྟོགས་པ་ན་རྗེས་དཔག་གཞན་གྱིས་གཏན་ལ་དབབ་མི་དགོས་པས་ཐུག་པ་མེད་པའི་སྐྱོན་མེད་དོ་ཞེས་འཆད་པ་ནི་དཔྱད་བྱ་ཞེས་པ་སྟེ། རྣམ་དཔྱོད་ལ་རྟེན་མེད་པ་ནི་ཁྱབ་བྱེད་མེད་པའམ་ཡུལ་མེད་པའོ། །མི་སྐྱེ་བར་ནི་རྗེས་དཔག་དོན་དམ་པར་རོ། །རང་བཞིན་གྱིས་མྱ་ངན་ལས་འདས་པ་ནི་དེ་ཁོ་ནའི་སྒྲིབ་པ་དོན་དམ་པ་མ་ཡིན་པས་སོ། །གང་གི་ལྟར་ན་ཞེས་བྱ་བ་ལ་སོགས་པས་དངོས་པོའི་རང་བཞིན་ལ་བདེན་པར་འཛིན་པ་འགོག་པ་སྟོན་ཏོ། །དེ་ལ་གཉིས་ཏེ། དང་པོ་ཚིགས་བཅད་ལྔས་དངོས་པོར་འཛིན་པ་ལ་སྒྲུབ་བྱེད་མེད་པ་དང༌། རེ་ཞིག་ཅེས་བྱ་བ་ལ་སོགས་པས་གནོད་བྱེད་ཡོད་པས་བསྟན་ཏོ། །ཞེས་ལོ་ཙཱ་བ་རྔོག་ལ་སོགས་པས་གསུངས་སོ། །སློབ་དཔོན་བཻ་རོ་ཙ་ནའི་འགྲེལ་པ་ལས་ཤེས་བྱ་ལ་སྔར་ཤེས་ཡོད་ན་ཤེས་བྱ་ལ་སོགས་པ་ཚིགས་བཅད་ཕྱེད་དང་གཉིས་སེམས་དྲན་པ་ཉེར་གཞག་དང་ཆོས་དྲན་པ་ཉེར་གཞག་ཐུན་མོང་དུ་བསྟན། དེ་ལྟར་ཆོས་རྣམས་ཐམས་ཅད་ཀྱི། །ཞེས་པ་རྐང་པ་གཉིས་ཀྱིས་ཆོས་དྲན་པ་ཉེ་བར་གཞག་པ་ཞེས་བྱ་བ་ཆོས་ཐམས་ཅད་སྐྱེ་བ་མེད་ཅེས་བྱ་བ་སྤྱིར་བསྟན། གང་ཞིག་ཅེས་བྱ་བ་ལ་སོགས་པས་དེ་ལ་རྩོད་པ་སྤང་བ་དང༌། གང་གི་ལྟར་ན་ཞེས་བྱ་བ་ལ་སོགས་པས་ཤེས་པ་དང་ཤེས་བྱའི་ཆོས་ཐམས་ཅད་ཀྱི་ངོ་བོ་ལ་སྒྲུབ་བྱེད་མེད་པ་དང༌། རེ་ཞིག་འཇིག་རྟེན་ཞེས་བྱ་བ་ལ་སོགས་པས་མུ་སྟེགས་བྱེད་དག་སྐྱེ་བར་འདོད་པ་སུན་དབྱུང་བ་ནས་བརྩམས་ནས་མྱ་ངན་ལས་འདས་དང་མ་འདས་པའང་དེ་ཉིད་དུ་ན་ཁྱད་པར་མེད་ཅེས་བྱ་བའི་བར་ཐམས་ཅད་ཆོས་དྲན་པ་ཉེ་བར་གཞག་པ་ཆོས་ཐམས་ཅད་སྐྱེ་བ་མེད་པ་འགག་པ་མེད་པ་རང་བཞིན་མེད་པ་བདག་མེད་པའི་དོན་དུ་བཤད་དོ། །འགྲེལ་པ་གཞན་དག་ནས་ཀྱང་དེ་ལྟར་ཆོས་རྣམས་མན་ཆད་ཐམས་ཅད་ཆོས་དྲན་པ་ཉེ་བར་གཞག་པར་བཤད་དེ། གཞུང་ཡི་གེའི་དོན་དུ་འདི་ཉིད་ཞུགས་སོ། །དེ་ལ་དང་པོ་ཆོས་ཐམས་ཅད་ལ་སྒྲུབ་བྱེད་ཀྱི་ཚད་མ་མེད་པ་ལ་གཉིས་ཏེ། སྤྱིར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི་གང་གི་ལྟར་ན་ཞེས་པ་སྟེ། དངོས་པོར་སྨྲ་བ་གང་གི་ལྟར་ན། ཤེས་བྱ་དང་ཤེས་པ་འདི་གཉིས་བདེན་པར་གནས་པ་ཡིན་ན་བདེན་པར་གནས་པ་ལས་སྒྲུབ་བྱེད་མེད་པས་བདེན་ནོ། །ངེས་པའི་ཐ་སྙད་བྱེད་པ་དེ་ཉིད་ཤིན་ཏུ་དཀའ་བར་གནས་ཞེས་བྱའོ། །རྒྱས་པར་བཤད་པ་ལ་གཉིས་ཏེ། ཕན་ཚུན་རྟེན་པ་དང༌། འབྲས་བུའི་ཤེས་པ་སྒྲུབ་བྱེད་དུ་རྟོག་པའོ། །དང་པོ་ལ་གཉིས་ཏེ། གཉི་ག་མེད་པ་དང༌། དེ་དཔེ་ལ་སྦྱར་བའོ། །དང་པོ་ནི་གལ་ཏེ་ཞེས་པ་སྟེ། གཞལ་བྱ་ཕྱི་རོལ་པ་ཚད་མས་བསྒྲུབས་ན་འཇལ་བྱེད་ཀྱི་ཚད་མས་ཅི་བསྒྲུབ། རང་རིག་པས་བསྒྲུབ་པ་ནི་གོང་མས་སུན་ཕྱུང་ལ། དོན་རིག་པས་ཡུལ་དུ་བྱེད་པ་འགལ་བའི་ཕྱིར་རོ། །གལ་ཏེ་དོན་གྲུབ་པའི་དབང་གིས་ཤེས་པ་བསྒྲུབ་བོ་ཞེ་ན། འོ་ན་ཕན་ཚུན་རྟེན་པས་གང་ཡང་མི་འགྲུབ་ཅེས་འཆད་པ་ནི། གཉི་ག་ཡང་ནི་མེད་པའི་བར་རོ། །དེ་ཉིད་དཔེས་གསལ་བར་བྱེད་པ་ནི་གལ་ཏེ་ཞེས་པ་སྟེ། ཕའི་ཐ་སྙད་མ་གྲུབ་ན་དེའི་བུའི་ཐ་སྙད་ཀྱང་མི་འགྲུབ་སྟེ། གཅིག་ནི་སྐྱེ་བྱར་མ་ངེས་ལ་ཅིག་ཤོས་སྐྱེད་བྱེད་དུ་ངེས་པ་འགལ་བས་སྒྲུབ་བྱེད་ཕན་ཚུན་རྟེན་ནོ་ཞེས་བྱ་བ་ཡིན་གྱི། སྐྱེད་བྱེད་ཕན་ཚུན་རྟེན་པ་ནི་མ་ཡིན་ཏེ། བུ་ཕ་ལ་ལྟོས་ཀྱང་ཕ་སྐྱེ་བ་བུ་ལ་མི་ལྟོས་པའི་ཕྱིར་རོ། །གཉིས་པ་འབྲས་བུའི་ཤེས་པ་སྒྲུབ་བྱེད་དུ་རྟོག་པ་དགག་པ་ནི་མྱུ་གུ་ཞེས་པ་སྟེ། རྒོལ་བའི་དོན་ནི་ས་བོན་ལ་མྱུ་གུ་སྐྱེ་བ། མྱུ་གུ་དེ་རྟགས་སུ་བཀོད་པའི་རྗེས་དཔག་གིས་ས་བོན་བསྒྲུབ་པ་ལྟར། ཤེས་བྱ་ལ་ཤེས་པ་སྐྱེ་ལ་འབྲས་བུ་ཤེས་པ་དེ་ལས་རྒྱུ་ཤེས་བྱ་སྒྲུབ་པ་མི་འགལ་ལོ། །ཞེས་རྒོལ་བའོ། །དེ་སུན་འབྱིན་པ་ནི་མྱུ་གུ་ཞེས་པ་སྟེ། མྱུ་གུ་རྟགས་སུ་བཀོད་ནས་ས་བོན་བསྒྲུབ་པ་ན་ས་བོན་གྲུབ་པ་ལ་མ་ལྟོས་པར་མྱུ་གུ་དེ་མིག་གི་རྣམ་ཤེས་ཀྱིས་རྟོགས་པ་ཡིན་ན། འདིར་ཤེས་པས་ཤེས་བྱ་བསྒྲུབ་པ་ན་ཤེས་བྱ་མ་གྲུབ་གོང་དུ་ཤེས་པ་གྲུབ་པ་མི་རུང་སྟེ། ཤེས་པ་རང་ཉིད་རིག་པས་གྲུབ་པ་གོང་དུ་སུན་ཕྱུང་ལ། ཤེས་བྱ་གྲུབ་པའི་དབང་གིས་གྲུབ་པ་ནི་འདིར་ཕན་ཚུན་རྟེན་པ་སུན་ཕྱུང་བའི་ཕྱིར་རོ་ཞེས་བྱའོ། །རེ་ཞིག་འཇིག་རྟེན་མངོན་སུམ་གྱིས། །ཞེས་བྱ་བ་ལ་སོགས་པས་ཆོས་ཐམས་ཅད་ཀྱི་རང་བཞིན་ནམ་སྐྱེ་བ་གྲུབ་པར་འདོད་པ་དགག་པ་འཆད་དོ། །འདི་ལ་གསུམ་སྟེ། རྒྱུ་རྣམ་པར་དཔྱད་པ་རྡོ་རྗེ་གཟེགས་མ་དང༌། རང་གི་ངོ་བོ་ལ་རྣམ་པར་དཔྱད་པ་རྟེན་འབྲེལ་དང༌། འབྲས་བུ་ལ་རྣམ་པར་དཔྱད་པ་ཡོད་མེད་སྐྱེ་འགག་གོ །དང་པོ་ལ་རྩ་བའི་གཏན་ཚིགས་དང་ཁྱབ་པ་བསྒྲུབ་པ་ཁ་སྐོང་བ་ཡིན་ལ། དེའི་ཕྱོགས་ཆོས་བསྒྲུབ་པ་གཞུང་དུ་འཆད་དོ། །དེ་ལ་རྩ་བའི་གཏན་ཚིགས་ནི་སྣང་བ་ཙམ་ཆོས་ཅན། ཡང་དག་པའི་རང་བཞིན་མེད་དེ། རང་དང་གཞན་དང་གཉིས་དང་རྒྱུ་མེད་ལས་མི་སྐྱེ་བའི་ཕྱིར། ཞེས་པ་ནི་ཁྱབ་བྱེད་མི་དམིགས་པའོ། །དེའི་ལྡོག་པའི་ཁྱབ་པ་ནི་སྤྱིར་ཡོད་པ་ཙམ་ལ་རྒྱུ་ལྡན་དང༌། རྒྱུ་མེད་གཉིས་སུ་ཁ་ཚོན་ཆོད་པ་དང༌། རྒྱུ་ལྡན་ལའང་རང་གཞན་ཚོགས་མ་ཚོགས་གཉིས་སུ་ངེས་ལ། མ་ཚོགས་པའི་རྒྱུ་ལ་རང་གཞན་གཉིས་སུ་ཁ་ཚོན་ཆོད་པར་རང་རིག་པའི་ཤུགས་ལས་ངེས་པས་མཐའ་བཞི་ལས་མ་གཏོགས་པའི་སྐྱེ་བ་ཁེགས་པས་སྐྱེ་བ་ལ་མཐའ་བཞིས་ཁྱབ་པ་ངེས་སོ། །འདིའི་ཕྱོགས་ཆོས་བསྒྲུབ་པ་གཞུང་དུ་འཆད་པ་ན་གསུམ་སྟེ། ཕྱོགས་ཆོས་བསྒྲུབ་དངོས་དང༌། ཡོངས་གཅོད་མ་གྲུབ་ཀྱང་རྣམ་དཔྱད་ལ་ཚད་མར་མི་འགལ་བ་དང༌། གཏན་ཚིགས་ཀྱིས་ངེས་པའི་དོན་བརྗོད་པའོ། །ཞེས་གོང་མ་རྣམས་རང་རྒྱུད་ཀྱི་གཏན་ཚིགས་སུ་སྦྱར་ཏེ་གསུང་ངོ༌། །དེ་ལྟར་རང་རྒྱུད་དུ་སྦྱོར་བ་འདི་ལ་ནོར་བའི་སྐྱོན་མེད་མོད་ཀྱང་འདིར་ཁྱབ་བསྒྲུབ་དང་ཕྱོགས་ཆོས་བསྒྲུབ་པ་ལ་སོགས་པ་ཤིན་ཏུ་དཀའ་བས་དེ་མི་འགྲུབ་ལ། དེ་མ་གྲུབ་ན་ཡང་དག་པའི་གཏན་ཚིགས་སུ་མི་འགྱུར་རོ། །ཡང་གཏན་ཚིགས་གསུམ་པོ་འདིའི་རྩ་བའི་གཏན་ཚིགས་ཀྱང་གཞུང་ན་མི་སྣང་ནས་སློབ་དཔོན་གྱི་དགོངས་པའང་མ་ཡིན་ལ། གལ་ཏེ་རྩ་བའི་རྟགས་སྦྱོར་ནའང༌། དེ་ལྟར་ཆོས་རྣམས་ཐམས་ཅད་ཀྱི། །སྐྱེ་བ་རྟོགས་པར་འགྱུར་མ་ཡིན། །ཞེས་བྱ་བའི་སྐབས་སུ་རིགས་པས་འདིར་སྐབས་དོན་ཡང་མ་ཡིན་ནོ། །དེ་བས་ན་དང་པོ་འདི་ལ་མུ་སྟེགས་དག་རང་བཞིན་གྱི་སྐྱེ་བ་འདོད་པ་དེ་སུན་འབྱིན་པ་ཡིན་ལ། གལ་ཏེ་ཚད་མ་ཞེས་བྱ་བ་ལ་སོགས་པས་ཆོས་ཐམས་ཅད་མ་སྐྱེས་པ་སྟོང་པ་ཉིད་དུ་བསྟན་པ་ལ་རྩོད་པ་སྤོང་བ་སྟོན་ལ། དེ་བས་དེ་ལྟར་ཞེས་བྱ་བ་ལ་སོགས་པས་ཆོས་ཐམས་ཅད་སྐྱེ་འགག་མེད་པའི་དོན་དུ་བསྡུས་ཏེ་སྟོན། རྨོངས་པས་བདེན་པར་ཞེས་བྱ་བ་ལ་སོགས་པ་ཀུན་རྫོབ་ཏུ་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་པར་འབྱུང་བ་སྒྱུ་མ་ལྟ་བུར་བསྟན་ལ། དངོས་པོ་ཡོད་པར་གྱུར་པ་ལ་ཞེས་བྱ་བ་ལ་སོགས་པས་རྟེན་འབྲེལ་ཙམ་ཉིད་ངོ་བོ་ཉིད་དུ་འདོད་པ་དགག་པ་སྟོན་ལ། དེ་ལྟར་དགག་པ་ཡོད་མིན་ཞེས་བྱ་བ་ལ་སོགས་པས་སྲིད་ཞི་མཉམ་པ་ཉིད་དུ་དོན་བསྡུས་ནས་སྟོན་ཏོ། །རང་བཞིན་གྱིས་སྐྱེ་བ་དགག་པ་ལ་གཉིས་ཏེ། རང་བཞིན་གྱིས་སྐྱེ་བ་དགག་པ་དངོས་དང༌། དབུ་མ་ལ་རྩོད་པ་སྤང་བའོ། །དང་པོ་ལ་གསུམ་སྟེ། རྒྱུ་མེད་པ་ལས་སྐྱེ་བ་དགག་པ་དང༌། གཞན་ལས་སྐྱེ་བ་དགག་པ་དང༌། རང་ལས་སྐྱེ་བ་དགག་པའོ། །གཉི་ག་ལས་སྐྱེ་བ་ནི་རང་དང་གཞན་ལས་སྐྱེ་བ་བཀག་པ་ཉིད་ཀྱིས་ཁེགས་སོ། །དང་པོ་ལ་བཞི་སྟེ། སྤྱིར་བསྟན་པ་དང༌། འབྲས་བུའི་རྣམ་པར་དབྱེ་བ་རྒྱུ་ལ་ལྟོས་པ་དང༌། རྒྱུའི་རྣམ་པར་དབྱེ་བ་རྒྱུ་ལ་ལྟོས་པ་དང༌། ནུས་པའི་རྣམ་པར་དབྱེ་བ་རྒྱུ་ལ་ལྟོས་པའོ། །དང་པོ་ནི་རེ་ཞིག་ཅེས་པ་སྟེ། རེ་ཞིག་རྒྱུ་མེད་ལས་སྐྱེ་བ་དགག་གི་གཞན་འོག་ཏུ་དགག་གོ་ཞེས་བྱ་བའོ། །དེ་ལ་རྒྱུ་མེད་ལས་སྐྱེ་བ་ནི་ངོ་བོ་ཉིད་རྒྱུར་སྨྲ་བ་ཞེས་བྱ་བ་སྟེ། དེའི་ལུགས་འདོད་པ་དག །སྲན་ཟླུམ་ཚེར་མ་གཟང་རིགས་རྣོ་བ་དང༌། །ཉི་ཤར་ཆུ་བོ་ཐུར་དུ་འབབ་པ་དང༌། །རྨ་བྱའི་མདོངས་བཀྲ་ལ་སོགས་ཇི་སྙེད་པ། །སུས་ཀྱང་མ་བྱས་ངོ་བོ་ཉིད་ཀྱི་རྒྱུ། །ཞེས་འདོད་དོ། །དེ་སུན་འབྱིན་པ་ནི་འཇིག་རྟེན་མངོན་སུམ་གྱིས་རྒྱུ་རྣམ་པ་ཐམས་ཅད་མཐོང་བ་ཡིན་ཏེ། སྣང་ཚོད་ཀྱི་མངོན་སུམ་མྱུ་གུ་ས་བོན་ལས་སྐྱེ་བ་ལ་སོགས་པ་མཐོང་བས་ཡོད་པ་ཙམ་ལ་རྒྱུ་དང་ལྡན་པས་ཁྱབ་པར་མཐོང་བས་ན་རྒྱུ་མེད་པའི་ཡོད་པ་དེ་དོན་དམ་པ་དང་ཀུན་རྫོབ་གཉི་གར་ཁེགས་སོ། །ཞེས་བྱ་བའོ། །གཉིས་པ་ནི་གལ་ཏེ་པདྨའི་སྡོང་བུ་ཁ་དོག་སྣ་ཚོགས་པ་དང༌། རྨ་བྱའི་སྒྲོ་རི་མོ་བཀྲ་བ་ལ་སོགས་པའི་ཐ་སྙད་དེ། རྒྱུ་གང་གིས་བྱས་པ་དེ་ལྟར་འགྱུར་རོ་ཞེ་ན། དེ་ལའང་རྒྱུའི་རྣམ་པར་དབྱེ་བ་ཡོད་དོ་ཞེས་འཆད་པ་ནི། པདྨའི་སྡོང་བུ་ཞེས་བྱ་བའོ། །གསུམ་པ་ནི་འབྲས་བུའི་དབྱེ་བ་རྒྱུའི་དབྱེ་བས་བྱས་ན། རྒྱུ་དབྱེ་གང་གིས་བྱས་ཤེ་ན། དེའི་རྒྱུ་སྔ་མའི་དབྱེ་བས་སོ། །ཞེས་འཆད་པ་ནི་རྒྱུ་དབྱེ་ཞེས་བྱ་བའོ། །བཞི་པ་རྒྱུ་སོ་སོ་ལས་རང་གི་འབྲས་བུ་ཁོ་ན་བསྐྱེད་ནུས་ལ་གཞན་སྐྱེད་མི་ནུས་པ་ཅི་སྟེ་ཞེ་ན། ཆོས་ཉིད་ལན་དུ་བརྗོད་པ་ནི་ཅི་ཕྱིར་ཞེས་བྱ་བའོ། །གཞན་ལས་སྐྱེ་བ་འགེགས་པ་ན་གཞན་མི་རྟག་པ་ལས་སྐྱེ་བ་དགག་པ་དང༌། གཞན་རྟག་པ་ལས་སྐྱེ་བ་དགག་པའོ། །དང་པོ་གཞུང་ན་མེད་ཀྱང་ཁ་བསྐང་སྟེ། དེ་ལ་རྒྱུ་བས་འབྲས་བུ་སྔའམ་མཉམ་མམ་འབྲས་བུ་ཕྱི་ཞེས་དྲིས་ལ། དང་པོ་སྨྲ་ན་གཞན་སྐད་ཅིག་མ་ལ་སྐྱེ་བ་ཆོས་ཅན། འདོད་འབྲས་བུ་སྔར་ཡོད་དུ་འདོད་ཀྱང་དེ་འབྲས་བུ་སྔར་ཡོད་པ་མ་ཡིན་པར་ཐལ་ཏེ། རྒྱུ་སྔོན་དུ་སོང་བ་མེད་པའི་ཕྱིར་རོ། །ཞེས་འགེགས་ལ་དེ་ལ་འདོད་པ་དང་གཏན་ཚིག་མ་གྲུབ་པ་གཉིས་ཀར་མི་ནུས་ཏེ་དམ་བཅའ་དང་འགལ་ལོ། །ཁྱབ་པ་མ་གྲུབ་པར་ཡང་མི་ནུས་ཏེ་རྒྱུ་མེད་ཀྱི་འབྲས་བུ་མི་སྲིད་པས་ཚད་མ་དང་འགལ་ལོ། །ཐལ་འགྱུར་དུ་སྦྱོར་ལུགས་འདི་འོག་མ་གཉིས་ལའང་ཤེས་པར་བྱས་ལ་མགོ་བསྒྲེའོ། །དུས་མཉམ་དུ་ཡོད་པ་ནི་རྒྱུ་ལས་སྐྱེ་བ་མ་ཡིན་པར་ཐལ་ཏེ། རྒྱུ་དང་དུས་མཉམ་པའི་ཕྱིར་ཞེས་པས་འགེགས་ཏེ། མེད་པའི་དུས་ན་གཉི་ག་ངོ་བོ་མ་གྲུབ་པས་སྐྱེད་བྱེད་ཁེགས་པའི་ཕྱིར་རོ། །ཕྱིས་ཡོད་པར་སྨྲ་ན་ཡང་ཆོས་པ་ལས་མི་སྐྱེ་སྟེ། ཆོད་པའི་ཕྱིར་ཞེས་འགེགས་པ་དང༌། མ་ཆོད་ན་ཕྱོགས་མཐའ་དག་གིས་མ་ཆོད་ན་རྒྱུ་སྐྱེ་བའི་དུས་དང༌། འབྲས་བུ་འགག་པའི་དུས་ལའང་བར་ཆད་མེད་པས་དུས་མཉམ་པར་ཐལ་ལ། དེ་ལ་རང་རིག་པའི་ཤུགས་ལས་བསྐྱེད་བྱ་སྐྱེད་བྱེད་ཀྱི་སྒྲ་དོན་དང༌། དུས་མཉམ་པ་འགལ་བར་ངེས་པས་དུས་མཉམ་དུ་མེད་པས་ཕྱོགས་མཐའ་དག་གིས་མ་ཆོད་པ་མེད་པར་ཐལ་ཞེས་པས་ཁེགས་སོ། །ཕྱོགས་གཅིག་གིས་མ་ཆོད་ན་རྒྱུ་དང་འབྲས་བུ་དག་བདེན་པར་མེད་དེ་ཆ་དུ་མ་ལ་གཅིག་ཏུ་གཟུང་བའི་ཕྱིར་དཀར་པོ་ལ་སེར་པོར་བཟུང་བ་བཞིན་ཞེས་པས་འགེགས་ཏེ། དགག་བྱ་སྒྲོ་མ་བཏགས་པ་དང་དེ་དང་འགལ་བ་སྒྲོ་མ་བཏགས་པ་དང༌། དེའི་ཁྱབ་བྱ་དུ་མ་ལ་གཅིག་ཏུ་གཟུང་བའི་ཕྱིར་རོ། །དེས་ན་གཞན་མི་རྟག་པ་ལས་སྐྱེ་བ་མེད་དོ་ཞེས་པ་ནི་གོང་དུ་སྔར་ཤེས་བྱ་ལས་སྔར་ཤེས་པ་དང༌། དེ་ལྟར་ཆོས་རྣམས་ཞེས་པའི་སྐབས་སུ་བཤད་ཟིན་པས་གྲུབ་པས་འདིར་མ་སྤྲོས་སོ། །ད་ནི་གཞན་རྟག་པ་ལས་སྐྱེ་བ་འགེགས་པ་ན་གཉིས་ཏེ། དབང་ཕྱུག་ལས་སྐྱེ་བ་དགག་པ་དང༌། རྡུལ་ཕྲན་རྟོག་པ་ལས་སྐྱེ་བ་བྱེ་བྲག་པའི་ལུགས་དགག་པའོ། །དང་པོ་ལ་གསུམ་སྟེ་དབང་ཕྱུག་མ་གྲུབ་པ་དང༌། འབྲས་བུ་མི་སྲིད་པ་དང༌། སྐྱེད་བྱེད་དུ་འགལ་བའོ། །དང་པོ་ལ་བཞི་སྟེ། འབྱུང་བ་དགག་པ་དང༌། ནམ་མཁའ་དགག་པ་དང༌། བདག་དགག་པ་དང༌། བསམ་གྱིས་མི་ཁྱབ་པ་དགག་པའོ། །དང་པོ་ནི་དབང་ཕྱུག་གང་ཡིན་སྨྲོས་ཞེས་པ་སྟེ་དྲི་བའོ། །དེ་ལ་ས་སོགས་ཆོས་ཅན་མིང་ཇི་ཙམ་གྱིས་ཞེན་དུ་རུང་བ་མི་འགོག་གི་དབང་ཕྱུག་གི་དོན་མ་ཡིན་ནོ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའོ། །དུ་མ་དང་མི་རྟག་པ་དང༌། བློ་སྔོན་དུ་གཏོང་བའི་སེམས་པ་མེད་པ་དང༌། ལྷ་མ་ཡིན་པ་དང༌། བརྙས་ཐབས་སུ་བྱ་བ་དང༌། མི་གཙང་བའི་ཕྱིར་རོ་ཞེས་པ་གཏན་ཚིགས་ཏེ། དབང་ཕྱུག་ལ་གཅིག་པ་དང༌། རྟག་པ་དང༌། ལྷའི་འགྲོ་བས་བསྡུས་པ་དང༌། སེམས་པ་ཡོད་པ་དང༌། མཆོད་པར་བྱ་བ་དང༌། གཙང་བས་ཁྱབ་པས་ཁྱབ་བྱེད་དེ་དང་འགལ་བའི་གཏན་ཚིགས་སོ། །གཉིས་པ་ནི་དབང་ཕྱུག་མཁའ་མིན་ཞེས་པ་སྟེ། ནམ་མཁའ་ཆོས་ཅན་དབང་ཕྱུག་མ་ཡིན་ཏེ་བློ་སྔོན་དུ་གཏོང་བའི་སེམས་པ་མེད་པའི་ཕྱིར་ཞེས་པ་སྟེ་དེ་དག་གཞན་ལས་གྲགས་པའི་རྗེས་དཔག་ཏུའང་སྦྱར་དུ་རུང་ངོ་ཞེས་པའོ། །གསུམ་པ་ནི་བདག་མིན་ཞེས་པའོ། །བཞི་པ་ནི་བསམ་མིན་ཞེས་པ་སྟེ། བསམ་གྱིས་མི་ཁྱབ་ན་དེ་བཤད་ཀྱང་སུ་ལའང་རྟོག་པ་མི་སྐྱེ་བས་བཤད་པའི་འབྲས་བུ་མེད་པས་སྒྲ་བཀོད་པའི་རྩོམ་པ་རང་གི་ཚིག་དང་འགལ་ཞེས་པའོ། །དབང་ཕྱུག་གི་བསྐྱེད་བྱའི་འབྲས་བུ་མི་འཐད་པ་ལ་དྲི་བ་དང་དགོད་པ་ནི། དེས་སྐྱེད་འདོད་པའང་གང་ཞིག་ཡིན། །ཞེས་དྲིའོ། །དེའི་ལན་སུན་དབྱུང་བ་ལ་གཉིས་ཏེ། རྟག་པ་འབྲས་བུ་མ་ཡིན་པ་དགག་པ་དང༌། མི་རྟག་པ་འབྲས་བུ་ཡིན་པ་དགག་པའོ། །དང་པོ་ནི་བདག་ནི་སྟེ་བདག་གིས་བསྐྱེད་པ་ན་དེ་དབང་ཕྱུག་ཡིན་པ་ལ་དབང་ཕྱུག་གིས་བསྐྱེད་པར་བྱ་བ་དེ་འབྱུང་བ་བཞི་ལ་སོགས་པ་རྟག་པ་རྣམས་ཡིན་ནོ་ཞེ་ན། དེ་དང་ས་སོགས་དང༌། དབང་ཕྱུག་ངོ་བོའང་རྟག་མིན་ནམ་སྟེ་བསྐྱེད་བྱ་སྐྱེད་བྱེད་གཉི་ག་རྟག་པའི་ཕྱིར་འབྲས་བུ་ཐམས་ཅད་ཅིག་ཅར་དུ་བསྐྱེད་པར་ཐལ། དེ་ལ་འདོད་པ་ལ་མངོན་སུམ་གྱིས་གནོད་ལ། གཏན་ཚིགས་མ་གྲུབ་ན་དམ་བཅའ་བ་དང་འགལ་ལ། ཡང་ན་རྟག་པ་རྣམས་ཆོས་ཅན་འདོད། བསྐྱེད་བྱར་འདོད་ཀྱང་བསྐྱེད་བྱ་མ་ཡིན་པར་ཐལ་རྟག་པའི་ཕྱིར་དེ་འདོད་པ་དང་གཏན་ཚིགས་མ་གྲུབ་ན་ནི་དམ་བཅའ་དང་འགལ་ལ་དེ་གཉི་ག་ཁྱབ་པ་མ་གྲུབ་པར་སེམས་ན་བདག་དེ་འབྲས་བུ་སྐྱེད་པ་རྟག་ན་ཐོགས་པར་མི་འཐད་ལ། མི་སྐྱེད་པར་རྟག་ན་འབྲས་བུ་སྐྱེ་བར་མི་འཐད་དེ་དེ་གཉིས་མི་འགྱུར་བ་ཡིན་པའི་ཕྱིར་རོ། །གཉིས་པ་ནི་དབང་ཕྱུག་གི་འབྲས་བུ་རྣམ་ཤེས་ལྔ་དང༌། ཚོར་པ་བདེ་སྡུག་ལ་སོགས་པས་མི་རྟག་པ་རྣམས་ཡིན་ནོ་ཞེ་ན། མི་རྟག་པ་རྣམས་རྒྱུ་གཞན་ལས་སྐྱེ་བ་མངོན་སུམ་གྱིས་གྲུབ་སྟེ། ཤེས་པ་ཤེས་བྱར་སྐྱེ་བར་མངོན་སུམ་གྱིས་གྲུབ་ལ། ཐོག་མེད་བདེ་སྡུག་ལས་ལས་སྐྱེ་བར་ལུང་ལས་གྲུབ་པས་ན་དབང་ཕྱུག་གི་འབྲས་བུ་ཡིན་པ་ཁེགས་སོ། །གསུམ་པ་སྐྱེད་བྱེད་དུ་འགལ་བ་སྟེ་འདིས་ཐལ་བ་སྔ་མའི་ཁྱབ་བསྒྲུབ་ཏུའང་འགྱུར་རོ། །དེ་ལ་གསུམ་སྟེ། འབྲས་བུ་རེས་འགའ་བར་འགལ་བ་དང༌། དེའི་ཁྱབ་པ་ལྟོས་མེད་ཀྱིས་བསྒྲུབ་པ་དང༌། ལྟོས་པ་ཉིད་དགག་པའོ། །དང་པོ་ནི་རྒྱུ་ལ་ཞེས་པ་སྟེ། དབང་ཕྱུག་དེའི་འབྲས་བུ་བདེ་སྡུག་ལ་སོགས་པ་ཆོས་ཅན། ཐོག་མ་མེད་པ་ནས་རྟག་ཏུ་ཡོད་པར་ཐལ་ཏེ། རྒྱུ་ནུས་པ་ཐོགས་མེད་དེ་རྟག་ཏུ་གནས་པ་ལས་སྐྱེས་པའི་ཕྱིར་ཞེས་པའོ། །དེ་ལ་འདོད་པར་མི་ནུས་ཏེ་དམ་བཅས་པ་དང་འགལ་ལོ། །གཏན་ཚིགས་མ་གྲུབ་པར་མི་ནུས་ཏེ་དེའང་རྟག་པ་རྒྱུ་སྨྲ་ན་ནུས་པ་ཕྱིས་འཕེལ་བར་མི་རུང་བས་དང་པོ་ནས་རྒྱུ་ནུས་པ་ཐོགས་མེད་དུ་ཁས་ལེན་པའི་ཕྱིར་ཕྱོགས་ཆོས་ཀྱང་ཁས་བླངས་པ་ཡིན་ནོ། །གཉིས་པ་ནི་གལ་ཏེ་རྒྱུ་རྟག་ཏུ་གནས་ཀྱང་འབྲས་བུ་རེས་འགའ་བ་མི་འགལ་བས་ཁྱབ་པ་མ་གྲུབ་བོ་ཞེ་ན། རྟག་ཏུ་ཞེས་གསུངས་པ་སྟེ། རྟག་པའི་རྒྱུ་དེ་ཆོས་ཅན། ཅིའི་ཕྱིར་རྟག་ཏུ་བྱེད་པ་མ་ཡིན་ཏེ། རེས་འགའ་བ་བསྐྱེད་པ་མི་རུང་སྟེ་རྟག་ཏུ་ཡོད་པར་ཐལ་ཞེས་པ་བསྒྲུབ་བྱ། རྐྱེན་གཞན་ལ་རག་ལས་པ་མེད་པའི་ཕྱིར་ཞེས་པའོ། །དེས་ན་རྟག་པ་ལ་རེས་འགའ་བ་བསྐྱེད་པ་ཁེགས་པ་ན་ཅིག་ཅར་བསྐྱེད་པས་ཁྱབ་པ་གྲུབ་བོ། །གསུམ་པ་ཁྱབ་བསྒྲུབ་ཀྱི་གཏན་ཚིགས་བསྒྲུབ་པ་ནི། གལ་ཏེ་རྐྱེན་གཞན་ལ་ལྟོས་པ་མེད་པའི་ཕྱིར་ཞེས་པའི་གཏན་ཚིགས་མ་གྲུབ་བོ་ཞེ་ན། ལྟོས་པ་འགོག་གོ །དེ་ལ་གཉིས་ཏེ། ཐམས་ཅད་འབྲས་བུ་ཡིན་པས་ལྟོས་པ་འགལ་བ་དང༌། ལྟོས་ན་དབང་ཕྱུག་ཏུ་འགལ་བའོ། །དང་པོ་ནི་དེས་བྱས་ཞེས་པ་སྟེ། ཁྱོད་ཉིད་ཐམས་ཅད་དབང་ཕྱུག་གིས་བྱས་པས་དེས་མ་བྱས་པས་མེད་པར་སྨྲ་བ་ན། ཐམས་ཅད་དབང་ཕྱུག་གི་འབྲས་བུ་ཡིན་པས་རྒྱུ་དབང་ཕྱུག་འབྲས་བུ་ལ་རག་ལས་པ་ནི་འགལ་ལོ་ཞེས་བྱ་བའོ། །གཉིས་པ་ནི་གསུམ་སྟེ། ཚོགས་པ་ཉིད་རྒྱུར་གྲུབ་པ་དང༌། རང་དབང་ཅན་ཉམས་པ་དང༌། འདོད་པའི་གཞན་དབང་དུ་གྱུར་པའོ། །དང་པོ་ནི་གལ་ཏེ་ཞེས་པ་སྟེ། ཚོགས་པ་ཡོད་ན་འབྲས་བུ་ཡོད་ལ་མེད་ན་མེད་པས་ཚོགས་དང་རྗེས་སུ་འགྲོ་ལྡོག་བྱེད་ཀྱི་དབང་ཕྱུག་ཀྱང་མ་ཡིན་པས་དབང་ཕྱུག་རྒྱུ་མ་ཡིན་ལ། ཚོགས་པ་རྒྱུར་གྲུབ་བོ་ཞེས་བྱ་བའོ། །གཉིས་པ་ནི་ཚོགས་ན་ཞེས་བྱ་བ་སྟེ། རང་དབང་ཅན་ཆོས་ཅན། རང་དབང་མེད་པར་ཐལ། ཚོགས་པའི་དབང་དུ་གྱུར་པའི་ཕྱིར། ཐལ་བ་ལས་རང་དབང་ཅན་ལ་རང་དབང་ཅན་མ་ཡིན་པས་དབེན་པར་རང་རིག་པའི་ཤུགས་ལས་གྲུབ་པས་ཚོགས་པ་ལ་ལྟོས་པ་མ་ཡིན་ཞེས་བྱ་བའོ། །གསུམ་པ་ནི་འདོད་ན་ཞེས་པ་སྟེ། གལ་ཏེ་འབྲས་བུ་བསྐྱེད་པ་སོགས་པ་ལ་རག་མི་ལས་ཀྱང་ཚོགས་པ་དང་དུས་མཉམ་དུ་དབང་ཕྱུག་ལ་འབྲས་བུ་སྐྱེད་དོ་སྙམ་པའི་འདོད་པ་བྱུང་བས་དེ་འབྲས་བུ་སྐྱེད་དོ་ཞེ་ན། འོ་ན་འདོད་པའི་གཞན་དབང་ཅན་དུ་ཐལ་ལ། དེ་འདོད་ནའང་རང་དབང་ཅན་ཉམས་པས་དབང་ཕྱུག་ཉིད་དུ་མི་རུང་ཞེས་བྱ་བའོ། །རྡུལ་ཕྲན་སུན་དབྱུང་བ་ནི་མུ་སྟེགས་བྱེ་བྲག་ཏུ་སྨྲ་བ་ལ་སོགས་པ་རྫས་དོན་དམ་པའི་རྒྱུར་འདོད་པ་ན་གང་དག་ཅེས་བྱ་བ་སྨོས་ཏེ། སྔར་བཟློག་ཟིན་པ་ནི་ལུས་དྲན་པ་ཉེ་བར་གཞག་པའི་སྐབས་སུ་རྡུལ་ཕྲན་ཆ་ཤས་གཞིག་པས་བཀག་པའི་ཕྱིར་རོ། །རང་ལས་སྐྱེ་བ་དགག་པ་ལ་གཉིས་ཏེ། གཞན་གྱི་ལུགས་དགོད་པ་དང༌། དེ་སུན་དབྱུང་བའོ། །དང་པོ་ལ་གསུམ་སྟེ། སྤྱིར་བསྟན་པ་དང༌། གཙོ་བོའི་རང་བཞིན་དང༌། འབྲས་བུའི་རང་བཞིན་ནོ། །དང་པོ་ནི་གཙོ་བོ་རྟག་པ་ཞེས་པ་སྟེ། གཙོ་བོའི་རང་བཞིན་རྟག་པ་ཡིན་ལ། འགྲོ་བ་ནི་སྔར་མི་གསལ་བ་ལས། གསལ་བའི་གནས་སྐབས་ལ་བརྗོད་དོ། །དེ་ལ་རང་བཞིན་གྱི་སྒྲིབ་པ་དང་བཅས་པས་མཐོང་བའི་ཡུལ་མ་ཡིན་ལ། གནས་སྐབས་མཐོང་བའི་ཡུལ་ཡིན་པ་ན་སྔར་མི་གསལ་བ་ལས་གསལ་བ་སྐྱེ་ཞེས་བརྗོད་ལ། དེ་ལ་རང་བཞིན་རྒྱུ་ཡིན་ལ། གནས་སྐབས་དེ་ལས་སྐྱེ་བས་དེ་གཉིས་ཁོ་ནར་གཅིག་པས་རྒྱུ་དང་འབྲས་བུ་གཉི་ག་ལ་རང་བཞིན་ཞེས་ཀྱང་བརྗོད་ལ། ཀུན་རྫོབ་ཏུ་གསལ་བས་སྐྱེ་བ་ཞེས་ཀྱང་བརྗོད་དོ་ཞེས་བྱ་བའོ། །གཉིས་པ་ནི་སྙིང་སྟོབས་ཞེས་པ་སྟེ། ཡོན་ཏན་གསུམ་ཆ་མཉམ་ན་བེམ་པོ་རྟག་པ་འགྲོ་བ་ཐམས་ཅད་ལ་གཅིག་གིས་ཁྱབ་པ་དེ་ཀུན་གྱི་རྒྱུ་དོན་དམ་པའོ། །དེའི་ཁུག་མ་ན་ཤེས་རིག་གི་ངོ་བོ་སྐྱེས་བུ་གཅིག་སེམས་ཅན་རེ་རེ་ལ་རེ་རེ་ཡོད་པ་ནི་ཡུལ་ལ་ལོངས་སྤྱོད་པ་པོ་ཡིན་གྱི། གང་གིའང་རྒྱུའམ་འབྲས་བུ་མ་ཡིན་ནོ། །ཞེས་བྱ་བའོ། །དེ་གཉི་ག་དོན་དམ་པ་ཡིན་པས་མཐོང་བའི་ཡུལ་མ་ཡིན་པས་བལྟ་བ་དཀའ་བའོ། །གསུམ་པ་ནི། མི་མཉམ་འགྲོ་བ་ཡིན་པར་འདོད། །ཅེས་བྱ་བ་སྟེ། བདེ་བའམ་སྡུག་པ་ལ་སོགས་པ་ཆ་མི་མཉམ་པ་ནི་ཆེན་པོའོ། །དེ་འཕེལ་བ་ནི་ང་རྒྱལ་ལོ། །ང་རྒྱལ་ལ་གསུམ་ལས་དང་པོ་ལ་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་བྱ་བའི་བློའི་དབང་པོ་ལྔ་དང༌། ངག་དང་ལག་པ་དང་རྐང་པ་དང་རྐུབ་ཕོ་བ་དང་ཕོ་དང་མོའི་མཚན་མ་ཞེས་བྱ་བ་ལས་ཀྱི་དབང་པོ་ལྔ་དང༌། ཡིད་དེ་གཉི་གའི་དབང་པོ་རྣམ་འབྱུང་ངོ༌། །ང་རྒྱལ་གཉིས་པ་ལས་ནམ་མཁའ་དང་ས་དང་ཆུ་དང་རླུང་དང་མེ་སྟེ་འབྱུང་བ་ལྔ་དང༌། སྒྲ་དང་དྲི་དང་རོ་དང་རེག་བྱ་དང་ཁ་དོག་དང་དེ་ཙམ་ལྔ་འབྱུང་ངོ༌། །དེ་ལ་བདེ་བ་ལ་སོགས་པ་ཆ་མཉམ་པས་མི་གསལ་བ་གཙོ་བོ་ཡིན་ལ། ཆ་མི་མཉམ་པས་གསལ་བ་ནི་དེ་ཙམ་ལྔ་ལ་ཡིད་དུ་འོང་མི་འོང་བ། བར་པ་གསུམ་དུ་གནས་པ་ཡིན་པས་བདེ་བ་ལ་སོགས་པས་བེམས་པོ་ཡིན་ལ། དེས་བློའི་མེ་ལོང་ལ་རྣམ་པ་གཞག་པ་ན་ནང་གི་ཤེས་རིག་དང་རྣམ་པ་འདྲེས་པ་ལས་ལོངས་སྤྱོད་པ་ཡིན་ནོ་ཞེའོ། །དེ་དགག་པ་ལ་བཞི་སྟེ། གནོད་པ་སྤྱིར་བརྗོད་པ་དང༌། བདེ་བ་ལ་སོགས་པས་ཕྱི་རོལ་ཡིན་པ་དགག་པ་དང༌། གཙོ་བོ་རྟག་པ་མི་འཐད་པ་དང༌། ཡོད་པ་སྐྱེ་བ་འགལ་བའོ། །དང་པོ་ལ་གསུམ་སྟེ། གཙོ་བོ་དགག་པ་དང༌། ཡོན་ཏན་དགག་པ་དང༌། འབྲས་བུ་དགག་པའོ། །དང་པོ་ནི་གཙོ་བོ་ཆོས་ཅན། འདོད་རང་བཞིན་གཅིག་ཏུ་འདོད་ཀྱང་རང་བཞིན་གཅིག་མ་ཡིན་པར་ཐལ་ཏེ། ཡོན་ཏན་གསུམ་ཡིན་པའི་ཕྱིར་རོ། །དེའི་ཁྱབ་པ་བརྗོད་པ་ནི། གཅིག་ལ་ཞེས་པའོ། །གཉིས་པ་ནི་གལ་ཏེ་ཡོན་ཏན་གསུམ་དུ་བདེན་ནོ་ཞེ་ན། དེ་བཞིན་ཞེས་པ་སྟེ། ཡོན་ཏན་གསུམ་ཉིད་ཀྱང་མེད་དེ། སྙིང་སྟོབས་ཀྱིས་སྙིང་སྟོབས་ལ་སོགས་པ་གསུམ་གསུམ་ཡོད་པའི་ཕྱིར་རོ། །གསུམ་པ་ནི་ཡོན་ཏན་མེད་ན་ཞེས་པ་སྟེ། སྒྲ་ལ་སོགས་པ་ཐམས་ཅད་ཀྱང་མེད་པར་ཐལ་ཏེ། རྒྱུ་མེད་པའི་འབྲས་བུ་མི་འཐད་པའི་ཕྱིར་རོ། །བདེ་བ་ལ་སོགས་པ་ཕྱི་རོལ་གྱི་དོན་ཡིན་པ་དགག་པ་ལ་གཉིས་ཏེ། སྣང་བ་མི་དམིགས་པས་དགག་པ་དང༌། བདེ་བ་ལ་སོགས་པ་རྒྱུ་ཡིན་པ་དགག་པའོ། །དང་པོ་ནི་སེམས་མེད་ཅེས་པ་སྟེ། གོས་ལ་སོགས་པ་དེ་ཙམ་ལྔ་པོ་བེམ་པོ་གཞན་རིག་པས་གྲུབ་ལ། བདེ་བ་ལ་སོགས་པ་རིག་པ་རང་རིག་པས་གྲུབ་ཅིང་དེ་གཉིས་ཕན་ཚུན་དབེན་པར་ཡང་མངོན་སུམ་གྱིས་གྲུབ་པས་ན་དོན་ཡིན་པ་མཁས་པ་ལ་མངོན་སུམ་གྱིས་ཁེགས་ལ། རྨོངས་པ་ལ་སྣང་བ་མི་དམིགས་པས་ཁེགས་སོ་ཞེས་བྱ་བའོ། །གཉིས་པ་ནི་གྲངས་ཅན་གྱི་འདོད་པ་དོར་ཏེ། བློའི་མེ་ལོང་ལ་ཤར་བའི་བདེ་བ་ལ་སོགས་པས་རིག་པ་ཡིན་པས་དེའི་རྒྱུ་ཕྱི་རོལ་གྱི་རྒྱུ་སྒྲ་དེ་ཙམ་ལ་སོགས་པ་ཡིན་ནོ་ཞེ་ན། དེ་དགག་པ་ལ་བཞི་སྟེ། བརྗོད་ཟིན་པའི་རིགས་པ་དྲན་པ་ལས་སྦྱར་བ་དང༌། ཐ་སྙད་དུའང་རང་གི་ཚིག་དང་འགལ་བ་དང༌། སྔ་མ་ཉིད་བརྟན་པར་མི་གནས་པ་དང༌། བཟློག་པ་ཉིད་དེ་ཁོ་ནར་མི་གནས་པའོ། །དང་པོ་ནི་དངོས་རྣམས་ཞེས་པ་སྟེ། དེ་ཙམ་ལྔ་བདེ་བ་ལ་སོགས་པའི་རྒྱུར་འདོད་ན་ཤེས་བྱ་ཤེས་པའི་རྒྱུ་ཡིན་པ་ཤེས་བྱ་ལས་སྔར་ཤེས་པའི་སྐབས་སུ་བཀག་ཟིན་ཏོ། །ཞེས་བྱ་བའོ། །འགྲེལ་ཆེན་བྱེད་པས་ནི་རྡུལ་ཕྲན་ཡིན་པས་བཀག་པ་དང༌། ཡན་ལག་ཅན་ཡིན་པ་བཀག་པ་དང༌། རང་བཞིན་གསུམ་ཡིན་པ་བཀག་པས་སོ་ཞེའོ། །གཉིས་པ་ནི་གལ་ཏེ་བཀག་པ་དེ་ཤེས་བྱ་དང༌། ཤེས་པ་དོན་དམ་པའི་རྒྱུ་འབྲས་ཡིན་པ་བཀག་ཀྱང་ཀུན་རྫོབ་ཏུ་མ་བཀག་གོ་ཞེ་ན། འོ་ན་དེ་ཙམ་ལྔ་རྒྱུ་འདོད་པ་ལ་བདེ་བ་ལ་སོགས་པ་འབྲས་བུར་འདོད་ན། སྔར་བདེ་བ་ལ་སོགས་པ་གསུམ་གྱི་རང་བཞིན་གཙོ་བོ་ཡིན་ལ་དེ་རྒྱུར་འདོད་པ་ཙམ་ལྔ་འབྲས་བུར་འདོད་པའི་རང་གི་ཚིག་དང་འགལ་ལོ་ཞེས་འཆད་པ་ནི། ཁྱོད་ཀྱི་རྒྱུ་ཡང་བདེ་སོགས་ཉིད། །ཅེས་པའོ། །གསུམ་པ་ནི་གལ་ཏེ་དེ་ཙམ་ལྔ་བདེ་སོགས་ཀྱི་རྒྱུ་མི་འདོད་ཀྱི་བདེ་སོགས་ཀྱི་རང་བཞིན་གཙོ་བོས་དེ་ཙམ་ལྔ་སྐྱེད་པ་ཉིད་འདོད་དོ་ཞེ་ན། དེ་ལས་ཞེས་པ་སྟེ་བདེ་བ་ལ་སོགས་པ་ལས་སྣམ་སོགས་མི་འབྱུང་བར་མངོན་སུམ་གྱི་ཕྱིན་ཅི་ལོག་ཏུ་གྲུབ་པས་གནོད་དོ། །ཞེས་འཆད་པའོ། །བདེ་སོགས་གསུམ་ལས་སྣམ་སོགས་དེ་ཙམ་ལྔ་འབྱུང་བར་མངོན་སུམ་དུ་མ་གྲུབ་སྟེ། དེ་ཙམ་ལྔ་ལས་བདེ་སོགས་སྐྱེ་བར་མངོན་སུམ་དང་མི་དམིགས་པས་གྲུབ་པས་གནོད་དོ་ཞེས་བྱ་བའོ། །བཞི་པ་ནི། དེ་མེད་ཕྱིར་ན་ཞེས་པ་སྟེ། དེ་ཙམ་ལྔ་རྒྱུ་ཡིན་པས་བདེ་སོགས་འབྲས་བུ་ཡིན་པར་ཁས་ལེན་ནོ་ཞེ་ན། དེའང་ཀུན་རྫོབ་ཏུ་ཡིན་པས་དེ་ཁོ་ནར་མ་ཡིན་ཏེ། དེ་ཙམ་ལྔ་ཉིད་ཁོ་ནར་བཀག་པའི་ཕྱིར་རོ། །ཞེས་པའོ། །གཙོ་བོ་རང་བཞིན་རྟག་པ་དགག་པ་ལ་བཞི་སྟེ། སྣང་བ་མི་དམིགས་པས་དགག་པ་དང༌། ཕྲ་རགས་འགལ་བ་དང༌། གནས་སྐབས་མི་རྟག་པར་གྲུབ་པ་དང༌། རང་བཞིན་མི་རྟག་པར་བསྒྲུབ་པའོ། །དང་པོ་ནི་བདེ་སོགས་ཞེས་པ་སྟེ། བདེ་སོགས་ཆོས་ཅན། རྟག་ཏུ་གནས་པ་མེད་དེ། སྣང་དུ་རུང་བས་རྟག་ཏུ་གནས་པར་མི་དམིགས་པའི་ཕྱིར་རོ། །གལ་ཏེ་སྣང་དུ་མི་རུང་བས་མི་སྣང་བ་དམིགས་པས་རྟག་ཏུ་གནས་པ་མི་ཁེགས་སོ་ཞེ་ན། འོ་ན་བདེ་བ་དེ་གསལ་བའི་དུས་སུ་དེ་སྣང་དུ་རུང་བར་མངོན་སུམ་དུ་གྲུབ་ན་མི་གསལ་བ་ནི། རང་བཞིན་དེ་དོར་རམ་མ་དོར། དང་པོ་ལྟར་ན་མི་རྟག་པ་ཁྱེད་ཉིད་ཀྱིས་ཁས་བླངས་ལ། གཉིས་པ་ལྟར་ན་རྟག་ཏུ་སྣང་དུ་རུང་བ་མ་དོར་བས་སྣང་རུང་དུ་གྲུབ་བོ་ཞེས་འཆད་པ་ནི་བདེ་སོགས་ཞེས་པའོ། །གཉིས་པ་ནི་གལ་ཏེ་བདེ་བ་མ་ཚོར་བ་ནི་སྔར་རགས་པ་ཕྱིས་ཕྲ་བར་གྱུར་པ་ཡིན་ནོ་སྙམ་ན། ཕྲ་རགས་རང་བཞིན་གཅིག་གམ་ཐ་དད། དང་པོ་ལྟར་ན་ཆོས་འགལ་བར་གནས་པ་རང་བཞིན་ཅིག་ཏུ་མི་རིགས་པ་ནི་དེ་ཉིད་ཅེས་པའོ། །གསུམ་པ་ནི་ཕྲ་རགས་གནས་སྐབས་ཡིན་པས་རང་བཞིན་ཐ་དད་དོ་སྙམ་ན། རགས་པ་དོར་ན་སྟེ་འོ་ན་སྐྱེ་འགག་དང་བཅས་པས་གནས་སྐབས་མི་རྟག་ཅེས་པའོ། །གཉིས་པ་ནི་གནས་སྐབས་མི་རྟག་པ་མེད་རང་བཞིན་རྟག་གོ་སྙམ་ན་དེ་བཞིན་དངོས་པོ་ཐམས་ཅད་ཅེས་གསུངས་ཏེ། བདེ་བ་ཞེས་པ་རང་བཞིན་གསུམ་གྱི་ཡོན་ཏན་གསུམ་གྱི་རང་བཞིན་ཆོས་ཅན། གསལ་བར་མི་རྟག་པ་ཡིན་ནོ་ཞེས་པ་བསྒྲུབ་བྱ། རགས་པ་བདེ་ལས་གཞན་མིན་ན་སྟེ། ཕྲ་རགས་མི་རྟག་པ་དང༌། བདག་གཅིག་པའི་ཕྱིར་རོ། །བུམ་པ་ཞིག་པ་དང་བདག་གཅིག་པའི་སྔོན་པོ་བཞིན་ནོ། །དེས་ན་གཙོ་བོ་མི་རྟག་པ་གྲུབ་ན་ཐམས་ཅད་ཀྱི་རང་བཞིན་ཡིན་ན་ཆོས་ཐམས་ཅད་མི་རྟག་པར་གྲུབ་བོ། །ཞེས་བྱ་བའོ། །སྐབས་སུ་བབ་པ་རང་ལས་སྐྱེ་བ་དགག་པ་ལ་བཞི་སྟེ། དགག་པའི་ཡུལ་བརྗོད་པ་དང༌། རང་གི་འདོད་པས་མ་ངེས་པ་དང༌། འཇུག་པ་འཆོལ་བ་དང༌། རྩོད་པ་སྤང་བའོ། །དང་པོ་ནི་གལ་ཏེ་ཞེས་པ་སྟེ། གྲངས་ཅན་པ་དེ་ཙམ་ལྔ་སྔར་མི་གསལ་བའི་དུས་ནའང་གཙོ་བོའི་ཁུག་མ་ན་ཡོད་པའི་ཕྱིས་གསལ་བ་ཙམ་སྟེ། འཇིམ་པའི་དུས་ན་བུམ་པ་གཙོ་བོའི་ཁུག་མ་ན་མི་གསལ་བ་ཡིན་ལ་རྫ་མཁན་ལ་སོགས་པས་ཕྱིས་གསལ་བ་ཡིན་ནོ། །དེས་ན་འབྲས་བུ་རང་ཉིད་ཡོད་པ་ཁོ་ན་སྐྱེ་བའི་སྔར་མེད་པ་ནི་མི་སྐྱེའོ། །མེད་པ་སྐྱེ་བ་ཅི་སྟེ་ཞེ་ན། གལ་ཏེ་ཞེས་སྨོས་ཏེ་སྔར་མེད་ཆོས་ཅན། ཕྱིས་ཀྱང་མི་བསྐྱེད་དེ། སྔར་མེད་པའི་ཕྱིར་དཔེར་ན་རི་བོང་གི་རྭ་འཇིམ་པ་ལ་མེད་པ་མི་སྐྱེ་བ་བཞིན་ནོ་ཞེས་བྱ་བའོ། །སྔར་མེད་ཀྱང་སྐྱེ་ན་འཇིམ་པ་ལས་རི་བོང་གི་རྭ་ཡང་ཅི་སྟེ་མི་སྐྱེ་ཞེས་བསམ་པའོ། །དེ་ལ་སྔར་མེད་པ་རྟགས་སུ་བཀོད་ན། ཕྱིས་ཀྱང་མི་སྐྱེ་བ་བསྒྲུབས་ན་བདེ་བ་ལ་སོགས་པ་གསལ་བའི་གནས་སྐབས་དེ་སྔར་མེད་ཕྱིས་སྐྱེ་བར་ཡུ་འུ་གཉི་ག་ལས་གྲུབ་པར་མ་ངེས་སོ་ཞེས་དོན་གཉིས་པ་འཆད་པ་ནི་གསལ་བ་ཞེས་པ་རྐང་པ་གཉིས་སོ། །གསུམ་པ་ནི་རྒྱུ་ལ་ལོངས་སྤྱོད་པ་འབྲས་བུ་ལ་ལོངས་སྤྱོད་པར་ཐལ་བ་དང༌། འབྲས་བུ་དོན་དུ་གཉེར་བས་རྒྱུ་ལ་འཇུག་པར་ཐལ་བ་དང༌། གཉིས་གལ་ཏེ་ཞེས་པ་དང་གཉིས་ཀྱི་ཞེས་པ་ནས་རིམ་པ་བཞིན་ནོ། །བཞི་པ་རྩོད་པ་སྤང་བ་ལ་གསུམ་སྟེ། འཇུག་པ་མཚུངས་པ་དང༌། འཇིག་རྟེན་རྨོངས་པར་འགལ་བ་དང༌། འབྲས་བུའི་འཇུག་པ་སླུ་བར་ཐལ་བའོ། །དང་པོ་ནི་རས་བལ་གྱི་ས་བོན་ལ་རས་ཡོད་ཀྱང་འཇིག་རྟེན་པ་རྨོངས་ནས་མ་རྟོགས་པས་ལོངས་སྤྱོད་མ་ནུས་པ་ཡིན་ནོ་ཞེ་ན། འཇིག་རྟེན་རྨོངས་པས་ལོངས་སྤྱོད་མ་ནུས་སུ་ཆུག་ཀྱང་དེ་ཉིད་ཤེས་པ་རྨོངས་པ་མེད་པ་སེར་སྐྱ་ལ་སོགས་པའང་རས་གྱོན་པ་ལ་རས་བལ་གྱི་ས་བོན་མི་གྱོན་པ་འགལ་ལོ། །ཞེས་འཆད་པ་ནི། འཇིག་རྟེན་ཞེས་པའི་རྒོལ་བ་དང༌། དེ་ཉིད་ཤེས་ཀྱིས་ཞེས་པའི་ལན་གྱིས་བསྟན་ཏོ། །གཉིས་པ་ནི་ཤེས་དེ་ཞེས་པ་སྟེ། འཇིག་རྟེན་རྨོངས་པ་དག་ནི་རྒྱུ་ཡིན་ལ། དེ་ཙམ་ཉི་ཤུ་རྩ་ལྔ་ཤེས་པའི་སྟོན་པ་ཐམས་ཅད་མཁྱེན་པ་ནི་འབྲས་བུ་ཡིན་པས་རྒྱུ་ལ་འབྲས་བུ་གནས་པས་ཐམས་ཅད་མཁྱེན་པའི་ཤེས་པ་དེ་འཇིག་རྟེན་པ་ལའང་ཡོད་ན་ཇི་ལྟར་རས་ཀྱི་ས་བོན་ལ་རས་ཡོད་པ་མི་ཤེས་ཞེས་བྱ་བའོ། །གསུམ་པ་ནི་འཇིག་རྟེན་ཞེས་པ་སྟེ། འཇིག་རྟེན་པ་ཚད་མ་མ་ཡིན་ན་འབྲས་བུ་ཉམས་སུ་མྱོང་བའི་བློ་གསལ་བ་མ་ཡིན་པ་ལ་གསལ་བར་མཐོང་བ་དེ་ཡང་བརྫུན་པར་འགྱུར་རོ། །ཞེས་བྱ་བའོ། །དེ་ལྟར་རང་རྒྱུད་དུ་སྦྱོར་བའི་དབང་དུ་བྱས་ན་གཏན་ཚིགས་བསྒྲུབས་ནས་དོན་དམ་པ་རང་བཞིན་མེད་པར་བསྒྲུབ་པ་ན་རྗེས་དཔག་ཚད་མར་མི་རུང་བ་སྤང་བའི་དོན་དུ་ཡོངས་གཅོད་མ་གྲུབ་ཀྱང་རྣམ་དཔྱད་ལ་ཚད་མ་མི་འགལ་ཞེས་བྱ་བ་སྟོན་ལ། ཐལ་འགྱུར་དུ་སྦྱོར་བའི་དབང་དུ་བྱས་ན་ཆོས་ཐམས་ཅད་རང་བཞིན་མེད་པ་སྟོན་པ་ལ་རྩོད་པ་སྤོང་བ་སྟོན་ཏོ། །དེ་ལ་གསུམ་སྟེ། རྒོལ་བ་དགོད་པ་དང༌། ཐལ་འགྱུར་དང་པོའི་ལན་ཡོངས་གཅོད་ཚད་མ་མ་ཡིན་པ་འདོད་པ་དང༌། ཐལ་འགྱུར་གཉིས་པའི་ལན་ཁྱབ་པ་མ་གྲུབ་སྟེ་རྣམ་དཔྱད་ཀྱང་ཚད་མར་མི་འགལ་བའོ། །དང་པོ་ནི་གལ་ཏེ་ཞེས་པ་སྟེ། ཁྱོད་དབུ་མ་པས་བློ་ནི་ཀུན་རྫོབ་ཡིན་པར་འདོད་ཅེས་བློ་འཁྲུལ་པར་ཁས་ལེན་ན། འོ་ན་སྤྲོས་པ་གཅོད་པའི་རྗེས་དཔག་ཚད་མའང་འཁྲུལ་པར་ཐལ་ལོ། །ཞེས་བྱ་བའམ། ཡང་ན་གཙོ་བོ་ལ་སོགས་པ་མི་བདེན་ན་བཀག་པ་དགག་བྱ་ལ་ལྟོས་པས་དགག་བྱ་མི་བདེན་པས་དེ་བཀག་པའི་སྟོང་ཉིད་ཀྱང་མི་བདེན་པར་ཐལ་ལ། དེ་འདོད་ན་དེ་ཉིད་དུ་ཞེས་པ་སྟེ་འོ་ན་སྟོང་པ་ཉིད་བསྒོམས་པ་དོན་མེད་པར་ཐལ་ཞེས་རྒོལ་བའོ། །དེ་ལ་ཐལ་འགྱུར་དང་པོ་འདོད་དོ་ཞེས་ལན་འདེབས་པ་ནི། བརྟགས་པའི་ཞེས་པ་སྟེ་བློ་ཐམས་ཅད་སུན་ཕྱུང་བས་ཚད་མ་མ་ཡིན་པའམ་དགག་བྱ་མ་གྲུབ་པས་དེ་བཀག་པའི་སྟོང་ཉིད་ཡོངས་གཅོད་ཀྱི་སྟོང་པ་ཉིད་དེ་གཞལ་བྱ་མི་བདེན་པས་ཚད་མ་མ་ཡིན་པར་འདོད་དོ་ཞེས་འཆད་པ་སྟེ། དངོས་མེད་གསལ་བར་བརྫུན་ཏེ། དགག་བྱ་བཀག་པ་འཛིན་པ་དེ་བརྫུན་ནོ། །ཅིའི་ཕྱིར་ཞེ་ན་བརྫུན་པའི་དངོས་པོ་གང་ཡིན་དེ། དགག་བྱ་བརྫུན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། བརྟག་པའི་དངོས་པོ་དགག་བྱ་བློས་མ་རེག་པ་སྟེ། དགག་བྱ་བློས་ཡུལ་དུ་མ་བྱས་པར་དེའི་དངོས་མེད་འཛིན་པ་མ་ཡིན་ཏེ། བཀག་པ་ལ་དམིགས་པའི་བློ་མི་འབྱུང་སྟེ། སུ་མེད་ཅེ་ན་འདི་མེད་ཅེས་དགག་བྱ་ངོས་མ་བཟུང་ན་བྱེ་བྲག་མེད་པ་སྤྱིར་བཀག་པའི་ཕྱིར་རོ། །དེས་དགག་བྱ་བརྫུན་ན་བཀག་པ་ཡང་བརྫུན་ཏེ། མོ་གཤམ་གྱི་བུ་བརྫུན་ན་ཤི་བ་ཡང་བརྫུན་ནོ། །ཞེས་བྱ་བ་བཞིན་ནོ་ཞེས་བྱ་བའོ། །འོ་ན་སྟོང་པ་ཉིད་བསྒོམས་པ་དོན་མེད་པར་ཐལ་ཞེས་པའི་ཐལ་འགྱུར་གཉིས་པའི་ལན་དེ། ཁྱབ་པ་མ་གྲུབ་པར་སྟོན་པ་ནི་དེས་ན་ཞེས་པ་སྟེ། རྨི་ལམ་གྱི་བུ་བརྫུན་པ་དེས་ན་ཤི་ནས་མེད་སྙམ་པའི་རྣམ་རྟོག་དེ་བརྫུན་པ་ཡིན་ཡང༌། དེ་ཡོད་རྣམ་པར་རྟོག་པའི་གེགས་ཡིན་ཏེ། ཡོད་པར་འཛིན་པའི་སྒྲོ་འདོགས་ཀྱི་གཉེན་པོ་བྱེད་པས་འཁྲུལ་པ་མེད་པའི་ཆ་ཡོད་དེ། དེ་བཞིན་དུ་སྟོང་ཞེས་དགག་བྱ་ཁེགས་པའི་དོན་སྤྱི་ཤར་བ་དང་དེ་ཕྱི་རོལ་དུ་ཞེན་པའི་སྟོང་པ་ཡོངས་གཅོད་དེ་བརྫུན་ཡང་དངོས་པོར་འཛིན་པའི་སྒྲོ་འདོགས་སྐྱེ་བའི་གོ་སྐབས་བཅོམ་སྟེ་ཡོད་པར་འཛིན་པའི་སྒྲོ་འདོགས་སེལ་བའི་ཆ་རྣམ་དཔྱོད་ཙམ་ལ་ཚད་མའི་ཆ་ཡོད་པ་མི་འགལ་ལོ་ཞེས་བྱ་བ་ནི་དབུ་མ་རང་རྒྱུད་པས་སྦྱོར་ལ། དབུ་མ་ཐལ་འགྱུར་དུ་བྱེད་ན། དེ་ལ་བརྫུན་པ་ཡིན་ཞེས་བྱ་སྟེ་རྣལ་འབྱོར་གྱི་ཀུན་རྫོབ་ཙམ་ཡིན་ལ་དེས་ཀྱང་ལོག་རྟོག་གཞན་གྱི་གེགས་བྱེད་དོ་ཞེས་བྱ་བའོ། །དེ་བས་ཞེས་བྱ་བ་ལ་སོགས་པས་སྐྱེ་མེད་དུ་བསྟན་པའི་དོན་བསྡུས་ཏེ་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་པར་འབྱུང་བ་ཙམ་དུ་སྟོན་ཏེ། འདི་ལ་གསུམ་སྟེ། སྐྱེ་བ་བཞི་པོ་དགག་པའི་དོན་བསྡུ་བ་དང༌། དེ་སྐྱེ་མེད་འགག་མེད་དང་འགྲོ་འོང་མེད་པ་ཉིད་དུ་བསྟན་པ་དང༌། དེའི་ཤུགས་ལས་རྟེན་འབྲེལ་སྒྱུ་མ་ཙམ་དུ་བསྟན་པའོ། །དང་པོ་ནི་དེ་བས་ཞེས་པ་སྟེ། རྒྱུ་མེད་ནི་རྒྱུ་མེད་དངོས་སོ། །སོ་སོ་བ་ནི་རང་དང་གཞན་ནོ། །ལུས་པ་ནི་གཉི་གའོ། །གཉིས་པ་ནི་གཞན་ནས་ཞེས་པ་སྟེ། གཞན་ནས་མ་འོངས་པ་ནི་སྐྱེ་བ་མེད་པའོ། །གནས་པ་མ་ཡིན་པ་ནི་གནས་པ་དང་བྲལ་བའོ། །འགྲོ་མ་ཡིན་ཞེས་པ་ནི་འགག་པ་དང་བྲལ་བ་སྟེ། དེ་ཁོ་ན་འདུས་བྱས་ཀྱི་མཚན་མ་གསུམ་དང་བྲལ་བའོ། །གསུམ་པ་རྟེན་འབྲེལ་སྒྱུ་མ་ཙམ་དུ་བརྟག་པ་ལ་གསུམ་སྟེ། སྒྱུ་མ་ལྟ་བུར་བསྟན་པ་དང༌། དེ་རྟེན་འབྲེལ་དུ་བསྟན་པ་དང༌། རྟེན་འགྲེལ་གྱི་ཁྱབ་བསྒྲུབ་ཀྱིས་རྟེན་འབྲེལ་རང་བཞིན་མེད་པར་བསྟན་པའོ། །དང་པོ་ནི་རྨོངས་པས་ཞེས་པ་སྟེ། རིགས་པའི་ཤེས་པས་བདེན་པ་ཁེགས་པ་ན་སྣང་བ་འདི་སྒྱུ་མ་ལྟར་འགྲུབ་བོ་ཞེས་བྱ་བའོ། །གཉིས་པ་ནི་སྒྱུ་མ་ཞེས་བྱ་བ་ལ་སོགས་པ་སྟེ། འདིར་རང་གི་ངོ་བོ་རྣམ་པར་དཔྱད་པའི་རྟེན་འབྲེལ་ཞེས་བྱ་བར་སྟོན་ཏེ་འདིའི་གཞུང་རང་རྒྱུད་དུ་སྟོན་པ་གཙོ་ཆེའོ། །དེ་ལ་བཞི་སྟེ། རྟགས་དགོད་པ་དང༌། རྗེས་སུ་འགྲོ་བའི་ཁྱབ་པ་བསྟན་པ་དང༌། དེའི་དཔེ་དང༌། དོན་ལ་སྦྱར་བའོ། །དང་པོ་ནི་དེ་ལ་ཞེས་བྱ་བ་སྣང་བ་འདི་ཆོས་ཅན་ནོ། །བདེན་པ་ག་ལ་ཡོད་ཅེས་བྱ་བ་བདེན་པའི་རང་བཞིན་གྱི་སྟོང་པ་ནི་བསྒྲུབ་བྱའོ། །འབྲས་བུ་གང་ཞིག་རྒྱུ་གང་ཉེ་བས་མཐོང་ལ་རྒྱུ་མེད་ན་འབྲས་བུ་ཡོད་པ་མིན་པ་ནི་རྟེན་འབྲེལ་གྱི་རང་བཞིན་རྒྱུ་འབྲས་རྗེས་སུ་འགྲོ་ལྡོག་བྱེད་པའི་ཕྱིར་གཏན་ཚིགས་སོ། །གཉིས་པ་ནི་བཅོས་སུ་གཟུགས་བརྙན་དང་མཚུངས་ཏེ། རང་བཞིན་ཡིན་ན་རྒྱུ་དང་རྐྱེན་གྱིས་བཅོས་སུ་མི་འཐད་པས་རྒྱུ་རྐྱེན་ལས་བྱུང་བ་ལས་བཅོས་མས་ཁྱབ་ལ་དེ་དང་བདེན་པ་འགལ་བ་བདེན་པ་ཁེགས་ཏེ། དགག་བྱ་བདེན་པ་དང་དེ་ལས་བཅོས་མ་མ་ཡིན་པས་ཁྱབ་པ་ལ། དེ་དང་འགལ་བ་རྐྱེན་གྱིས་བཅོས་པ་དམིགས་པས་ཁྱབ་བྱེད་འགལ་བ་དམིགས་པའོ། །གསུམ་པ་རྐྱེན་གྱིས་བཅོས་པ་ལ་དབེན་པས་ཁྱབ་པའི་དཔེ་ནི་སྒྱུ་མས་སྤྲུལ་པ་གང་ཡིན་པའི་བཅོས་མ་དེ་ནི་གང་ནས་འོངས་ཏེ། བདེན་པ་སྐྱེ་བས་དབེན་ལ། གང་དུ་འགྲོ་སྟེ་བདེན་པའི་འགག་པས་དབེན་ཏེ། གནས་པ་དབེན་པ་ཤུགས་ལས་གོའོ། །བཞི་པ་ནི་སྤྱིར་བཅོས་མ་ཙམ་ལ་བདེན་པའི་རང་བཞིན་གྱིས་དབེན་པས་ཁྱབ་པ་ནི་རྐྱེན་གྱིས་བཅོས་པ་ལའང་བདེན་པའི་རང་བཞིན་གྱིས་བདེན་པས་མ་ཁྱབ་བམ་སྙམ་པའི་དོགས་པའི་ཤུགས་ལས་ཁེགས་པ་ནི། རྒྱུ་རྣམས་ཀྱིས་ནི་གང་སྤྲུལ་པ། །དེ་ནི་གང་ནས་འོངས་ཏེ་སྐྱེ་བ་གང་ཡིན། གང་དུ་འགྲོ་སྟེ་འགག་པ་གང་ཡིན། དེས་ན་གནས་པའང་མེད་དོ་ཞེས་བྱ་བའོ། །གལ་ཏེ་རྟེན་འབྲེལ་ཡིན་ཡང་དོན་དམ་པའི་རང་བཞིན་ཡིན་ན་ཅི་འགལ་ཁྱབ་པ་མ་གྲུབ་ཅེ་ན། དེའི་ལྡོག་པའི་ཁྱབ་པ་བསྒྲུབ་པ་ནི། འབྲས་བུ་རྣམ་པར་དཔྱད་པ་ཡིན་མིན་སྐྱེ་འགག་འཆད་དོ། །དེའང་དོན་དམ་པའི་རང་བཞིན་དེ་ཆོས་ཅན། རྟེན་འབྲེལ་མ་ཡིན་ཏེ། འབྲས་བུ་ཡོད་པ་དང་མེད་པ་སྐྱེ་བ་མི་འཐད་པའི་ཕྱིར་རོ། །ཞེས་པ་རྟེན་འབྲེལ་དོན་དམ་པའི་རང་བཞིན་ལ་བཀག་པས་རྟེན་འབྲེལ་ལ་དོན་དམ་པའི་རང་བཞིན་གྱིས་མ་ཁྱབ་པ་དང༌། རྟེན་འབྲེལ་བརྫུན་མས་ཁྱབ་པ་གྲུབ་པའོ། །དེའི་དོན་ལ་གཉིས་ཏེ། གཏན་ཚིགས་ཀྱི་དོན་དང་རྟགས་ཀྱི་ངེས་པའི་དོན་ཏོ། །དང་པོ་ལ་གཉིས་ཏེ། ཡོད་པ་སྐྱེ་བ་དགག་པ་དང༌། མེད་པ་སྐྱེ་བ་དགག་པའོ། །དང་པོ་ནི་དངོས་པོ་ཡོད་པར་ཞེས་པ་སྟེ། རྒྱུའི་བསྐྱེད་བྱ་ཡིན་པ་ལ་བསྐྱེད་དགོས་པས་ཁྱབ་པ་ལ་ཡོད་པར་འཛིན་པ་དང་བསྐྱེད་དགོས་པར་འཛིན་པར་འགལ་བར་ངེས་པའི་རིག་པའི་ཤུགས་ལས་གྲུབ་པས་དགོས་པ་མེད་པའི་བསྐྱེད་བྱ་མ་ཡིན་ནོ་ཞེས་བྱ་བའོ། །མེད་པ་སྐྱེ་བ་དགག་པ་ལ་གསུམ་སྟེ། རིགས་པ་མདོར་གཞག་པ་དང༌། དངོས་མེད་རྒྱུའི་ནུས་པ་ཡུལ་དུ་འགལ་བ་དང༌། ནུས་པའི་ཡུལ་ཉིད་དགག་པའོ། །དང་པོ་འོན་ཏེ་ཞེས་པ་སྟེ། བསྐྱེད་པ་ལ་ཁྱད་པར་དུ་བྱར་ཡོད་པས་ཁྱབ་པ་ལས་ཁྱད་པར་བྱར་ཡོད་པ་དང་དངོས་པོའི་ངོ་བོ་མ་གྲུབ་པ་འགལ་བ་དངོས་པོ་མེད་པ་ལ་རྒྱུས་བསྐྱེད་པའི་དགོས་པ་མེད་པས་བསྐྱེད་བྱ་མ་ཡིན་ནོ་ཞེས་བྱ་བའོ། །གཉིས་པ་ནི་གལ་ཏེ་མེད་པ་ལ་དུས་ཕྱིས་བདག་ཐོབ་པར་བྱེད་པ་ནི་རྒྱུའི་དགོས་པ་ཡིན་པས་ཅི་སྟེ་མི་དགོས་ཤེ་ན། མི་དགོས་པས་དེ་ཉིད་རྒྱས་པར་གཏན་ལ་དབབ་པ་བསྒྲུབ་པའི་བྱེ་བ་བརྒྱ་ཕྲག་ཅེས་པ་ལ་སོགས་པ་སྟེ། དངོས་མེད་དེ་རྒྱུ་བྱེ་བ་བརྒྱ་ཕྲག་ཙམ་གྱི་ཡང་བསྐྱེད་བྱ་མ་ཡིན་ཏེ། བསྒྱུར་བ་མེད་པའི་ཕྱིར་རོ། །དེའང་ཁྱབ་བྱེད་མི་དམིགས་པའོ། །གལ་ཏེ་སྔར་ཡོད་པ་གཞན་དུ་བསྒྱུར་དུ་མེད་ཀྱང་སྔར་མེད་པ་ཕྱིས་དངོས་པོའི་ངོ་བོ་ཐོབ་པར་བྱེད་པས་བསྒྱུར་དུ་ཡོད་དོ་ཞེ་ན། ཕྱིས་ཀྱི་དངོས་པོར་གྱུར་པ་དེ་སྔར་གྱི་དངོས་མེད་མ་དོར་བར་དངོས་པོར་འགྱུར་རམ་དོར་ནས་འགྱུར་རོ། །དང་པོ་འགོག་པ་ནི། གནས་སྐབས་དེ་དངོས་ཇི་ལྟར་ཡིན། །ཞེས་པ་སྟེ། དངོས་པོ་དང་དངོས་མེད་ནི་ཕན་ཚུན་སྤངས་པ་འགལ་བ་ཡིན་པས་དངོས་མེད་ཀྱི་རང་བཞིན་ནི་དངོས་པོར་འགལ་ལོ། །དེ་ཉིད་བཤད་པ་ནི་མེད་ཚེ་ཞེས་རྐང་པ་གཉིས་སོ། །གཉིས་པ་འགོག་པ་ནི་དངོས་འགྱུར་ཞེས་པ་སྟེ། དངོས་མེད་ཀྱི་སྐབས་དེ་ཆོས་ཅན། ཕྱིས་དོར་ནས་དངོས་པོར་མི་འགྱུར་ཏེ། དངོས་མེད་དེ་མི་འགལ་བའི་ཕྱིར་རོ། །དངོས་པོར་འགྱུར་བ་ལ་དངོས་མེད་འགག་པས་ཁྱབ་ལ་དངོས་མེད་འགག་པ་མེད་པའི་ཕྱིར་རོ། །དེའི་གཏན་ཚིགས་མ་གྲུབ་བོ་ཞེ་ན། དངོས་མེད་འགག་པ་ཡིན་ན་མི་རྟག་པ་ལ་དངོས་པོས་ཁྱབ་པས་དངོས་མེད་དངོས་པོར་ཐལ་ལོ། །ཐ་བ་ལས་དངོས་པོ་མ་ཡིན་པའི་ཕྱིར་མི་རྟག་པ་མེད་ཅེས་པ་ཁྱབ་བྱེད་མི་དམིགས་པས་དངོས་མེད་འགག་པ་བཀག་པས་ཕྱོགས་ཆོས་གྲུབ་བོ། །དེ་འཆད་པ་ནི། དངོས་འགྱུར་གཞན་ཡང་གང་ཞིག་ཡིན། །ཞེས་པས་བསྟན་པ་དང༌། དངོས་པོ་ཞེས་པའི་ཚིགས་སུ་བཅད་པས་བཤད་པའི་སྒོ་ནས་བསྟན་ཏོ། །དེ་ལྟར་དངོས་མེད་དངོས་པོར་མི་འགྱུར་བས་བསྟན་ནས། དངོས་པོ་མེད་པའི་གནས་སྐབས་གཞན་དུ་མི་འགྱུར་བ་ནི་དངོས་པོའང་ཞེས་པ་སྟེ། དངོས་མེད་ཆོས་ཅན་གཉིས་སུ་ཐལ་ཏེ་འགྱུར་བའི་ཕྱིར་ཞེས་པ་ནི་རང་བཞིན་གྱི་རྟགས་ཀྱི་ཐལ་འགྱུར་ཡིན་ལ། གཉིས་མེད་པའི་ཕྱིར་ཞེས་པ་ནི་འགྱུར་བ་མེད་པ་སྟེ་ཁྱབ་བྱེད་མི་དམིགས་པའི་རང་རྒྱུད་དོ། །རྟགས་ཀྱིས་ངེས་པའི་དོན་བསྡུ་བ་ལ་གསུམ་སྟེ། མཐའ་གཉིས་ལས་གྲོལ་བ་དང༌། སྒྱུ་མ་ལྟར་གནས་པ་དང༌། སྲིད་པ་ཞི་བ་མཉམ་པ་ཉིད་དོ། །དང་པོ་ནི་དེ་ལྟར་ཞེས་པ་སྟེ། འགག་པ་ཡོད་མིན་པས་རྟག་ཏུ་མ་འགགས་ཉིད་ཅེས་སྦྲེལ་ལ། དངོས་པོ་ཡོད་མིན་པས་འགྲོ་བ་འདི་དག་ཐམས་ཅད་རྟག་ཏུ་མ་སྐྱེས་ཉིད་ཅེས་བྱ་བའོ། །གཉིས་པ་འཁྲུལ་པའི་དམིགས་པར་གྲུབ་པ་དང༌། བདེན་པའི་སྙིང་པོས་སྟོང་པ་ཉིད་འགྲོ་བ་ཞེས་པ་དང༌། རྣམ་པར་དཔྱད་ན་ཞེས་པ་ནས་རིམ་པ་བཞིན་ནོ། །གསུམ་པ་ནི། མྱ་ངན་འདས་དང་ཞེས་པ་སྟེ། འཁོར་བ་དང་མྱ་ངན་ལས་འདས་པ་ཁྱད་པར་མེད་དོ། །ཀུན་ཏུའམ་ཞེ་ན་དེ་ཉིད་དུ་ན་སྟེ། དོན་དམ་པར་སྟོང་པ་ཉིད་དུ་རོ་གཅིག་པ་ཡིན་ནོ། །སྟོང་པ་ཉིད་བསྒོམས་པའི་འབྲས་བུ་ལ་ཁ་ཅིག་འདི་ལྟར་འཆད་དེ། རང་གི་དོན་དང༌། གཞན་གྱི་དོན་གཉིས་སོ། །དང་པོ་ལ་གཉིས་ཏེ། མངོན་པར་ཞེན་པ་ཞི་བ་དང༌། སྡུག་བསྔལ་ཞི་བའོ། །དང་པོ་ལ་གཉིས་ཏེ། མངོན་པར་ཞེན་པའི་ཡུལ་འཇིག་རྟེན་པའི་ཆོས་མ་གྲུབ་པ་དང༌། དེ་ལྟར་བརྟེན་པའི་སྲིད་པ་ལྡོག་པའོ། །དང་པོ་ནི། དེ་ལྟར་སྟོང་པའི་དངོས་རྣམས་ལ། །ཞེས་པ་སྟེ། ཐོབ་པ་དང་ཤོར་བ་མེད་པ་ནི་རྙེད་མ་རྙེད་ཀྱིས་སྟོང་པའོ། །རིམ་གྲོ་དང་ཡོངས་སུ་བརྙས་པ་མེད་པ་ནི་བསྟོད་སྨད་མེད་པའོ། །བདེ་སྡུག་ནི་རང་གི་མིང་གིས་བསྟན་ཏོ། །དགའ་མི་དགའ་ནི་གྲགས་མ་གྲགས་སོ། །གཉིས་པ་དེ་ལ་བརྟེན་པའི་སྲིད་པ་ལྡོག་པ་ནི་དེ་ཉིད་དུ་ཞེས་པ་ལ་སོགས་པ་སྟེ། དོན་དམ་པར་ཆགས་པའི་བྱེད་པ་པོ་དང་ཆགས་པའི་ཡུལ་མ་གྲུབ་པ་སྤྱིར་བསྟན་པ་ནི་དེ་ཉིད་དུ་ནི་ཞེས་པའོ། །དེ་རྒྱས་པར་བཤད་པ་ལ་བྲལ་ནས་མི་དགའ་ཞིང་ཕྲད་ན་དགའ་བའི་ཚེ་རིང་ཐུང་མ་གྲུབ་པ་ནི་དཔྱད་ན་ཞེས་པའོ། །མངོན་པར་དགའ་བའི་ཡུལ་མ་འོངས་པ་མ་གྲུབ་པ་ནི་འབྱུང་འགྱུར་ཞེས་པའོ། །ལྷག་པར་ཆགས་པའི་ཡུལ་ད་ལྟར་བ་དང༌། རྗེས་སུ་དྲན་པའི་ཡུལ་འདས་པ་མ་གྲུབ་པ་ནི་འབྱུང་འགྱུར་ཞེས་བྱ་བའོ། །སྡུག་པའི་སྐྱེ་བོ་མ་གྲུབ་པ་ནི་གཉེན་དང་ཞེས་པའོ། །དོན་བསྡུ་བ་ནི་ཐམས་ཅད་ནམ་མཁའ་འདྲ་བ་སྟེ། སྟོང་པར་བདག་འདྲས་ཞེས་རང་དང་འདྲ་བས་སོ་སོའི་སྐྱེ་བོ་རྣམས་ཀྱིས་གཟུང་བར་གྱིས་ཞེས་གདམས་པ་སྟེ། འཕགས་པ་ནི་གདམས་པའི་ཡུལ་མ་ཡིན་ནོ། །སྡུག་བསྔལ་སྤོང་བ་ནི་སྟོང་པ་ཉིད་མ་རྟོགས་ན་སྡུག་བསྔལ་འབྱུང་བར་དངོས་སུ་བསྟན་པས་སྟོང་པ་ཉིད་རྟོགས་ན་སྡུག་བསྔལ་ལྡོག་པར་ཤུགས་ལས་གྲུབ་པའོ། །དེ་ལ་སྟོང་པ་ཉིད་མ་རྟོགས་པའི་སྡུག་བསྔལ་གཉིས་ཏེ། མཐོང་བའི་སྡུག་བསྔལ་རྩོམ་པས་བསྡུས་པ་དང༌། ཚེ་གཞན་གྱི་སྡུག་བསྔལ་ལོ། །དང་པོ་ནི་བདག་ཉིད་ཅེས་པ་སྟེ། སྟོང་པ་ཉིད་མ་རྟོགས་པ་དེ་བདག་ཉིད་བདེ་བར་འདོད་པ་རྣམས་ལ་ཚེ་འདིར་དཀའ་བའི་སྡུག་བསྔལ་དག་གིས་ཚེགས་ཆེ་ན་འཚོ་བའོ། །དགེ་བའི་ལས་ལ་ངལ་བའམ་ཞེ་ན། སྡིག་པ་དག་གིས་སོ། །ཇི་ལྟ་བུ་ཞེ་ན་དགྲ་ལས་འཐབ་པའི་རྒྱུ་དག་གིས་ཞེ་སྡང་རབ་ཏུ་འཁྲུགས་པར་བྱེད་དེ། དེ་ལས་འབད་རྩོལ་དང་དེ་ལས་ཕན་ཚུན་གཅོད་དམ་འབིགས་པ་དང་ཞེ་སྡང་ལས་སྐྱེས་པའི་སྡིག་པ་སོག་གོ །བཤེས་ལ་སྤྲོ་བའི་རྒྱུ་དག་གིས་ཕྲད་ན་དགའ་བ་དང༌། འབད་རྩོལ་བྱེད་པ་ལ་མ་ཕྲད་ན་མྱ་ངན་བྱེད་པས་དེ་ལས་སྐྱེ་བའི་སྡིག་པ་སོག་གོ །ཞེས་པའོ། །མ་མཐོང་བའི་སྡུག་བསྔལ་ལ་བཞི་སྟེ། ངན་སོང་གི་སྡུག་བསྔལ་དང༌། སྡུག་བསྔལ་བརྒྱུད་མར་འཇུག་པ་དང༌། སྡུག་བསྔལ་དུ་མ་ཤེས་པ་དང༌། མྱོང་བར་འགྱུར་བའི་སྡུག་བསྔལ་གྱི་རྣམ་པའོ། །དང་པོ་ནི་བདེ་འགྲོ་ཞེས་པ་སྟེ། བདེ་འགྲོར་ཡང་དང་ཡང་འོངས་ནས་ལྷུང་ངོ༌། །ནམ་ཞེ་ན་ཤི་ནས་སོ། །གར་ལྷུང་ཞེ་ན། ངན་སོང་གི་སྡུག་བསྔལ་མི་བཟད་དེ་བརྣག་དཀའ་བ་དེར་རོ། །ཇི་ཙམ་དུ་ཞེ་ན་ཡུན་རིང་དུའོ། །གཉིས་པ་ནི་གལ་ཏེ་སྡུག་བསྔལ་དེ་ལས་ཐར་ནས་སྡུག་བསྔལ་མེད་དམ་ཞེ་ན། སྲིད་པ་ན་ནི་ཨེ་མ་སྡུག་བསྔལ་བརྒྱུད་མར་འཇུག་ཅེས་སྦྲེལ་ཏེ། ལམ་རྒྱུད་ལྔ་ལ་བརྟེན་ནས་འཁོར་བ་བྲེང་ཆགས་པར་འཇུག་གོ །ཅིའི་ཕྱིར་ཞེ་ན། རྒྱུ་མཚན་ལྔ་སྟེ། སྡུག་བསྔལ་གྱི་རྩ་བ་མ་ཞི་བ་དང༌། བཟློག་པའི་ཐབས་མེད་པ་དང༌། བར་ཆོད་མང་བ་དང༌། རྟེན་བརྟེན་དཀའ་བ་དང༌། རྒྱུ་སྤང་དཀའ་བས་སོ། །དང་པོ་ནི་སྲིད་པ་ན་ནི་ཞེས་པ་སྟེ། སྲིད་པ་ན་ནི་དེ་ཉིད་འདི་འདྲ་མེད་དེ་དེ་ཁོ་ནར་རྟོགས་པའི་ཤེས་རབ་མེད་པས་དངོས་པོར་མངོན་ཞེན་མ་ཞི་བས་སྡུག་བསྔལ་གྱི་རྩ་བ་མ་ཞི་བའོ། །དེ་ཁོ་ན་རྟོགས་པའི་ཤེས་རབ་མེད་པ་ཅི་སྟེ་ཞེ་ན་ཕན་ཚུན་འགལ་བ་སྟེ་དེ་དང་འགལ་བའི་འགལ་ཟླ་ཡོད་པས་སོ། །གང་ཞེ་ན་གཡང་ས་མང་སྟེ། འབྲས་བུ་སྡུག་བསྔལ་གྱིས་གཟིར་བ་དང༌། དེ་ཉིད་མིན་ཏེ་རྒྱུ་གཏི་མུག་གིས་བསྒྲིབས་པའོ། །གཉིས་པ་ནི་དེར་ཡང་ཞེས་པ་སྟེ། དེར་ཡང་དཔེ་མེད་མི་ཟད་པའི། །སྡུག་བསྔལ་རྒྱ་མཚོ་མཐའ་ལས་འདས། །བཟློག་པའི་ཐབས་ནི་ག་ལ་ཡོད། །ཅེས་སྦྲེལ་ཏོ། །ཅིའི་ཕྱིར་བཟློག་པའི་ཐབས་མེད་ཅེ་ན། གཉེན་པོ་རྣམ་དཔྱོད་ཤིན་ཏུ་རྙེད་པར་དཀའ་བ་དང༌། མི་མཐུན་ཕྱོགས་ཕྱིན་ཅི་ལོག་གི་རྣམ་གཡེང་གོམས་པས་སོ། །ཇི་ལྟར་རྣམ་དཔྱོད་རྙེད་པར་དཀའ་བ་ཞེ་ན། དེའི་དེ་ལྟར་བརྩོན་འགྲུས་ཞེན་པས་སྟོབས་ཆུང་ཞིང༌། དལ་བ་མི་བརྟན་པས་ཚེ་ཐུང་བས་སོ། །ཇི་ལྟར་རྣམ་གཡེང་གོམས་ཤེ་ན། གསོན་པར་བྱེད་པ་དང་ནད་མེད་པར་བྱེད་པས་ངལ་བ་དང༌། བཀྲེས་པ་དང་ན་བས་ངལ་བ་དང༌། གཉིད་དང་འཚོ་བས་དོན་མེད་པར་འདའ་བ་དང༌། བྱིས་པ་དང་འགྲོགས་ན་དོན་མེད་པའི་སྤྱོད་པས་ཚེ་དོན་མེད་པར་འདས་པའོ། །གསུམ་པ་ནི་གཉིས་ཏེ་ཕྱིའི་བར་ཆོད་དང༌། ནང་གི་བར་ཆོད་དོ། །དང་པོ་ནི། དེར་ཡང་བདུད་ནི་བརྩོན་པར་བྱེད། །ཅེས་སྦྲེལ་ལོ། །ཅིའི་དོན་དུ་ཞེ་ན། ངན་སོང་ཆེན་པོར་ལྷུང་ཕྱིར་ཏེ། དགའ་རབ་དབང་ཕྱུག་གི་བཙུན་མོ་པདྨའི་ཕྲེང་བ་ཅན་གྱིས་མེ་ཏོག་གི་མདའ་འཕེན་པ་ལ་སོགས་པའོ། །གཉིས་པ་ནི་དེར་ནི་ཞེས་པས་ལོག་པའི་ལྟ་བ་ལ་གནས་པ་དང༌། ཐེ་ཚོམ་ཞེས་པས་ཡང་དག་པའི་ལམ་ལ་ཐེ་ཚོམ་གྱིས་ཟིན་པས་སོ། །བཞི་པ་རྟེན་རྙེད་པར་དཀའ་བ་ནི་ཚེ་འདི་འཕོས་པ་ནས་སླར་ཡང་དལ་བ་རྙེད་དཀའ་ཞེས་པས་མི་ཁོམ་པ་བརྒྱད་ལས་ལོག་པ་དང༌། རང་གི་འབྱོར་པ་རྙེད་པར་དཀའ་བ་བཤད་ལ། སངས་རྒྱས་འབྱུང་བ་ཤིན་ཏུ་རྙེད་དཀའ་ཞེས་པས་གཞན་གྱི་འབྱོར་པ་རྙེད་པར་དཀའ་བ་བཤད་དོ། །ལྔ་པ་རྒྱུ་སྤང་དཀའ་བ་ནི་ཉོན་མོངས་ཆུ་བོ་སྤང་དཀའ་ཞེས་པ་སྟེ། འདོད་པ་དང་སྲེད་པ་དང་ལྟ་བ་དང་མ་རིག་པའི་ཆུ་བོ་སྤང་དཀའ་བའོ། །དེས་ན་རྒྱུ་མཚན་ལྔ་པོ་དེས། ཨེ་མ་སྡུག་བསྔལ་བརྒྱུད་མར་འགྱུར། །ཞེས་པའོ། །གསུམ་པ་བྱིས་པ་རྣམས་ཀྱིས་སྡུག་བསྔལ་ལ་སྡུག་བསྔལ་དུ་མ་ཤེས་པའི་དོན་དང༌། དཔེ་གཉིས་དེ་ལྟར་ཞེས་པ་དང༌། དཔེར་ན་ཞེས་པ་སྟེ། སྡུག་བསྔལ་སྡུག་བསྔལ་དུ་མ་ཤེས་པ་ནི་འདུ་བྱེད་ཀྱི་སྡུག་བསྔལ་ལ་སྡུག་བསྔལ་དུ་མ་ཤེས་པ་ཡིན་ལ། ཁྲུས་བྱས་ནས་མར་འཇུག་པ་ནི་གྲང་བས་ཉེན་པ་དྲོ་བར་འདོད་ནས་མེར་འཇུག་པ་ཡིན་ནོ་ཞེས་འགྲེལ་ཆེན་བྱེད་པས་འཆད་ལ། ཁ་ཅིག་གིས་མུ་སྟེགས་ཀྱི་བརྟུལ་ཞུགས་འཛིན་པ་ལ་བརྗོད་དོ། །བཞི་པ་མྱོང་བར་འགྱུར་བའི་སྡུག་བསྔལ་གྱི་རྣམ་པ་ནི་དེ་ལྟར་ཞེས་པ་སྟེ། རྒ་བ་དང་འཆི་བ་མེད་པར་རློམ་པ་ལ་འཆི་བ་དང་ངན་སོང་བྱུང་ངོ་ཞེས་བྱ་བའོ། །དེ་ལྟར་རང་གིས་སྟོང་པ་ཉིད་མ་རྟོགས་ན་སྡུག་བསྔལ་དེ་དག་འབྱུང་བས་རྟོགས་ན་དེ་ལྡོག་པ་ནི། སྟོང་པ་ཉིད་རྟོགས་པའི་འབྲས་བུར་སྒྲུབ་པས་རང་དོན་ཡིན་ནོ་ཞེའོ། །དེས་ན་གཞན་དོན་ལ་གཉིས་ཏེ། སྡུག་བསྔལ་ཞི་བ་དང༌། མངོན་ཞེན་ཞི་བའོ། །དང་པོ་ནི་དེ་ལྟར་ཞེས་པ་སྟེ། དེ་ལྟར་སྡུག་བསྔལ་མེས་གདུངས་ལ། །ཞི་བར་བྱེད་པར་ནམ་ཞིག་འགྱུར། །ཞེས་སྦྲེལ་ཏོ། །ཐབས་གང་གིས་ཤེ་ན་རང་གི་བདེ་བའི་ཚོགས་ཆར་གྱིས་སོ། །བདེ་བའི་ཆར་དེ་གང་ལས་བྱུང་ཞེ་ན། བསོད་ནམས་སྤྲིན་ལས་ལེགས་འབྱུང་བའི། །ཞེས་པའོ། །མངོན་ཞེན་ཞི་བ་ནི་ནམ་ཞིག་ཅེས་པ་སྟེ། ནམ་ཞིག་སྟོང་པ་ཉིད་ནི་སྟོན་པར་འགྱུར། །ཞེས་སྦྲེལ་ཏོ། །སུ་ལ་ཞེ་ན། དམིགས་པས་ཕུང་པར་གྱུར་པ་རྣམས་ལའོ། །རྒྱུ་གང་ལས་ཤེ་ན། དམིགས་པ་མེད་པ་ཡེ་ཤེས་ཀྱི་ཚོགས་དང༌། གུས་པས་བསོད་ནམས་བསག་པ་བསོད་ནམས་ཀྱི་ཚོགས་ལ་བརྟེན་ནས་སོ། །དེ་ལ་གོང་དུ་བཤད་པའི་སྡུག་བསྔལ་དེ་དག་སེལ་བ་རང་དོན་དུ་བཤད་པ་ནི་གཞུང་གི་ཆ་ལ་མ་འགྲིག་སྟེ། སྟོང་པ་ཉིད་མ་རྟོགས་ན་སྡུག་བསྔལ་དེ་དག་རང་གིས་མྱོང་བར་བརྗོད་དམ། གཞན་གྱིས་མྱོང་བར་བརྗོད། དང་པོ་ལྟར་ན། དེ་ལྟར་སྡུག་བསྔལ་མེས་གདུངས་ལ། །ཞེས་པའང་རང་གི་སྡུག་བསྔལ་འཇུག་པས་དེ་ཞི་བར་བྱེད་པར་ནམ་ཞིག་འགྱུར་ཞེས་པའང་རང་དོན་དུ་འགྱུར་རོ། །གཉིས་པ་ལྟར་ན་སྡུག་བསྔལ་གཞན་ལས་བྱུང་ན་དེ་བསལ་བའང་གཞན་གྱི་སྡུག་བསྔལ་བར་འགྱུར་བས་རང་དོན་དུ་མི་འཐད་དོ། །དེས་ན་འཇིག་རྟེན་པའི་ཆོས་མ་གྲུབ་པ་དང༌། དེ་ལ་བརྟེན་པའི་སྲིད་པ་ལྡོག་པ་སྟོང་པ་ཉིད་རྟོགས་པའི་རང་བཞིན་གྱི་འབྲས་བུ་ཡིན་ལ། ལྷག་མ་གཞན་དོན་ནོ། །དེ་ལའང་གཞན་དོན་སྡུག་བསྔལ་བའི་རྣམ་པ་ནི། བདག་ཉིད་བདེ་བར་འདོད་རྣམས་ཞེས་བྱ་བ་ལ་སོགས་པ་སྟེ། སྔ་མ་བཞིན་ནོ། །དེ་སེལ་བ་ནི་དེ་ལྟར་ཞེས་པའོ། །སེལ་བའི་ཐབས་ནི་ནམ་ཞིག་ཅེས་པའོ། །སྟོང་པ་ཉིད་བསྒོམས་པའི་འབྲས་བུ་ཇི་ལྟ་བའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་སྟེ་དགུ་པའོ།།  །།དེ་ལྟར་སྤྱོད་པས་ཐོབ་པའི་འབྲས་བུ་མངོན་པར་འགྲུབ་པ་ནི། རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་སྟེ། དེ་དག་འདོད་པའི་ཡུལ་དུ་བཞག་པས་བསམ་པའི་དགེ་བ་བསྔོ་བ་ཐབས་ཀྱིས་སྟོན་པ་ནི་ལྔ་སྟེ། ཐབས་དང་འབྲེལ་པའི་བསྔོ་བ་དང༌། གཞན་གྱི་དོན་དུ་བསྔོ་བ་དང༌། རང་གི་དོན་དུ་བསྔོ་བ་དང༌། བདེ་བའི་འབྱུང་གནས་བསྟན་པའི་དོན་དུ་བསྔོ་བ་དང༌། བཀའ་དྲིན་རྗེས་སུ་དྲན་པས་ཕྱག་འཚལ་བའོ། །དང་པོ་ནི་བདག་གིས་ཞེས་པ་སྟེ། དགེ་བ་གང་དེས་ཞེས་པ་མན་ཆད་བསྔོ་བྱའི་དངོས་པོ་དང༌། འགྲོ་བ་ཀུན་ཞེས་བྱ་བ་ཆེད་དུ་བྱ་བ་དང༌། བྱང་ཆུབ་སེམས་དཔས་འབྲས་བུའོ། །གཉིས་པ་ལ་གཉིས་ཏེ། འཇིག་རྟེན་པའི་དོན་དུ་བསྔོ་བ་དང༌། འཇིག་རྟེན་ལས་འདས་པའི་དོན་དུ་བསྔོ་བའོ། །དང་པོ་ལ་གསུམ་སྟེ། སྤྱིར་བསྔོ་བ་དང༌། བྱེ་བྲག་ཏུ་ངན་འགྲོའི་དོན་དུ་བསྔོ་བ་དང༌། བདེ་འགྲོའི་དོན་དུ་བསྔོ་བའོ། །དང་པོ་ནི་སྙིང་རྗེ་དང་བྱམས་པའི་རྣམ་པས་སྡུག་བསྔལ་དང་བྲལ་བ་དང༌། བདེ་བ་ཐོབ་པའི་དོན་དུ་བསྔོ་བ་དང༌། དགའ་བའི་རྣམ་པས་བདེ་བ་དང་མི་འབྲལ་བར་བསྔོ་བ་དང༌། བཏང་སྙོམས་ཀྱི་རྣམ་པས་ཕན་པ་ཐོབ་པར་བསྔོ་བ་རྣམས་ཕྱོགས་རྣམས་ཞེས་པ་དང༌། དེ་དག་ཅེས་པ་དང༌། འགྲོ་བས་ཞེས་པ་ནས་རིམ་པ་བཞིན་ནོ། །ངན་འགྲོའི་དོན་དུ་བསྔོ་བ་ལ་གསུམ་སྟེ། དམྱལ་བའི་དོན་དུ་བསྔོ་བ་དང༌། དུད་འགྲོའི་དོན་དུ་བསྔོ་བ་དང༌། ཡི་དྭགས་ཀྱི་དོན་དུ་བསྔོ་བའོ། །དང་པོ་ལ་གཉིས་ཏེ། སྡུག་བསྔལ་རང་ཞི་བ་དང༌། གཞན་གྱིས་ཞི་བར་བསྔོ་བའོ། །དང་པོ་ལ་གསུམ་སྟེ། སྤྱིར་ཞི་བར་བསྔོ་བ་དང༌། གྲང་བའི་དམྱལ་བ་ཞི་བར་བསྔོ་བ་དང༌། ཚ་བའི་དམྱལ་བ་ཞི་བར་བསྔོ་བའོ། །དང་པོ་ནི་འཇིག་རྟེན་ཁམས་ན་ཞེས་པའོ། །གཉིས་པ་ནི་གྲང་བས་ཞེས་པའོ། །གསུམ་པ་ནི་གཞིའི་སྡུག་བསྔལ་ཞི་བར་བསྔོ་བ་དང༌། ཉེ་འཁོར་གྱི་སྡུག་བསྔལ་ཞི་བར་བསྔོ་བའོ། །དང་པོ་ནི་བྱང་ཆུབ་སེམས་དཔའི་ཞེས་པའོ། །གཉིས་པ་ནི་རལ་གྲིའི་ཞེས་པ་ལ་སོགས་པའོ། །དེ་ཡང་ཤིང་གི་གནོད་པ་དང༌། བྱའི་གནོད་པ་དང༌། གཞིའི་གནོད་པ་དང༌། ཕན་ཚུན་གྱི་གནོད་པ་དང༌། ཆུའི་གནོད་པ་རྣམས་ཞི་བ་རལ་གྲི་ཞེས་པ་དང༌། མཐིང་རིལ་ཞེས་པ་དང༌། ཕན་ཚུན་ཞེས་པ་དང༌། ཆུ་བོ་ཞེས་པ་ནས་རིམ་པ་བཞིན་ནོ། །གཞན་གྱིས་ཞི་བ་ལ་བཞི་སྟེ། རྡོ་རྗེ་འཛིན་པའི་སྟོབས་ཀྱིས་ཞི་བ་དང༌། འཇིག་རྟེན་དབང་ཕྱུག་གི་ཐུགས་རྗེས་ཞི་བ་དང༌། འཇམ་པའི་དབྱངས་ཀྱི་ཆོ་འཕྲུལ་གྱིས་ཞི་བ་དང༌། ཉེ་བའི་སྲས་གཞན་གྱི་མཐུས་ཞི་བའོ། །དང་པོ་ལ་གསུམ་སྟེ། གནོད་བྱེད་སྐྲག་པ་དང༌། དགའ་བ་དེས་ཁྱབ་པ་དང༌། མགོན་མཐོང་བ་དང༌། དེ་ལས་དང་པོ་ཉེས་སྤྱོད་ལས་ལྡོག་པ་བཞི། ཅི་ཕྱིར་ཞེས་པ་དང༌། ཀུན་ནས་ཞེས་པ་དང༌། རབ་ཏུ་ཞེས་པ་ནས་རིམ་པ་བཞིན་ནོ། །གཉིས་པ་ནི་མེའི་གནོད་པ་ཞི་བ་དང༌། བདེ་བ་ཐོབ་པ་དང༌། སྐྱབས་ཐོབ་པ་རྣམས་མེ་ཏོག་ཅེས་པ་དང༌། གློ་བུར་ཞེས་པ་དང་སེམས་དམྱལ་ཞེས་པ་ནས་རིམ་པ་བཞིན་ནོ། །གསུམ་པ་ནི་དབུགས་དབྱུང་བ་དང༌། མགོན་གྱིས་བཟུང་བའོ། །གྲོགས་དག་ཚུར་ཤོག་བདག་ཅག་གསོན་འགྱུར་འཇིགས་པ་སྤོངས། །ཞེས་པ་ནས་རིམ་པ་བཞིན་ནོ། །སེམས་དམྱལ་ཅ་ཅོ་དང་བྱེད་ཤོག །ཅེས་སྦྲེལ་བའོ། །གཉིས་པ་ནི་ཡུའུ་ཐད་དུ་ཕྱིན་འགྱུར་ཞེས་སྦྲེལ་ཏོ། །ཇི་ལྟ་བུ་ཕྱིན་ཞེ་ན་འཇིགས་མེད་བྱེད་པ་ཕྱིན་ནོ། །ཇི་ལྟར་འཇིགས་པ་མེད་པར་བྱེད་ཅེ་ན། གང་གི་མཐུ་ཡིས་སྡུག་བསྔལ་ཀུན་དང་བྲལ་བ་དང༌། དགའ་བའི་ཤུགས་ཕྱིན་པས་འགྲོ་བ་སྐྱོབ་པའོ། །བསམ་པ་གང་གིས་སྐྱོབ་ཅེ་ན། བྱང་ཆུབ་སེམས་དང་རྩེ་བ་མ་སྐྱེས་གྱུར་པའོ། །རྣམ་པ་ཇི་ལྟ་བུ་ཞིག་ཕྱིན་ཞེ་ན། གཞོན་ནུ་ཟུར་ཕུད་ཅན་འབར་རོ། །ཆོ་འཕྲུལ་ཇི་ལྟ་བུ་དང་ལྡན་ཞེ་ན། ཁྱོད་ཀྱིས་ལྟོས་ཞེས་སྦྲེལ་ཏོ། །ཇི་ལྟ་བུའི་ཆོས་འཕྲུལ་ཞེ་ན། ལྷ་བརྒྱའི་ཞེས་པས་ལྷའི་ཚོགས་ཀྱིས་བསྟོད་པ་དང༌། ཐུགས་རྗེས་ཞེས་པས་མེ་ཏོག་གི་ཆར་འབབ་པ་དང༌། བསྟོད་སྒྲོགས་ཞེས་པས་རོལ་མོ་དང་འབྲེལ་པ་དང༌། ཡིད་འོང་ཞེས་པས་གནས་ཕུན་སུམ་ཚོགས་པ་བཞིས་བསྟན་ཏོ། །བཞི་པ་ནི་དེ་ལྟར་ཞེས་པ་སྟེ། བྱང་ཆུབ་སེམས་དཔའི་ས་བཅུ་ལ་སྒྲིབ་པ་མེད་པའི་སྤྲིན་ལས་བསིལ་བ་དང༌། མང་བ་ལ་སོགས་པའི་ཆར་འབབ་པས་སེམས་ཅན་དམྱལ་བ་རྣམས་དགའ་བ་བསྐྱེད་པར་གྱུར་ཅིག་ཅེས་པའོ། །དུད་འགྲོའི་དོན་དུ་བསྔོ་བ་ནི། དུད་འགྲོ་རྣམས་ནི་གཅིག་ལ་གཅིག །ཅེས་བྱ་བའོ། །ཡི་དགས་ཀྱི་དོན་དུ་བསྔོ་བ་ནི། སྒྲ་མི་སྙན་པའི་ཞེས་བྱ་བའོ། །མཐོ་རིས་ཀྱི་དོན་དུ་བསྔོ་བ་ལ་གཉིས་ཏེ། སྡུག་བསྔལ་དང་བྲལ་བ་དང༌། འདོད་པ་ཐོབ་པའོ། །དང་པོ་ནི་དབང་པོ་མ་ཚང་བ་དང༌། མངལ་གྱི་ཟུག་རྔུའི་སྡུག་བསྔལ་དང༌། དབུལ་བ་དང༌། ཡིད་མི་བདེ་བ་དང༌། ན་བ་དང༌། སྣང་བ་དང་བྲལ་བ་དང༌། འགྲོན་པའི་སྡུག་བསྔལ་དང་མི་མ་ཡིན་པའི་གནོད་པ་ལས་ཐར་བ་ལ་བདུན། ལོང་བ་ཞེས་པ་དང༌། གཅེར་བུ་ཞེས་པ་དང༌། མྱ་ངན་ཞེས་པ་དང༌། སེམས་ལས་ཅན་ཞེས་པ་དང༌། སྐྲག་པ་ཞེས་པ་དང༌། འགྲོན་པ་ཞེས་པ་དང༌། དགོན་ཞེས་པ་ནས་རིམ་པ་བཞིན་ནོ། །གཉིས་པ་ནི་གཉིས་ཏེ། སྤྱིར་སེམས་ཅན་གྱི་དོན་དུ་བསྔོ་བ་དང༌། བྱེ་བྲག་ཏུ་རབ་ཏུ་བྱུང་བའི་དོན་དུ་བསྔོ་བའོ། །དང་པོ་ལ་གསུམ་སྟེ། ཕུན་སུམ་ཚོགས་པ་ཐོབ་པ་དང༌། ཡང་དག་པའི་ལམ་ལ་འཇུག་པ་དང༌། ལོ་ཀ་པའི་བདེ་བ་ཐོབ་པའོ། །དང་པོ་ནི་རྟེན་ཕུན་སུམ་ཚོགས་པ་དང༌། ལོངས་སྤྱོད་དང༌། འཚོ་བ་མེད་པ་དང༌། གཟི་བརྗིད་ཕུན་སུམ་ཚོགས་པ་དང༌། གཟུགས་ཕུན་སུམ་ཚོགས་པ་དང༌། དམན་པ་མཆོག་ཏུ་གྱུར་པ་དང༌། དགེ་བ་ཕུན་སུམ་ཚོགས་པ་བདུན། མི་དལ་ཞེས་པ་དང༌། ཐམས་ཅད་ཅེས་པ་དང༌། རྩོད་པ་ཞེས་པ་དང༌། སེམས་ཅན་ཞེས་པ་དང༌། དཀའ་ཐུབ་ཅེས་པ་དང༌། འཇིག་རྟེན་ཞེས་པ་དང༌། བདག་གི་ཞེས་པ་ནས་རིམ་པ་བཞིན་ནོ། །གཉིས་པ་ནི་བསམ་པ་དང༌། སྦྱོར་བ་དང༌། མཐུན་རྐྱེན་ཚང་བ་དང༌། འགལ་རྐྱེན་མེད་པ་བཞི་བྱང་ཆུབ་ཅེས་པ་དང༌། སངས་རྒྱས་ཞེས་པ་དང༌། བདུད་ཀྱི་ཞེས་པ་ནས་རིམ་པ་བཞིན་ནོ། །གསུམ་པ་ནི་འཚོ་བ་ཡུན་རིང་བ་དང༌། གནས་ཕུན་སུམ་ཚོགས་པ་དང༌། ཕན་པར་མཛད་པའི་སྐྱེ་བོས་གང་བ་དང༌། དགེ་བ་སྤྱོད་པ་དང༌། ཕུན་སུམ་ཚོགས་པ་ཐམས་ཅད་འབྱོར་པ་དང༌། གནོད་པ་ཞི་བ་དྲུག་སེམས་ཅན་ཞེས་པ་དང༌། དཔག་བསམ་ཤིང་ཞེས་པ་དང༌། འཁོར་གྱི་ཞེས་པ་དང༌། ལུས་ཅན་ཞེས་པ་དང༌། ལྷ་ཡང་ཞེས་པ་དང༌། མཁའ་འགྲོ་ཞེས་པ་ནས་རིམ་པ་བཞིན་ནོ། །རབ་ཏུ་བྱུང་བའི་དོན་དུ་བསྔོ་བ་ནི་ལྔ་སྟེ། དགེ་སློང་གི་དོན་དུ་བསྔོ་བ་དང༌། དགེ་སློང་མའི་དོན་དུ་བསྔོ་བ་དང༌། ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང༌། ཤེས་རབ་ཕུན་སུམ་ཚོགས་པར་འགྱུར་བ་དང༌། འབྲས་བུ་སྡུག་བསྔལ་ལས་གྲོལ་བ་ལྔ། གཙུག་ལག་ཅེས་པ་དང༌། བསླབ་པ་ཞེས་པ་དང༌། དགེ་སློང་མ་ཞེས་པ་དང༌། དེ་བཞིན་ཞེས་པ་དང༌། ལྷ་བས་ཞེས་པ་ནས་རིམ་པ་བཞིན་ནོ། །འཇིག་རྟེན་ལས་འདས་པའི་དོན་དུ་བསྔོ་བ་ལ། བྱང་ཆུབ་སེམས་དཔའི་དོན་དུ་བསྔོ་བ་དང༌། སངས་རྒྱས་ཀྱི་དོན་དུ་བསྔོ་བ་དང༌། ཉོན་ཐོས་དང་རང་རྒྱལ་བའི་དོན་དུ་བསྔོ་བ་གསུམ། བྱང་ཆུབ་སེམས་དཔའ་ཞེས་པ་དང༌། མགོན་པོ་ཞེས་པ་དང༌། དེ་བཞིན་ཞེས་པ་ནས་རིམ་པ་བཞིན་ནོ། །བདག་གི་དོན་དུ་བསྔོ་བ་ནི་གནས་སྐབས་ཀྱི་འབྲས་བུ་ཐོབ་པ་དང༌། འཇམ་པའི་དབྱངས་མཐོང་བ་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སྤྱོད་པ་དང༌། གཞན་དོན་གྲུབ་པ་བཞི། བདག་ཀྱང་ཞེས་པ་དང༌། གང་ཚེ་ཞེས་པ་དང༌། ཕྱོགས་བཅུ་ཞེས་པ་དང༌། ཇི་སྲིད་ཅེས་པ་ནས་རིམ་པ་བཞིན་ནོ། །བདེ་བའི་འབྱུང་གནས་བསྟན་པའི་དོན་དུ་བསྔོ་བ་ནི་འགྲོ་བའི་ཞེས་པའོ། །བཀའ་དྲིན་རྗེས་སུ་དྲན་པ་ལ་ཕྱག་འཚལ་བ་ནི། གང་གི་དྲིན་གྱིས་ཞེས་པའོ། །སྨོན་ལམ་གྱི་ལེའུ་སྟེ། བཅུ་པའོ།།  །།སྡེ་སྣོད་འཛིན་པའི་དགེ་སློང་བློ་ལྡན་བཟང༌། །ཆོས་ཀྱི་བླ་མའི་ཞབས་རྡུལ་གུས་མནོས་ཏེ། རྒྱལ་སྲས་སྤྱོད་འདི་སྙན་པའི་ཚིག་རྣམས་ཀྱི། །དོན་གསལ་རྒྱན་དུ་གྱུར་པ་བདག་གིས་བྱས། །དམ་པས་ཉེར་བསྟན་ལེགས་བཤད་འོད་ཟེར་གྱིས། །རྒྱལ་སྲས་ལམ་འདི་ལེགས་པར་གསལ་གྱུར་པ། །རིག་པའི་མིག་གིས་མཐོང་བ་ལེགས་བཀོད་པས། །འགྲོ་བ་ཀུན་གྱིས་ལམ་འདི་བགྲོད་གྱུར་ཅིག །བཙུན་པས་མཛད་པའི་རྣམ་བཤད་རབ་ཏུ་གསལ་མོད་ཀྱང༌། །འོན་ཀྱང་བདག་མིན་ཤེས་བློས་ཅུང་ཟད་བཅོས་ཤིང་སྤེལ། །དེ་ནི་སྐྱེ་བོའི་རྣམ་པར་འཇུག་པར་མི་འགྱུར་མོད། །འོན་ཀྱང་བདག་དང་བདག་འདྲས་རྟོགས་པ་སླ་ཕྱིར་བྲིས།།  །།བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་བཤད་པ། དགེ་སློང་ཆོས་ཀྱི་སེང་གེས་མཛད་པ་ཚིག་བསྡུས་ཤིང་གོ་དཀའ་བ་ལས་ཤེས་རབ་ཀྱི་ལེའུའི་སྐབས་སུའང་རྟོགས་སླ་བའི་ཕྱིར་དགེ་བསྙེན་བསོད་ནམས་རྩེ་མོས་གསལ་བར་ཉེ་བར་སྦྱར་བ་རྫོགས་སོ།།  །།འདིས་བསྟན་པ་རིན་པོ་ཆེ་དང་སེམས་ཅན་མང་པོ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*