རྒྱུད་ཀྱི་མངོན་པར་རྟོགས་པ་རིན་པོ་ཆེའི་ལྗོན་ཤིང༌། ༢

འདི་ལ་བཞི། ཉན་ཐོས་ཀྱི་འདོད་ཚུལ་དང༌། རྣལ་འབྱོར་སྤྱོད་པའི་འདོད་ཚུལ་དང༌། རྒྱུན་ཆད་རབ་ཏུ་མི་གནས་པའི་འདོད་ཚུལ་དང༌། ཟུང་འཇུག་རབ་ཏུ་མི་གནས་པའི་འདོད་ཚུལ་ལོ། །དང་པོ་ནི་དེ་ལ་ཉན་ཐོས་སྡེ་པ་དག་སོ་སོ་སྐྱེ་བོ་ནི་ཀུན་རྫོབ་ཀྱི་བློ་འབའ་ཞིག་ཡིན་ལ། འཕགས་པ་རྣམས་ནི་བློ་གཉིས་ཀ་དང་ལྡན་ལ། མྱ་ངན་ལས་འདས་པ་ཕུང་པོ་ལྷག་མ་མེད་པར་གྱུར་པའི་ཚེ་བློ་མེད་དོ་ཞེས་ཟེར་རོ། །དེ་དག་ཀྱང་ཡུལ་དོན་དམ་པའི་བདེན་པ་ལྟར་འདོད་པ་དང༌། མྱ་ངན་ལས་འདས་པ་བློ་མེད་ཀྱི་དངོས་མེད་དུ་གྲུབ་པ་ལ་སོགས་པ་གྲུབ་མཐའ་འགལ་བ་དུ་མ་ཁས་ལེན་པ་ནི་གོང་དུ་སུན་ཕྱུང་ཟིན་ཏོ། །ཡང་རྣལ་འབྱོར་སྤྱོད་པ་པ་དག་ཀུན་བརྟགས་ཀྱི་བློ་ནི་ཀུན་རྫོབ་ཡིན་ལ། གཞན་དབང་དང་ཡོངས་གྲུབ་དོན་དམ་པ་ཡིན་པས་སོ་སོ་སྐྱེ་བོའི་བློ་ནི་གཉིས་ཀ་དང་ལྡན་ལ། འཕགས་པ་གསུམ་ལ་ཀུན་རྫོབ་ཀྱི་བདེན་པ་མེད་པའི་ཀུན་རྫོབ་ཙམ་ཡོད་པས། དེའང་གཉིས་ཀ་དང་ལྡན་ལ་སངས་རྒྱས་ཀུན་བརྟགས་དང་བྲལ་བས་དོན་དམ་འབའ་ཞིག་ཡིན་ནོ། །ཞེས་ཟེར་ཏེ། དེ་གཞན་དབང་གི་དོན་དམ་དུ་མི་རུང་བ་ལ་སོགས་པའི་སྐྱོན་དུ་མ་གོང་དུ་བརྗོད་ཟིན་ཏོ། །དབུ་མ་ཐལ་འགྱུར་བ་དག་ནི་སོ་སོ་སྐྱེ་བོའི་བློ་ཐམས་ཅད་ནི་ཀུན་རྫོབ་འབའ་ཞིག་ཡིན་ལ། འཕགས་པ་གསུམ་གྱི་མཉམ་གཞག་ནི་དོན་དམ་པ་ཡིན། རྗེས་སྤྱོད་ཀུན་རྫོབ་ཀྱི་བློ་ཡིན་ནོ། །སངས་རྒྱས་ནི་དུས་རྟག་ཏུ་མཉམ་པར་གཞག་པ་ཡིན་པས་དོན་དམ་པ་འབའ་ཞིག་གོ་ཞེས་ཟེར་རོ། །དེའང་ཡང་དག་པ་མ་ཡིན་ཏེ། སངས་རྒྱས་རྣམས་ནི་མི་གནས་པའི་མྱ་ངན་ལས་འདས་པ་ལ་བཞུགས་པ་མ་ཡིན་པར་ཐལ་བར་འགྱུར་བའི་སྐྱོན་ཡོད་དོ། །ཡང་སློབ་དཔོན་ཟླ་གྲགས་ཉིད་ཀྱིས་ཀྱང༌། རིགས་པ་དྲུག་ཅུ་པའི་འགྲེལ་པ་ལས། བདེན་པ་གཉིས་སུ་འཇོག་པ་ནི། འཇིག་རྟེན་པའི་བློ་ལ་ལྟོས་ཏེ་འཇོག་གོ་ཞེས་དམ་བཅས་པ་འགལ་བར་འགྱུར་བའི་སྐྱོན་ཡོད་དོ། །ཡང་དབུ་མ་རང་རྒྱུད་པ་དག་སོ་སོའི་སྐྱེ་བོའི་དུས་ནས་ཆོས་ཅན་ཤེས་པའི་བློ་ཐམས་ཅད་ཀུན་རྫོབ་ཀྱི་བློ་ཡིན་ལ། ཆོས་ཉིད་ཤེས་པ་དེའང་ཀུན་རྫོབ་ཡིན་མོད་ཀྱང་རིགས་པས་སྐྱེ་མེད་དུ་ཤེས་པ་དེ་ཆོས་ཉིད། སྐྱེ་མེད་དུ་ཤེས་པའི་སངས་རྒྱས་ཀྱི་ཐུགས་དང་ཆ་འདྲ་བས་མཐུན་པའི་དོན་དམ་ཞེས་བྱའོ། །འཕགས་པ་གསུམ་གྱི་ཤེས་པ་ནི་མཉམ་གཞག་དོན་དམ་ཡིན་ལ། རྗེས་སྤྱོད་ཀུན་རྫོབ་ཡིན་ནོ། །སངས་རྒྱས་ཀྱི་ཐུགས་རྣམ་པར་མི་རྟོག་པ་ནི་དོན་དམ་པ་ཡིན་ལ། དག་པ་འཇིག་རྟེན་པའི་ཡེ་ཤེས་ནི་ཡེ་ཤེས་ལ་དམིགས་ནས་རྣམ་གྲངས་ཀྱི་ཀུན་རྫོབ་ཡིན་ནོ། །དེས་ན་མི་གནས་པའི་མྱ་ངན་ལས་འདས་པའང་ཡིན་ལ། ཡེ་ཤེས་རེས་འཇོག་ཏུ་མི་བཏུབ་པས་དོན་དམ་སྟེ། རྟག་ཏུ་མཉམ་པར་གཞག་པའང་ཡིན་ཏེ། འདི་ལའང་མཐུན་པའི་དོན་དམ་པ་དེ་ལ་དོན་དམ་པ་ཉིད་དུ་གོལ་བར་མི་བྱའོ། །གཉིས་པ་བློ་དེ་ལ་ལྟོས་ནས་ཡུལ་བདེན་པ་གཉིས་སུ་གཞག་པ་ལ་གསུམ་སྟེ། བློ་ངོ་གཉིས་ལ་ལྟོས་ནས་ཡུལ་བདེན་པ་གཉིས་སུ་དབྱེ་བ་དང༌། གཉིས་པོ་དེའི་གཅིག་པ་དང་ཐ་དད་པ་བསམ་པ་དང༌། གྲངས་ངེས་པ་གཞག་པའོ། །དང་པོ་ལ་གསུམ། དབྱེ་བའི་གཞི་དང༌། དབྱེ་བའི་དོན་དང༌། དེ་ལ་རྩོད་པ་སྤང་པའོ། །དང་པོ་ནི། ཧེ་བཛྲ་ལས། འདི་ཉིད་འཁོར་བ་ཞེས་བྱ་སྟེ། །འདི་ཉིད་མྱ་ངན་འདས་པ་ཉིད། །འཁོར་བ་སྤངས་ནས་གཞན་དུ་ནི། །མྱ་ངན་འདས་པ་རྟོགས་མི་འགྱུར། །ཞེས་གསུངས་པས། དབྱེ་བའི་གཞི་འཇིག་རྟེན་པའི་བློ་ཉིད་དེ། འདི་ཉིད་ཅེས་འབྱུང་བའི་ཕྱིར་རོ། །ཟླ་བ་གྲགས་པས་ཀྱང༌། བདེན་པ་གཉིས་སུ་འཇོག་པ་ནི་འཇིག་རྟེན་པའི་བློ་ལ་ལྟོས་ཏེ་འཇོག་གོ་ཞེས་བཤད་དོ། །འོ་ན། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །ཞེས་པ་དང་འགལ་ལོ་ཞེ་ན་མི་འགལ་ཏེ། བློ་དེ་ཉིད་ལ་ཀུན་རྫོབ་སྒྲུབ་ལ་དོན་དམ་འགེགས་པའི་ཚུལ་གྱིས་དབྱེ་གཞིར་བྱེད་པའི་ཚུལ་ལོ། །གཉིས་པ་དབྱེ་བའི་དོན་ནི། ཀྱེའི་རྡོ་རྗེ་ལས། རྨོངས་ཕྱིར་འཁོར་བའི་གཟུགས་ཅན་ཉིད། །རྨོངས་མེད་འཁོར་བ་དག་པས་ན། །འཁོར་བ་མྱ་ངན་འདས་པར་འགྱུར། །བྱང་ཆུབ་སེམས་ནི་མྱ་ངན་འདས། །ཀུན་རྫོབ་དོན་དམ་ཚུལ་ཅན་ནོ། །ཞེས་གསུངས་སོ། །དེ་ལ་རྨོངས་པ་ནི་བློ་ཀུན་རྫོབ་པ་སྟེ། མ་དཔྱད་པའི་བློའམ་སྒྲིབ་པ་དང་བཅས་པའི་བློའོ། །དེའི་ཡུལ་དུ་བདེན་པས་ཀུན་རྫོབ་ཀྱི་བདེན་པ་སྟེ། འཁོར་བའི་གཟུགས་ཅན་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་བདེན་པའི་མིང་གི་རྣམ་གྲངས་སོ། །དེ་སྐད་དུ། དབུ་མ་ལ་འཇུག་པ་ལས། གཏི་མུག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་སྟེ། །དེས་གང་བཅོས་མ་བདེན་པར་སྣང་དེ་ནི། །ཀུན་རྫོབ་བདེན་ཞེས་ཐུབ་པས་དེ་གསུངས་ཏེ། །བཅོས་མར་གྱུར་པའི་བདེན་པ་ཀུན་རྫོབ་ཏུ། །ཞེས་སོ། །དེ་ལ་ཀུན་རྫོབ་ཀྱི་བདེན་པ་དེ་ཉིད་གང་ཡིན་སྙམ་ན། འཁོར་བ་གཟུགས་དང་སྒྲ་ལ་སོགས། །འཁོར་བ་ཚོར་བ་ལ་སོགས་པ། །འཁོར་བ་དབང་པོ་རྣམས་ཉིད་དེ། །འཁོར་བ་ཞེ་སྡང་ལ་སོགས་པ། །ཞེས་བྱ་སྟེ། མདོར་ན་ཆོས་ཅན་རྣམས་སོ། །དེ་ལ་དོན་དམ་པའི་བདེན་པ་ནི། རྨོངས་མེད་ཅེས་བྱ་སྟེ་བློ་ཕྱིན་ཅི་མ་ལོག་པའོ། །དེའི་ཡུལ་བདེན་པ་ནི་འཁོར་བ་དག་པ་སྟེ། མྱ་ངན་ལས་འདས་པ་ཞེས་བྱ་བའི་དོན་ཏོ། །མྱ་ངན་ལས་འདས་པ་ནི་དོན་དམ་པའི་མིང་གི་རྣམ་གྲངས་སོ། །དེ་ལ་མྱ་ངན་ལས་འདས་པ་དེ་ཉིད་གང་ཡིན་སྙམ་ན། འདི་རྣམས་ཆོས་ནི་མྱ་ངན་འདས། །ཞེས་སོ། །དེའི་ཆོས་ཉིད་དེ་ཇི་ལྟ་བུ་སྙམ་ན། གང་དུའང་གྲུབ་པ་མེད་པ་དེ་ཡིན་ཏེ། དབུ་མ་ལས། མ་སྐྱེས་པ་དང་མ་འགགས་པར། །ཆོས་ཉིད་མྱ་ངན་འདས་དང་མཚུངས། །ཞེས་པ་དང༌། གང་ལ་བརྟེན་ནས་གང་བྱུང་བ། །དེ་ནི་རེ་ཞིག་དེ་ཉིད་མིན། །ཞེས་སོ། །གསུམ་པ་དེ་ལ་རྩོད་པ་སྤང་བ་ནི། དེ་ལྟ་བུའི་ཆོས་ཉིད་དེ་བློ་དོན་དམ་པའི་ཡུལ་དུ་བདེན་པས་དོན་དམ་གྱི་བདེན་པ་ཞེས་བྱ་ན། བློ་དོན་དམ་པ་ཞེས་བྱ་བ་དེ་གོང་དུ་མང་དུ་བཤད་ན། སོ་སོ་སྐྱེ་བོའི་བློ་དོན་དམ་པ་ཡིན་ནམ་འཕགས་པའི་བློ་དོན་དམ་པ་ཡིན་ནས། དེའི་ཡུལ་དུ་བདེན་པ་ཡིན་ནམ་ཡང་ན་བློའི་ཡུལ་གང་ཡང་མ་ཡིན། དེ་ལ་སོ་སོའི་སྐྱེ་བོའི་བློ་དོན་དམ་པ་ཡིན་ན་འཇིག་རྟེན་པའི་བློས་ཡོད་པའམ་མེད་པའམ་གཉི་གའམ་གཉི་ག་མ་ཡིན་པ་ཅིག་ལས་འཛིན་མི་ཤེས་པས་དེ་དག་དོན་དམ་པའི་བདེན་པར་ཡང་མི་འགྱུར་ལ། གལ་ཏེ་འཇིག་རྟེན་ཚད་མ་ཉིད་ཡིན་ན། །འཇིག་རྟེན་དེ་ཉིད་མཐོང་ཡིན་འཕགས་གཞན་གྱིས། །ཅི་དགོས་འཕགས་པའི་ལམ་གྱི་ཅི་བྱར་ཡོད། །བླུན་པོ་ཚད་མར་གྱུར་པ་ག་ལ་ཡོད། །ཅེས་མདོ་ལས་བཤད་པ་དང་ཡང་འགལ་ལོ། །ཡང་འཕགས་པ་རྣམས་ཀྱི་ཐུགས་ཀྱི་ཡུལ་དོན་དམ་པའི་བདེན་པ་ཡིན་ན་ནི་མདོ་ལས། ལྷའི་བུ་དོན་དམ་པའི་བདེན་པ་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཡུལ་ལས་འདས་པ་ཡིན་ཏེ། ཇི་ལྟར་དོན་དམ་པའི་བདེན་པའོ་ཞེས་བརྗོད་པ་ལྟར་ནི་མ་ཡིན་ནོ། །ཞེས་གསུངས་པ་དང་འགལ་ལོ། །ཡང་དོན་དམ་པའི་བདེན་པ་དེ་བློ་གང་གིའང་ཡུལ་མ་ཡིན་ནོ་ཞེ་ན། འོ་ན་དེ་སྨོས་པ་དོན་མེད་པར་ཡང་འགྱུར་ལ། འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང༌། མྱ་ངན་འདས་པ་བདེན་གཅིག་པུ། །དེ་ཚེ་ལྷག་མ་ལོག་པ་ཞེས། །རྒྱལ་བ་རྣམས་ཀྱིས་གང་གསུངས་པ། །མཁས་པ་ཅི་ཕྱིར་འདོད་མི་བྱེད། །ཅེས་གསུངས་པ་དང་འགལ་ལོ་ཞེ་ན། དེ་ནི་མ་ཡིན་ཏེ། སོ་སོ་སྐྱེ་བོའི་བློས་བརྟགས་པའི་སྟོང་པ་ཉིད་དང་སྐྱེ་མེད་ལ་སོགས་པ་དེ་དོན་དམ་པའི་བདེན་པ་མ་ཡིན་ཏེ། གལ་ཏེ་མི་སྟོང་ཅུང་ཟད་ཡོད། །སྟོང་པའང་ཅུང་ཟད་ཡོད་པར་འགྱུར། །མི་སྟོང་ཅུང་ཟད་མེད་པས་ན། །སྟོང་པའང་ཡོད་པར་ག་ལ་འགྱུར། །ཞེས་གསུངས་སོ། །དེའང་འོན་ཀྱང་དོན་དམ་པ་སྐྱེ་བའི་རྒྱུ་ཡིན་པས། རྣམ་གྲངས་ཀྱི་དོན་དམ་པའོ། །དེ་ལ་འཕགས་པ་རྣམས་ཀྱི་ཐུགས་ནི་དོན་དམ་པ་ཡིན་ལ། དེའི་ཡུལ་སྐྱེ་བ་དང་འགག་པ་མེད་པ་སྤྲོས་པ་དང་བྲལ་བ་ནི་དོན་དམ་པའི་བདེན་པའོ། །འོ་ན་མདོ་ལས་དོན་དམ་པའི་བདེན་པ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་ལས་འདས་པའོ་ཞེས་གསུངས་སོ་ཞེ་ན། །བདེན་མོད། ཡུལ་དང་ཡུལ་ཅན་གྱི་ཚུལ་གྱིས་ཤེས་པ་མ་ཡིན་ཏེ། སློབ་དཔོན་ཟླ་གྲགས་ཀྱིས། གང་ཚེ་ཆོས་ཉིད་སྐྱེ་མེད་ཡིན་ཞིང་བློའང་སྐྱེ་བ་དང་བྲལ་བ། །དེ་ཚེ་དེ་རྣམས་བསྟན་ལ་དེ་ཡི་དེ་ཉིད་རྟོགས་པ་ལྟ་བུ་སྟེ། །ཇི་ལྟར་སེམས་ནི་གང་གི་རྣམ་པ་ཅན་དུ་གྱུར་པས་དེ་ཡི་ཡུལ། །དེ་ཡོངས་ཤེས་པ་དེ་བཞིན་ཐ་སྙད་བརྟེན་ནས་ཤེས་པ་ཡིན། །ཞེས་གསུངས་ཏེ། གང་དུའང་མ་གྲུབ་པ་དེ་ཉིད་ལ་རྟོགས་ཞེས་བྱའོ། །དེ་ལྟ་བུ་དེ་ཉིད་ལ་མྱ་ངན་ལས་འདས་པ་ཞེས་བྱའོ། །ཆོས་ཉིད་འདུས་མ་བྱས་ཞེས་བྱའོ། །དེ་ཉིད་ལ་འཕགས་པ་ཉན་ཐོས་དག་མྱ་ངན་ལས་འདས་པ་ཞེས་བྱ་བ་ཞིག་གྲུབ་པར་འདོད་དོ། །དེ་ལྟར་དུ་ད་ལྟ་བོད་ཀྱི་དབུ་མ་པ་ཕལ་ཆེར་ཡང་འདོད་དོ། །ཡང་དག་པ་མ་ཡིན་ཏེ་སྔར་ཡང་སུན་ཕྱུང་ལ། སྟོང་མིན་སྟོང་པ་མིན་པའང་མིན། །ཞེས་བྱ་བའི་སྐབས་སུ་དགག་པར་བྱའོ། །འོ་ན་ད་ལྟ་སྐྱེ་མེད་ལ་སོགས་པ་དེ་ལྟ་བུ་ཤེས་པའི་བློ་དེ་གང་ཡིན་ཞེ་ན། དེ་ནི་ཡང་དག་པ་མ་མཐོང་བའི་བློ་སྟེ། ཡང་དག་མ་མཐོང་འཇིག་རྟེན་དང༌། །མྱ་ངན་འདས་པར་རློམ་སེམས་ཏེ། །ཞེས་གསུངས་ཏེ། སོ་སོ་སྐྱེ་བོའི་བློ་དེའི་ཡུལ་དོན་དམ་པའི་བདེན་པར་བརྟགས་པ་དེ་དོན་དམ་པའི་བདེན་པ་ཉིད་མ་ཡིན་ཏེ། ཀུན་རྫོབ་ཀྱི་བདེན་པ་ལ་ལྟོས་ཏེ་བཞག་པས་སྒྱུ་མ་ལྟ་བུ་ཀུན་རྫོབ་ཉིད་ཡིན་པར་མདོ་ལས། རབ་འབྱོར་མྱ་ངན་ལས་འདས་པའང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ་ཞེས་གསུངས་སོ། །འོ་ན་གལ་ཏེ་དོན་དམ་གྱི་བདེན་པ་བློའི་སྤྱོད་ཡུལ་མ་ཡིན་ན། མདོ་ལས། དགེ་སློང་འདི་ལྟ་སྟེ། མི་བསླུ་བའི་ཆོས་ཅན་མྱ་ངན་ལས་འདས་པ་འདི་ནི་བདེན་པའི་མཆོག་གཅིག་པུའོ་ཞེས་གསུངས་པ་འདི་ཇི་ལྟར་དྲང་ཞེ་ན། དེ་བཞིན་གཤེགས་པའི་རྣམ་པར་མི་རྟོག་པ་བརྙེས་པ་ན་དེ་ལ་འཁོར་བ་མེད་པའི་ཕྱིར་བདེན་པ་གཅིག་པུ་ཞེས་བྱ་ལ། འཁོར་བ་མེད་པས་མྱ་ངན་ལས་འདས་པ་ཉིད་ཀྱང་མ་གྲུབ་པས་ན། འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང༌། འཁོར་བ་སྤངས་པར་གྱུར་པ་ཡིས། །མྱ་ངན་འདས་ཁྱོད་མི་བཞེད་ཀྱི། །འཁོར་བ་མི་དམིགས་པ་ཡིས་ནི། །ཞི་ཉིད་མགོན་པོ་ཁྱོད་ཀྱིས་བསྟན། །ཞེས་གསུངས་པ་དང༌། རིགས་པ་དྲུག་ཅུ་པ་ལས་ཀྱང༌། ཡང་དག་མཐོང་བ་འཇིག་རྟེན་དང༌། །མྱ་ངན་འདས་པར་རློམ་སེམས་མེད། །ཅེས་གསུངས་སོ། །ཡང༌། དངོས་དང་དངོས་མེད་ཡོངས་ཤེས་ནས། །ཟད་པ་མྱ་ངན་འདས་ཞེས་བྱ། །ཞེས་གསུངས་པས་ན། དེ་ལྟ་བུ་དེ་ལ་གང་གིའང་གནོད་པ་མེད་པས་དེས་ན་དོན་དམ་པར་བདེན་པ་སྟེ་གཅིག་པུའོ། །ཡང་ད་ལྟ་དེ་ལྟ་བུ་ཤེས་པ་དེ་ཉིད་དོན་དམ་སྐྱེ་བའི་རྒྱུ་ཡིན་པས། རྣམ་གྲངས་ཀྱི་དོན་དམ་པའི་བདེན་པ་ཞེས་བྱ་སྟེ། དེ་ལྟར་མི་བསླུ་བས་ན་དོན་དམ་པའི་བདེན་པ་ཞེས་བཏགས་ཏེ་བཞག་གོ །གཉིས་པ་བདེན་པ་གཉིས་པོ་དེའི་གཅིག་པ་དང་ཐ་དད་པ་བསམ་པ་ནི། གལ་ཏེ་བློ་ཀུན་རྫོབ་པའི་ཡུལ་ནི་ལོགས་ཤིག་ཡིན་ལ། བློ་དོན་དམ་པའི་ཡུལ་ནི་ལོགས་ཤིག་ཡིན་ཏེ། དངོས་པོ་ཐ་དད་པ་ཡིན་ནམ། འོན་ཏེ་དེ་གཉིས་གཅིག་པའི་ཐ་དད་གཏན་མེད་ཡིན་ནམ། གཅིག་པ་བཀག་པའི་ཐ་དད་ཡིན་ནམ། ལྡོག་པས་ཕྱེ་བའི་ཐ་དད་ཡིན་སྙམ་ན། དང་པོ་དངོས་པོ་ཐ་དད་མ་ཡིན་ཏེ། དགོངས་པ་ངེས་པར་འགྲེལ་པ་ལས། ཐ་དད་ལས་གསུངས་པའི་སྐྱོན་བཞི་ནི། ཆོས་ཅན་དང་ཆོས་ཉིད་མ་ཡིན་པར་ཐལ་བ་དང༌། ཀུན་རྫོབ་ཡང་དག་པར་མ་གྲུབ་པ་ཙམ་དོན་དམ་པ་མ་ཡིན་པར་ཐལ་བ་དང༌། དོན་དམ་བསྒོམས་པས་དམིགས་པའི་མཚན་མ་ཟིལ་གྱིས་མི་ནོན་པར་ཐལ་བ་དང༌། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དུས་གཅིག་པར་ཐལ་བའོ། །གཉིས་པ་གཅིག་པའི་ཕྱོགས་ཐ་དད་གཏན་མེད་ལ་བཞི། ཀུན་རྫོབ་བཞིན་དོན་དམ་སྒྲིབ་པའི་དམིགས་པར་ཐལ་བ་དང༌། ཀུན་རྫོབ་ལྟར་དོན་དམ་མཐོང་ཐོས་ལས་བཙལ་དུ་ཡོད་པར་ཐལ། ཀུན་རྫོབ་མཐོང་བ་ན་དོན་དམ་མཐོང་བར་ཐལ་བ་དང༌། དོན་དམ་ལྟར་ཀུན་རྫོབ་ལ་དབྱེ་བ་མེད་པར་ཐལ་བའོ། །འོག་མ་གཉིས་འདིར་མི་འཇུག་སྟེ། དེའང་རྒྱུད་ལས། འཁོར་བ་སྤངས་ནས་གཞན་དུ་ནི། །མྱ་ངན་འདས་པ་རྟོགས་མི་འགྱུར། །ཞེས་གསུངས་ཏེ། ཡུལ་གཅིག་ཉིད་ལ་བློ་མི་འཇུག་པས་ཐ་དད་དོ། །དེའི་དཔེ་དབུ་མ་འཇུག་པ་ལས། རབ་རིབ་མཐུ་ཡིས་སྐྲ་ཤད་ལ་སོགས་པའི། །ངོ་བོ་ལྡོག་པ་གང་ཞིག་རྣམ་བརྟགས་པ། །དེ་ཉིད་བདག་ཉིད་གང་གི་མིག་དག་པས། །མཐོང་དེ་དེ་ཉིད་དེ་བཞིན་འདིར་ཤེས་གྱིས། །ཞེས་སོ། །གསུམ་པ་བདེན་པ་གཉིས་ཀྱི་གྲངས་ངེས་པ་ནི། སྤྱིར་བདེན་པ་བཅུ་དྲུག་ཀྱང་གསུངས། མཚན་ཉིད་ཀྱི་བདེན་པ་དང༌། རྣམ་པར་དབྱེ་བའི་བདེན་པ་ལ་སོགས་པ་བརྒྱད་ཀྱང་གསུངས། བདེན་པ་བཞིའང་གསུངས། བདེན་པ་གཉིས་ཀྱང་གསུངས། བདེན་པ་གཅིག་ཀྱང་གསུངས། གཉིས་པ་ཁོ་ནར་གྲངས་ཇི་ལྟར་ངེས་སྙམ་ན། ཧེ་བཛྲ་ལས། རྨོངས་ཕྱིར་འཁོར་བའི་གཟུགས་ཅན་ཉིད། །རྨོངས་མེད་འཁོར་བ་དག་པ་སྟེ། །འཁོར་བ་མྱ་ངན་འདས་པར་འགྱུར། །ཀུན་རྫོབ་དོན་དམ་ཚུལ་ཅན་ནོ། །ཞེས་གསུངས་པས་ན་བློ་ལ་རྨོངས་མ་རྨོངས་གཉིས་སུ་ངེས་ལ། དེའི་ཡུལ་ལ་དཔྱད་བཟོད་མི་བཟོད་གཉིས་སུ་ངེས་པས་བདེན་པ་གཉིས་སུ་གྲངས་ངེས་སོ། །ཡང་ན་བློ་ཕྱིན་ཅི་ལོག་མ་ལོག་དངོས་འགལ་ཡིན་པས་དེའི་ཡུལ་ཡང་གཉིས་སུ་ངེས་སོ། །སྤྱི་དོན་གསུམ་པ་མཚན་གཞི་ངེས་པར་བྱེད་པའི་ཚད་མ་ནི་ད་ལྟ་ཐ་སྙད་པའི་བློས་གང་དང་གང་ལ་རིགས་པས་བརྟགས་ན་དེ་འཇིག །མ་བརྟགས་ན་དེར་བདེན་པ་ནི་ཀུན་རྫོབ་ཀྱི་བདེན་པའི་མཚན་གཞི་ཡིན་ལ། ནམ་ཡང་གནོད་པ་མེད་པའི་ངོ་བོར་གྲུབ་པ་ནི་དོན་དམ་པའི་བདེན་པའི་མཚན་གཞིའོ། །དེའི་རིགས་པ་ནི་འོག་ནས་འཆད་པ་རྣམས་ཡིན་ནོ། །དེ་ལྟ་བུའི་བདེན་པ་གཉིས་མདོར་བསྟན་ནས། དེའི་ངོ་བོ་ཤེས་པར་བྱེད་པའི་རིགས་པ་བསྟན་པའི་སྒོ་ནས་མཐའ་བྲལ་གྱི་ལྟ་བ་གཏན་ལ་དབབ་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། ཐམས་ཅད་ཡོད་པར་བསྟན་པ་དེ་ཀུན་རྫོབ་ཀྱི་བདེན་པར་གཏན་ལ་ཕབ་པས་དངོས་པོར་སྨྲ་བ་དང་ཚུལ་མཚུངས་ཤིང་ཁྱད་པར་དུ་འཕགས་པར་བསྟན་པ་དང༌། ཐམས་ཅད་མེད་པར་བསྟན་པ་དེ་ཤེས་རབ་ཀྱི་བློ་ཡུལ་དུ་བསྟན་པས་ཐེག་པ་ཆེན་པོ་སྤྱི་དང་མཚུངས་ཤིང་ཁྱད་པར་དུ་འཕགས་པར་བསྟན་པ་དང༌། དེས་ན་གཉིས་མེད་ཀྱི་བློས་མཐའ་བྲལ་དུ་གཏན་ལ་ཕབ་ལ་ཟུང་འཇུག་ཉམས་སུ་བླང་བ་བསྟན་པའོ། །དང་པོ་ལ་གཉིས། ཕུང་པོ་དང་ཁམས་དང་སྐྱེ་མཆེད་དུ་བཤད་པས། ཉན་ཐོས་སྡེ་པ་དང་མཚུངས་ཤིང་མུ་སྟེགས་བྱེད་ལས་ཁྱད་པར་དུ་འཕགས་པ་དང༌། ཡུལ་སྣང་ལ་རང་བཞིན་མེད་པ་དང༌། སྣང་བ་སེམས་སུ་བསྟན་པས། སེམས་ཙམ་པ་དང་ཚུལ་མཚུངས་ཤིང༌། ཉན་ཐོས་ལས་ཁྱད་པར་དུ་འཕགས་པར་བསྟན་པའོ། །དང་པོ་ནི། བརྟག་པ་ཕྱི་མའི་ལེའུ་གསུམ་པ་ལས། ཡུལ་དང་ཡུལ་ཅན་དག་གིས་ནི། །སྐྱེ་མཆེད་བཅུ་གཉིས་དག་ཏུ་འགྱུར། །ཕུང་པོ་ལྔ་ནི་གཟུགས་ལ་སོགས། །མཐར་ནི་རྣམ་ཤེས་སྙིང་རྗེ་ཆེ། །དབང་པོ་དང་ནི་ཡུལ་ཉིད་དང༌། །དབང་པོའི་རྣམ་པར་ཤེས་པ་ཉིད། །རྣལ་འབྱོར་པ་རྣམས་གོ་བྱའི་ཕྱིར། །ཁམས་ནི་བཅོ་བརྒྱད་དག་ཏུ་བཤད། །ཅེས་གསུངས་སོ། །དེ་ལྟ་བུའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་བཤད་པ་ནི་འཕགས་པ་ཉན་ཐོས་རྣམས་དང་མཚུངས་ལ། ཡང་དེས་མུ་སྟེགས་བྱེད་ལས་ཁྱད་པར་དུ་འཕགས་ཏེ། མུ་སྟེགས་བྱེད་ཀྱི་ལྟ་བ་ཐམས་ཅད་ནི་བདག་རྟག་པ་དང་གཅིག་པུར་འཛིན་པ་ལས་གྱུར་པ་ཡིན་ཏེ། སློབ་དཔོན་ཐོགས་མེད་ཀྱིས་ཀྱང་གསུངས་པ། མུ་སྟེགས་བྱེད་ཀྱི་ལྟ་བ་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ནི་བདག་ཏུ་འཛིན་པ་ལས་བྱུང་བ་ཡིན་ནོ་ཞེས་གསུངས་སོ། །དེ་དག་གི་གཉེན་པོར་བཅོམ་ལྡན་འདས་ཀྱིས་ཕུང་པོ་ཁམས་དང་སྐྱེ་མཆེད་གསུངས་ཏེ། དེའང་རིལ་པོ་ལ་བདག་ཏུ་འཛིན་པའི་གཉེན་པོར་ཕུང་པོ་ལྔ་བཤད་པས། དུ་མ་ལ་གཅིག་ཏུ་སྒྲོ་བཏགས་པ་ལས་གཅིག་མེད་པར་བསྟན་ཏོ། །གཟུགས་ལ་བདག་ཏུ་འཛིན་པའི་གཉེན་པོར་སྐྱེ་མཆེད་བཅུ་གཉིས་བཤད་པས། རྣམ་པར་ཤེས་པ་སྐྱེ་བ་ཉིད་དུ་གྲུབ་པས་རྟག་པ་ཉིད་སུན་ཕྱུང་ངོ༌། །གཟུགས་དང་སེམས་གཉིས་ལ་བདག་ཏུ་འཛིན་པའི་གཉེན་པོར་ཁམས་བཅོ་བརྒྱད་ཤེས་པས་རིགས་ཐམས་ཅད་ཁམས་སུ་གྲུབ་པས། ཕྱི་ཉིད་མེད་པར་བསྟན་ཏོ། །དེ་ལྟར་ན་ཡུལ་ཤེས་བྱ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་གུད་ན་མེད་པས། བདག་འགའ་ཡང་མེད་པར་གྲུབ་པས་ཁྱད་པར་དུ་འཕགས་པར་འགྲུབ་བོ། །སྤྱི་དོན་གཉིས་པ་འོ་ན་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཅེས་བྱ་བ་རྡུལ་ཕྲན་དང་སྐད་ཅིག་མ་དོན་དམ་དུ་བདེན་པར་ཡོད་དམ་ཞེ་ན། དེ་ནི་མ་ཡིན་ཏེ། ཡུལ་སྣང་ལ་རང་བཞིན་མེད་པ་དང༌། སྣང་བ་སེམས་སུ་གཏན་ལ་དབབ་པས་སེམས་ཙམ་དང་མཚུངས་ཤིང་ཉན་ཐོས་ལས་ཁྱད་པར་འཕགས་པར་བསྟན་པ་ནི། རྩ་རྒྱུད་ཕྱི་མའི་ལེའུ་གསུམ་པ་ལས། རང་བཞིན་གདོད་ནས་མ་སྐྱེས་པ། །བདེན་མིན་བརྫུན་མིན་དེ་བཞིན་དུ། །ཐམས་ཅད་ཆུ་ཡི་ཟླ་བ་ལྟར། །འདོད་པས་རྣལ་འབྱོར་མས་ཤེས་གྱིས། །ཞེས་གསུངས་ཏེ། སྣང་ཚོད་དུ་གྲུབ་པས་བརྫུན་པ་མིན་ཀྱང༌། དེ་ཐམས་ཅད་ཀྱང་རྡུལ་ཕྲ་རབ་གཅིག་ལ་རྡུལ་དྲུག་འདུས་པའི་རིགས་པ་དང༌། སྐད་ཅིག་མའམ་སྐད་ཅིག་མར་ཆ་ཕྱེ་བའི་རིགས་པས་བརྟགས་ན་རྡུལ་དང་སྐད་ཅིག་མ་མི་རྙེད་པས་ན་བདེན་པ་མིན་ཞེས་བྱ་བའི་དོན་ཏོ། །འོ་ན་དེ་དག་ཇི་ལྟ་བུ་ཞེ་ན། སློབ་དཔོན་འཕགས་པས། བྱང་ཆུབ་ཀྱི་སེམས་ཀྱི་འགྲེལ་པ་ལས་གསུངས་པ། གཟུགས་ནི་དབུ་བ་རྡོས་པ་འདྲ། །ཚོར་བ་ཆུ་ཡི་ཆུ་བུར་བཞིན། །འདུ་ཤེས་སྨིག་རྒྱུ་དང་མཚུངས་ཤིང༌། །འདུ་བྱེད་ཆུ་ཤིང་དང་འདྲ་ལ། །རྣམ་ཤེས་སྒྱུ་མ་ལྟ་བུ་ཞེས། །ཕུང་པོ་བསྟན་པ་དེ་ལྟ་བུ། །བྱང་ཆུབ་སེམས་དཔའ་རྣམས་ལ་བཤད། །ཅེས་གསུངས་སོ། །དེ་ལྟར་རང་བཞིན་གྱིས་དག་ན་སྣང་གྲགས་ཀྱི་ཆོས་འདི་རྣམས་གང་ལས་བྱུང་སྙམ་ན། སྣང་གྲགས་ཀྱི་ཆོས་ཐམས་ཅད་སེམས་སུ་གཏན་ལ་དབབ་པ་སྟོན་ཏེ། མདོ་ལས་ཀྱང་འདི་སྐད་དུ། ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པོ་འདི་དག་ནི་སེམས་ཙམ་མོ་ཞེས་གསུངས་ལ། དེ་ཉིད་རྡོ་རྗེ་གུར་གྱི་ལེའུ་དྲུག་པ་ལས་ཀྱང༌། རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་གང་ཟག་མེད། །རྣམ་པར་ཤེས་པའི་གནས་དོན་ནམ། །ཕྱི་རོལ་གྱུར་པ་ཅུང་ཟད་མེད། །ཆོས་ཀྱི་དབྱིངས་ནི་མཆོག་ཏུ་ཞི། །འདི་ནི་རིན་ཆེན་སེམས་སུ་བརྗོད། །འདོད་དོན་འབྲས་བུ་རབ་སྟེར་བ། །སེམས་ནི་དེ་ཉིད་རང་བཞིན་དག །ཅེས་གསུངས་སོ། །དེ་ལྟར་ཚིགས་སུ་བཅད་པ་དེ་དག་གི་དོན་ནི་བཞིས་ཤེས་པར་བྱ་སྟེ། ཆོས་ཐམས་ཅད་སེམས་སུ་བསྡུ་བ། སེམས་ཀྱི་ཡོན་ཏན་དུ་བསྟན་པ་དང༌། སེམས་ཀྱི་མཚན་ཉིད་བསྟན་པ་དང༌། སེམས་ཀྱི་ནུས་པའི་མཐུ་བསྟན་པ་དང༌། སེམས་ཀྱི་རང་བཞིན་བསྟན་པའོ། །དང་པོ་ནི། །ཕྱི་རོལ་གྱུར་པ་ཅུང་ཟད་མེད། །ཅེས་པ་ཡན་ཆད་ཚིགས་སུ་བཅད་པ་གཅིག་སྟེ། སེམས་ཉིད་རང་བཞིན་གྱིས་འོད་གསལ་བ་གཅིག་ལས་མེད་ཀྱང༌། ཐོག་མ་མེད་པའི་བག་ཆགས་ཀྱིས་ཀུན་ཏུ་དཀྲིས་པའི་དབང་གིས་སྣང་གྲགས་ཀྱི་ཆོས་ཐ་དད་དུ་མར་སྣང་སྟེ། དཔེར་ན་ཉི་མའི་དཀྱིལ་འཁོར་གཅིག་ལས་མེད་ཀྱང་ཡུལ་ཐ་དད་པར་སྣང་བ་ཐ་དད་པར་འཆར་བའམ། དམུས་ལོང་བརྒྱས་གླང་པོ་ཆེ་ལ་བྱུགས་པ་ལྟ་བུ་སྟེ། དེ་ཡང་ལང་ཀར་གཤེགས་པ་ལས་གསུངས་པ། བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་དུ་སྣང་བ་རབ་ཏུ་འབྱུང༌། །དོན་ཡོད་མ་ཡིན་སེམས་ཉིད་དེ། །ཕྱི་རོལ་དོན་མཐོང་ལོག་པ་ཡིན། །ཞེས་གསུངས་སོ། །གཉིས་པ་སེམས་ཀྱི་མཚན་ཉིད་ནི། ཆོས་ཀྱི་དབྱིངས་ནི་མཆོག་ཏུ་ཞི། །ཞེས་པས་བསྟན་ཏེ། ཆོས་ཀྱི་དབྱིངས་ནི་དྷརྨ་དྷཱ་ཏུ་སྟེ། དྷཱ་ཏུ་ནི་རྒྱུའམ་དབྱིངས་སམ་ཁམས་ལས་འདིར་རྒྱུ་སྟེ་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་རྒྱུ་བྱེད་པས་ན་དབྱིངས་ཏེ་ཀུན་གཞིའི་རྣམ་པར་ཤེས་པའོ། །དེ་སྐད་དུ། ཐོག་མ་མེད་པའི་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང༌། །མྱ་ངན་འདས་པའང་འབྱུང་བ་ཡིན། །ཞེས་གསུངས་སོ། །དེ་ཉིད་མཆོག་ཏུ་ཞི་སྟེ། གཟུང་བྱ་ངོ་བོ་མེད་པས་དེ་ལ་ལྟོས་པའི་འཛིན་པ་མི་འགྲུབ་སྟེ། སློབ་དཔོན་དབྱིག་གཉེན་གྱིས། གཟུང་བ་མེད་པས་དེར་འཛིན་མེད། །ཅེས་གསུངས་སོ། །དེས་ན་རང་གསལ་བ་ཙམ་ཞེས་བྱ་བའི་དོན་ཏོ། །གསུམ་པ་སེམས་ཀྱི་ནུས་པའི་མཐུ་ནི། འདི་ནི་རིན་ཆེན་སེམས་སུ་བརྗོད། །འདོད་དོན་འབྲས་བུ་རབ་སྟེར་བ། །ཞེས་གསུངས་པ་སྟེ། དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལས་གང་འདོད་པའི་འབྲས་བུ་འབྱུང་བ་དང་འདྲ་བར་རང་གི་སེམས་ཉིད་ལ་ཐབས་ཀྱི་རྐྱེན་གྱིས་བསྐུལ་བས་དམན་པ་དང་འབྲིང་དང་མཆོག་གི་དངོས་གྲུབ་ཀྱི་འབྲས་བུ་ཐམས་ཅད་འབྱུང་བ་ཡིན་ནོ། །བཞི་པ་སེམས་ཀྱི་རང་བཞིན་བསྟན་པ་ནི། སེམས་ཉིད་དེ་ཉིད་རང་བཞིན་དག །ཅེས་པ་སྟེ། དེ་ལ་རང་བཞིན་ཞེས་པ་དང༌། རང་བྱུང་ཞེས་པ་ནི་མིང་གི་རྣམ་གྲངས་ཏེ་རང་བཞིན་གྱིས་སྐྱེ་བ་མེད་པ་ཉིད་ཡིན་པས། གཞན་གྱི་དབང་ངམ་རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ།།  །།སྤྱི་དོན་གཉིས་པ་ཤེས་རབ་དོན་དམ་གྱི་བསམ་པས་གཞལ་ན་ཐམས་ཅད་མེད་པ་ཉིད་དུ་བསྟན་པ་ལ་གཉིས། ཡུལ་མ་གྲུབ་པས་ཡུལ་ཅན་གྱི་ཤེས་པའང་མ་གྲུབ་པས་ན་སེམས་ཙམ་ལས་ཁྱད་པར་དུ་འཕགས་པ་དང༌། ཀུན་རྫོབ་སྒྱུ་མ་ལྟ་བུ་ཡིན་ཡང་དོན་དམ་པར་འདིའོ་ཞེས་བྱ་བའི་གནས་ལུགས་མི་འདོད་པས། དབུ་མ་ངོ་བོ་ཉིད་མེད་པ་ལས་ཁྱད་པར་དུ་འཕག་པར་བསྟན་པའོ། །དང་པོ་ནི། བརྟག་པ་དང་པོའི་ལེའུ་ལྔ་པ་ལས་གསུངས་པ། ངོ་བོས་གཟུགས་མེད་མཐོང་བ་པོ། །སྒྲ་མེད་ཐོས་པ་པོ་ཡང་མེད། །དྲི་མེད་སྣོམ་པ་པོ་ཡང་མེད། །རོ་མེད་མྱོང་བ་པོ་ཡང་མེད། །རེག་མེད་རེག་པ་པོ་ཡང་མེད། །སེམས་མེད་སེམས་ལས་བྱུང་བའང་མེད། །ཅེས་གསུངས་ཏེ། རང་གི་བློ་ལ་སྣང་བ་ཐམས་ཅད་ནི་བརྟགས་པ་སྟེ་ངོ་བོས་མེད་ཅེས་པའི་དོན་ཏོ། །དེ་ལ་གཟུགས་ནི་དཀར་པོ་ལ་སོགས་པ་སྟེ་མིག་གི་ཡུལ་དུ་གྱུར་པ་གཟུགས་ཀྱི་སྐྱེ་མཆེད་དོ། །དེ་ལ་རང་བཞིན་མེད་ཅེས་སྦྱར་བར་བྱའོ། །དེ་ལ་རང་བཞིན་ནམ་ངོ་བོའམ་རང་བྱུང་དུ་མེད་པའོ། །ཇི་ལྟར་མེད་ཅེ་ན། གློ་བུར་གྱི་རྐྱེན་ལ་རག་ལས་པའི་ཕྱིར་དང༌། འགག་པ་སླར་མི་སྐྱེ་བའི་ཕྱིར་དང༌། སྐད་ཅིག་མ་ཙམ་ཡིན་པའི་ཕྱིར་དང༌། བྱིས་པས་ཀུན་ཏུ་བརྟགས་པའི་བདག་དང་གཙང་བ་དང༌། བདེ་བ་དང་རྟག་པ་མ་གྲུབ་པའི་ཕྱིར་ངོ་བོས་མེད་དོ། །དེ་ལྟར་མདོ་སྡེ་རྒྱན་ལས། རང་དང་རང་གི་བདག་ཉིད་དུ། །མེད་ཕྱིར་རང་གི་ངོ་བོ་ལ། །མི་གནས་ཕྱིར་དང་འཛིན་བཞིན་ཏེ། །མེད་ཕྱིར་ངོ་བོ་ཉིད་མེད་འདོད། །ཅེས་གསུངས་སོ། །འབུམ་ལས་ཀྱང༌། གཟུགས་ལ་རང་བཞིན་མེད་དེ། གང་ལ་རང་བཞིན་མེད་པ་ནི་བརྗོད་དུ་མེད་པའོ་ཞེས་བྱ་བ་ལ་སོགས་པ་དང༌། གཟུགས་རྟག་ཅིག་བརྟན་ལ་ཐེར་ཟུག་མི་འགྱུར་བའི་ཆོས་ཅན་ཞིག་ཡིན་ན་ཐེག་པ་ཆེན་པོ་འདིས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར་མི་འགྱུར་ཏེ། གཟུགས་མི་རྟག་ཅིང་མི་བརྟན་ལ་ཐེར་ཟུག་མ་ཡིན་པའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེས་ན་རྟོག་པས་བརྟགས་ཤིང་གྲགས་པ་ཙམ་དུ་ཟད་ཅིང་རྟེན་འབྲེལ་ཙམ་སྟེ། དབུ་མ་ལས། རྒྱུ་དང་རྐྱེན་ལས་བྱུང་བ་ཡི། །རང་བཞིན་བྱས་པ་ཅན་དུ་འགྱུར། །ངོ་བོ་ཉིད་ནི་བཅོས་མིན་དང༌། །གཞན་ལ་ལྟོས་པ་མེད་པ་ཡིན། །ཞེས་པ་དང༌། རྟེན་ཅིང་འབྲེལ་འབྱུང་གང་ཡིན་པ། །དེ་ནི་སྟོང་པ་ཉིད་དུ་བཤད། །ཅེས་གསུངས་སོ། །དེས་ན་ཡུལ་མེད་པས་ཡུལ་ཅན་མི་འབྱུང་སྟེ། མཐོང་བ་པོ་མེད་ཅེས་བྱ་བ་མིག་གི་སྐྱེ་མཆེད་མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་གཟུགས་ཀྱི་ཕུང་པོས་བསྡུས་པ་སྐྱེ་མཆེད་བཅུ་དང་ཁམས་བཅུ་ངོ་བོས་མེད་པ་ནི། རེག་པ་པོའང་མེད་ཅེས་པ་ཡན་ཆད་ཀྱིས་བསྟན་ཏོ། །སེམས་མེད་ཅེས་པ་ནི་རྣམ་པར་ཤེས་པའི་ཕུང་པོས་བསྡུས་པ་རྣམ་པར་ཤེས་པའི་ཁམས་དྲུག་དང་ཡིད་ཀྱི་སྐྱེ་མཆེད་དེ་ཀུན་གཞིའི་རྣམ་པར་ཤེས་པའི་སེམས་ཀྱིས་བསྡུས་པའི་ཕྱིར་སེམས་ཏེ་དེ་མེད་དོ། །སེམས་ལས་བྱུང་བ་ངོ་བོ་མེད། །ཅེས་ཆོས་ཀྱི་ཁམས་དང་ཆོས་ཀྱི་སྐྱེ་མཆེད་དང༌། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་ཀྱི་ཕུང་པོའོ། །དེས་ན་རིག་བྱ་རིག་པ་ལ་ལྟོས་ལ། རིག་པའང་རིག་བྱ་ལ་ལྟོས་པས། གཅིག་ཁེགས་པས་གཅིག་འགགས་པས་ན་རང་རིག་པ་ཞེས་བྱ་བ་མེད་པས་སེམས་ཙམ་ལས་ཁྱད་པར་དུ་འཕགས་ཞེས་བྱ་བའི་དོན་ཏོ། །གཉིས་པ་ཀུན་རྫོབ་སྒྱུ་མ་ལྟ་བུ་ཡིན་ཡང་དོན་དམ་དུ་གནས་ལུགས་སུ་མི་འདོད་པས། ངོ་བོ་ཉིད་མེད་པ་ལས་ཁྱད་པར་དུ་འཕགས་པར་བསྟན་པ་ལས། དང་པོར་ཀུན་རྫོབ་སྒྱུ་མ་ལྟ་བུར་བསྟན་པ་ནི། སཾ་པུ་ཊའི་བརྟག་པ་གཉིས་པའི་གཉིས་པ་ལས། དྲི་ཟའི་གྲོང་ཁྱེར་ལྟ་བུ་དང༌། །སྒྱུ་མ་སྨིག་རྒྱུ་འདྲ་བ་དང༌། །འཕྲོག་པ་ཟླ་བའི་གྲོངས་མཚུངས་དང༌། །རྨི་ལམ་རྩེ་བ་ལྟ་བུར་བལྟ། །སྒྱུ་མ་ཇི་བཞིན་ཐམས་ཅད་དུ། །བལྟ་བྱ་ཉིད་དང་རིག་པར་བྱ། །ཞེས་འབྱུང་བས་ན་ཀུན་རྫོབ་ཏུ་ཆོས་ཐམས་ཅད་སྒྱུ་མ་ལ་སོགས་པ་དཔེ་བཅུ་གཉིས་ཀྱིས་གཏན་ལ་དབབ་པའོ། །འོ་ན་སྒྱུ་མ་ལྟ་བུ་ལ་སོགས་པ་ཀུན་རྫོབ་ཡིན་ན། དོན་དམ་པར་གནས་ལུགས་གང་ཡིན་སྙམ་ན། འགྲོ་བ་ཀུན་གྱི་གནས་པ་ནི། །གང་ལའང་རྙེད་པར་མི་འགྱུར་ཏེ། །སྦྱོར་བ་འདུས་པ་བསམ་མི་ཁྱབ། །ཅེས་གསུངས་ཏེ། བསམ་པའི་ཡུལ་ལས་འདས་པ་སྟེ། དོན་དམ་པར་ན་འདི་ལྟ་བུ་ཞིག་གོ་ཞེས་བརྗོད་དུ་མི་བཏུབ་བོ། །དེ་ལ་ངོ་བོ་ཉིད་མེད་པར་སྨྲ་བ་དག་ཆོས་ཐམས་ཅད་ཀྱི་རང་བཞིན་ནི་སྟོང་པ་ཉིད་ཡིན་ནོ་ཞེས་བྱ་བ་ལ་སོགས་པར་འཛིན་པ་དེ་དག་སུན་དབྱུང་བ་སྟེ། འོག་ཏུ་རྒྱས་པར་བརྗོད་པར་བྱའོ། །སྤྱི་དོན་གསུམ་པ་གཉིས་མེད་ཀྱི་བློས་མཐའ་བྲལ་དུ་གཏན་ལ་ཕབ་ནས་ཟུང་འཇུག་ཏུ་ཉམས་སུ་བླང་བར་བསྟན་པ་ལ་གསུམ། སྟོང་པ་ལ་སོགས་པ་བཞི་ཀ་མཐའ་ཡིན་པས་དེ་སྤང་བར་བསྟན་པ་དང༌། མཐའ་བྲལ་གྱི་དབུ་མ་ཞེས་བྱ་བར་འཛིན་པ་དེ་ཡང་མཐའ་ཡིན་པ་དང༌། དེ་ལྟར་མཐའ་དང་བྲལ་ཡང་ཟུང་འཇུག་གི་ཚུལ་གྱིས་ཉམས་སུ་བླང་བར་བསྟན་པའོ། །དེ་ལ་དང་པོ་ནི། སཾ་པུ་ཊའི་གཉིས་པའི་གཉིས་པ་ལས། སྟོང་པ་བསྒོམ་པར་མི་བྱ་སྟེ། །སྟོང་མིན་བསྒོམ་པར་མི་བྱའོ། །སྟོང་པ་མི་སྤང་རྣལ་འབྱོར་པས། །སྟོང་མིན་ཡོངས་སུ་མི་སྤང་ངོ༌། །སྟོང་དང་སྟོང་མིན་བཟུང་བ་ལས། །རྟོག་པ་ཉུང་མིན་སྐྱེ་བར་འགྱུར། །ཡོངས་སུ་སྤངས་ན་ཀུན་རྟོག་སྟེ། །དེ་ཕྱིར་གཉིས་པོ་འདི་དག་སྤང༌། །ཞེས་གསུངས་སོ། །དེ་ལ་དེ་དག་གིས་ནི་འདི་སྐད་སྟོན་པར་འགྱུར་ཏེ། སྟོང་པ་ཉི་ཚེ་བའམ་དེ་བཞིན་ཉིད་དུ་འཛིན་པའི་རྣམ་པ་དེ་སྤང་ངོ༌། །འོན་ན་མི་སྟོང་བ་དང་དངོས་པོའི་བདག་གམ་ལྷའི་རྣམ་པ་ལ་སོགས་པར་བསྒོམ་མམ་སྙམ་ན། སྟོང་མིན་དུའང་བསྒོམ་པར་མི་བྱའོ། །དེ་ལྟར་མི་བསྒོམ་པའི་འཐད་པ་ནི། སྤྱིར་ཡུལ་ཤེས་བྱ་དང་ཡུལ་ཅན་གྱི་ཤེས་པ་གཉིས་ཡིན་པ་ལས། ཡུལ་དོན་དམ་གྱི་གནས་ལུགས་གྲུབ་པ་མེད་པས། དེས་ན་ཡུལ་ཅན་གྱི་འཛིན་པའམ་བསྒོམ་པ་མི་འཐད་དོ། །འདི་ལ་གཉིས། གནས་ལུགས་མེད་པ་དང༌། དེ་ལ་རྩོད་པ་སྤང་པའོ། །དང་པོ་ལ་བཞི་སྟེ། གནས་ལུགས་ངེས་པར་འདོད་ན་གནོད་པ་ཡོད་པ་དང༌། ངེས་པ་བློ་ཡུལ་དུ་མི་རུང་བ་དང༌། བློ་ལ་མ་ལྟོས་པའི་ཡུལ་མི་རུང་བ་དང༌། མཐར་བཟུང་ན་སྲིད་པའི་རྩ་བར་འགྱུར་བའོ། །དང་པོ་ནི་སྟོང་པའམ་མི་སྟོང་བ་དངོས་པོའི་གནས་ལུགས་མ་ཡིན་ལ། མ་ཡིན་པ་བསྒོམས་ན་མ་རིག་པར་འགྱུར་བའི་ཕྱིར་རོ། །དེ་ཇི་ལྟར་གནས་ལུགས་མ་ཡིན་ཞེ་ན། འདི་ལྟར་མི་སྟོང་བ་གནས་ལུགས་སུ་བྱས་ན་གཅིག་དང་དུ་བྲལ་ལ་སོགས་པས་གཞིག་ན་དེ་མི་འགྲུབ་པའི་ཕྱིར་རོ། །ཡང་སྟོང་པ་གནས་ལུགས་སུ་བྱས་ན་མི་འཐད་དེ། སྐྱེ་བ་དང་བཅས་པ་མཐོང་བའི་ཕྱིར་རོ། །དེ་སྐད་དུ། འཕགས་པས་ཀྱང་དབུ་མ་ལས། སྐྱེ་བ་རྒྱུ་དང་བཅས་མཐོང་བས། །འགག་པ་འདི་ནི་འཐད་མ་ཡིན། །འགག་པ་རྒྱུ་དང་བཅས་མཐོང་བས། །སྐྱེ་བར་རིགས་པ་མ་ཡིན་ནོ། །ཞེས་པ་དང༌། གང་ཕྱིར་རྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་པ། །དེ་ཕྱིར་སྟོང་པ་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་སོ། །གཉིས་པ་ངེས་པ་བློ་ཡུལ་དུ་མི་རུང་བ་ནི། དེས་ན་སྟོང་པ་ནི་མི་སྟོང་བ་ལ་ལྟོས་ལ་མི་སྟོང་བ་སྟོང་བ་ལ་ལྟོས་པས། སྟོང་པ་གནས་ལུགས་ཡིན་ན་མི་སྟོང་བ་ཡང་ཡིན་ལ། མི་སྟོང་བ་གནས་ལུགས་ཡིན་ན་སྟོང་པ་ཡང་ཡིན་ན། རྣལ་འབྱོར་པས་སྟོང་པ་མ་སྤངས་ན་སྟོང་མིན་ཡང་མི་སྤང་ངོ་ཞེས་གོང་དུ་གསུངས་སོ། །དབུ་མ་ལས་ཀྱང༌། གལ་ཏེ་མི་སྟོང་ཅུང་ཟད་ཡོད། །སྟོང་པ་ཅུང་ཟད་ཡོད་པར་འགྱུར། །མི་སྟོང་ཅུང་ཟད་མེད་པས་ན། །སྟོང་པའང་ཡོད་པར་ག་ལ་འགྱུར། །ཞེས་གསུངས་སོ། །གསུམ་པ་བློ་ལ་མ་ལྟོས་པའི་ཡུལ་དགག་པ་ནི། འདི་སྐད་དུ། བློས་ཡུལ་དུ་བྱས་ན་ཁྱོད་བདེན་པར་ལྟོས་པར་འགྱུར་ཏེ། སྟོང་ཉིད་ཅེས་བྱ་བར་བློ་ལ་མ་ལྟོས་པར་ངོ་བོས་གྲུབ་པ་ཅིག་ཡོད་དེ། དཔེར་ན་རི་བོང་གི་མགོ་ལ་རྭ་མེད་ཅེས་བློས་ཤེས་པར་བྱེད་པ་དེ་རྭ་ལ་ལྟོས་ཀྱང་རི་བོང་གི་མགོ་ལ་རྭ་མེད་པ་ནི་ངོ་བོས་གནས་སོ་ཞེས་སྨྲ་ན། དེ་ནི་མ་ཡིན་ཏེ། བློས་ཡུལ་དུ་མ་བྱས་པའི་རི་བོང་གི་མགོ་ལ་རྭ་མེད་པའོ་ཞེས་སུས་ཀྱང་ཡང་དག་པར་མཐོང་བའམ་དམིགས་པ་མེད་དེ། ཡུལ་དུས་གང་དུའང་བློས་ཡུལ་དུ་མ་བྱས་པའི་ཤེས་བྱ་ཞེས་བྱ་བ་མེད་དོ། །གལ་ཏེ་བློས་ཡུལ་དུ་མ་བྱས་པའི་སྟོང་པ་ཞེས་བྱ་བ་འདོད་ན། མུ་སྟེགས་བྱེད་ཀྱི་བསམ་གྱིས་མི་ཁྱབ་པའི་བདག་ཀྱང་དགག་པར་མི་ནུས་པར་འགྱུར་རོ། །དེས་ན་མ་ལྟོས་པའི་ཆོས་འགའ་ཡང་མེད་ལ། ལྟོས་པའི་ཕྱིར་གནས་ལུགས་འདིའོ་ཞེས་གྲུབ་པ་མེད་དོ། །གཞན་ཡང་སྟོང་པར་ལྟ་བ་འདི་ལྟ་བ་རྣམས་ཀྱི་ནང་ན་ཡང་དམན་ཏེ། སྨན་མ་ཞུ་བ་དུག་ཏུ་སོང་བ་ལྟ་བུ་སྟེ། དབུ་མ་ལས། གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་བསྒྲུབ་ཏུ་མེད་པར་གསུངས། །ཞེས་གསུངས་སོ། །གཞན་ཡང་གནས་ལུགས་འདོད་ན་ལྟ་བར་འགྱུར་ལ། ལྟ་བར་གྱུར་ན་རྣམ་པར་རྟོག་པ་སྣ་ཚོགས་སྐྱེ་ཞིང་དེས་འཁོར་བར་འདྲེན་པར་བྱེད་དོ། །དེས་ན་དབུ་མ་ལས། གང་གིས་ཐུགས་བརྩེ་ཉེར་བཟུང་ནས། །ལྟ་བ་ཐམས་ཅད་སྤངས་པའི་ཕྱིར། །དམ་པའི་ཆོས་འདི་བསྟན་མཛད་པ། །གོའུ་ཏམ་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་སོ། །དེའི་ཕྱིར། སྟོང་དང་སྟོང་མིན་བཟུང་བ་ལས། །རྟོག་པ་ཉུང་མིན་སྐྱེ་བར་འགྱུར། །ཞེས་གསུངས་ཏེ། སྟོང་པ་བཟུང་ན་ནི་ཆད་པའི་མཐའ་དང༌། མི་སྟོང་ན་ནི་རྟག་པར་འགྱུར་བས་ན་འཛིན་པ་ཐམས་ཅད་སྤང་བར་བྱའོ། །དོན་བཞི་པ་འཛིན་པ་མ་སྤངས་ན་སྲིད་པའི་རྩ་བར་འགྱུར་བ་ནི། ཇི་སྲིད་དུ་འཛིན་ན་སྲིད་པར་སྐྱེ་སྟེ། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ང་རུ་འཛིན་ན་ཡང་ལས་ཏེ། །དེ་ལས་ཡང་ནི་སྐྱེ་བ་ཡིན། །ཞེས་དབུ་མ་ལས་གསུངས་སོ། །དེའི་ཕྱིར་སྟོང་པ་དང་མི་སྟོང་བ་སྤངས་ན། གཉིས་ཀ་དང་གཉིས་ཀ་མ་ཡིན་པར་བཟུང་བར་མི་ནུས་ཏེ་འགལ་བའི་ཕྱིར་རོ། །དེས་ན་མཐའ་བཞི་སྤངས་པའོ། །གཉིས་པ་དེ་ལ་རྩོད་པ་སྤང་བ་ལ་གསུམ། རང་གི་ཚིག་དང་འགལ་བ་དང༌། ཐ་མལ་པར་འགྱུར་བ་དང༌། ལུང་དང་འགལ་བའོ། །དང་པོ་ནི་དེ་ལྟར་ཁྱེད་ལ་ལྟ་བ་མེད་ཅིང་དངོས་པོའི་གནས་ལུགས་མེད་ན། གནས་ལུགས་རྟོགས་ཞེ་བྱ་བའམ། མ་རིགས་པ་སྤངས་ཏེ་རིག་པ་སྐྱེ་ཞེས་ཁྱོད་ཉིད་མི་འདོད་དམ་ཞེ་ན། འདི་ལྟར་གནས་ལུགས་མེད་པ་ལ་མེད་པ་ཉིད་དུ་སྒྲོ་འདོགས་བཅད་པ་དེ་ཙམ་ལ་རྟོགས་ཞེས་ཐ་སྙད་ཙམ་དུ་གདགས་སོ། །དེ་ཉིད་གནས་ལུགས་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ་དཔེར་ན་བདག་ལ་ནོར་མེད་དོ་ཞེས་བརྗོད་ན། མེད་པའི་ནོར་སྟོན་ཅིག་ཅེས་སུ་ཞིག་སྨྲ། དེ་བཞིན་དུ་གནས་ལུགས་མེད་དོ་ཞེས་བརྗོད་ན་དེ་ཉིད་གནས་ལུགས་སུ་ཇི་ལྟར་འཛིན་ཏེ་བཟུང་བ་མེད་དོ། །གཉིས་པ་ནི་ཁྱོད་ལྟ་བ་མི་འདོད་ན་སྐྱེ་བོ་ཕལ་པ་དང་འདྲའོ་སྙམ་ན། མི་འདྲ་སྟེ་སྐྱེ་བོ་ཕལ་པ་ནི་གཟུགས་ལ་སོགས་པ་སྣ་ཚོགས་ཉིད་དུ་འཛིན་ཞིང༌། དེའང་བདེན་པར་འཛིན་ན་ཁོ་བོ་ཅག་ནི་དམིགས་པ་གང་ལ་ཡང་མི་འཛིན་ཅིང་མི་འདོད་དེ། ཇི་སྐད་དུ། བྱིས་པ་རྣམས་ནི་གཟུགས་ལ་ཆགས། །བར་པ་རྣམས་ནི་ཆགས་བྲལ་འགྱུར། །མཁས་པ་རྣམས་ཀྱིས་གཟུགས་ཀྱི་ནི། །དེ་ཉིད་ཤེས་ན་ཡང་དག་གྲོལ། །ཞེས་གསུངས་པ་བཞིན་ནོ། །གསུམ་པ་ནི། འོ་ན་བདེ་བར་གཤེགས་པས་མདོ་རྒྱུད་དག་ལས་སྟོང་པ་དང་བདག་མེད་པ་ལ་སོགས་པ་དུ་མ་གསུངས་ལ། སློབ་དཔོན་རྣམས་ཀྱིས་ཀྱང་བསྟན་བཅོས་རྣམས་ལས་སྟོང་པ་ལ་སོགས་པ་བསྟན་ནོ་སྙམ་ན། དེ་དག་ནི་ལྟ་བ་སྤང་པའི་སྟོང་པ་ཉིད་དེ། དབུ་མ་ལས། རྒྱལ་བ་རྣམས་ཀྱིས་སྟོང་པ་ཉིད། །ལྟ་ཀུན་ངེས་པར་འབྱིན་པར་གསུངས། །ཞེས་བྱ་བ་དང༌། ཡང་གསུངས་པ། བདག་གོ་ཞེས་ཀྱང་བཏགས་གྱུར་ཅིང༌། །བདག་མེད་ཅེས་ཀྱང་བཏགས་པར་འགྱུར། །སངས་རྒྱས་རྣམས་ཀྱིས་བདག་དང་ནི། །བདག་མེད་འགའ་མེད་ཅེས་ཀྱང་བསྟན། །ཞེས་གསུངས་ཏེ། གདུལ་བྱའི་བློའི་རིམ་པས་སྒོ་སྣ་ཚོགས་ཀྱི་སྒོ་ནས་དྲང་བ་དང་ངེས་པའི་དོན་དུ་བསྟན་ཏོ། །དེས་ན་མདོ་ལས། དོན་ལ་རྟོན་པར་བྱའི་ཚིག་འབྲུ་ལ་རྟོན་པར་མི་བྱའོ་ཞེས་གསུངས་སོ། །སློབ་དཔོན་རྣམས་ཀྱི་གསུངས་པ་དེའང་བདེན་པ་བཀག་པ་དེ་ཙམ་ཞིག་དམིགས་པའི་ཡུལ་དུ་བྱས་པ་ན། དགག་བྱ་མ་དམིགས་པས་བཀག་པའང་མི་དམིགས་པ་སྐྱེ་བར་འགྱུར་བས། དེ་ཙམ་གྱི་ཆ་འདྲ་བ་ལས་བརྟེན་ཏེ་རྣམ་གྲངས་ཀྱི་དོན་དམ་མམ། ཕྱིན་ཅི་མ་ལོག་པའི་ཡོངས་སུ་གྲུབ་པ་ཞེས་བཏགས་ཀྱི། དོན་དུ་ན་དེ་ཉིད་ཀུན་རྫོབ་ཡིན་པས་སློབ་དཔོན་ཁ་ཅིག་རྣལ་འབྱོར་པའི་ཀུན་རྫོབ་ཅེས་གསུང་ངོ༌། །དེ་བས་ན་བློ་སྣང་གི་བྲལ་བའི་ཆ་དེ་ལ་དོན་དམ་རྣལ་མར་མ་རྟོན་ཅིག དེས་ན་བློའི་ཡུལ་ནི་རྣམ་གྲངས་ཡིན་ལ་དེ་ལས་གྲོལ་བས་ན་རྣམ་གྲངས་མ་ཡིན་པ་དོན་དམ་ཞེས་གདགས་ཏེ། བློའི་ཡུལ་རྣམས་ཀུན་རྫོབ་ཡིན་པས། དེ་ལས་འདས་པ་ཙམ་གྱི་ཆ་བསྟུན་པའི་མིང་ངོ༌། །དེས་ན་སློབ་དཔོན་རྣམས་ཀྱིས་རྣམ་གྲངས་མ་ཡིན་པ་ལ་སྒྲུབ་བྱེད་མ་གསུངས་པ་རྣམ་གྲངས་མ་ཡིན་ནོ་ཞེས་བྱ་བ་ཅིག་ཡོད་དོ་སྙམ་དུ་གཟུང་བར་གྱིའོ། །སྤྱི་དོན་གསུམ་པ་མཐའ་བྲལ་གྱི་དབུ་མ་ཞེས་བྱ་བ་ཞིག་ཀྱང་མ་ཡིན་པར་བསྟན་པ་ནི། སཾ་པུ་ཊའི་དང་པོའི་གསུམ་པ་ལས། སྟོང་མིན་སྟོང་པ་མིན་པའང་མིན། །དབུ་མར་དམིགས་པར་མི་འགྱུར་རོ། །ཞེས་གསུངས་ཏེ། དེ་དག་གི་དོན་ནི་ཞིབ་ཏུ་སྔར་བརྗོད་པ་དང་འདྲ་ལ། ཅུང་ཟད་ཕྱེ་ན་འདི་ཡིན་ཏེ། རྟོག་མཁན་གྱི་བསམ་པས་བཙལ་ན་མི་སྟོང་པའི་ཆོས་མེད་ལ་རིག་པས་ལེགས་པར་བརྟགས་ན་སྟོང་པ་མ་གྲུབ་ཅིང༌། དེ་གཉིས་ཀྱི་དབུས་ན་གཉིས་ཀའམ་གཉིས་ཀ་མ་ཡིན་པ་ཞེས་བྱ་བ་ཞིག་མི་འགྲུབ་སྟེ། དེ་གཉིས་རེ་རེར་མ་གྲུབ་ན་ཚོགས་པའང་མི་འགྲུབ་ལ། དེ་གཉིས་ལས་མ་གཏོགས་པའི་ཆོས་འགའ་ཡང་མེད་པའི་ཕྱིར་རོ། །དེས་ན་ཇི་ལྟ་ཇི་ལྟར་བློས་བཟུང་བ་དེ་དེ་ལྟ་དེ་ལྟར་མཐར་འགྱུར་ལ། མཐའ་བྲལ་གྱི་དབུ་མར་བཟུང་བ་དེའང་མཐར་འགྱུར་རོ། །འོ་ན་རྣལ་འབྱོར་པས་ཇི་ལྟར་ཉམས་སུ་བླང་སྙམ་ན། སྤྱི་དོན་གསུམ་པ་དེ་ལྟར་མཐའ་དང་བྲལ་ཡང་ཟུང་འཇུག་གི་ཚུལ་གྱིས་ཉམས་སུ་བླང་བ་ལ་གསུམ། ཟུང་འཇུག་གི་རང་བཞིན་དང༌། དོན་དམ་དུ་བསམ་དུ་མེད་པར་བསྟན་པ་དང༌། ཀུན་རྫོབ་ཏུ་བསྒོམ་པའི་ཚུལ་བསྟན་པའོ། །དང་པོ་ནི། བརྟག་པ་གཉིས་པའི་གཉིས་པ་དེ་ཉིད་ལས། ཤེས་རབ་ཕ་རོལ་ཕྱིན་སྦྱོར་བ། །ཐབས་ནི་སྙིང་རྗེའི་བདག་ཉིད་དོ། །དེས་ན་མཛེས་པའི་སྙིང་རྗེ་ཐབས། །ཤེས་རབ་ཕ་རོལ་ཕྱིན་གསལ་བ། །ཞེས་གསུངས་ཏེ། དེའི་དོན་ཡང་འདི་ཡིན་ཏེ། ཤེས་རབ་ཀྱིས་རྣམ་པར་ཕྱེ་བས་གང་ལྟར་ཡང་མ་གྲུབ་པར་ཤེས་ཀྱང་ཐབས་སྙིང་རྗེ་ཆེན་པོས་སྣང་བ་མི་འགག་པར་འགྱུར་རོ། །དེས་ན་སྤྲོས་པ་དང་འབྲལ་ཞིང་དམིགས་པ་མེད་བཞིན་དུ་སྙིང་རྗེ་ཆེན་པོས་གཞན་དོན་མཛད་པ་འདི་ནི་མཛེས་པས་ཏེ། དེ་ལྟར་ཡང༌། གཞན་གྱི་སྡུག་བསྔལ་གྱིས་བྲེད་རྣམས། །བསམ་གཏན་བདེ་བ་བོར་ནས་ཀྱང༌། །མནར་མེད་པར་ཡང་འཇུག་པར་བྱེད། །འདི་ནི་ངོ་མཚར་འདི་བསྔགས་འོས། །ཞེས་གསུངས་པ་དང༌། རྡོ་རྗེ་གུར་ལས་ཀྱང༌། སྟོང་ཉིད་སྙིང་རྗེ་ཐ་དད་མེད། །གང་དུ་སེམས་ནི་རྣམ་བསྒོམ་པ། །དེ་ནི་སངས་རྒྱས་ཆོས་དང་ནི། །དགེ་འདུན་གྱི་ཡང་བསྟན་པའོ། །ཞེས་གསུངས་སོ། །དེས་ན་ཧེ་བཛྲ་ཞེས་བྱ་བའང་འདི་ཉིད་ཡིན་ཏེ། རྩ་བའི་རྒྱུད་ལས་ཀྱང༌། ཧེ་ནི་སྙིང་རྗེ་ཆེན་པོ་ཉིད། །བཛྲའང་ཤེས་རབ་བརྗོད་པར་བྱ། །ཞེས་བྱ་བ་དང༌། རྒྱུད་ཐམས་ཅད་ཀྱི་བརྗོད་བྱའང་དེ་ཉིད་ཡིན་པས་ན། ཐབས་དང་ཤེས་རབ་བདག་ཉིད་རྒྱུད། །དེ་ནི་ང་ཡིས་བཤད་ཀྱིས་ཉོན། །ཞེས་གསུངས་ལ། དེ་ལ་སོགས་པ་ཟུང་འཇུག་གི་ལུང་མང་པོ་གསུངས་ཏེ་རང་ཉིད་ཀྱིས་སྤྲོ་བར་བྱའོ། །གཉིས་པ་དེ་ལྟ་བུ་དེ་བསམ་མམ་སྙམ་ན། དོན་དམ་དུ་བསམ་པར་བྱ་བ་ལས་འདས་ཏེ། རྣམ་རྟོག་མེད་པའི་ཆོས་རྣམས་ལ། །དངོས་པོ་མེད་ཅིང་བསྒོམ་པའང་མེད། །ཅེས་གསུངས་ཏེ། རང་གི་ངོ་བོ་འདི་ལྟར་གྲུབ་བོ་ཞེས་བྱ་བའི་ཚུལ་གྱིས་བསྒོམས་ན་རྟོག་པར་འགྱུར་ལ། རྟོག་པས་བསམ་པ་ནི་དེ་ཁོ་ན་ཉིད་མ་ཡིན་པས་བསམ་དུ་མེད་དོ་ཞེས་བྱ་བའི་དོན་ཏོ། །གསུམ་པ་ཀུན་རྫོབ་ཏུ་བསྒོམ་པའི་ཚུལ་ནི། དེ་ལྟར་གནས་ལུགས་ནི་བསྒོམ་དུ་མེད་ལ་གནས་ལུགས་མ་བསྒོམས་ན་མི་གྲོལ་བས་ཇི་ལྟར་བསམ་སྙམ་ན། ཀུན་རྫོབ་ཙམ་དུ་ཡོད་པར་བསྟན་པ་ནི། རྣམ་རྟོག་མེད་པར་ལྷག་མོས་ལའང༌། །རྟོག་པ་ཀུན་གྱིས་བརྟག་པར་བྱ། །ཞེས་གསུངས་ཏེ། རྣམ་པར་རྟོག་པ་ཉིད་ཀྱིས་དཔྱད་པས་རིམ་གྱིས་རྟོག་མེད་སྐྱེ་བའི་རྒྱུར་འགྱུར་ཏེ། མདོ་སྡེ་རྒྱན་ལས། དམིགས་པ་ལ་ནི་བརྟེན་ནས་སུ། །མི་དམིགས་པ་ནི་རབ་ཏུ་སྐྱེ། །མི་དམིགས་པ་ལ་བརྟེན་ནས་སུ། །མི་དམིགས་པ་ནི་རབ་ཏུ་སྐྱེ། །ཞེས་གསུངས་ལ། སློབ་དཔོན་ཏོག་ཙེ་པས་བསམ་གྱིས་མི་ཁྱབ་པ་ལས་ཀྱང༌། མིག་གི་རྣམ་ཤེས་རྟོགས་པ་ཡི། །གཉིས་མེད་ཡེ་ཤེས་ངོ་མཚར་ཆེ། །ཞེས་བྱ་བ་ལ་སོགས་པ་དང༌། གཉིས་པོ་དག་ནི་རྣམ་དཔྱད་ན། །གཉིས་མེད་ཡེ་ཤེས་འཆར་བར་འགྱུར། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཐབས་གང་གིས་ཇི་ལྟར་རྟོག་མེད་སྐྱེ་སྙམ་ན། རྩ་བའི་རྒྱུད་ལས། གང་ཕྱིར་ཡིད་ཀྱི་མི་བསྒོམ་པར། །འགྲོ་བ་ཐམས་ཅད་བསྒོམ་པར་བྱ། །ཐམས་ཅད་ཆོས་ནི་ཡོངས་ཤེས་ནས། །བསྒོམ་དུ་མེད་ན་བསྒོམ་པ་ཉིད། །ཅེས་བྱ་བ་དང༌། སཾ་པུ་ཊའི་གཉིས་པའི་གཉིས་པ་ལས་ཀྱང༌། །རྣམ་པ་མེད་ཅིང་དོགས་པ་མེད། །འདོད་པ་མེད་ཅིང་སྡིག་པ་བྲལ། །ཐོག་མ་ཐ་མའི་རྟོག་ལས་གྲོལ། །ནམ་མཁའ་ལྟ་བུར་མཁས་པས་བསྒོམ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་དག་ཀྱང་འོག་དམིགས་མེད་བསམ་མི་ཁྱབ་ཀྱི་སྟེང་དུ་ཞིབ་ཏུ་རྟོགས་པར་འགྱུར་རོ། །དེ་ལྟར་མཐའ་བྲལ་གྱི་ལྟ་བ་རྒྱས་པར་བསྟན་ཟིན་ཏོ། །སྤྱི་དོན་གསུམ་པ་ཤེས་བྱ་སྤྱིའི་གནས་ལུགས་མ་ལུས་པའང་བསྟན་ཟིན་ཏོ། །ད་ནི་སྤྱི་དོན་བཞི་པ་དེ་ལྟ་བུའི་གནས་ལུགས་དེ་ཉིད་རྒྱུད་སྡེ་དང་མདོ་སྡེ་ཐམས་ཅད་ཀྱི་རྟོགས་བྱའི་དོན་འདི་ཉིད་ལས་མེད་པ་ཉིད་ཡིན་པར་བསྟན་པ་སྟོན་ཏེ། དེའང་འདི་སྐད་དུ། ཤེས་བྱའི་གནས་ལུགས་དེ་མ་ཡིན་པ་དུ་མ་ཉིད་བསྟན་ཏོ་སྙམ་ན་དངོས་པོ་དང་དངོས་པོ་མེད་པར་སྨྲ་བ་དག་ནི་དམན་པ་ཉིད་ཡིན་པར་སྔར་སུན་ཕྱུང་ཟིན་ལ། ཐེག་པ་མཆོག་གི་བཞེད་པ་ཐམས་ཅད་ནི་འདི་ཡིན་ཏེ། དེའང་སཾ་པུ་ཊའི་བརྟག་པ་གཉིས་པའི་རབ་ཏུ་བྱེད་པ་གཉིས་པ་ལས། འདི་ནི་གཉིས་སུ་མེད་པར་བརྗོད། །འདི་ནི་བྱང་ཆུབ་སེམས་མཆོག་ཉིད། །རྡོ་རྗེ་རྡོ་རྗེ་སེམས་དཔའ་དཔལ། །རྫོགས་པའི་སངས་རྒྱས་བྱང་ཆུབ་ཉིད། །འདི་ནི་ཤེས་རབ་ཕ་རོལ་ཕྱིན། །ཕ་རོལ་ཕྱིན་པ་ཀུན་གྱི་དངོས། །མཉམ་ཉིད་བསམ་བྱ་ཉིད་དུ་གསུངས། །སངས་རྒྱས་ཀུན་མཆོག་བསྒོམ་པ་ཉིད། །ཅེས་བྱ་བ་ཚིགས་སུ་བཅད་པ་གཉིས་ཀྱིས་མིང་གི་རྣམ་གྲངས་བཅུ་བཞིའི་སྒོ་ནས་དེ་ཁོ་ན་ཉིད་ཀྱི་དོན་ཐམས་ཅད་འདི་དག་ཡིན་པར་སྟོན་ཏེ། དེ་ལ་ཐབས་དང་ཤེས་རབ་ཀྱི་བསྒོམ་པ་འདི་ནི་སོ་སོར་མི་བསྒོམ་པས་ན་གཉིས་སུ་མེད་པ་ཞེས་བྱ་སྟེ། འབུམ་ལས་ཀྱང༌། གཉིས་སུ་མེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དོ་ཞེས་བྱ་བ་དང༌། བསམ་མི་ཁྱབ་པ་ལས་ཀྱང༌། དོགས་པ་ཀུན་ལས་རྣམ་པར་གྲོལ། །གཉིས་གཉིས་མེད་ཅིང་མཆོག་ཞི་བ། །མཁའ་མཉམ་རྣམ་རྟོག་ལས་གྲོལ་བ། །འདི་ནི་གཉིས་སུ་མེད་པར་བརྗོད། །ཅེས་གསུངས་སོ། །གཉིས་མེད་དང་ཟུང་འཇུག་ཀྱང་མིང་གི་རྣམ་གྲངས་ཏེ། རིམ་པ་ལྔ་པ་ལས། དེ་ལྟར་གང་གནས་རྣལ་འབྱོར་པ། །ཟུང་འཇུག་རིམ་པ་གནས་པ་སྟེ། །དེ་ཉིད་གཉིས་མེད་ཡེ་ཤེས་ཏེ། །མི་གནས་མྱ་ངན་འདས་པ་ཡིན། །ཞེས་གསུངས་སོ། །དེས་ན་ཟུང་འཇུག་ཅེས་བྱ་སྟེ། དེ་ཉིད་ལས། ཀུན་རྫོབ་དང་ནི་དོན་དམ་དག །སོ་སོའི་ཆར་ནི་ཤེས་གྱུར་ནས། །གང་དུ་ཡང་དག་འདྲེས་གྱུར་པ། །ཟུང་དུ་འཇུག་པར་དེས་བཤད་དོ། །ཞེས་གསུངས་སོ། །དེ་ཉིད་ལ་མིང་གཞན་བྱང་ཆུབ་ཀྱི་སེམས་ཞེས་བྱ་སྟེ། འདུས་པའི་རྒྱུད་ཕྱི་མ་ལས། ཐོག་མ་ཐ་མ་མེད་ཞི་བའི། །དངོས་དང་དངོས་མེད་མི་བཟད་གཙོ། །སྟོང་ཉིད་སྙིང་རྗེ་མི་ཕྱེད་པས། །བྱང་ཆུབ་སེམས་ཞེས་བྱ་བ་ཡིན། །ཞེས་གསུངས་ལ། འཕགས་པས་ཀྱང༌། སངས་རྒྱས་རྣམས་ཀྱི་བྱང་ཆུབ་སེམས། །བདག་དང་ཕུང་པོ་རྣམ་རིག་གི །རྟོག་པ་རྣམས་ཀྱིས་མ་བསྒྲིབས་ཤིང༌། །རྟག་ཏུ་སྟོང་ཉིད་མཚན་ཉིད་བཞེད། །ཅེས་གསུངས་སོ། །དེ་ཉིད་ལ་རྡོ་རྗེ་ཞེས་བྱ་སྟེ། རྡོ་རྗེ་རྩེ་མོ་ལས། སྲ་ཞིང་སྙིང་པོ་ཁོང་སྟོང་མེད། །གཅད་དང་གཞིག་པར་བྱ་བ་མིན། །བསྲེག་པར་བྱར་མེད་གཞིག་མེད་པ། །སྟོང་ཉིད་རྡོ་རྗེ་བརྗོད་པར་བྱ། །ཞེས་གསུངས་སོ། །དེ་ཉིད་ལ་རྡོ་རྗེ་སེམས་དཔའ་ཞེས་བརྗོད་དེ། རྡོ་རྗེ་རྩེ་མོ་ཉིད་ནས་གསུངས་པ། བྱང་ཆུབ་མཆོག་གི་ཡེ་ཤེས་གང༌། །དེ་ནི་རྡོ་རྗེ་ངེས་པར་བརྗོད། །ཡེ་ཤེས་རྡོ་རྗེ་ལས་བྱུང་བ། །དེ་ནི་རྡོ་རྗེ་སེམས་དཔར་བརྗོད། །ཅེས་གསུངས་ལ། རྩ་བའི་རྒྱུད་ལས་ཀྱང༌། རྡོ་རྗེ་མི་ཕྱེད་ཅེས་བྱར་བརྗོད། །སེམས་དཔའ་སྲིད་པ་གསུམ་གཅིག་པ། །འདིས་ནི་ཤེས་རབ་རིག་པ་ཡིས། །རྡོ་རྗེ་སེམས་དཔའ་ཞེས་བྱར་བརྗོད། །ཅེས་གསུངས་སོ། །དེ་ཉིད་ལ་དཔལ་ཞེས་བྱ་སྟེ། ཧེ་བཛྲ་ལས། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཞེས་གསུངས་པ་བཞིན་ནོ། །ཡང་དེ་ལ་དཔལ་མཆོག་དང་པོ་ཞེས་བྱ་སྟེ། དཔལ་མཆོག་དང་པོ་ལས། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །བཅོམ་ལྡན་འདས་དཔལ་མཆོག་དང་པོའི་སྐྱེས་བུ་ཞེས་འབྱུང་ངོ༌། །དེ་ཉིད་ལ་རྫོགས་པའི་སངས་རྒྱས་ཞེས་བྱ་སྟེ། རྡོ་རྗེ་རྩེ་མོ་ལས། དེ་བཞིན་ཉིད་བདེན་ཤིན་ཏུ་བརྟན། །དེ་ཁོ་ན་ཉིད་གང་རྟོགས་ནས། །ཆོས་ཀུན་རྟོགས་པ་ཞེས་བྱ་གང༌། །དེ་ཉིད་རྟོགས་པས་སངས་རྒྱས་བརྗོད། །ཅེས་གསུངས་སོ། །དེ་ཉིད་ལ་བྱང་ཆུབ་ཅེས་བྱ་སྟེ། རྡོ་རྗེ་གུར་ལེའུ་བཅུ་བཞི་པ་ལས། སེམས་པ་མེད་ཅིང་བསྒོམ་པ་མེད། །སྔགས་མེད་ལྷ་ཡང་མེད་པ་སྟེ། །སེམས་ཀྱི་རྡོ་རྗེ་ལས་བྱུང་བ། །འདི་ནི་བྱང་ཆུབ་རིམ་བསྟན་པའོ། །ཞེས་གསུངས་སོ། །དེ་ཉིད་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་སྟེ། དེ་ལ་གཉིས། ཤེས་རབ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དང་པོ་ནི་རྡོ་རྗེ་རྩེ་མོ་ལས། རབ་སྦྱོར་སྦྱོར་བ་ཤེས་གྱུར་ཅིང༌། །ཁྱད་པར་དུ་ནི་རྟོགས་པར་བྱེད། །བདེན་པ་དེ་བཞིན་ཉིད་ཤེས་པའི། །ཤེས་པ་ཤེས་རབ་ཅེས་སུ་བཤད། །ཅེས་པ་དང༌། གཉིས་པ་ལའང་དེ་ཉིད་ལས། ཕྱི་རོལ་ཉན་ཐོས་རང་རྒྱལ་གྱི། །ཤེས་རབ་ལས་ནི་བླ་མར་བརྗོད། །དེ་བཞིན་ཉིད་གཞི་ཕ་རོལ་ཕྱིན། །ཤེས་རབ་ཕ་རོལ་ཕྱིན་ཞེས་བཤད། །ཅེས་གསུངས་སོ། །དེ་ཉིད་ལ་ཕ་རོལ་ཏུ་ཕྱིན་པ་ཀུན་གྱི་དངོས་ཏེ། ཡེ་ཤེས་དེ་ཉིད་ལ་མ་ཆགས་པས་སྦྱིན་པ། ཉེས་པས་མ་གོས་པས་ཚུལ་ཁྲིམས། ཞེ་སྡང་མེད་པས་བཟོད་པ། མྱུར་དུ་འཛུད་པས་བརྩོན་འགྲུས། རྩེ་གཅིག་པས་བསམ་གཏན་ནོ། །དེས་ན་འཕགས་པ་སྡུད་པ་ལས། སྦྱིན་པ་སྦྱིན་པའི་སྔོན་དུ་འགྲོ་བ་ཤེས་རབ་སྟེ། །ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་བསམ་གཏན་དེ་བཞིན་ནོ། །དགེ་ཆོས་ཆུད་མི་གསན་ཕྱིར་ཡོངས་སུ་འཛིན་པ་ཡིན། །འདི་ནི་ཆོས་རྣམས་ཐམས་ཅད་ཚུལ་གཅིག་སྟོན་པར་བྱེད། །ཅེས་གསུངས་སོ། །དེ་ཉིད་ལ་མཉམ་ཉིད་ཅེས་བྱ་སྟེ། འབུམ་ལས། ཆོས་ཐམས་ཅད་མཉམ་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་དོ་ཞེས་གསུངས་སོ། །ཡང་འཁོར་འདས་མཉམ་པའི་ཕྱིར་ཏེ། དབུ་མ་ལས། མྱ་ངན་འདས་མཐའ་གང་ཡིན་པ། །དེ་ཉིད་འཁོར་བའི་མཐའ་ཡིན་ཏེ། །དེ་ཉིད་ཁྱད་པར་ཅུང་ཟད་ནི། །ཤིན་ཏུ་ཕྲ་བའང་ཡོད་མ་ཡིན། །ཞེས་གསུངས་སོ། །དེ་ཉིད་བསམ་པར་བྱ་བ་ཉིད་དེ། རིགས་པ་དྲུག་ཅུ་པ་ལས། མྱ་ངན་འདས་པ་བདེན་གཅིག་པུ། །དེ་ཚེ་ལྷག་མ་ལོག་པ་ཞེས། །རྒྱལ་བ་རྣམས་ཀྱིས་གང་གསུངས་པ། །མཁས་པ་ཅི་ཕྱིར་འདོད་མི་བྱེད། །ཅེས་གསུངས་སོ། །དེ་ཉིད་ལ་སངས་རྒྱས་ཀུན་ཞེས་བྱ་སྟེ། མཉམ་སྦྱོར་ལས། ཡེ་ཤེས་སངས་རྒྱས་ཀུན་གྱི་དངོས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །ཅེས་གསུངས་སོ། །དེ་ཉིད་མཆོག་སྟེ། དཔལ་མཆོག་ལས། སེམས་ཅན་ཀུན་གྱི་ཡིད་ཁྱབ་པ། །སེམས་ཅན་ཀུན་གྱི་ཡིད་ལ་གནས། །སེམས་ཅན་ཀུན་གྱི་ཡབ་གྱུར་ཉིད། །འདོད་ཆགས་དམ་ཚིག་མཆོག་གྱུར་པ། །ཞེས་གསུངས་སོ། །དེ་ཉིད་ལ་སྒོམ་པ་ཞེས་བྱ་སྟེ། འདུས་པ་ལས། དངོས་པོ་མེད་པ་སྒོམ་པའི་དངོས། །བསྒོམ་པར་བྱ་བ་སྒོམ་པ་མིན། །དེ་བས་དངོས་པོ་དངོས་མེད་པས། །དམིགས་སུ་མེད་པ་སྒོམ་པའོ། །ཞེས་གསུངས་སོ། །དེ་བཞིན་དུ་ཀྱེའི་རྡོ་རྗེ་དང༌། བདེ་མཆོག་དང༌། དུས་ཀྱི་འཁོར་ལོ་དང༌། གསང་བ་འདུས་པ་དང༌། ཐམས་ཅད་མཁྱེན་པ་དང༌། བསམ་གྱིས་མི་ཁྱབ་པ་དང༌། ཡིད་ལ་མི་བྱེད་པ་ལ་སོགས་པ་མིང་གི་རྣམ་གྲངས་མཐའ་ཡས་པའི་བདག་ཉིད་ཅན་ནི་གཉིས་སུ་མེད་པ་འདི་ཉིད་ཡིན་ནོ་ཞེས་སྤྲོས་པ་ཆོད་པར་བྱའོ། །ཐམས་ཅད་ཀྱི་རྟོགས་བྱའང་འདི་ཉིད་ཡིན་ནོ་ཞེས་པས་བསྟན་ཟིན་ཏོ། །ད་ནི་སྤྱི་དོན་ལྔ་པ་དེ་ལྟ་བུའི་ལྟ་བ་དེ་རྟོགས་བྱེད་ཁྱད་པར་དུ་འཕགས་པ་གསང་སྔགས་ཡིན་ཞིང་གཞན་གྱིས་མི་རྟོགས་པར་བསྟན་པའོ། །འདི་ལ་བཞི་སྟེ། དེ་ཁོ་ན་ཉིད་དེ་ཐབས་གཞན་གྱིས་མི་རྟོགས་ཤིང་ཐབས་ཟབ་མོས་རྟོགས་པར་བསྟན་པ་དང༌། གསང་སྔགས་ཀྱི་ལུགས་ཀྱི་ལྟ་བ་ལས་ཁྱད་པར་དུ་ཡེ་ཤེས་བསྟན་པ་དང༌། ཡེ་ཤེས་དེ་དཔེའི་ཡེ་ཤེས་སུ་བསྟན་པ་དང༌། ཡེ་ཤེས་དེའང་ལུས་ལ་གནད་དུ་བསྣུན་པས་རྟོགས་པའི་ཕྱིར་རྡོ་རྗེ་ལུས་ཀྱི་གནས་ལུགས་གཏན་ལ་དབབ་པའོ། །དེ་ལ་དང་པོ་ནི། རྩ་བའི་རྒྱུད་ཀྱི་ལེའུ་བརྒྱད་པ་ལས། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །ཞེས་འབྱུང་སྟེ། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་སོགས་པའི་ཐོས་བསམ་ལ་སོགས་པས་མི་རྟོགས་ཏེ། སློབ་དཔོན་ཨཱརྻ་དེ་ཝས་བདག་བྱིན་གྱིས་བརླབ་པ་ལས། བསྐལ་པ་བྱེ་བ་རྣམས་སུ་ཡང༌། །ཐོས་པའི་ཕ་རོལ་སོན་གྱུར་ཀྱང༌། །བདག་བྱིན་བརླབ་ལ་ཕྱིར་ཕྱོགས་པས། །དེ་ཡིས་དེ་ཉིད་རྙེད་མི་འགྱུར། །ཞེས་པ་དང༌། ཆོས་ཀུན་རྨི་ལམ་སྒྱུ་འདྲ་ཞེས། །སངས་རྒྱས་པ་ཀུན་སྨྲ་མོད་ཀྱི། །བདག་བྱིན་བརླབ་ལས་ཕྱིར་ཕྱོགས་པས། །རྨི་ལམ་སྒྱུ་འདྲས་རྟོགས་པ་མེད། །ཅེས་གསུངས་སོ། །འོ་ན་གང་ལས་རྙེད་སྙམ་ན། །བླ་མའི་དུས་ཐབས་བསྟེན་པ་དང༌། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་གསུངས་ཏེ། བླ་མས་མན་ངག་གནང་བ་དང༌། དབང་གསུམ་པའི་དུས་སུ་བྱང་ཆུབ་ཀྱི་སེམས་བསྒྲུབ་པ་ལ་སོགས་པ་སྔོན་དུ་སོང་བའི་དུས་དང༌། དབབ་བཟློག་ལ་སོགས་པའི་ཐབས་དང༌། ཕྱག་རྒྱ་བསྟེན་པ་དང༌། བདག་གི་སྐྱེ་བ་འདིའམ་སྔ་མའི་བསོད་ནམས་ཀྱི་ཚོགས་བསགས་པས་བླ་མ་ལ་གུས་པ་ལ་སོགས་པ་དང་ལྡན་ཞིང་རྟེན་འབྲེལ་འཛོམ་ན་རྟོགས་པར་འགྱུར་རོ་ཞེས་བྱ་བའི་འདོན་ཏོ། །རིམ་པ་ལྔ་ལས་ཀྱང༌། རི་དབང་རྩེ་ལས་འགའ་ཞིག་ལྷུང་གྱུར་ན། །ལྟུང་བར་མི་འགྱུར་སྙམ་ཡང་ལྟུང་བར་འགྱུར། །བླ་མའི་དྲིན་གྱིས་ཕན་པའི་ལུང་ཐོབ་ན། །གྲོལ་བར་མི་འགྱུར་སྙམ་ཡང་གྲོལ་བར་འགྱུར། །ཞེས་གསུངས་པ་ལྟ་བུའོ། །གཉིས་པ་གསང་སྔགས་ཀྱི་ལུགས་ཀྱི་ལྟ་བ་ལས་ཁྱད་པར་དུ་ཡེ་ཤེས་བསྟན་པ་ནི་ལེའུ་དང་པོ་ལས། ལུས་ལ་ཡེ་ཤེས་ཆེན་པོ་གནས། །རྟོག་པ་ཐམས་ཅད་ཡང་དག་སྤངས། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ལུས་གནས་ལུས་ལས་མ་སྐྱེས་པའོ། །ཞེས་གསུངས་སོ། །རྡོ་རྗེའི་ཚིག་འདི་ལ་གཉིས། དངོས་པོའི་དེ་ཁོ་ན་ཉིད་རང་བཞིན་ལྷན་སྐྱེས་ལ་སྦྱར་ཏེ་རྣམ་གྲངས་ཀྱི་དོན་དམ་པར་བཤད་པ་དང༌། དེ་ཉིད་གསང་སྔགས་ཀྱི་ལུགས་ཀྱི་ཞུ་བདེ་ལྷན་སྐྱེས་ལ་སྦྱར་བའོ། །དང་པོ་ནི་དོན་ལྔ་སྟེ། རང་གི་ངོ་བོ་དང༌། མཚན་ཉིད་དང༌། དེའི་རྟེན་དང༌། ཡེ་ཤེས་དེ་ཐམས་ཅད་ཀྱི་བདག་ཉིད་དུ་བསྟན་པ་དང༌། རྟེན་དང་བརྟེན་པའི་གནས་ལུགས་བསྟན་པའོ། །དང་པོ་ནི་ཁམས་གསུམ་གྱིས་བསྡུས་པའི་སེམས་ཅན་ཐམས་ཅད་ཀྱི་ལུས་ལ་རང་བཞིན་ལྷན་སྐྱེས་ཀྱི་ཡེ་ཤེས་ཀྱིས་ཁྱབ་པའོ། །གཉིས་པ་ནི་རྟོག་པ་ཐམས་ཅད་ཡང་དག་སྤངས་ཏེ། རང་བཞིན་གྱིས་སྒྲོ་བཏགས་སམ་མི་བདེན་པ་ལ་བདེན་པར་འཛིན་པས་རྟོག་པ་སྟེ་དེ་དང་བྲལ་བའོ་ཞེས་སྔར་བརྗོད་པའི་བདེན་པ་གཉིས་སམ་མཐའ་བྲལ་ཐམས་ཅད་འདིར་དྲན་པར་བྱའོ། །གསུམ་པ་རྟེན་ནི་ལུས་གནས་ཞེས་པ་སྟེ། རང་གི་ལུས་ནི་སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན་པའི་ཕྱིར་རོ། །བཞི་པ་ནི། དངོས་པོ་ཀུན་ལ་ཁྱབ་པ་པོ་སྟེ། ཕུང་པོ་ཁམས་དང་སྐྱེ་མཆེད་དང་ཁམས་གསུམ་མམ་འཁོར་འདས་ཀྱིས་བསྡུས་པའམ་བདེན་པ་གཉིས་ཀྱིས་བསྡུས་པའོ། །ལྔ་པ་ནི་ལུས་ལ་གནས་ཀྱང་ལུས་ལས་མ་སྐྱེས་པ་སྟེ། ཡེ་ཤེས་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་ཏེ་རྩོད་པ་སྤང་བའོ། །དེ་དག་ཀྱང་ཞིབ་ཏུ་གོང་དུ་མཐའ་གཉིས་སམ་མཐའ་བྲལ་གྱི་སྐབས་སུ་བརྗོད་པ་བཞིན་འདིར་ཡང་རྟོགས་པར་བྱའོ། །གཉིས་པ་ཞུ་བདེ་ལྷན་སྐྱེས་ལ་སྦྱར་ན་སྔར་བཞིན་ལྔ་སྟེ། དང་པོ་ནི་ཡེ་ཤེས་ཆེན་པོ་སྟེ་དབང་གསུམ་པའི་དུས་སུ་རྟོགས་པའི་ཞུ་བདེའི་ཡེ་ཤེས་སོ། །གཉིས་པ་ནི་རྟོག་པ་ཐམས་ཅད་ཡང་དག་སྤངས་ཏེ་གློ་བུར་གྱི་རྟོག་པ་མེད་པའོ། །གསུམ་པ་ནི་ལུས་ལ་སྟེ་ཕྱི་རོལ་གྱི་གཏན་ཚིགས་ལ་སོགས་པས་མི་རྙེད་དེ། རྟེན་དཀྱིལ་འཁོར་གསུམ་རླུང་དང་བཅས་པ་ལས་རྟོགས་སོ། །དེ་ཡང་ཆོས་ཀྱི་དབྱིངས་སུ་བསྟོད་པ་ལས། ཤེས་དང་མི་ཤེས་པ་དག་ལས། །ལུས་འདི་ཉིད་ལ་ཐམས་ཅད་དེ། །རང་གི་རྣམ་པར་རྟོག་པས་བཅིངས། །བདག་ཉིད་ཤེས་ན་གྲོལ་བར་འགྱུར། །ཞེས་གསུངས་སོ། །བཞི་པ་ནི་དངོས་པོ་ཀུན་ལ་ཁྱབ་པ་པོ་སྟེ། ལུས་ལ་རྩས་ཁྱབ་ལ་དེ་ལ་བྱང་སེམས་གནས་ལ། དེ་བདེ་བས་ཁྱབ་ལ་དེ་མི་རྟོག་པས་ཁྱབ་ཅིང་དེ་ལས་དཔེའི་ཡེ་ཤེས་སྐྱེ་ཞེས་པའི་དོན་ཏོ། །ལྔ་པ་ནི་ལུས་ལ་གནས་ཀྱང་བརྒྱུད་དེ་སྐྱེ་ལ་དངོས་སུ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེས་ན་ཚིགས་སུ་བཅད་པ་གཅིག་པོ་འདིས་ནི་ལྟ་བ་ཐམས་ཅད་བསྟན་ཏེ། རང་བཞིན་ལྷན་སྐྱེས་ནི་སྔར་གྱི་རྣམས་ཡིན་ལ། ཞུ་བདེ་ལྷན་སྐྱེས་ནི་ད་འཆད་པ་རྣམས་ཡིན་པས་ན་འདིའི་སྟེང་དུ་ཐམས་ཅད་རྟོགས་པར་བྱ་སྟེ། ཞིབ་ཏུ་རྒྱུད་ཉིད་ཀྱི་སྟེང་དུ་རྟོགས་པར་ཡང་འགྱུར་རོ། །གསུམ་པ་ཡེ་ཤེས་དེ་དཔེའི་ཡེ་ཤེས་སུ་བསྟན་པ་ནི་ལེའུ་བཅུ་པ་ལས། གང་ཕྱིར་འབྱུང་བ་ཆེ་བདེ་བ། །དེ་ཕྱིར་བདེ་བ་དེ་ཉིད་མིན། །ལྷན་ཅིག་སྐྱེས་པས་གང་སྐྱེས་པ། །ལྷན་ཅིག་སྐྱེས་པར་དེ་བརྗོད་བྱ། །རང་བཞིན་ལྷན་ཅིག་སྐྱེས་ཞེས་བརྗོད། །རྣམ་པ་ཐམས་ཅད་སྡོམ་པ་གཅིག །ཅེས་གསུངས་ཏེ། དབང་ལས་བྱུང་བའི་ཡེ་ཤེས་དེ་ནི་དཔེའི་ཡེ་ཤེས་ཡིན་ཏེ། ཡེ་ཤེས་གྲུབ་པ་ལས་ཀྱང༌། དབང་པོ་གཉིས་འབྱུང་བདེ་བ་ནི། །དེ་ཉིད་ཡིན་ཞེས་སྐྱེ་ངན་སྨྲའི། །དེ་ནི་བདེ་བ་མཆོག་ཡིན་ཞེས། །རྒྱལ་བ་མཆོག་གིས་མ་གསུངས་སོ། །ཞེས་གསུངས་ཏེ། བཞིན་གྱི་དཀྱིལ་འཁོར་ལྟ་བར་འདོད་པ་ལ་མེ་ལོང་གི་གཟུགས་བཞིན་ནོ། །དེ་ཁོ་ན་མཐོང་ལམ་དངོས་ཡིན་ན་སྐྱོན་ཡོད་དེ། བདེན་པ་མཐོང་བར་འགྱུར་བ་དང༌། དེ་འདོད་ན་གྲུབ་པར་འགྱུར་བ་དང༌། དེ་འདོད་ན་མངོན་སུམ་གྱིས་བསལ་བ་དང༌། བདེན་པ་མཐོང་ཡང་མི་འགྲུབ་ན་སྣང་གྲགས་ཀྱི་ཆོས་ཐམས་ཅད་སེམས་ལས་མེད་ལ། སེམས་རྟོགས་ནས་མི་འགྲུབ་ན་གྲུབ་པའི་ཡོན་ཏན་སྐྱེས་པ་མེད་པར་འགྱུར་བ་དང༌། བདེན་པ་མཐོང་ཡང་འགགས་ན་ཕྱིས་གྲུབ་ནའང་འགག་པར་འགྱུར་བ་དང༌། དེ་ལྟ་ན་འབད་པ་དོན་མེད་པར་འགྱུར་བ་དང༌། ཕྱིས་ཀྱི་བདེན་པ་མཐོང་བ་མཐོང་ལམ་མ་ཡིན་པར་འགྱུར་བ་ལ་སོགས་པའི་སྐྱོན་དུ་མ་ཡང་འབྱུང་སྟེ། འོག་དཀྱིལ་འཁོར་འཁོར་ལོའི་སྐབས་སུ་རྒྱས་པར་བརྗོད་པར་བྱའོ། །བཞི་པ་དེ་ལྟ་བུའི་ལྟ་བ་རྟོགས་པ་དེ་ཐབས་ཟབ་མོ་ལུས་ལ་བརྟེན་ནས་རྟོགས་པའི་ཕྱིར་རྡོ་རྗེ་ལུས་ཀྱི་གནས་ལུགས་དཀྱིལ་འཁོར་གསུམ་རླུང་དང་བཅས་པས་རྟོགས་པར་བྱ་བས་ན། འདིར་བསྟན་པ་ལ་གསུམ་སྟེ། དང་པོ་ལུས་ཇི་ལྟར་འགྲུབ་པའི་ཚུལ་བསྟན་པ་དང༌། ད་ལྟ་ལུས་གནས་པ་ལ་རྩ་དང་འཁོར་ལོ་ལ་སོགས་པ་ཇི་ལྟར་གནས་པ་གཏན་ལ་དབབ་པ་དང༌། ཐ་མ་ཇི་ལྟར་འཇིག་པའི་ཚུལ་ལོ། །དེ་ལ་ཐ་མ་འདི་ཉིད་སྔོན་དུ་བརྗོད་ན་བདེ་བས་དེ་སྔོན་དུ་བརྗོད་ན། འཆི་བའི་དུས་སུ་ས་ཆུ་ལ་ཐིམ་སྟེ་ལུས་ཀྱི་སྟོབས་ཉམས། ཆུ་མེ་ལ་ཐིམ་སྟེ་ལུས་ཀྱི་གཤེར་བའི་དངོས་པོ་སྐམ། མེ་རླུང་ལ་ཐིམ་སྟེ་ལུས་ཀྱི་དྲོད་ཡལ། རླུང་རྣམ་པར་ཤེས་པ་ལ་ཐིམ་སྟེ་དབུགས་རྒྱུ་བ་ཆད། རྣམ་པར་ཤེས་པ་འོད་གསལ་ལ་ཐིམ་སྟེ་དེའི་དུས་སུ་གདམས་ངག་ཡོད་ན་འཆི་ཁ་མའི་ཡེ་ཤེས་ངོ་འཕྲོད། ངོ་མ་འཕྲོད་ན་བར་དོར་རྫུས་སྐྱེས་ཀྱི་ལུས་ལེན། དེར་བར་དོའི་གདམས་ངག་ཡོད་ན་ངོ་འཕྲོད། མ་འཕྲོད་ན་སྐྱེ་བ་ལེན་པས་ན་ཐོག་མར་ལུས་ཇི་ལྟར་ཆགས་པ་དང་སྦྱར་བར་བྱ་སྟེ། དེ་ཡང་སཾ་པུ་ཊའི་དྲུག་པའི་དང་པོ་ལས། སྙིང་སྟོབས་སྐུ་དང་རྔུལ་ངག་བཅས། །མུན་པ་སེམས་ཀྱི་རང་བཞིན་ལས། །སྙིང་སྟོབས་ཁུ་བ་རིན་ཆེན་རྡུལ། །མུན་པ་སྐྱེད་པར་བྱེད་པ་ཉིད། །རྩ་ཡི་ཀུན་སྤྱོད་ཉིད་གསུངས་པ། །དེ་ཡི་སྒོ་ཡང་དེ་ཉིད་ལས། །དེ་རྣམས་འདུ་བའི་དུས་སུ་ནི། །ལྷ་ཡི་དམིགས་པར་འགྱུར་བ་ཡིན། །ཞེས་གསུངས་སོ། །དེ་ལ་དང་པོ་གྲུབ་ཚུལ་ལ་བཞི། ལུས་ངག་ཡིད་གསུམ་རྟེན་དང་བརྟེན་པའི་ཚུལ་དང༌། སེམས་ལས་ལུས་ངག་ཇི་ལྟར་སྐྱེ་བའི་ཚུལ་དང༌། དེ་ལ་དཔེ་བརྒྱད་དང་སྟོང་པ་གསུམ་གྱིས་རྟེན་འབྲེལ་ལས་ཇི་ལྟར་སྐྱེ་བའི་ཚུལ་དང༌། དེའང་སྐྱེ་གནས་བཞི་འགྲུབ་པའི་ཚུལ་ལོ། །དང་པོ་ནི་དེ་ལ་སྤྱིར་སེམས་གཟུང་བ་དང་འཛིན་པས་བསྡུས་པ་མཚན་མ་དང་རྣམ་པར་རྟོག་པ་སྣ་ཚོགས་སུ་སྣང་བ་དང༌། ངག་རགས་པ་སྨྲ་བ་དང༌། སྤྱོད་པ་ལ་སོགས་པ་ཕྲ་བ་རླུང་གིས་བསྡུས་པ་དང༌། ལུས་རགས་པ་དབང་པོ་རྟེན་ཁོག་པ་དང་བཅས་པ་ཕྲ་བ་རྩ་དང་ཐིག་ལེས་བསྡུས་པ་འདི་ལ་ལུས་ངག་ལ་རྟེན་ཞེས་གྲགས། སེམས་ལ་བརྟེན་པ་ཞེས་གྲགས་སོ། །ཡང༌། ལུས་དང་ངག་དང་ཡིད་དང་གསུམ། །གཅིག་ལ་གཅིག་བརྟེན་གཅིག་གི་ངང༌། །ཞེས་གསུངས་སོ། །ཕྱག་རྒྱ་ཆེན་པོ་ཐིག་ལེ་ལས་ཀྱང༌། འབྱུང་བ་ཆེན་པོ་བཞི་པོ་ནི། །སྲོག་གི་རྟེན་དུ་ཤེས་པར་བྱ། །ཡང་ན་སྲོག་ནི་དེ་རྣམས་རྟེན། །ལེགས་དགྱེས་དབང་མོས་ཤེས་པར་གྱིས། །ཞེས་སོ། །དེས་ན་ད་ལྟ་ལུས་ངག་ཡིད་གསུམ་རགས་པ་སྣང་བ་འདི་ད་ལྟ་གནས་པའི་དབང་དུ་བྱས་ན། སེམས་གཟུང་བ་དང་འཛིན་པ་སྣ་ཚོགས་སུ་སྣང་བ་འདི་རླུང་ལ་བརྟེན་ལ། རླུང་ནི་ལུས་ཀྱི་དབང་པོ་དང་རྩའི་སྒོ་ལ་བརྟེན་ཏེ་གནས་སོ། །དེ་བས་ན་རྟེན་ལུས་ལ་གནད་དུ་བསྣུན་པས་བརྟེན་པ་སེམས་ལ་གནད་དུ་བསྣུན་པར་བྱེད་དོ། །གཉིས་པ་སེམས་ལས་ངག་ལུས་ཇི་ལྟར་སྐྱེ་ཚུལ་ནི། གལ་ཏེ་དེ་ལྟ་ན་ཉན་ཐོས་སམ་ཕྱི་རོལ་པ་ལྟར་ཕྱི་དོན་འགྲུབ་པར་མི་འགྱུར་རམ་ཞེ་ན། མ་ཡིན་ཏེ་ལུས་ནི་འབྱུང་བ་བཞི་ལས་སྐྱེ་ལ། འབྱུང་བ་གསུམ་པོ་རླུང་ལས་སྐྱེ། རླུང་རྣམ་པར་ཤེས་པ་ལས་སྐྱེ་བའི་ཕྱིར་ཏེ། སེམས་ནི་ཆེན་པོ་གཅིག་ཉིད་ལས། །ལྔ་ཡི་གཟུགས་ཀྱིས་རྣམ་པར་མཚོན། །ཞེས་ཧེ་བཛྲ་ལས་བཤད་དོ། །ཕྱག་རྒྱ་ཆེན་པོ་ཐིག་ལེ་ལས་ཀྱང༌། རྣམ་ཤེས་ལས་ནི་སྐྱེས་པ་རླུང༌། །དེ་ལས་མེ་ནི་སྐྱེ་བར་འགྱུར། །དེ་ལས་ཆུ་ནི་འབྱུང་བར་འགྱུར། །དེ་ལས་སྐྱེས་པ་ས་ཡིན་ཏེ། །དེ་རྣམས་ཀུན་ལས་ཕུང་པོ་འབྱུང༌། །དེ་ལས་སྐྱེ་མཆེད་འབྱུང་བར་འགྱུར། །དེ་ལས་ཡེ་ཤེས་རང་བཞིན་སྐྱེ། །བརྒྱ་རྩ་བརྒྱད་ཀྱི་རིམ་པས་སོ། །ཞེས་གསུངས་སོ། །དེ་ལ་སེམས་གང་ལས་སྐྱེ་ཞེ་ན། འོད་གསལ་བ་ལས་སོ། །དེ་ལ་འོད་གསལ་བ་ཞེས་བྱ་བ་གང་ཡིན། དེ་ལས་སེམས་ཇི་ལྟར་སྐྱེ་ཞེ་ན། དེ་ལ་འོད་གསལ་བ་ནི་མ་བསྒྲིབས་པའི་ཕྱིར་འོད་གསལ་བ་སྟེ་སེམས་ཀྱི་ཆོས་ཉིད་གང་གི་ངོ་བོར་ཡང་མ་གྲུབ་པའོ། །དེ་ལ་རང་བཞིན་གྱིས་འོད་གསལ་བ་ནི་འཁོར་འདས་ཐམས་ཅད་ཀྱི་ཆོས་ཉིད་ཡིན་པས་དེ་ལ་ད་ལྟ་སེམས་གློ་བུར་དུ་སྐྱེ་བ་ནི་མ་ཡིན་ཏེ། རྒྱུ་མེད་ལས་སྐྱེ་བ་དང་འཁོར་བ་ལ་ཐོག་མ་ཡོད་པའི་སྐྱོན་དུ་འགྱུར་རོ། །འོ་ན་འོད་གསལ་ལས་ཇི་ལྟར་སྐྱེ་ཞེ་ན། དེ་ལ་སྔ་མ་འགགས་པ་ཐམས་ཅད་ནི་འོད་གསལ་ལ་ཐིམ་པ་ཞེས་བྱ་སྟེ། སློབ་དཔོན་ཨཱརྻ་དེ་བས་འཆི་བ་ནི་དོན་དམ་པའི་བདེན་པ་ཡིན་ལ། སྐྱེ་བ་ནི་ཀུན་རྫོབ་ཅེས་གསུངས་སོ། །འོ་ན་དོན་དམ་པའི་བདེན་པ་འགག་པའམ་མེད་པར་འདོད་པའི་ཕྱིར་བློའི་ཡུལ་དུ་ཐལ་བར་འགྱུར་རོ་སྙམ་ན་བདེན་མོད་ཀྱང་གནས་པ་འགག་པའི་ཆ་ནས་དོན་དམ་མ་ཡིན་ཀྱང་འགགས་ནས་གང་དུ་ཡང་མ་གྲུབ་པ་སུས་བློའི་ཡུལ་དུ་བྱ། དཔེར་ན་འཁོར་བ་སྤངས་པ་མྱ་ངན་ལས་འདས་པ་ཡིན་མོད་ཀྱང་འཁོར་བ་མ་དམིགས་པའི་ཞི་བ་མྱ་ངན་ལས་འདས་པར་བཤད་པ་དང་འདྲའོ། །ཡང་ན་རང་བཞིན་གྱིས་སྐྱེ་བར་མ་གྲུབ་པ་ཉིད་ནི་འོད་གསལ་བ་སྟེ། རྟེན་དེ་སྐྱེ་བ་ཉིད་ཅེས་བྱ་བའི་དོན་ཏོ། །དེས་ན་སྐྱེ་བ་སྔ་མའི་རྣམ་པར་ཤེས་པ་འགགས་པ་དེ་ཐ་སྙད་དུ་འགགས་པ་ཡིན་ཡང༌། དོན་དམ་པར་མ་སྐྱེས་མ་འགགས་པ་དེས་ན་འོད་གསལ་བའོ། །ཐ་སྙད་དུ་བྱས་ན་འགགས་པ་ལས་སྐྱེ་བ་ཡང་མིན། སྔ་མ་ཉིད་འོངས་པ་ཡང་མིན་ཏེ། དེ་ལྟ་ནའང་སྐྱེ་བས་ན་འོད་གསལ་བ་ལས་སྐྱེ་བ་ཞེས་བྱའོ། །གསུམ་པ་དཔེ་བརྒྱད་དང་སྟོང་པ་གསུམ་གྱིས་རྟེན་འབྲེལ་ལས་སྐྱེ་བའི་ཚུལ་ནི་དེ་ལྟར་ཡང༌། ཁ་ཏོན་མར་མེ་མེ་ལོང་རྒྱ། །མེ་ཤེལ་ས་བོན་སྐྱུར་དང་སྒྲ། །ཕུང་པོ་ཉིད་མཚམས་སྦྱོར་བ་དང༌། །མི་འཕོ་བར་ཡང་མཁས་རྟོགས་བྱ། །ཞེས་གསུངས་པ་ལྟ་བུའོ། །དེ་ལ་རྣམ་པར་ཤེས་པའི་རྒྱུན་སྐྱེ་བ་འདི་ཡང་རྒྱུ་དུ་མ་དང་ལྡན། རྐྱེན་དུ་མ་དང་ལྡན་ཏེ། སྔ་མའི་ཀུན་གཞི་ནི་རྒྱུ་ཡིན་ལ། ལས་ཀྱི་བག་ཆགས་བསྒོས་པ་ནི་རྐྱེན་ཡིན་ནོ། །བག་ཆགས་ཞེས་བྱ་བ་འདི་ཅི་ཞིག་ཡིན་ཞེ་ན། སྐྱེ་བ་སྔ་མར་མ་རིག་པའི་དབང་གིས་ལས་འདུས་བྱས་པས་མངོན་པར་བསྒོས་པའི་སེམས་རིག་པ་ཕྱི་མ་མངོན་པར་སྐྱེ་བར་འགྱུར་བ་གང་ཡིན་པའོ། །དེས་ན་སྔ་མའི་ཀུན་གཞིའི་སྐད་ཅིག་འགགས་པ་ནི་འོད་གསལ་བར་གྱུར་པ་ཡིན་ལ། དེ་ལ་བག་ཆགས་ཀྱི་དབང་གིས་ཀུན་གཞི་ད་ལྟར་བ་སྐྱེ་བ་ནི་སྟོང་པ་ཆེན་པོ་ཞེས་བྱའོ། །དེས་བདག་ཏུ་འཛིན་པ་ཉོན་མོངས་པ་ཅན་གྱི་ཡིད་སྐྱེ་བ་ནི་ཤིན་ཏུ་སྟོང་པ་ཞེས་བྱའོ། །དེ་ལས་རྣམ་པར་ཤེས་པའི་ཚོགས་དྲུག་སྟོང་པའི་བདག་ཉིད་ཅན་སྐྱེའོ། །དེ་ལྟར་ན་མ་རིག་པས་རྒྱུ་བྱས། འདུ་བྱེད་ཀྱིས་རྐྱེན་བྱས་ཏེ་རྣམ་པར་ཤེས་པ་གསུམ་དེ་ལྟར་སྐྱེའོ། །དེ་ལས་མིང་དང་གཟུགས་ལ་སོགས་པ་ཇི་ལྟར་སྐྱེ་ཞེ་ན། རྣམ་པར་ཤེས་པ་དེ་ལས་རླུང་སྐྱེ་ལ། དེ་ལས་མེ་དང་ཆུ་དང་ས་སྐྱེ། དེ་ལས་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་སྐྱེའོ། །བཞི་པ་སྐྱེ་གནས་བཞི་འགྲུབ་པའི་ཚུལ་ནི། དེའང་སེམས་ཅན་སྐྱེ་བ་བཞིས་བསྡུས་པ་ལས། བརྫུས་ཏེ་སྐྱེ་བ་ནི་རང་གི་སྒྲོ་བཏགས་པ་ཙམ་ལས་སྐྱེའོ། །སྒོང་སྐྱེས་དང༌། དྲོད་གཤེར་ལས་སྐྱེ་བའང་རྐྱེན་གཞན་འགའ་ཞིག་ཙམ་ལས་རག་ལས་ཏེ་སྐྱེའོ། །མངལ་སྐྱེས་ཀྱི་དབང་དུ་བྱས་ཏེ་བསྟན་པ་ནི་མདོ་རྒྱུད་ཀུན་ལས་གསུངས་ཏེ་ཉེ་བར་མཐོང་བའི་ཕྱིར་རོ། །དེས་ན་འདིར་ཡང་དེ་བརྗོད་པར་བྱའོ། །དེ་ལ་སྐྱེ་བ་སྔ་མ་གང་འགགས་པ་ཡིན་ཡང་རུང་སྟེ། བར་དོའི་སྐབས་སུ་བརྫུས་ཏེ་སྐྱེ་བའི་ལུས་ལེན་ནོ། །དེ་ལས་མངལ་དུ་འཇུག་པའི་ཚུལ་ལ་གཉིས་ཏེ། ཐོག་མར་ལུས་གང་ལས་སྐྱེ་བའི་རྒྱུ་དང༌། རྒྱུ་དེས་ལུས་ཇི་ལྟར་གྲུབ་པའི་ཚུལ་ལོ། །དང་པོ་ལ་གཉིས། དངོས་པོ་དང་དངོས་མེད་ལས་སྐྱེ་བར་འདོད་པ་དང༌། སེམས་གསུམ་ལ་སོགས་པ་ལས་སྐྱེ་བར་འདོད་པའོ། །དང་པོ་ནི། ཁུ་ཁྲག་དངོས་པོ་དང་སེམས་དངོས་མེད་འདྲེས་པ་ལས་སྐྱེ་བར་འདོད་པ་ནི་དེ་མངལ་དུ་སྐྱེ་བའི་ལུས་ལེན་པ་ན། རྒྱུ་དུ་མ་རྐྱེན་དུ་མ་དང་ལྡན་དགོས་ཏེ། ཕ་མའི་སྙོམས་འཇུག་བྱས་པའི་ཚེ་རྩ་སྒོ་གཉིས་ལ་བརྟེན་ཏེ་ཐིག་ལེ་མཉམ་དུ་བབས་པ་དྲེ་ཟ་ཉེ་བར་འཁོར་བ་སྟེ། བར་དོའི་ཤེས་པ་རླུང་ལ་ཞོན་ཏེ་དེར་འོངས་པ། ལས་མཉམ་པར་བསགས་པ། ཕ་མའི་བདེ་བ་དང༌། བར་དོའི་ཤེས་པའི་སེམས་སྣང་བ་གསུམ་རོ་གཅིག་ཏུ་མཉམ་དུ་གྱུར་པ། ཕོ་མོའི་དབང་གིས་ཕ་མ་ལ་ཆགས་སྡང་གི་ཉོན་མོངས་པ་སྐྱེས་པའི་རྐྱེན་ཏེ། དེ་དག་འཛོམ་པའི་ཚེ་མངལ་དུ་སྐྱེ་བ་ལེན་ཏོ། །གཉིས་པ་ནི་དེ་ལྟར་ན་རྒྱུ་རྐྱེན་དུ་མ་དང་ལྡན་པས་ཁ་ཅིག་སེམས་གསུམ་ལས་སྐྱེ་ཞེས་ཟེར། ཁ་ཅིག་ནི་ལས་ལས་སྐྱེ་བར་རྟོག ཁ་ཅིག་ནི་ལུས་ངག་ཡིད་གསུམ་ལས་སྐྱེ་བར་རྟོག ཁ་ཅིག་ནི་ཁུ་ཁྲག་དང་རླུང་ལས་སྐྱེ་བར་རྟོག ཁ་ཅིག་ནི་རྡུལ་མུན་པ་སྙིང་སྟོབས་ལས་སྐྱེ་བར་རྟོག དེ་ལྟར་དེ་དག་ཀྱང་རྒྱུ་རྐྱེན་ཕྱོགས་རེ་ཙམ་ལ་བསམས་ནས་ནོར་བའང་མ་ཡིན་ལ། དེ་ཉིད་ཁོ་ན་དང་རྟག་པ་དང་གཅིག་པུ་ལ་སོགས་པར་འཛིན་ན་ནོར་པར་ཡང་འགྱུར་ཏེ། དཔེར་ན་ཉི་མའི་དཀྱིལ་འཁོར་ལྟ་བུའམ། དམུས་ལོང་བརྒྱས་གླང་པོ་ཆེ་བལྟས་པ་ལྟ་བུའོ། །སྤྱི་དོན་གཉིས་པ་རྒྱུ་དེས་ལུས་ཇི་ལྟར་གྲུབ་པའི་ཚུལ་ལ་གཉིས། ཕྲ་བ་གྲུབ་ཚུལ་དང༌། རགས་པ་གྲུབ་ཚུལ་ལོ། །དང་པོ་ནི་རྒྱུ་རྐྱེན་རྟེན་འབྲེལ་དེ་རྣམས་འཛོམ་པའི་དུས་སུ་ཕ་མའི་ཁུ་ཁྲག་དང་རླུང་འདྲེས་པ་དེའི་ཚེ་རྣམ་པར་ཤེས་པ་བརྒྱལ་ལོ། །དེ་ལ་བརྟེན་ནས་དཀྱིལ་འཁོར་གསུམ་རླུང་དང་བཞི་རིམ་གྱིས་སྐྱེ་སྟེ། དེའང་མེར་མེར་པོ་ལ་སོགས་པའི་དུས་སུ་རླུང་གནས་པ་ལས་རྩ་ཨ་ཝ་དྷཱ་ཏཱི་དང་ཁུ་ཁྲག་གྲུབ་བོ། །དེ་ནས་རླུང་འཇུག་པའི་དབང་གིས་རྩ་རྐྱང་མ་དང༌། ལྡང་བའི་རིམ་པས་རྩ་རོ་མ་སྟེ། དེ་ལྟར་རྩ་གཉིས་གྲུབ་ལ། དེ་བཞིན་དུ་རྩ་རྣམས་དང༌། རྩའི་ཡི་གེ་རྣམས་དང༌། ཁམས་བདུད་རྩི་རྣམས་འཕེལ་ཞིང་སྐྱེ་ལ་འཕོ་ཞིང་འགྱུར་རོ། །གཉིས་པ་ནི་དེའང་ཟླ་བ་དང་པོ་ལ་སྲོག་གི་རླུང་ལྡང་འཇུག་གནས་པ་ལ་བརྟེན་ཏེ་ཉའི་རྣམ་པ་ལྟ་བུར་འགྱུར་རོ། །དེ་བཞིན་དུ་གཉིས་པ་ལ་རུ་སྦལ་གྱི་རྣམ་པ་ལྟ་བུར་ཡན་ལག་ལྔའི་ཐད་ཀར་ཅུང་ཟད་འབུར་རོ། །གསུམ་པ་ཕག་རྒོད་ཀྱི་རྣམ་པ་ལྟ་བུར་མགོ་ཅུང་ཟད་མཐོ་བའོ། །བཞི་པ་དང་ལྔ་པ་ལ་ར་མ་གཉིས་ཀྱི་རྣམ་པ་ལྟ་བུ་སྟེ་ཡན་ལག་གི་ཚོགས་ཅུང་ཟད་གསལ་བའོ། །དྲུག་པ་ལ་ནག་པའི་རྣམ་པ་ལྟ་བུ་སྟེ་ཡན་ལག་ཕལ་ཆེ་བ་རྫོགས་པའོ། །བདུན་པ་ལ་མིའི་སེང་གེ་སྟེ་མགོ་སེང་གེའི་རྣམ་པ་ལྟ་བུ་རྫོགས་པའོ། །བརྒྱད་པ་ལ་མིའུ་ཐུང་གི་གཟུགས་ལྟ་བུར་གྲུབ་པའོ། །དགུ་པ་ལ་ངང་པ་ལྟ་བུ་སྟེ་མངལ་ནས་འབྱུང་བར་འདོད་པའོ། །བཅུ་པ་ལ་སངས་རྒྱས་ཏེ་ས་བཅུ་ཡོངས་སུ་རྫོགས་པའི་ཕྱིར་རོ། །དེ་ལྟར་ཡང་ཕྱི་མའི་བཞི་པ་ལས། ཟླ་བ་བཅུ་ཡང་ས་རྣམས་ཏེ། །སེམས་ཅན་ས་བཅུའི་དབང་ཕྱུག་གོ །འདི་དག་རྐྱེན་གྱིས་སེམས་ཅན་རྣམས། །སངས་རྒྱས་ཉིད་དུ་ཐེ་ཚོམ་མེད། །ཅེས་གསུངས་པ་ལ་བརྟེན་ཏེ། གནས་སྐབས་བཅུ་པོ་ལ་ཁྱབ་འཇུག་གི་འཇུག་པ་བཅུའི་མིང་བཏགས་པ་ནི། ཁྱབ་འཇུག་གི་རྗེས་སུ་འབྲང་བའི་སེམས་ཅན་རྗེས་སུ་གཟུང་བའི་ཕྱིར་དཔལ་རྡོ་རྗེ་ཕྲེང་བ་དང༌། དཔལ་དུས་ཀྱི་འཁོར་ལོ་ལས་གསུངས་པ་དེ་འདིར་ཡང་ཅུང་ཟད་སྦྱར་བ་ཡིན་ནོ། །དེ་བཞིན་དུ་ཐིག་ལེ་ལས། གང་དང་གང་གྲུབ་པའི་ཚུལ་དང༌། རྩ་སྐྱེ་བའི་རིམ་པའང་དཀྱིལ་འཁོར་གསུམ་གྱི་རིམ་པ་ལ་བརྟེན་ནས་ཞིབ་ཏུ་གོ་བར་བྱའོ། །དེ་ལྟར་རགས་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཕྲ་བའི་རླུང་དང་སེམས་ལས་གྲུབ་པ་ཡིན་ནོ་ཞེས་བྱ་བ་བསྟན་ཏོ། །དེ་ལྟར་རྡོ་རྗེའི་ལུས་གྲུབ་པའི་རྒྱུ་དང་འགྲུབ་པའི་ཚུལ་གཏན་ལ་ཕབ་ནས། ད་ནི་ད་ལྟ་ལུས་གནས་པའི་ཚུལ་གཏན་ལ་དབབ་པ་ནི། ལུས་རགས་པ་དབང་པོ་རྟེན་ཁོག་པ་དང་བཅས་པ་འདི་ལ་ཕྲ་བའི་གནད་གཏན་ལ་མ་ཕབ་ན་ཏིང་ངེ་འཛིན་འབྱུང་བར་མི་འགྱུར་ཏེ། དཔེར་ན་འོ་མ་འདོད་པས་རྭ་ལས་འཐེན་པ་དང་འདྲ་སྟེ། སཾ་པུ་ཊའི་རྒྱུད་ཕྱི་མ་ལས། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང༌། །བཞི་སྟོང་གི་ནི་ཆོ་གས་ནི། །ལུས་ཀྱི་དེ་ཉིད་མི་ཤེས་པས། །དེ་དག་ཐམས་ཅད་འབྲས་བུ་མེད། །ཅེས་གསུངས་པའི་ཕྱིར་རོ། །དེ་ན་གནད་ཤེས་ན་དེ་དང་དེར་གནད་དུ་བསྣུན་པས་ཏིང་ངེ་འཛིན་སྐྱེ་བར་བྱེད་དེ། དཔེར་ན་འོ་མ་འདོད་པས་ནུ་མ་ལ་འཐེན་པ་དང་འདྲའོ། །དེ་ལ་ལུས་ཀྱི་ཕྲ་བ་གཏན་ལ་དབབ་ན། སཾ་པུ་ཊའི་རྒྱུད་ཕྱི་མ་ལས། དཀྱིལ་འཁོར་ལུས་སུ་གསུངས་པ་སྟེ། །དཀྱིལ་འཁོར་བྷ་གར་བརྗོད་པ་ཉིད། །དཀྱིལ་འཁོར་ཡང་ནི་བྱང་ཆུབ་སེམས། །དཀྱིལ་འཁོར་གསུམ་ནི་བརྟག་པར་བྱ། །ཞེས་གསུངས་པས་ན། དཀྱིལ་འཁོར་གསུམ་དང་དེ་ལ་མངོན་སུམ་དུ་བྱེད་པ་རླུང་སྟེ་བཞིའོ། །དེ་ལ་ལུས་ཀྱི་དཀྱིལ་འཁོར་ནི་རགས་པ་དབང་པོ་རྟེན་ཁོག་པ་དང་བཅས་པ་ཕྲ་བ་རྩའི་རྣམ་པར་གནས་པ་རྣམས་སོ། །བྷ་གའི་དཀྱིལ་འཁོར་ནི་རགས་པ་ཡབ་ཡུམ་གྱི་རྡོ་རྗེ་དང་པདྨ་ཕྲ་བ་རྩ་ཡི་གེའི་རྣམ་པར་གནས་པ་རྣམས་སོ། །བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ནི་བསྡུ་ན་ཁུ་ཁྲག་བདུད་རྩི་ལྔ། དབྱེ་ན་ཁམས་བཅུ་དྲུག་དང༌། སུམ་ཅུ་རྩ་གཉིས་ལ་སོགས་པའོ། །འདི་དག་ཇི་ལྟར་གནད་ཡིན་ན། རླུང་སེམས་ལ་གནས་ལ། རླུང་བྱང་ཆུབ་ཀྱི་སེམས་དང་གཅིག་ཏུ་འདྲེས་ལ། དེ་རྩ་ལ་གནས་པས་རྩའི་གནད་ཤེས་ན་རླུང་སེམས་དབང་དུ་འདུ་ལ། དེ་འདུས་པས་རྟོག་བཅས་ཀྱི་སེམས་དབང་དུ་འདུས་པར་འགྱུར་བས་དེ་བསྟན་པར་བྱའོ། །དེ་ལ་གཉིས་ཏེ། དཀྱིལ་འཁོར་གསུམ་གཏན་ལ་དབབ་པ་དང༌། དེ་མངོན་དུ་བྱེད་པའི་རླུང་གཏན་ལ་དབབ་པའོ། །དང་པོ་ལ་གསུམ། རྩ་ལུས་ཀྱི་དཀྱིལ་འཁོར་དང༌། ཡི་གེ་བྷ་གའི་དཀྱིལ་འཁོར་དང༌། ཁམས་བདུད་རྩིའི་དཀྱིལ་འཁོར་རོ། །དེ་ལ་དང་པོ་རྩ་གཏན་ལ་ཕབ་པས་གཉིས་པོ་ཤུགས་ལ་ཤེས་པར་འགྱུར་རོ། །དེ་ལ་རྩ་ནི་རྩའི་གཙོ་མོ་གསུམ་དང༌། བྱང་ཆུབ་ཀྱི་སེམས་འབབ་པའི་གཙོ་བོ་སུམ་ཅུ་རྩ་གཉིས་དང༌། ཡི་གེ་དགོད་པའི་གཙོ་བོ་བརྒྱ་ཉི་ཤུ་དང༌། ཡན་ལག་གི་རྩའི་གཙོ་བོ་སྟོང་ཕྲག་བདུན་ཅུ་རྩ་གཉིས་དང༌། རྩ་བསམ་གྱིས་མི་ཁྱབ་པའོ། །དེ་ལ་དང་པོ་ནི་ཐོག་མར་རླུང་གནས་པ་ལ་བརྟེན་ནས་རྩ་ཨ་ཝ་དྷཱུ་ཏཱི་གྲུབ་བོ། །རླུང་ནང་དུ་འཇུག་པ་དང་འཛིན་པའི་རྣམ་རྟོག་གཉིས་ལ་བརྟེན་ནས་གཡོན་རྐྱང་མ་ཁ་ཐུར་དུ་བལྟས་པ་གྲུབ་བོ། །རླུང་ཕྱིར་འགྲོ་བ་དང་གཟུངས་བའི་རྣམ་རྟོག་ལ་བརྟེན་ནས་གཡས་རོ་མ་ཁ་གྱེན་ལ་བལྟས་པ་གྲུབ་སྟེ། རྩ་རྒྱུད་ལེའུ་དང་པོ་ལས། དེ་རྣམས་ཀྱི་ནང་ནས་རྩ་རྣམ་པ་གསུམ་ནི་གཙོ་མོ་སྟེ། རྐྱང་མ་དང༌། རོ་མ་དང༌། ཀུན་འདར་མའོ་ཞེས་སོ། །གཉིས་པ་ནི་བྱང་ཆུབ་ཀྱི་སེམས་འབབ་པ་གཙོ་བོའི་དབང་དུ་བྱས་ན་གཙོ་མོ་གསུམ་པོ་དེའང་གཏོགས་པའི་སུམ་ཅུ་རྩ་གཉིས་ཏེ། ལེའུ་དང་པོ་ལས། རྩ་རྣམས་ནི་སུམ་ཅུ་རྩ་གཉིས་ཏེ། བྱང་ཆུབ་ཀྱི་སེམས་སུམ་ཅུ་རྩ་གཉིས་འབབ་པའོ་ཞེས་གསུངས་སོ། །གསུམ་པ་ནི་དེ་དག་ལ་ཡི་གེ་དགོད་པའི་རྩ་གཙོ་བོའི་དབང་དུ་བྱས་ན་བརྒྱ་ཉི་ཤུ་གྲུབ་སྟེ། སཾ་པུ་ཊའི་དང་པོའི་གཉིས་པ་ལས། འཁོར་ལོ་བཞི་ཡི་རབ་དབྱེ་བས། །བརྒྱ་ཕྲག་གཅིག་དང་ཉི་ཤུ་ལྷག །བྱང་ཆུབ་སེམས་ཀྱི་རང་བཞིན་གྱིས། །རྩ་རྣམས་སུམ་ཅུ་རྩ་གཉིས་མཆོག །ཅེས་གསུངས་སོ། །བཞི་པ་ནི་དེ་དག་ལ་བརྟེན་ནས་ཡན་ལག་གི་རྩ་གཙོ་བོར་གྱུར་པ་སྟོང་ཕྲག་བདུན་ཅུ་རྩ་གཉིས་གྲུབ་སྟེ། ཕྱག་རྒྱ་ཆེན་པོ་ཐིག་ལེའི་ལེའུ་བཞི་པ་ལས། ཉོན་ཅིག་ལྷ་མོ་སྐལ་ཆེན་མོ། །རྩ་ཡི་འཁོར་ལོ་འབྱུང་བ་མཆོག །སྟོང་ཕྲག་བདུན་ཅུ་རྩ་གཉིས་ཏེ། །རྩ་རྣམས་ཀྱི་ནི་རིགས་བཤད་དོ། །ཞེས་གསུངས་སོ། །ལྔ་པ་ནི་དེ་དག་ལ་བརྟེན་ནས་རྩ་ཕྲན་བ་སྤུའི་བུ་གའི་སྒོར་ཟུག་པ་བྱེ་བ་ཕྲག་བརྒྱད་ཅུ་གནས་སོ་ཞེས་ཀྱང་གསུངས་སོ། །བྷ་གའི་དཀྱིལ་འཁོར་ལ་ལྔ། རྩ་བ་ཨ་དང་ཨེ་བྃ་གཉིས་དང༌། ཡི་གེ་བརྒྱད་དང༌། ཡི་གེ་བཅུ་དྲུག་དང༌། ཡི་གེ་སུམ་ཅུ་སོ་བདུན་དང༌། ཡི་གེ་བསམ་གྱིས་མི་ཁྱབ་པ་སྟེ། དེ་དག་རྣམས་དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་འཕོ་བའི་རྩ་དང་ཡི་གེ་བཅུ་དྲུག་ལ་སོགས་པ་རྩ་དང་ཡི་གེ་བསམ་གྱིས་མི་ཁྱབ་པའི་དབྱིབས་སུ་གནས་སོ། །ཁམས་བདུད་རྩིའི་དཀྱིལ་འཁོར་ལ་ལྔ། རྩ་བ་ཞུ་བ་དང༌། ཁྲག་གཉིས་དང༌། བདུད་རྩི་ལྔ་དང༌། ཁམས་བཅུ་དྲུག་དང༌། ཡི་གེ་སུམ་ཅུ་སོ་བདུན་དང༌། དེ་དག་ལའང་ཁམས་དངས་མ་བསམ་གྱིས་མི་ཁྱབ་པ་གནས་སོ་ཞེས་གསུངས་སོ། །དེ་དག་ཀྱང་ཞིབ་ཏུ་བརྗོད་ན། བྱང་ཆུབ་ཀྱི་སེམས་རྣམས་ནི་རྩ་རྣམས་དང་མཉམ་དུ་རིམ་པ་བཞིན་དུ་སྐྱེ་སྟེ། རྩ་དབུ་མའི་ཡར་སྣས་ཕ་ལས་ཐོབ་པའི་ཁུ་བ་འཛིན། མར་སྣས་མ་ལས་ཐོབ་པའི་ཁྲག་བཟུང་ནས་མི་གཡོ་བར་བྱེད། རོ་རྐྱང་གཉིས་ཀྱི་སྨད་རྩ་ཁ་གཉིས་སུ་གྱེས་ནས་རྐྱང་མའི་གཡོན་ལ་བརྟེན་ནས་ཁུ་བ་འཕེན་འཛིན་བྱེད། མདུན་ངོས་ནས་དྲི་ཆུ་འཕེན་འཛིན་བྱེད། རོ་མའི་གཡས་ལ་བརྟེན་ནས་ཁྲག་འཕེན་འཛིན་བྱེད། རྒྱབ་ངོས་ནས་དྲི་ཆེན་འཕེན་འཛིན་བྱེད་དེ། རྩ་རྒྱུད་ལེའུ་དང་པོ་ལས། རྐྱང་མ་མི་བསྐྱོད་འབབ་པ་སྟེ། །རོ་མ་དེ་བཞིན་ཁྲག་འབབ་ཅིང༌། །ཤེས་རབ་ཟླ་བ་འབབ་བཤད་པ། །དེ་ནི་ཀུན་འདར་མ་རབ་གྲགས། །ཞེས་བཤད་པ་དང༌། སཾ་པུ་ཊའི་དྲུག་པའི་དང་པོ་ལས། རྩ་གཉིས་སྐྱེ་གནས་དབུས་སུ་ནི། །གཡོན་དང་གཡས་སུ་དེ་བཞིན་དུ། །གཡོན་དུ་ཁུ་བ་རྣམས་ཤེས་བྱ། །གཡས་པ་ལ་ནི་ཁྲག་ཉིད་དེ། །དེ་གཉིས་འདུ་བའང་ཆོས་དབྱིངས་སྡུད། །ཅེས་གསུངས་སོ། །ཤ་ཆེན་གྱི་དངས་མ་ནི་ཀུན་གྱིས་སྟོབས་ཀྱིས་འཛིན་ལ། དེ་བདུད་རྩི་ལྔ་པོ་དེ་དག་ལ་བརྟེན་ནས་ཁམས་དངས་མ་ཐམས་ཅད་འཕེལ་བར་འགྱུར་ཏེ། དེ་དག་ལས་འཕེལ་བས་གནས་ཉི་ཤུ་རྩ་བཞིར་ཡི་གེ་ཉི་ཤུ་རྩ་བཞིར་གྲུབ་ཅིང༌། དེར་ཁམས་དངས་མ་གནས་པ་དང༌། ཡང་སྙིང་གའི་དཀྱིལ་དུ་རྩ་བརྒྱད་གྲུབ་པས། སུམ་ཅུ་སོ་གཉིས་སུ་གྲུབ་པ་དེ་བྱང་ཆུབ་སེམས་སུམ་ཅུ་རྩ་གཉིས་གྲུབ་པས་ལུས་ཐམས་ཅད་ཀྱི་གནད་དེ་དག་ཡིན་ཏེ། སཾ་པུ་ཊའི་དང་པོའི་གཉིས་པ་ལས། བྱང་སེམས་སུམ་ཅུ་རྩ་གཉིས་ཀྱིས། །གང་ཚེ་འདིར་ནི་གང་གྱུར་པ། །དབང་པོ་ཕུང་པོ་འབྱུང་བ་ཡིས། །སངས་རྒྱས་དེ་ཡིས་དེ་མ་ཐག །ཅེས་བྱ་བ་དང༌། དྲུག་པའི་དང་པོ་ལས་ཀྱང༌། ར་ནི་མེ་ཞེས་བྱ་བར་གསུངས། །ཁྲག་ལས་མཁྲིས་པ་ཡང་དག་ལངས། །མཚན་ཉིད་གཅིག་འདོད་བད་ཀན་ལས། །རྔུལ་དང་ཆུ་རྒྱུས་ཡང་དག་གྱུར། །དེ་ཡི་མགོན་པོར་བརྗོད་པའི་རླུང༌། །ཧ་ནི་ཀུན་ཏུ་འགྲོ་བར་གསུངས། །རུས་པའི་མཚམས་ནི་འདི་རྣམས་སུ། །ས་བོན་ལྔ་ནི་ཡང་དག་བཏབ། །ཅེས་བྱ་བ་ལ་སོགས་པ་དང༌། དྲུག་པའི་གཉིས་པ་ལས་ཀྱང༌། པུལླཱི་རར་ནི་མི་ཕྱེད་མ། །སོ་དང་སེན་མོ་འབབ་པར་བརྗོད། །ཅེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟར་ན་ཕྲ་བའི་གནད་དེ་དག་ལ་བརྟེན་ཏེ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཡོངས་སུ་རྫོགས་ནས་ཡུལ་ལ་ཉེ་བར་ལོངས་སྤྱོད་པ་ནི་གནས་པའོ། །གཉིས་པ་དེ་ལྟ་བུའི་དཀྱིལ་འཁོར་གསུམ་ལ་མངོན་དུ་བྱེད་པའི་སྙིང་པོ་ཡེ་ཤེས་རླུང་གཏན་ལ་དབབ་ན་སྤྱིར་རླུང་གི་མངོན་པར་རྟོགས་པའི་དབང་དུ་བྱས་ན་ལྔ་སྟེ། རླུང་གི་རང་གི་ངོ་བོ་དང༌། རབ་ཏུ་དབྱེ་བ་དང༌། བྱེད་པའི་ལས་དང༌། རླུང་རྒྱུ་བའི་ཚུལ་རྣམ་པར་གཞག་པ་དང༌། ལམ་དུ་བྱས་པ་ན་ཇི་ལྟར་འགྱུར་བའོ། །དང་པོ་རླུང་གི་ངོ་བོ་ནི་འབྱུང་བ་ཆེན་པོའི་ཁོངས་སུ་འདུ་བ་ཉིད་ཡིན་ལ། དེའང་ཕྱིའི་འབྱུང་བ་མ་ཡིན་ཏེ། ནང་གི་འབྱུང་བ་སྣ་ཚོགས་བྱེད་པ་ཐམས་ཅད་ཀྱི་རྩ་བར་གྱུར་པ་ཡིན་ཏེ། བརྟག་པ་དྲུག་པའི་དང་པོ་ལས། དེ་ཡི་མགོན་པོར་བརྗོད་པའི་རླུང༌། །ཧ་ནི་ཀུན་ཏུ་འགྲོ་བར་བརྗོད། །ཅེས་གསུངས་ཏེ། རྣམ་པར་ཤེས་པའི་རྟེན་དུ་གྱུར་པ་ཡིན་ནོ། །གཉིས་པ་རབ་ཏུ་དབྱེ་ན་གསུམ་སྟེ། རླུང་གི་ངོ་བོའི་སྒོ་ནས་དབྱེ་བ་དང༌། རྒྱུ་ཚུལ་གྱི་སྒོ་ནས་དབྱེ་བ་དང༌། བྱེད་ལས་ཀྱི་སྒོ་ནས་དབྱེ་བའོ། །དང་པོ་ནི་ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་དང༌། རྣམ་པར་ཤེས་པའི་རླུང་ཞེས་བྱ་སྟེ། དྲུག་པའི་དང་པོ་ལས། མེ་ཉིད་དང་ནི་རླུང་ཉིད་དང༌། །དབང་ཆེན་དང་ནི་དེ་བཞིན་ཆུ། །འཁོར་ལོ་སེམས་ཀྱི་ཀུན་སྤྱོད་པ། །སྟེང་དང་ངོས་དང་བྲང་འོག་འགྲོ། །ཞེས་པ་དང༌། དེ་ཉིད་ལས། རྣམ་སྣང་ལ་སོགས་སངས་རྒྱས་རྣམས། །སྟེང་གི་སྒོར་ནི་གཡོ་ཞིང་གནས། །དེ་རྣམས་འོག་ཏུའང་རྣམ་པར་གནས། །ཞེས་གསུངས་སོ། །རླུང་རྒྱུ་ཚུལ་གྱི་སྒོ་ནས་དབྱེ་ན་གཉིས་ཏེ། ཡེ་ཤེས་ཀྱི་རླུང་ཞེས་བྱ་བ་གནས་པ་རྒྱུ་བ་མེད་པའི་བདག་ཉིད་ཅན་དང༌། ལས་ཀྱི་རླུང་ཞེས་བྱ་བ་ལྡང་འཇུག་རྒྱུ་བའི་བདག་ཉིད་ཅན་ཏེ། དྲུག་པའི་དང་པོ་ཉིད་ལས། རྟག་ཏུ་ནུབ་དང་རབ་རྒྱུ་བ། །སེམས་ཅན་ཀུན་ལ་འགྲོ་བའོ། །ཞེས་གསུངས་སོ། །གསུམ་པ་བྱེད་ལས་ཀྱི་སྒོ་ནས་དབྱེ་ན། རྩ་བའི་རླུང་ལྔ་དང༌། ཡན་ལག་གི་རླུང་ལྔ་སྟེ་བཅུར་འགྱུར་ཏེ། དྲུག་པའི་དང་པོ་ཉིད་ལས། སྟེང་གི་སྒོར་ནི་སྦྱོར་བ་གསུམ། །སྒོ་དགུ་རྣམས་ཀྱིས་ཡོངས་སུ་བསྐོར། །ཞེས་པ་དང༌། ཀ་བ་གཅིག་དང་སྒོ་དགུ་པ། །སྦོམ་པོ་ལྔ་ནི་ལྷག་པའི་ལྷ། །བུག་པ་དགུར་ནི་སོན་པའི་སྒོ། །དགུ་ཡི་རྣམ་པར་ཡོངས་སུ་གྲགས། །ཞེས་གསུངས་སོ། །རླུང་བཅུ་པོ་དེ་དག་གི་མིང་ནི་གང་ཡིན་ཞེ་ན། རྡོ་རྗེ་ཕྲེང་བ་ལས། སྲོག་དང་ཐུར་སེལ་གྱེན་རྒྱུ་དང༌། །ཁྱབ་དང་མཉམ་གནས་ཞེས་བྱ་དང༌། །ཀླུ་དང་རུལ་སྦལ་རྩངས་པ་དང༌། །ལྷས་བྱིན་དང་ནི་གཞུ་ལས་རྒྱལ། །ཞེས་གསུངས་སོ། །དེ་ལ་རླུང་དེ་དག་འབྱུང་བ་རྣམས་དང་ཕན་ཚུན་ཇི་ལྟར་འབྲེལ་སྙམ་ན། འདིར་བླ་མའི་མན་ངག་གིས་སྲོག་འཛིན་ཆུ་སྙིང་ལ་གནས། མཉམ་གནས་སའི་ཁམས་ལྟེ་བ་ན་གནས། ཐུར་སེལ་རླུང་ཁམས་བཤང་གཅིའི་ལམ་ན་གནས། གྱེན་རྒྱུ་མེ་མགྲིན་པ་ན་གནས། ཁྱབ་བྱེད་ནམ་མཁའི་ཁམས་ལུས་ཐམས་ཅད་ལ་ཁྱབ་པར་གནས་པ་དང་ལྔ་ནི་རྩ་བའི་རླུང་ཡིན་ལ། ཡན་ལག་གི་རླུང་རྣམས་ནི་རྒྱུ་བ་ས་མིག་ན། མཉམ་རྒྱུ་ཆུ་རྣ་བ་ན། ཡང་དག་རྒྱུ་མེ་སྣ་ན། རབ་ཏུ་རྒྱུ་རླུང་ལྕེ་ན། ངེས་པར་རྒྱུ་ནམ་མཁའི་ཁམས་ཚིགས་ལ་གནས་སོ་ཞེས་གསུངས་ཏེ། རེ་རེ་ལ་ཡང་འབྱུང་བ་ལྔའི་བདག་ཉིད་གནས་པ་ཡིན་ནོ། །དུས་ཀྱི་འཁོར་ལོ་ལས་ནི། ཐུར་སེལ་ཞེས་བྱ་ཡེ་ཤེས་ཁམས་སུ་གྱུར་ལ་སྲོག་རླུང་ཡང་ནི་སྟོང་པའོ། །རླུང་ལས་ཡང་ནི་མཉམ་གནས་ཡིན་ལ་སླར་ཡང་མེ་ནི་གྱེན་རྒྱུ་ཁྱབ་བྱེད་ཉིད་ནི་ཆུ་ཡིན་ནོ། །ཀླུ་ནི་ས་ཡིན་དེ་ནས་རུ་སྦལ་དང་ནི་རྩངས་པའི་རླུང་དང་ལྷས་བྱིན་དང་ནི་ནོར་ལས་རྒྱལ། །བཞི་པོ་རླུང་དང་མེ་དང་ཆུ་དང་ས་རྣམས་ལ་ནི་རིམ་གྱིས་ཡང་ནི་འབྱུང་བར་འགྱུར། །ཞེས་ཁམས་དྲུག་ཏུ་གསུངས་སོ། །སྤྱིར་རླུང་རེ་རེ་ལ་འབྱུང་བ་ལྔ་ལྔ་ཡོད་པར་རྡོ་རྗེ་ཕྲེང་བ་ལས་ཀྱང༌། སྲོག་རླུང་སྟོང་ཉིད་ཡེ་ཤེས་མིང༌། །ཞེས་པ་དང༌། སྲོག་རླུང་མི་བསྐྱོད་པར་བཤད་པ་ལ་མི་བསྐྱོད་པ་ཆུ་ཡིན་པ་དུ་མ་བཤད་པས་འགལ་བ་མེད་དོ། །སྤྱི་དོན་གསུམ་པ་བྱེད་པའི་ལས་ནི་གཉིས་ཏེ། སྤྱིའི་ལས་དང༌། སོ་སོའི་ལས་སོ། །དང་པོ་ནི་རྣམ་པར་ཤེས་པའི་རྟེན་བྱེད་པ་ཡིན་ཏེ། འབུམ་ཕྲག་ལྔ་པ་ལས། ཧ་ནི་དབྱངས་ཀྱི་དྲུག་ལྡན་པ། །རྣམ་པར་ཤེས་པར་ཡོངས་སུ་གྲགས། །ཞེས་པ་དང༌། རྡོ་རྗེ་ཕྲེང་བ་ལས་ཀྱང༌། འདི་ནི་རླུང་ཁམས་ཆེན་པོ་སྟེ། །རྣམ་ཤེས་གསུམ་གྱི་བཞོན་པ་ཡིན། །ཞེས་གསུངས་པའོ། །ཡང་འདིས་ལུས་བསྐྱེད་པ་དང་འཕེལ་བར་བྱེད་པ་ལ་སོགས་པའི་བྱ་བའང་བྱེད་དེ། ཧ་ཡི་རྣམ་པ་ཐམས་ཅད་དུ། །སངས་རྒྱས་ཀུན་དང་མཉམ་པར་སྦྱོར། །ཞེས་འབྱུང་བས། དང་པོ་ལུས་སྐྱེ་བའི་དུས་སུ་མའི་མངལ་དུ་རྣམ་པར་ཤེས་པ་རླུང་ལ་ཞོན་ཏེ་ཞུགས་པས་རླུང་གནས་པ་ལ་བརྟེན་ཏེ་རྣམ་པར་ཤེས་པ་བརྒྱལ་ལོ། །དེ་ཡེ་ཤེས་ཀྱི་རླུང་གི་བདག་ཉིད་ལ་གནས་སོ། །དེ་ནས་སྲོག་རླུང་ནས་བརྩམས་ཏེ། རླུང་བཅུ་པོ་རིམ་གྱིས་སྐྱེས་པས་ལུས་རྒྱས་པར་བྱེད་དོ། །ད་ལྟ་གནས་པའི་དུས་སུ་རླུང་རྒྱུས་པས། ལུས་མི་རུལ་བར་འཛིན་པར་བྱེད། རླུང་ལྡང་བ་དང་འཇུག་པའི་སྒོ་ནས་སེམས་རྣམ་པར་རྟོག་པ་སྣ་ཚོགས་སུ་སྐྱེད་པར་བྱེད་དོ། །དེ་བཞིན་དུ་འཆི་བའི་དུས་སུའང་ས་ཆུ་ལ་ཐིམ་པ་དང༌། ཆུ་མེ་ལ་ཐིམ་པ་དང༌། མེ་རླུང་ལ་ཐིམ་པ་དང༌། རླུང་ནམ་མཁའ་ལ་ཐིམ་པ་ལ་སོགས་པ་རླུང་རྣམས་རིམ་གྱིས་འགགས་ཏེ་འཆི་བར་འགྱུར་རོ། །དེས་ན། བདེ་དང་སྡུག་བསྔལ་རང་བཞིན་གྱིས། །ལྷན་ཅིག་སྐྱེས་པ་གྲུབ་པའི་གནས། །ཞེས་གསུངས་སོ། །གཉིས་པ་སོ་སོའི་ལས་ནི་བླ་མའི་མན་ངག་གི་རྡོ་རྗེ་ཕྲེང་པ་དང་མཐུན་པར་གསུངས་ཏེ། དང་པོ་སྲོག་གི་རླུང་གིས་ལུས་སེམས་མི་འབྲལ་བར་བྱེད་ཅིང༌། སྣ་སྒོར་རླུང་རྒྱུ་བའི་ལས་བྱེད་དོ། །ཐུར་སེལ་གྱིས་བཤང་གཅི་ལ་སོགས་པ་ཐུར་དུ་འཕེན་པའི་ལས་བྱེད། མཉམ་གནས་ཀྱིས་ཁ་ཟས་འཇུ་བ་ལ་སོགས་པ་དང༌། དྭངས་མ་ལུས་ལ་ཁྱབ་པའི་ལས་བྱེད་དོ། །གྱེན་རྒྱུས་སྨྲ་བ་དང་དགོད་པ་དང༌། སྐྱུག་པ་ལ་སོགས་པ་བྱེད། ཁྱབ་བྱེད་ཀྱིས་འདེགས་པ་དང་འཇོག་ལ་སོགས་པའི་ལས་བྱེད་དོ། །ཡན་ལག་གི་རླུང་རྣམས་མིག་ལ་སོགས་པའི་སྒོ་ལྔ་ནས་བྱུང་ནས་གཟུགས་རིག་པ་ལ་སོགས་པའི་ལས་བྱེད་དོ་ཞེས་གསུངས་སོ། །དུས་ཀྱི་འཁོར་ལོ་ལས་ནི། སྲོག་གི་སྡེབ་བྱེད་ཉི་ཟླའི་ལམ་འགྲོ་ཐུར་སེལ་ཐུར་དུ་འབྱིན་ལ་རོ་རྣམས་མ་ལུས་ལུས་ལ་ཁྱེར་བ་མཉམ་གནས་ཀྱིས། །གྱེན་དུ་རྒྱུ་བས་ལུས་བསྐྱོད་པ་ནི་ཁ་དང་ལག་པ་རྐང་པ་རྣམས་དང་གླུ་དང་གར་བྱེད་པ། །ཁྱབ་བྱེད་ནད་རྣམས་སྐྱེད་པར་བྱེད་དེ་རང་བཞིན་ཡོན་ཏན་དབང་གིས་ལུས་འཁྱོགས་པ་ཡང་དེ་བཞིན་ནོ། །ཀླུ་ཡིས་སྒྲེགས་པ་ཉིད་དེ་ལག་པ་དང་ནི་རྐང་པ་བསྐུམ་པ་རླུང་ནི་རུ་སྦལ་གྱིས། །ཁྲོ་བ་དང་ནི་འཁྲུགས་པ་མ་ལུས་རླུང་ནི་རྩངས་པ་ཡིན་ལ་ལྷས་བྱིན་གྱིས་ནི་གླལ་བར་བྱེད། །ལུས་ལ་དེ་ཉིད་ལྔ་པོ་བྲལ་བར་གྱུར་གྱི་བར་དུ་མི་བདག་ཀླུ་ནི་ནོར་ལས་རྒྱལ། །ཞེས་གསུངས་སོ། །སྤྱི་དོན་བཞི་པ་རླུང་རྒྱུ་བའི་ཚུལ་རྣམ་པར་གཞག་པ་ལ་ལྔ་སྟེ། རླུང་རྒྱུ་བ་ཞེས་བྱ་བ་གང་ཡིན་པ་དང༌། དེ་ཚུལ་ལམ་རྣམ་པ་ཇི་ལྟར་རྒྱུ་བ་དང༌། གནས་དང་ལམ་གང་ནས་རྒྱུ་བ་དང༌། གྲངས་དུ་ཞིག་རྒྱུ་བ་དང༌། གྲངས་དེ་ལྟར་འོང་བའི་རྒྱུ་མཚན་བསྟན་པའོ། །དང་པོ་ནི་ཐུར་སེལ་ལ་སོགས་པའི་རླུང་དགུ་ནི་རང་རང་གི་གནས་ནས་རང་གི་ལས་བྱེད་པ་ཉིད་ལ་རྒྱུ་བ་ཞེས་ཟེར་ལ། སྲོག་གི་རླུང་ནི་ཐོག་མར་ཨ་ཝ་དྷཱུ་ཏཱི་ལ་གནས་པའི་ཡེ་ཤེས་ཀྱི་རླུང་ཞེས་ཀྱང་བྱ་ལ། དེ་བདག་ཏུ་འཛིན་པའི་སྒོ་ནས་སྙིང་གར་སྲོག་གི་རླུང་དུ་གནས་ནས་རྩ་གཉིས་ཀྱི་ནུས་པས་སྲོག་དང་རྩོལ་བ་ཞེས་བྱ་བར་འཇུག་པ་དང༌། གནས་པ་དང་ལྡང་བར་སྣའི་བུ་གའི་སྒོ་ནས་རྒྱུ་བ་ཡིན་ཏེ། དྲུག་པའི་དང་པོ་ལས། ང་ཡི་ལུས་ཀྱིས་སྟེང་སྒོ་ལའང༌། །རྡོ་རྗེ་ཅན་ནི་རྟག་ཏུ་བཞུགས། །སྟེང་གི་སྒོར་ནི་སྦྱོར་བ་གསུམ། །སྒོ་དགུ་རྣམས་ཀྱིས་ཡོངས་སུ་བསྐོར། །ཞེས་པ་དང༌། དེ་ཉིད་ལས། གསུམ་ཉིད་སྦྱོར་བ་སྦྱོར་བ་གསུམ། །རྣམ་གསུམ་དབྱེ་བས་རྣམ་པར་གནས། །ཞེས་གསུངས་སོ། །དེ་ལྟར་ན་སྣའི་སྒོ་ནས་གསལ་བར་རྒྱུ་བ་ནི་སྲོག་རླུང་ཁོ་ན་ཡིན་ཏེ། ཕྱག་རྒྱ་ཆེན་པོ་ཐིག་ལེ་དང༌། །རྡོ་རྗེ་ཕྲེང་བ་གཉི་ག་ལས། །སྣ་ཡི་སྒོ་ཡི་རྒྱུན་ལས་ནི། །སྲོག་དང་རྩོལ་བའི་རྒྱུ་བ་དག །དུས་ཀུན་དུ་ནི་རྒྱུ་བ་ནི། །སྲོག་ཅེས་བྱ་བ་ཡིན་པར་བཤད། །ཅེས་པ་དང༌། སྨིན་མའི་དབུས་སུ་སྲོག་གི་རླུང༌། །དེ་ལྟར་གཅིག་པུའང་གསུམ་དུ་བཤད། །ཅེས་སོ། །འོ་ན་སྲོག་རླུང་ཆུ་ཡིན་ལ། གྱེན་རྒྱུ་མེ་ཡིན་པ་ལ་སོགས་པ་བཤད་པས། སྣའི་བུ་ག་ནས་ཆུ་རླུང་ཁོ་ན་ལས་མི་རྒྱུའམ་སྙམ་ན། དེ་ནི་མ་ཡིན་ཏེ། སྙིང་ག་ན་ཆུའི་ཁམས་གཙོར་གནས་ཤིང་སྲོག་རླུང་ཡང་སྙིང་ག་ན་གཙོར་གནས་པའི་ཆུའི་ཁམས་ཞེས་བརྗོད་ཀྱི། སྤྱིར་ཡང་རླུང་རེ་རེ་ལ་ཡང་འབྱུང་བ་ལྔ་ལྔ་གནས་པ་ཡིན་པ་ལ། སྲོག་གི་རླུང་ནི་རླུང་ཐམས་ཅད་ཀྱི་རྩ་བ་ཡིན་ཞིང༌། འབྱུང་བ་ལྔ་ཀའི་བདག་ཉིད་དོ། །གཉིས་པ་རླུང་དེ་དག་ཚུལ་ལམ་རྣམ་པ་ཇི་ལྟར་རྒྱུ་ཞེ་ན། རྣམ་ཤེས་ཀྱི་རླུང་ནི་ཡེ་ཤེས་ཀྱི་རླུང་ཡིན་ལ། ཡེ་ཤེས་ཀྱི་རླུང་ནི་ཁ་ཅིག་ལས་མི་རྒྱུ་བར་བཤད། དུས་ཀྱི་འཁོར་ལོ་ལས་ཆ་རེ་རྒྱུ་བར་བཤད་ཀྱང༌། རྡོ་རྗེ་ཕྲེང་བ་དང༌། བླ་མའི་མན་ངག་གིས་ཐུན་བཞིའི་མཚམས་སམ། ཀུན་ལ་ཁྱབ་པའི་ཚུལ་གྱིས་རྒྱུ་ཞིང་གསལ་བར་ནི་མི་རྒྱུ་སྟེ། རྡོ་རྗེ་ཕྲེང་བ་ལས། འཁོར་ལོ་བཞི་ཡི་རབ་དབྱེ་བས། །ཐུན་བཞིར་བྱིན་གྱིས་བརླབ་པ་དང༌། །རྡོ་རྗེ་སེམས་དཔའི་གཟུགས་ཀྱིས་ནི། །འདི་ནི་ཇི་ལྟར་བདེ་བར་རོལ། །ཞེས་གསུངས་སོ། །ནམ་མཁའི་རླུང་ནི་དུས་ཀྱི་འཁོར་ལོ་ལས་ཆ་རེ་རྒྱུ་བར་བཤད། རྡོ་རྗེ་ཕྲེང་བ་དང་བླ་མའི་མན་ངག་གིས་ད་ལྟ་ནི་གསལ་བར་རྒྱུ་བ་མེད་ལ་འཁོར་གྱི་ཚུལ་གྱིས་རྒྱུ་ཞིང༌། འཆི་བའི་དུས་སུ་འབྱུང་བ་བཞིའི་རླུང་ཡང་ནམ་མཁའི་རླུང་གིས་དབང་བྱས་ཏེ། གཙོ་བོའི་ཚུལ་གྱིས་རྒྱུ་སྟེ། དྲུག་པའི་དང་པོ་ལས་ཀྱང༌། རྣམ་སྣང་ལ་སོགས་སངས་རྒྱས་རྣམས། །སྟེང་གི་སྒོར་ནི་གཡོ་ཞིང་གནས། །ཞེས་གསུངས་པས། ལྔ་ཀ་རྒྱུ་བའང་ཡིན་ལ། ཡང་དེ་ཉིད་ལས། རླུང་ལ་སོགས་པའི་དབྱེ་བ་ཡིས། །རྟག་ཏུ་འགྲོ་བ་རླུང་རྣམ་བཞི། །ཞེས་པས་ད་ལྟ་གཙོ་བོ་བཞི་པོ་རྒྱུ་བར་མངོན་ལ། རྡོ་རྗེ་ཕྲེང་བ་ལས་ཀྱང༌། ལུས་ཀུན་ལ་ནི་གནས་པའི་རླུང༌། །བྱ་བ་ཀུན་ལ་འཇུག་པའོ། །འདི་ནི་རྣམ་སྣང་ངོ་བོ་སྟེ། །འཆི་བའི་དུས་ལ་འབྱུང་བར་འགྱུར། །ཞེས་གསུངས་སོ། །འབྱུང་བ་བཞིའི་རླུང་ཁ་དོག་བཞིར་རྒྱུ་ཚུལ་བཞིས་རྒྱུ་སྟེ། །ས་རླུང་སེར་པོ་སྣའི་བུ་ག་གཉིས་ཀ་ལས་རྒྱུ་སྟེ། གཉིས་ཀ་ལས་ནི་འབྱུང་བའི་ཁམས། །གསེར་གྱི་མདོག་ཏུ་སྣང་བ་སྟེ། །དབང་ཆེན་གྱི་ནི་དཀྱིལ་འཁོར་ཉིད། །རིན་ཆེན་མགོན་པོའི་རྒྱུ་བའོ། །ཆུ་རླུང་ནི་སྣ་བུག་གཉིས་ནས་དལ་ཞིང་རྒྱུ་བ་མི་ཚོར་བར་དཀར་པོར་རྒྱུ་སྟེ། དལ་ཞིང་རྒྱུ་བ་མེད་པའི་ཁམས། །ཆུ་ཡི་དཀྱིལ་འཁོར་ཉིད་ཡིན་ཏེ། །དག་པ་ཤེལ་ལྟར་སྣང་བ་ནི། །རྡོ་རྗེ་མགོན་པོའི་རྒྱུ་བའོ། །མེ་རླུང་སྣ་བུག་གཡས་ནས་དམར་པོར་རྒྱུ་སྟེ། གཡས་པ་ནས་ནི་འབྱུང་བའི་ཁམས། །མེ་ཡི་དཀྱིལ་འཁོར་ཉིད་ཡིན་ཏེ། །ཁ་དོག་དམར་ཞིང་གསལ་བ་འདིས། །པདྨ་མགོན་པོའི་རྒྱུ་བའོ། །རླུང་གི་རླུང་སྣ་བུག་གཡོན་ནས་ལྗང་སེར་དུ་རྒྱུ་སྟེ། གཡོན་པ་ལས་ནི་འབྱུང་བའི་ཁམས། །རླུང་གི་དཀྱིལ་འཁོར་ཞེས་བྱ་བ། །ལྗང་སེར་དུ་ནི་སྣང་བ་སྟེ། །ལས་ཀྱི་མགོན་པོའི་རྒྱུ་བའོ། །ཞེས་པའོ། །དེ་ལྟར་གསུང་སྒྲོས་ཀྱིས་སྣ་བུག་ཐ་དད་པར་གསུང་ཡང༌། ཁོ་བོའི་རྣམ་པར་རྟོག་པས་ནི་སྣ་བུག་རེ་རེའི་ལོགས་གཡས་གཡོན་ལ་དགོངས་ནས་གསུངས་པ་ཡིན་ནམ་སྙམ་སྟེ་མྱོང་བ་ལས་གྲུབ་བོ། །རླུང་དེ་དག་ཇི་ལྟར་རྒྱུ་སྙམ་ན། དྲུག་པའི་དང་པོ་ལས། སྟེང་དང་ངོས་དང་བྲང་འོག་འགྲོ། །ཞེས་གསུངས་པས། མགོན་པོ་རེ་རེའི་རླུང་ཡང་ལྷ་མོ་བཞི་བཞི་དང་ལྡན་ཏེ། པདྨའི་མགོན་པོ་ལྟ་བུའི་རྒྱུ་བའི་དུས་སུའང་ནང་ཚན་གྱི་འབྱུང་བ་བཞི་ཕྱོགས་ཐ་དད་པ་ནས་རྒྱུ་སྟེ། མེ་རླུང་སྟེང་དུ་སོར་བཞི་གྲངས་གཉིས་བརྒྱ་ཉི་ཤུ་རྩ་ལྔ་རྒྱུ། རླུང་གི་རླུང་ངོས་སུ་སོར་དྲུག་གྲངས་སྔར་བཞིན་ཀུན་ལ་སྦྱར། ས་རླུང་དྲང་པོར་ཐད་ཀར་སོར་བཅུ་དྲུག་ཏུ་རྒྱུ། ཆུ་རླུང་འོག་ཏུ་སོར་བཅུ་གཉིས་སུ་རྒྱུའོ། །དུས་ཀྱི་འཁོར་ལོ་ལས་ནི། ས་རླུང་སོར་བཅུ་གཉིས། ཆུ་རླུང་བཅུ་གསུམ། མེ་བཅུ་བཞི། རླུང་བཅོ་ལྔ། ནམ་མཁའི་རླུང་བཅུ་དྲུག་རྒྱུའོ་ཞེས་གསུངས་སོ། །སཾ་པུ་ཊའི་དགོངས་པའང་འདི་དང་མཐུན་ནམ་སྙམ་སྟེ། དྲུག་པའི་དང་པོ་ལས། རྐང་མེད་རྐང་གཅིག་རྐང་གཉིས་དང༌། །རྐང་བཞི་ལ་ནི་སོགས་པ་ཡིས། །རླུང་ལ་སོགས་པས་རབ་དབྱེ་བས། །རྟག་ཏུ་འགྲོ་བ་རླུང་རྣམ་བཞི། །ཞེས་གསུངས་པས། སོར་གྱི་གྲངས་རིམ་པ་བཞིན་འཕེལ་བར་མངོན་ནོ། །རླུང་དེ་དག་གི་མིང་གི་རྣམ་གྲངས་ནི། དྲུག་པའི་དང་པོ་ལས། སེམས་དང་སྐྱེས་བུ་སྐྱེས་བུ་ཅན། །ཁྱད་པར་རྣལ་འབྱོར་པ་ཡིས་དོན། །ཞེས་བྱ་བ་དང༌། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ལས། བཅིངས་པ་དང་དལ་བ་དང་རླངས་པ་དང་མྱུར་བ་ཞེས་བྱ་བ་ནས་རིམ་པ་བཞིན་དུ་སྦྱར་བར་བྱའོ། །གསུམ་པ་གནས་དང་ལམ་གང་ནས་རྒྱུ་ཞེ་ན། སྤྱིར་ཡེ་ཤེས་ཀྱི་རླུང་རྩ་ཨ་ཝ་དྷཱུ་ཏཱིའི་མར་སྣའི་ཨ་ཐུང་བྷ་གའི་དཀྱིལ་འཁོར་ལ་གནས་པ་ནི། ཀུན་གྱི་རྩ་བ་ཡིན་ལ། དེ་རྩ་གཉིས་ཀྱི་དབང་གིས་སྲོག་དང་རྩོལ་བར་བྱུང༌། དེ་འཁོར་ལོ་བཞི་ལ། དེ་སྙིང་གའི་རྩ་འདབ་བཞི་ལས་འབྱུང་བ་བཞིར་བྱས་ནས། འཁོར་ལོ་བཞིའི་རྩ་འདབ་རྣམས་ལ་རིམ་པ་བཞིན་འབྱུང་སྟེ། ཡུལ་ཉི་ཤུ་རྩ་བཞི་ལ་སོགས་པ་ཀུན་ཏུ་རྒྱུས་ནས་འབྱུང་བ་བཞིའི་བདག་ཉིད་དུ་མགྲིན་པ་ནས་འབྱུང་བ་ནི་གསུང་གི་སྒོ་བཞི་ཞེས་བྱ། སྣ་སྒོ་གཉིས་ནས་འབྱུང་བ་ནི་ཐུགས་ཀྱི་སྒོ་གཉིས་ཞེས་བྱ། ཡན་ལག་གི་རླུང་ཕྲ་མོ་བུ་ག་དགུ་ནས་རྒྱུ་བ་ནི་སྐུའི་སྒོ་དགུ་ཞེས་བྱ་སྟེ། དྲུག་པའི་དང་པོ་ལས། སྐུ་གསུང་ཐུགས་ཀྱི་རང་བཞིན་གྱིས། །ཐ་མ་འབྲིང་པོ་དམ་པ་ཉིད། །ཅེས་པ་དང༌། ཟླ་བ་ཉི་མའི་རབ་དབྱེ་བས། །གསུམ་པའི་སྒོ་ནི་ཡིད་དང་བཅས། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བཞི་པ་སྣ་བུག་ལས་གྲངས་དུ་ཞིག་རྒྱུ་ཞེ་ན། ཉིན་ཞག་ཕྲུགས་གཅིག་ལ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་སྟེ། ཕྱག་རྒྱ་ཆེན་པོ་ཐིག་ལེ་ལས། ཐོག་མར་འབྱུང་དང་རྔུབ་པའི་གྲངས། །ཉི་ཁྲི་དང་ནི་ཆིག་སྟོང་དང༌། །དེ་བཞིན་གྲངས་ནི་བརྒྱ་ཕྲག་དྲུག །ཉིན་དང་མཚན་མོར་ངེས་པར་རྒྱུ། །ཞེས་གསུངས་སོ། །ལྔ་པ་དེ་ལྟར་འོང་བའི་འཐད་པ་ནི། ཕྱི་རོལ་ན་ཇི་ལྟ་བར་ནང་ལུས་ལའང་དེ་ལྟར་གནས་ཏེ། ཕྱི་རོལ་དུ་དབུགས་ཚོད་དང་ཆུ་ཚོད་ལ་སོགས་པས་ཉིན་ཞག་འཛིན་པ་ཡོད་པ་ལྟར་ནང་གིའང་རླུང་གིས་འཛིན་པར་བྱེད་དེ། དེ་ལའང་གཉིས་ཏེ། རྡོ་རྗེ་མཁའ་འགྲོ་དང༌། རྡོ་རྗེ་ཕྲེང་བའི་དབང་དུ་བྱས་པ་དང༌། ཀྱེའི་རྡོ་རྗེའི་དགོངས་པའོ། །དང་པོ་ནི་ཡུལ་ཉི་ཤུ་རྩ་བཞིའི་དབང་གིས་དགུ་བརྒྱ་ཕྲག་ཉི་ཤུ་རྩ་བཞི་དང༌། དེ་རེ་རེ་ལའང་ལྷ་མོའི་རླུང་ཉིས་བརྒྱ་ཉི་ཤུ་རྩ་ལྔ་པ་བཞི་བཞིའོ། །མགོན་པོ་བཞི་བའི་ལྟེ་བའི་རྩ་འདབ་དང་སྣ་སྒོའི་དབྱེ་བས་འཕོ་བ་གཉིས་གཉིས་དང་ལྡན་ཏེ། རྡོ་རྗེ་ཕྲེང་བ་ལས། གཡོན་དང་གཡས་དང་གཉིས་ཀ་དང༌། །དལ་བར་རྒྱུ་དང་རྣམ་བཞིར་འགྱུར། །ཐུན་ཕྱེད་ཀྱི་ནི་དུས་དག་ཏུ། །ལས་ནི་གཉིས་གཉིས་དག་ཏུ་གནས། །ཞེས་གསུངས་པས་ཐུན་ཕྱེད་ནི་འཕོ་བ་ཕྱེད་དོ། །འཕོ་བ་རེ་རེ་ལ་རླུང་དགུ་བརྒྱ་ཕྲག་གཉིས་གཉིས་རྒྱུ་བས་ཉིན་ཞག་གཅིག་ལ་འཕོ་བ་བཅུ་གཉིས་ཞེས་ཟེར་རོ། །གཉིས་པ་ཀྱེའི་རྡོ་རྗེའི་ལུགས་ཀྱི་ཟླ་བ་དང༌། ཉི་མ་དང༌། ཨཱ་ལི་དང༌། ཀཱ་ལི་དང༌། འཕོ་བ་བཅུ་དྲུག་དང༌། དབྱུ་གུ་དྲུག་ཅུ་རྩ་བཞི་དང༌། ཆུ་ཚོད་སུམ་ཅུ་རྩ་གཉིས་དང༌། ཐུན་ཚོད་བཞི་སྟེ། དེ་ལྟར་ཐམས་ཅད་བཞིའོ་ཞེས་གསུངས་པ་ལ་བརྟེན་ནས་ལྟེ་བའི་རྩ་འདབ་ཀྱི་དབང་གིས་དབྱུ་གུ་དྲུག་ཅུ་རྩ་བཞི་ཡིན་ལ། དབྱུ་གུ་རེ་རེ་ལ་རླུང་སུམ་བརྒྱ་སུམ་ཅུ་རྩ་ཕྱེད་དང་བརྒྱད་ཀྱིས་ཉིན་ཞག་འདའོ། །དབྱུ་གུ་གཉིས་ལ་ཆུ་ཚོད་གཅིག་སྟེ། སྤྱི་བོའི་རྩ་འདབ་ཀྱི་དབང་གིས་སུམ་ཅུ་རྩ་གཉིས་ཆུ་ཚོད་རེ་རེ་ལ་དྲུག་བརྒྱ་བདུན་ཅུ་རྩ་ལྔའོ། །ཆུ་ཚོད་གཉིས་ལ་འཕོ་བ་གཅིག་སྟེ་མགྲིན་པའི་རྩ་འདབ་ཀྱི་དབང་གིས་བཅུ་དྲུག་གོ །འཕོ་བ་རེ་རེ་ལ་རླུང་སྟོང་སུམ་བརྒྱ་ལྔ་བཅུའོ། །འཕོ་བ་གཉིས་ལ་ཐུན་ཕྱེད་པ་གཅིག་སྟེ་སྙིང་གའི་རྩ་འདབ་ཀྱི་དབང་གིས་བརྒྱད་དེ་ཐུན་ཕྱེད་པ་རེ་ལ་རླུང་ཉིས་སྟོང་མདུན་བརྒྱ་པ་རེ་རྒྱུ་སྟེ། དེ་ལྟ་བུ་བརྒྱད་ཀྱིས་ཉིན་ཞག་འདའ་འོ། །ཐུན་ཕྱེད་པ་གཉིས་ལ་ཐུན་གཅིག་སྟེ། སྙིང་གའི་ནང་སྐོར་གྱི་རྩ་འདབ་ཀྱི་དབང་དུ་བྱས་ན་བཞི་སྟེ་འདབ་མ་རེ་ལ་རླུང་ལྔ་སྟོང་བཞི་བརྒྱ་པ་རེ་རྒྱུའོ། །དེ་ལྟ་བུ་བཞིས་ཉིན་ཞག་འཛིན་ཏེ། གང་ལྟར་བསྔོས་ཀྱང་ཉིན་ཞག་གཅིག་གིས་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཚང་ངོ༌། །དེ་ཡང་ཕྱིར་རྒྱུ་བ་དང༌། ནང་དུ་རྒྱུ་བ་དང༌། གནས་པ་དང༌། གསུམ་ལ་གཅིག་ཏུ་བྱས་ནས་བསྔོ་བ་ཡིན་ནོ། །སྤྱི་དོན་ལྔ་པ་ལམ་དུ་བྱས་པ་ན་ཇི་ལྟར་འགྱུར་ཞེ་ན། དང་པོར་རླུང་བཟུང་བས་རྣམ་པར་ཤེས་པ་ཟིན་པ་ཡིན་ཏེ། ཡིད་ཀྱི་རྟ་ཡིན་པའི་ཕྱིར་རོ། །ཡིད་ཟིན་པས་ཞི་གནས་སྐྱེ་ལ་དེ་ལས་ལྷག་མཐོང་གི་ཏིང་ངེ་འཛིན་སྐྱེའོ། །དང་པོར་སྲོག་རྩོལ་བགྲངས་པས་བཟླས་པར་འགྱུར་བས་དེས་སྒྲིབ་པ་ཟད་པར་འགྱུར་རོ། །ཡང་རླུང་རྣམ་པ་བཞི་གསལ་བས་ཕྲིན་ལས་བཞིའང་འགྲུབ་པར་བྱེད་དོ། །མཐར་ལས་ཀྱི་རླུང་འགགས་ཏེ་ཡེ་ཤེས་ཀྱི་རླུང་མངོན་དུ་འགྱུར་བར་བྱེད་དེ། དྲུག་པའི་དང་པོ་ལས། སེམས་མེད་སྐྱེས་བུ་མེད་པ་དང༌། །ཡིད་དང་ལྡན་པ་མེད་པ་དང༌། །ཞེས་པ་དང༌། ཕྱག་རྒྱ་ཆེན་པོ་ཐིག་ལེ་ལས་ཀྱང༌། རྣལ་འབྱོར་པ་ཡིས་རླུང་བསྒོམས་ན། །དངོས་གྲུབ་མྱུར་དུ་འཐོབ་པར་འགྱུར། །ཞེས་གསུངས་སོ། །རླུང་གི་མངོན་པར་རྟོགས་པ་བཤད་ཟིན་ཏོ།།  །།དེ་ལྟར་ན་ལུས་རྩ་དང༌། ཡི་གེ་བྷ་ག་དང༌། བྱང་ཆུབ་ཀྱི་སེམས་རྣམས་ནི་དཀྱིལ་འཁོར་གསུམ་ཞེས་བྱ་སྟེ། རྒྱུད་ཕྱི་མ་ལས། དཀྱིལ་འཁོར་ལུས་སུ་བརྗོད་པ་སྟེ། །དཀྱིལ་འཁོར་ཡང་ནི་བྷ་གར་གསུངས། །དཀྱིལ་འཁོར་བྱང་ཆུབ་སེམས་ཉིད་དོ། །དཀྱིལ་འཁོར་གསུམ་ནི་བརྟག་པར་བྱ། །ཞེས་གསུངས་སོ། །དེ་ལ་མངོན་དུ་བྱེད་པ་ནི་རླུང་སྟེ། རླུང་ཞེས་བྱ་བས་ལས་ཀུན་བྱེད། །ཅེས་སོ། །དེ་ལྟར་ལུས་ཀྱི་གནད་ངོ་ཤེས་པས་བླ་མའི་མན་ངག་གིས་གནད་དེ་དང་དེར་བསྣུན་པས་སེམས་བདེ་སྟོང་གི་ཏིང་ངེ་འཛིན་སྐྱེད་པར་བྱེད་པས་ཕ་རོལ་ཏུ་ཕྱིན་པ་བས་རྟོགས་པར་བྱེད་པའི་ཐབས་ཁྱད་པར་དུ་འཕགས་པ་ཞེས་བྱ་བ་འདི་གྲུབ་པ་ཡིན་ནོ། །དེ་ལྟར་འདི་དག་ཀྱང་ལེའུ་དང་རབ་ཏུ་བྱེད་པ་གང་གི་ཡིན་ཞེ་ན། ཧེ་བཛྲའི་ལེའུ་དང་པོ་དང༌། ཕྱི་མའི་བཞི་པ་དང༌། སཾ་པུ་ཊའི་བརྟག་པ་དྲུག་པ་རྣམས་ཀྱིས་མངོན་པར་རྟོག་པའོ། །དང་པོར་རྟོགས་པའི་ལྟ་བ་གཏན་ལ་དབབ་པའི་སྐབས་རྫོགས་སོ།།  །།དེ་ལྟར་རྟོགས་པ་དང་ལྡན་པ་དེས་ལུས་ལ་གནད་དུ་བསྣུན་པའི་བསམ་གཏན་སྒོམ་པར་བྱེད་དོ། །དེ་ལྟ་བུའི་ལམ་འདི་ཡང་རིམ་པ་གཉིས་སུ་གསུངས་ཏེ། ལེའུ་བརྒྱད་པ་ལས། བསྐྱེད་པའི་རིམ་པ་ཉིད་དང་ནི། །རྫོགས་པ་ཡི་ཡང་རིམ་པ་ཉིད། །རིམ་གཉིས་མཉམ་པར་གནས་ནས་ནི། །རྡོ་རྗེ་ཅན་གྱི་ཆོས་འཆད་དོ། །ཞེས་གསུངས་སོ། །དཔལ་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས་ཀྱང༌། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །རིམ་པ་གཉིས་ལ་ཡང་དག་བརྟེན། །བསྐྱེད་པ་ཡི་ནི་རིམ་པ་དང༌། །དེ་བཞིན་རྫོགས་པའི་རིམ་ཉིད་དོ། །ཞེས་གསུངས་སོ། །གལ་ཏེ་རྡོ་རྗེ་ཅན་གྱི་ཆོས་རིམ་པ་གཉིས་སུ་འདུས་ན། རྒྱུའི་རྒྱུད་དང༌། འབྲས་བུའི་རྒྱུད་རིམ་པ་གཉིས་སུ་ཇི་ལྟར་འདུ་སྙམ་ན། དེ་ལ་རིམ་པ་གཉིས་ཞེས་བྱ་བ་ནི་ལམ་གཉིས་པོ་ཉིད་ཡིན་མོད་ཀྱང༌། རྒྱུའི་རྒྱུད་ནི་དེ་གཉིས་ཀྱི་སྦྱང་གཞི་ཡིན་ལ། དབང་བསྐུར་བ་ནི་དེ་གཉིས་ཀྱི་སྔོན་དུ་འགྲོ་བ་ཡིན་ལ། གཏོར་མ་ལ་སོགས་པ་ནི་དེ་གཉིས་ཀྱི་གྲོགས་ཡིན་ཞིང༌། འབྲས་བུ་སྐུ་གཉིས་ནི་དེ་གཉིས་ཀྱིས་ཐོབ་པར་བྱ་བའི་འབྲས་བུ་ཡིན་པས། དེར་འདུས་ཏེ་རྒྱས་པར་འོག་ནས་བཤད་པར་བྱའོ། །རིམ་པ་གཉིས་པོ་འདི་ལ་དྲུག་སྟེ། དབྱེ་བའི་གཞི་དང༌། དབྱེ་བའི་དོན་དང༌། མིང་དོན་ནམ་ངེས་ཚིག་བསྟན་པ་དང༌། རིམ་པ་གཉིས་གྲངས་ངེས་པར་བསྒོམ་དགོས་པའི་འཐད་པདང༌། རིམ་པ་གཉིས་ཀྱིས་གྲོལ་བའི་རྒྱུ་མཚན་དང༌། རིམ་པ་གཉིས་བསྒོམ་པའི་གོ་རིམ་བསྟན་པའོ། །དང་པོ་ལ་གསུམ། གཙོར་སྦྱང་གཞི་ལས་མིང་དུ་བཏགས་པ་དང༌། གཙོར་འབྲས་བུ་ལས་མིང་དུ་བཏགས་པ་དང༌། གཙོར་ལམ་ལས་མིང་དུ་བཏགས་པའོ། །དང་པོ་ནི་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་བཞེད་པས། སྦྱང་གཞི་དང་སྦྱོང་བྱེད་ཀྱི་རིམ་པ་གཉིས་ཏེ། དེ་ལ་སྦྱང་གཞི་བསྐྱེད་པའི་རིམ་པ་ལ་བསྐྱེད་པ་ཞེས་བྱ་བ་ནི་ཐ་མལ་གྱི་ལུས་གྲུབ་པ་ཡིན་ལ། རིམ་པ་ཞེས་བྱ་བ་ནི་དེ་སྐྱེ་བའི་རིམ་པ་སྐྱེ་གནས་བཞི་དང༌། བྱེ་བྲག་ཏུ་མངལ་སྐྱེས་ཀྱི་དབང་དུ་བྱས་ནས། མངལ་གྱི་གནས་སྐབས་ལྔའོ། །དེ་སྦྱོང་བར་བྱེད་པའི་ཐབས་ལྷའི་རྣམ་པ་ནི་སྦྱོང་བྱེད་བསྐྱེད་རིམ་མོ། །སྦྱང་གཞི་རྫོགས་པ་ནི་ཐ་མལ་གྱི་སེམས་ཅན་ཤི་བ་ཡིན་ལ། རིམ་པ་ནི་ས་ཆུ་ལ་ཐིམ་པ་ལ་སོགས་པ་འཆི་བའི་རིམ་པའོ། །དེ་སྦྱོང་བར་བྱེད་པའི་ཐབས་རྡོ་རྗེའི་བཟླས་པ་དང་འོད་གསལ་ལ་སོགས་པ་ནི་སྦྱོང་བྱེད་རྫོགས་པའི་རིམ་པ་ཡིན་ནོ་ཞེས་བཞེད་དོ། །གཉིས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཞེད་པས་བསྐྱེད་པ་ཞེས་བྱ་བ་ནི། མཆོག་གི་དངོས་གྲུབ་ལ་བྲོད་པ་བསྐྱེད་པའི་ཕྱིར་ཐུན་མོང་གི་དངོས་གྲུབ་ཡིན་ལ། དེ་སྒྲུབ་པར་བྱེད་པའི་ཐབས་ལྷའི་རྣམ་པ་བསྒོམ་པ་ལ་རིམ་པ་ཞེས་བྱའོ། །རྫོགས་པ་ཞེས་བྱ་བ་ནི་དེ་ལས་འབྲས་བུ་གོང་དུ་བོགས་དབྱུང་དུ་མེད་པའི་ཕྱིར་མཆོག་གི་དངོས་གྲུབ་ཡིན་ལ། རིམ་པ་ནི་དེ་སྒྲུབ་པར་བྱེད་པའི་སྦྱོར་བ་ཡན་ལག་དྲུག་ཡིན་ནོ་ཞེས་བཞེད་དོ། །གསུམ་པ་སློབ་དཔོན་བིརྺ་པ་དང༌། ཌོམྦིའི་རྗེས་སུ་འབྲང་བས་ལམ་ལས་མིང་གཙོར་བཏགས་ཏེ། བློས་ཀུན་ཏུ་ལྷའི་རྣམ་པ་བསྐྱེད་པ་ནི་བསྐྱེད་པ་ཡིན་ལ། གསལ་འདེབས་པ་ནི་རིམ་པ་ཡིན་ཏེ། དེའི་སྦྱང་གཞི་རྒྱུ་དང་འབྲས་བུའང་བསྐྱེད་པའི་རིམ་པ་ཞེས་བྱ་བར་ཤེས་པར་བྱའོ། །རྫོགས་པ་ཞེས་བྱ་བ་ནི་ལུས་ངག་ཡིད་གསུམ་རྫོགས་པ་ཉིད་གསལ་འདེབས་པས་རྫོགས་པ་སྟེ། རང་བྱིན་རླབས་དང་དཀྱིལ་འཁོར་འཁོར་ལོ་བསྒོམ་པ་ཡིན་ལ། རིམ་པ་ཞེས་བྱ་བ་ནི་རིམ་གྱིས་བསྒོམ་པ་སྟེ། དེའི་རྒྱུ་སྦྱང་གཞི་དང་འབྲས་བུ་རྫོགས་པའི་རིམ་པར་ཤེས་པར་བྱའོ། །དོན་གཉིས་པ་རིམ་པ་གཉིས་གྲངས་ངེས་པར་བསྒོམ་པའི་འཐད་པ་སྟོན་ཏོ། །དེ་ལ་དེ་ལྟ་བུའི་རིམ་པ་གཉིས་ཀ་བསྒོམ་པའམ། འོན་ཏེ་གང་རུང་ཅིག་བསྒོམ་སྙམ་ན། དེ་ལ་གཉིས་བསྒོམ་དགོས་སོ། །དེའི་འཐད་པ་ལ་གསུམ་སྟེ། སྤང་བྱ་གཉིས་ཡིན་པའི་ཕྱིར་རིམ་པ་གཉིས་ཀ་བསྒོམ་པའི་འཐད་པ་དང༌། ཐོབ་བྱ་གཉིས་ཡིན་པའི་ཕྱིར་རིམ་པ་གཉིས་ཀ་བསྒོམ་དགོས་པ་དང༌། རང་གི་ངོ་བོ་རྟེན་དང་བརྟེན་པར་གྲུབ་པའི་ཕྱིར་བསྒོམ་པར་འཐད་པའོ། །དང་པོ་ལ་གཉིས། ཐ་མལ་གྱི་རྣམ་རྟོག་དང༌། གྱ་ནོམ་པ་ལྷར་ཞེན་པའོ། །དེ་ལ་དང་པོ་ནི་སྤང་བྱ་ཐ་མལ་གྱི་རྣམ་རྟོག་སྦྱོང་བའི་ཕྱིར་བསྐྱེད་པའི་རིམ་པ་བསྒོམ་ལ། གྱ་ནོམ་པ་ལྷར་ཞེན་པ་སྤང་བའི་ཕྱིར་རྫོགས་པའི་རིམ་པ་བསྒོམ་པའོ། །དེ་ལ་བསྐྱེད་རིམ་གྱིས་ཐ་མལ་གྱི་རྣམ་རྟོག་སྤང་བའང༌། རྡོ་རྗེ་གུར་གྱི་ལེའུ་བཅུ་བཞི་པ་ལས། ཕལ་པའི་གནས་སྐབས་གཞོམ་པའི་ཕྱིར། །སྒོམ་པ་ཡང་དག་རབ་ཏུ་གྲགས། །རང་བཞིན་གནས་སྐབས་བསྒོམ་པ་ལས། །བསྒོམ་པ་མ་ཡིན་མི་བསྒོམ་མིན། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྟོག་པ་དེ་བཞིན་ཏེ། འོན་ཀྱང་མི་གཙང་བའི་ཚད་མཉམ་པ་སྦྱང་བར་བྱ་བའི་ཕྱིར་དེ་བཞིན་གཤེགས་པའི་སྐུ་གཟུགས་རབ་ཏུ་བསྒོམ་པར་བྱའོ་ཞེས་གསུངས་སོ། །དེ་ལ་མི་གཙང་བའི་ཚད་ཐ་མལ་གྱི་རྣམ་རྟོག་ལ་གཉིས། རྒྱུ་ལས་དང་ཉོན་མོངས་པ་དང༌། འབྲས་བུ་བདག་དང་བདག་གིར་འཛིན་པའོ། །དང་པོ་སྦྱོང་བ་ནི་ཚོགས་གཉིས་བསགས་པ་ཡིན་ལ། གཉིས་པ་བདག་དང་བདག་གིར་འཛིན་པ་ནི་སྣོད་བཅུད་གཉིས་ཏེ། དེའང་སྣོད་སྦྱོང་བ་ནི་འབྱུང་བ་བཞི་ལས་གྲུབ་པའི་གཞལ་ཡས་ཁང་དང༌། ཡང་དཔའ་བོ་གཅིག་པའི་དབང་དུ་བྱས་ན་གདན་ནོ། །བཅུད་སྦྱོང་བ་ལ་གཉིས། སྐྱེད་ཆོག་གིས་སྐྱེ་གནས་བཞི་སྦྱོང་ཚུལ་དང༌། ལྷའི་རྣམ་པས་ཉོན་མོངས་པ་གསུམ་སྦྱོང་ཚུལ་ལོ། །དང་པོ་ནི་འཁོར་བར་སྐྱེ་བའི་གནས་སྐྱེ་གནས་བཞི་ཡིན་ལ། དེ་སྦྱོང་བ་སྐྱེད་ཆོག་བཞི་སྟེ། དེའང་དཀྱིལ་འཁོར་གྱི་འཁོར་ལོ་གཅིག་ལ་སྦྱར་ན་མངོན་བྱང་ལྔ་ལས་རྒྱུ་རྡོ་རྗེ་འཛིན་པ་བསྐྱེད་པ་ནི། ཉི་མ་ནི་དྲོད། ཟླ་བ་ནི་གཤེར་ཏེ། དྲོད་གཤེར་གཉིས་ལས་སྐྱེ་བའམ། ཉི་ཟླ་གཉིས་ཀྱིས་ཁུ་ཁྲག་མཚོན་པས་མངལ་སྐྱེས་ཀྱི་བློ་སྦྱོང་ངོ༌། །འཁོར་གྱི་ལྷ་མོ་མངལ་ནས་འབྱིན་པས་མངལ་སྐྱེས་སྦྱོང་ངོ༌། །འབྲས་བུ་རྡོ་རྗེ་འཛིན་པ་ཐིག་ལེའི་གོང་བུ་ལས་བཞེངས་པས་སྒོང་སྐྱེས་སྦྱོང་ངོ༌། །སྐྱེ་མཆེད་ཀྱི་ལྷ་སྐད་ཅིག་གམ། ས་བོན་ཙམ་ལས་བསྐྱེད་པས་བརྫུས་སྐྱེས་ཀྱི་བློ་སྦྱོང་ངོ༌། །དེ་ནས་དཀྱིལ་འཁོར་བསྡུ་བ་ནི་སྣོད་བཅུད་འཇིག་པ་སྦྱོང་ངོ༌། །ལྷ་སོ་སོའི་སྐྱེད་ཆོག་ནི་འོག་ཏུ་བསྐྱེད་པའི་རིམ་པའི་སྐབས་སུ་བསྟན་པར་བྱའོ། །དེ་ལྟར་ན་སྦྱང་གཞི་སྦྱོང་བའི་སྐྱེད་པའི་ཆོ་ག་ཞེས་བྱ་བ་ཡིན་ནོ། །སྤྱི་དོན་གཉིས་པ་ལྷའི་རྣམ་པས་ཉོན་མོངས་པ་གསུམ་སྦྱོང་ཚུལ་ནི། ཤིན་ཏུ་ཟབ་པའི་བསྐྱེད་པའི་རིམ་པ་ཁྲོ་ཆགས་ཀྱི་རྣམ་པ་སྟེ། ཁྲོ་བོའི་སྐུར་བཞུགས་པས་ཞེ་སྡང་འདུལ། བཙུན་མོའི་འཁོར་གྱི་དབུས་ན་བཞུགས་པས་ནི་འདོད་ཆགས་སྦྱོང༌། མཚན་དང་དཔེ་བྱད་ཀྱི་བརྒྱན་པའི་གཟུགས་ཀྱི་སྐུར་བསྒོམས་པས་ནི་གཏི་མུག་ཞི་བར་བྱེད་པ་ཡིན་ཏེ། རྡོ་རྗེ་གུར་ལས། འདོད་ཆགས་ཞེ་སྡང་གཏི་མུག་དང༌། །ང་རྒྱལ་སེར་སྣའི་སྐྱེ་བོ་རྣམས། །བསྡུ་ཕྱིར་རང་གི་འཁོར་ལོ་ལ། །རྡོ་རྗེའི་གཟུགས་ནི་དུ་མ་འཛིན། །ཞེས་པ་དང༌། ཞེ་སྡང་འདུལ་བའི་དབང་དུ་བྱས་ནས། ཤིན་ཏུ་འདུག་པ་དྲག་པོ་ལ། །ཞི་བ་ཉེ་བར་མི་སྦྱོར་ཏེ། །འདི་མཁྱེན་རྡོ་རྗེ་ཅན་ཆེན་གྱིས། །རང་ཉིད་ཀྱེ་ཡི་རྡོ་རྗེར་འགྱུར། །ཞེས་པ་དང༌། གཏི་མུག་འདུལ་བའི་དབང་དུ་བྱས་ནས། ཤིན་ཏུ་སྟོང་པར་ཞེན་རྣམས་ཀྱིས། །ཡོད་མིན་བརྟུལ་ཞུགས་འཛིན་རྣམས་ཀྱི། །དོན་དུ་སངས་རྒྱས་གཏི་མུག་སྤྱོད། །རྡོ་རྗེ་རྫོགས་པའི་སངས་རྒྱས་འགྱུར། །ཞེས་པ་དང༌། འདོད་ཆགས་འདུལ་བའི་དབང་དུ་བྱས་ཏེ། བྱང་ཆུབ་ཆགས་བྲལ་ལས་སྐྱེས་སྤངས། །སེམས་ཅན་གང་ཞིག་བདེ་བྱེད་པ། །ཆགས་པས་བྱང་ཆུབ་རབ་སྦྱིན་ཕྱིར། །པདྨ་གར་གྱི་དབང་ཕྱུག་གྱུར། །ཞེས་པ་དང༌། སཾ་པུ་ཊའི་བརྟག་པ་དང་པོ་དངོས་ལས་ཀྱང༌། ཨེ་མའོ་སངས་རྒྱས་ཐམས་ཅད་ཀྱི། །ཀུན་མཁྱེན་ཡེ་ཤེས་བླ་ན་མེད། །དེ་བཞིན་གཤེགས་པའི་བདེན་དོན་གང༌། །བཙུན་མོ་ཉེ་བར་སྤྱོད་མཛད་པའོ། །ཞེས་གསུངས་སོ། །དེ་ལྟར་ཁྲོ་ཆགས་ཀྱི་སྐུས་རྩ་བའི་ཉོན་མོངས་པ་གསུམ་ཞི་བར་བྱེད་པ་ཡིན་པས་ན། ཉོན་མོངས་པ་གཞན་རྣམས་ཤུགས་ལ་ཞི་བར་བྱེད་པ་ཡིན་ནོ། །ཁྲོ་ཆགས་ཀྱི་རྣམ་པའི་སྐུ་མེད་པ་རྣམས་ནི་བསྐྱེད་པའི་རིམ་པ་མི་ཟབ་པ་ཞེས་བྱའོ། །སྤྱི་དོན་གཉིས་པ་རྫོགས་པའི་རིམ་པས་ནི་གྱ་ནོམ་པ་ལྷར་ཞེན་པ་ཉིད་སྦྱོང་བར་བྱེད་དེ། བརྟག་པ་གཉིས་པའི་ལེའུ་གཉིས་པ་ལས། བསྐྱེད་པའི་རིམ་པའི་རྣལ་འབྱོར་གྱི། །བརྟུལ་ཞུགས་ཅན་གྱིས་སྤྲོས་པ་བསྒོམ། །སྤྲོས་པ་རྨི་ལམ་ལྟར་བྱས་ནས། །སྤྲོས་པ་ཉིད་ནི་སྤྲོས་མེད་བྱེད། །ཅེས་བྱ་བ་དང༌། དེ་ནས་ཟུང་དུ་ཆུད་པ་ན། །ཇི་ལྟར་སྒྱུ་མ་རྨི་ལམ་དང༌། །ཇི་ལྟར་བར་མའི་སྲིད་ཡིན་པ། །རྟག་ཏུ་གོམས་པའི་རྣལ་འབྱོར་གྱིས། །དཀྱིལ་འཁོར་ཉིད་ནི་དེ་བཞིན་འདོད། །ཅེས་གསུངས་སོ། །གཞན་ཡང་རྫོགས་པའི་རིམ་པས་སྦྱང་གཞི་ཐ་མལ་པ་མཐའ་དག་ཀྱང་སྦྱོང་སྟེ། སཾ་པུ་ཊའི་བརྟག་པ་བཅུ་པ་ལས། རྣམ་རྟོག་གཏི་མུག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བར་བྱེད། །མི་རྟོག་ཏིང་འཛིན་ལ་གནས་ན། །མཁའ་བཞིན་དྲི་མ་མེད་པར་འགྱུར། །ཞེས་སོ། ཡང་བརྟག་པ་གཉིས་པ་ལས། དངོས་དང་དངོས་པོ་མེད་པ་ང༌། །དངོས་པོ་རྟོགས་ཕྱིར་སངས་རྒྱས་ང༌། །ཞེས་བྱ་བ་ལ་སོགས་པའི་གཞུང་གིས་རང་བྱིན་བརླབ་དང༌། དཀྱིལ་འཁོར་འཁོར་ལོའི་ཡེ་ཤེས་སྐྱེ་བའི་རྟེན་འབྱུང་བ་བཞི་ལས་གྲུབ་པའི་རྩ་ལ་སོགས་པ་རྣམས་ཀྱིས་ནི་མ་དག་པའི་སྣོད་དང་བཅུད་ཀྱིས་བསྡུས་པའི་རྟེན་རྣམས་སྦྱོང་ལ། དེ་ལ་བརྟེན་ནས་སྐྱེས་པའི་ཡེ་ཤེས་ཀྱིས་ནི་དེ་ལ་བརྟེན་པའི་ཡིད་སྦྱོང་སྟེ། ལུང་ནི་ལྟ་བའི་སྐབས་སུ་མང་དུ་བརྗོད་ཟིན་ཏོ། །ཡང་རྫོགས་པའི་རིམ་པའི་ཡེ་ཤེས་ཀྱི་སྦྱང་གཞི་རྟེན་དང་བརྟེན་པ་འཇིག་པའི་ཚུལ་སྦྱོང་སྟེ། འཆི་བའི་དུས་སུ་ས་ཆུ་ལ་ཐིམ་པ་དང༌། ཆུ་མེ་ལ་ཐིམ་པ་དང༌། མེ་རླུང་ལ་ཐིམ་པ་དང༌། རླུང་ནམ་མཁའ་ལ་ཐིམ་པ་དང༌། ནམ་མཁའ་རྣམ་པར་ཤེས་པ་ལ་ཐིམ་པ་ལ་སོགས་པའི་རྟགས་རྣམས་རྣལ་འབྱོར་པས་བསྒོམ་པའི་རྟགས་ད་ལྟར་འབྱུང་སྟེ། གུར་ལེའུ་བཞི་པ་ལས། དང་པོ་སྤྲིན་གྱི་རྣམ་པ་སྟེ། །གཉིས་པ་དུ་བ་འདྲ་བ་ཉིད། །གསུམ་པ་མེ་ཁྱེར་རྣམ་པ་སྟེ། །བཞི་པ་མར་མེ་ཉེར་འབར་བ། །ལྔ་པ་རྟག་ཏུ་སྣང་བ་སྟེ། །སྤྲིན་མེད་ནམ་མཁའ་འདྲ་བ་ཉིད། །ཅེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟར་སྦྱང་གཞི་རིམ་པ་གཉིས་ཀྱིས་སྦྱོང་ཚུལ་ནི། བསྐྱེད་པས་ཀུན་རྟོག་སྦྱོང་ལ། དེ་ཉིད་རྫོགས་པས་སྦྱོང་བ་དང༌། སྐྱེ་བ་བསྐྱེད་པས་སྦྱོང་ལ། འཆི་བ་རྫོགས་པས་སྦྱོང་བ་དང༌། བསྐྱེད་རྫོགས་རེ་རེས་ཀྱང་སྐྱེ་བ་དང་འཆི་བ་དང༌། སྣང་བ་དང་སྟོང་པའམ། རྟོག་པ་མཐའ་དག་སྦྱོང་བ་ཡིན་ནོ། །དང་པོ་ནི་རྡོ་རྗེ་གུར་ལས། ཕལ་པའི་རྣམ་རྟོག་སྦྱོང་བའི་ཕྱིར། །ཞེས་བྱ་བའི་ལུང་གིས་གྲུབ་བོ། །གཉིས་པའང་རྡོ་རྗེ་གུར་ལས། དང་པོ་སྤྲིན་གྱི་རྣམ་པ་ཉིད། །ཅེས་བྱ་བ་ལ་སོགས་པ་དང༌། སྤྱོད་པ་བསྡུས་པ་ལས། འཕགས་པ་ལྷས། གང་ཞིག་སྐྱེ་བ་ཀུན་རྫོབ་བདེན་པ་སྟེ། །འཆི་བའི་མིང་ཡང་དོན་དམ་བདེན་པ་ཡིན། །རིམ་གཉིས་དེ་དག་བླ་མའི་དྲིན་གྱིས་ནི། །རྙེད་པ་འདི་ནི་མ་འོངས་སངས་རྒྱས་ཡིན། །བདེན་གཉིས་དེ་ལ་ཟུང་དུ་འཇུག་པ་ནི། །མི་འཆད་བཞིན་དུ་དེ་དག་ཁྱད་པར་མེད། །མིང་གཉིས་མཐའ་མ་གཅིག་ཏུ་གོ་ན་ནི། །ཤེས་པ་དེ་འདིར་བཅིངས་ལས་གྲོལ་བ་ཡིན། །ཞེས་གསུངས་པས་ན། རིམ་པ་གཉིས་པོ་དེ་བདེན་པ་གཉིས་ཀྱང་ཡིན་ནོ། །ཚིགས་སུ་བཅད་པ་དེ་དག་ནི་རིམ་པ་ལྔ་པ་ལས་ཀྱང་འབྱུང་བ་ཡིན་ནོ། །གསུམ་པ་རེ་རེས་ཀྱང་སྐྱེ་འཆི་ལ་སོགས་པ་སྦྱོང་བ་ནི། སྦྱང་གཞི་དང་སྦྱོང་བྱེད་ཐམས་ཅད་ངོ་སྤྲད་ལ་ལམ་ཐམས་ཅད་གཅིག་ཏུ་བསྡེབས་ནས་སྟོན་པ་འདི་ནི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་བིརྺ་པའི་བཞེད་པ་ཡིན་ནོ། །གཉིས་པ་ཐོབ་བྱ་སྐུ་གཉིས་ཡིན་པའི་ཕྱིར་རིམ་པ་གཉིས་བསྒོམ་པའི་འཐད་པ་ནི། དེ་ལ་བསྐྱེད་པའི་རིམ་པས་གཟུགས་ཀྱི་སྐུ་ཐོབ་པར་བྱེད་ལ། རྫོགས་པའི་རིམ་པས་ཆོས་ཀྱི་སྐུ་ཐོབ་པར་བྱེད་དོ། །དང་པོའང་གུར་གྱི་ལེའུ་དང་པོ་ལས་གསུངས་པ། དེ་ཕྱིར་དཀྱིལ་འཁོར་འཁོར་ལོ་ཞེས། །ཐབས་ནི་བདེ་བའི་སྡོམ་པ་སྟེ། །སངས་རྒྱས་ང་རྒྱལ་རྣལ་འབྱོར་གྱིས། །སངས་རྒྱས་ཉིད་ནི་མྱུར་བར་འགྲུབ། །སྟོན་པ་སུམ་ཅུ་རྩ་གཉིས་མཚན། །གཙོ་བོ་དཔེ་བྱད་བརྒྱད་ཅུར་ལྡན། །དེ་ནི་ཐབས་ཀྱི་གཟུགས་ཅན་ནོ། །ཞེས་གསུངས་པས་འབྲས་བུ་དང་མཐུན་པས་སྦྱང་བར་བྱ་བའི་ཕྱིར་སངས་རྒྱས་ཀྱི་སྐུ་གཟུགས་བསྒོམ་པར་བྱ་བའི་དབང་དུ་བྱས་ནས་གོང་དུ་བསྟན་པ་དེ་དག་དེ་བཞིན་གཤེགས་པ་མངོན་པར་སངས་རྒྱས་པ་དང་མཐུན་ཏེ། ཚོགས་གཉིས་བསགས་པས་ནི་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་པ་དང་འདྲ། སྲུང་བའི་འཁོར་ལོས་སྲོད་ལ་བདུད་བཏུལ་བ། གཞལ་ཡས་ཁང་གིས་མ་དག་པའི་སྣོད་སྦྱངས་ཏེ་འོག་མིན་དུ་བྱིན་གྱི་བརླབས། མངོན་པར་བྱང་ཆུབ་པ་ལྔའི་རིམ་པས་ལྷའི་རྣམ་པར་གྲུབ་པ་ནི་འོག་མིན་ནམ་རྡོ་རྗེ་གདན་གྱི་སྟེང་དུ་ཐོ་རངས་སངས་རྒྱས་པ་དང་འདྲ། ཁམས་གསུམ་ཆོས་ཀྱི་རྒྱལ་པོར་དབང་བསྐུར་འོད་ཟེར་འཕྲོ་འདུས་སེམས་ཅན་གྱི་དོན་བྱེད་པ་དང༌། བཟླས་པ་ལ་སོགས་པ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་མཐུན་ནོ། །བསྐྱེད་པའི་རིམ་པ་བསྡུས་ཏེ་སྟོང་པ་ཉིད་དུ་བསྒོམས་པས་ཡོངས་སུ་མྱ་ངན་ལས་འདས་པ་དང་མཐུན་ཏེ། དེ་ལྟར་མཛད་པ་བཅུ་གཉིས་དང་མཐུན་པས་སངས་རྒྱས་ཀྱི་ཕྲིན་ལས་མཛད་ནས། སླར་ཡང་མཛད་པ་རྒྱུན་མི་འཆད་པ་དང་འདྲ་བར་སྟོང་པ་ཉིད་ཀྱི་ངང་ལས་ལྷའི་སྐུར་ལངས་ནས་སྤྱོད་ལམ་གྱི་རྣལ་འབྱོར་གྱི་ཚུལ་གྱིས་སེམས་ཅན་གྱི་དོན་བྱེད་པ་ཡིན་ནོ། །དེས་ན་བསྐྱེད་པའི་རྣམ་པས་སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་གྲུབ་པར་བྱེད་པ་དང་མཐུན་པས་འབྲས་བུ་ལམ་དུ་བྱེད་པ་ཞེས་ཀྱང་བྱའོ། །ཡང་རྡོ་རྗེ་གུར་ལེའུ་བཅུ་བཞི་པ་ལས་ཀྱང༌། བཅོམ་ལྡན་འདས་ལུས་ཅན་བསྒོམ་པའི་ཐབས་ཀྱི་དགོས་པ་ཅི་ལགས། གསང་བའི་བདག་པོ་དགོས་པ་ཡོད་དོ། །དེ་ཅི་ལགས། སངས་རྒྱས་ཉིད་དོ། །སངས་རྒྱས་ཉིད་དེ་ཅི་ལགས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །དེ་ཅི་ལགས། ལུས་ཅན་ཏེ་འདི་ནི་བདེན་པའོ། །ཅི་བཅོམ་ལྡན་འདས་བེམས་པོ་ལགས་སམ། བཀའ་སྩལ་པ། ང་ཉིད་མེ་ལོང་ལྟ་བུའི་ཡེ་ཤེས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདིས་ནི་སངས་རྒྱས་ཀྱི་སྐུ་གཟུགས་ཀྱི་སྐུ་ཡེ་ཤེས་ཀྱི་རང་བཞིན་གྱི་སྐུ་ཞེས་བྱ་བར་བསྒྲུབ་པ་ཡིན་ནོ། །གཞན་ཡང་འདིས་ལོག་པར་རྟོག་པ་རྣམ་པ་བཞི་བསལ་བ་ཡིན་ཏེ། སངས་རྒྱས་ལ་གཟུགས་ཀྱི་སྐུ་མི་འདོད་པའི་ལོག་པར་རྟོག་པ་བསལ་བ་དང༌། སངས་རྒྱས་ལ་ཡེ་ཤེས་མེད་པའི་ལོག་རྟོག་བསལ་བ་དང༌། གཟུགས་ཀྱི་སྐུ་ནི་རྣམ་པའམ་ཕྱི་རོལ་ཐུགས་ཡེ་ཤེས་ཀྱི་རང་བཞིན་དུ་འདོད་པའི་ལོག་པར་རྟོག་པ་བསལ་བ་དང༌། བསྐྱེད་པའི་རིམ་པས་ཐུན་མོང་འགྲུབ་པ་ཙམ་ལས་མཆོག་སྒྲུབ་པ་ལ་བསྐྱེད་རིམ་གྱིས་མ་ཡིན་ནོ་ཞེས་བྱ་བའི་ལོག་པར་རྟོག་པ་བསལ་བ་ཡིན་ནོ། །ཞིབ་ཏུ་བླ་མས་བསྟན་པར་བྱའོ། །གཉིས་པ་རྫོགས་པའི་རིམ་པ་བསྒོམ་པ་ནི་ཆོས་ཀྱི་སྐུ་འཐོབ་པར་བྱེད་དེ། སཾ་པུ་ཊའི་བརྟག་པ་དྲུག་པ་ལས། རང་བྱུང་ངོ་བོ་ཉིད་འདི་ནི། །ཆོས་ཀྱི་སྐུར་ནི་རབ་ཏུ་གྲགས། །ཞེས་གསུངས་སོ། །ཡང་གུར་གྱི་ལེའུ་དྲུག་པ་ལས། ཆོས་ཀྱི་དབྱིངས་ནི་འོད་གསལ་བ། །གང་ཞིག་བསྒོམ་པ་དེ་བས་ན། །སེམས་ཅན་སངས་རྒྱས་མཉམ་པར་འགྱུར། །ཞེས་གསུངས་པ་ལྟ་བུ་སྟེ། རྫོགས་རིམ་གྱི་ཉམས་ཟུང་འཇུག་ངོ་བོ་ཉིད་དང་མཐུན་པ་རྣམས་ཆོས་སྐུ་དང་མཐུན་པར་མོས་ཤིང་བསྲེས་ལ་ལམ་དུ་བྱའོ། །དེ་ལྟ་བུའི་རིམ་པ་གཉིས་བསྒོམས་པས་འབྲས་བུ་སངས་རྒྱས་ཀྱི་སྐུ་གཉིས་འགྲུབ་པ་དེའང་ལན་ཅིག་དེ་ལྟ་བུའི་རྣམ་པར་འགྲུབ་པ་ལ་ད་ལྟ་ནས་དེ་ལྟ་བུ་བསྒོམས་པས་འབྲས་བུ་ལམ་དུ་བྱེད་པ་ཞེས་བྱ་ལ། དེའང་འབྲས་བུའི་རྣམ་པ་ཙམ་ཡིན་པས་རྣམ་པ་ལམ་དུ་བྱེད་པ་ཞེས་བྱ་སྟེ། འདི་རྒྱས་པར་ལམ་གྱི་སྐབས་ཉིད་དུ་བཤད་པར་བྱའོ། །གསུམ་པ་རང་གི་ངོ་བོ་རྟེན་དང་བརྟེན་པ་ཡིན་པའི་ཕྱིར་བསྒོམ་པར་འཐད་པ་ལ། བརྒལ་བའི་དོན་ནི་རྫོགས་པའི་རིམ་པས་བསྐྱེད་རིམ་ཉིད་ཀྱང་སྦྱོང་བའི་ཕྱིར་དང༌། འབྲས་བུ་ཆོས་ཀྱི་སྐུ་འགྲུབ་པ་ཡིན་ན་དེ་ཉིད་ཀྱིས་ཆོག་པས་བསྐྱེད་རིམ་དོན་མེད་སྙམ་དུ་རྒོལ་པ་ནི། ཧེ་བཛྲའི་ཕྱི་མའི་གཉིས་པ་ལས། རྡོ་རྗེ་སྙིང་པོས་གསོལ་པ། རྫོགས་པའི་རིམ་པའི་རྣལ་འབྱོར་འདི། །དེ་ཡི་བདེ་བ་བདེ་ཆེན་བརྗོད། །རྫོགས་པ་བསྒོམ་པ་མེད་པ་སྟེ། །བསྐྱེད་པ་ཡིས་ནི་ཅི་ཞིག་འཚལ། །ཞེས་གསུངས་སོ། །དེའི་ལན་ནི་རྫོགས་པའི་རིམ་པ་དེ་ལྟར་བཟང་ཡང༌། དེ་ལ་རྟེན་བསྐྱེད་རིམ་མེད་ན་དེ་ཉིད་ཀྱང་མི་འབྱུང་ཞེས་དཔེ་དང་བཅས་ཏེ་ལན་འདེབས་པ་ནི། ཨེ་མ་བྱང་ཆུབ་སེམས་དཔའ་ཆེ། །དད་པའི་ཤུགས་ཀྱིས་རབ་ཏུ་ཉམས། །ལུས་ཀྱི་དངོས་མེད་གང་ལས་བདེ། །བདེ་བ་སྨྲ་བར་མི་ནུས་སོ། །ཁྱབ་དང་ཁྱབ་བྱེད་ཚུལ་གྱིས་ནི། །བདེ་བས་འགྲོ་བ་ཁྱབ་པ་ཉིད། །ཇི་ལྟར་མེ་ཏོག་ལ་གནས་དྲི། །མེ་ཏོག་དངོས་མེད་ཤེས་མི་འགྱུར། །དེ་བཞིན་གཟུགས་སོགས་དངོས་མེད་ན། །བདེ་བ་ཉིད་ཀྱང་དམིགས་མི་འགྱུར། ཞེས་གསུངས་ཏེ། རྒྱུའི་གནས་སྐབས་སུའང༌། ཞུ་བ་མེད་ན་བདེ་མེད་འགྱུར། །ནུས་པ་མེད་ཕྱིར་ལྟོས་དང་བཅས། །ཞལ་ཕྱག་རྣམ་པའི་གཟུགས་ཅན་ཉིད། །མཆོག་ཏུ་བདེ་བ་གཟུགས་མེད་པ། ཞེས་འབྱུང་ལ། འབྲས་བུའི་སྐབས་སུའང་རྡོ་རྗེ་སྙིང་པོ་རྣམ་པ་མེད་པའི་བྱང་ཆུབ་དེ་སྐད་མ་སྨྲ་ཞིག ང་ཉིད་དངོས་པོ་དངོས་མེད་ང༌། །དང་པོའི་དེ་བཞིན་གཤེགས་པར་བརྗོད། །གཟུགས་མེད་གཟུགས་དང་ལྡན་པའི་མཆོག །ཟབ་མོ་ཞི་བའི་གཟུགས་དང་ལྡན། །ཞེས་གུར་ལས་གསུངས་ཏེ། དེས་ན་རྟེན་དང་བརྟེན་པ་འབྲལ་བ་མེད་དོ་ཞེས་བྱ་བའི་དོན་ཏོ། །སྤྱི་དོན་གསུམ་པ་དེ་ལྟ་བུའི་རིམ་པ་གཉིས་པོ་བསྒོམས་པས་གྲོལ་བའི་འཐད་པ་སྟོན་ཏོ། །འདི་ལ་གསུམ་སྟེ། རིགས་སམ་རྒྱུ་ཡིན་པའི་ཕྱིར་གྲོལ་བར་འཐད་པ་དང༌། ཐབས་ཁྱད་པར་ཅན་གྱིས་ཟིན་པའི་ཕྱིར་གྲོལ་བར་འཐད་པ་དང༌། དག་པ་རྣམ་པ་གསུམ་གྱི་བདག་ཉིད་ཡིན་པའི་ཕྱིར་གྲོལ་བར་འཐད་པའོ། །དང་པོ་ནི་དེ་ལྟ་བུའི་རིམ་པ་གཉིས་པོ་དེ་བསྒོམས་པས་ཅི་ཞིག་བྱ་སྙམ་ན་རིགས་ཡིན་པའི་ཕྱིར་ཏེ། འབྲས་བུ་དེ་བཞིན་གཤེགས་པའི་དངོས་གྲུབ་ཀྱི་རྒྱུ་ཡིན་པའི་ཕྱིར་རོ། །རྒྱུ་ཡིན་ནོ་ཞེས་གོང་དུའང་བཤད་ཟིན་མོད། རྒྱུ་རང་ཇི་ལྟར་ཡིན་སྙམ་ན། ཐམས་ཅད་གསང་བ་ལས། རྒྱུ་ལ་འབྲས་བུས་རྒྱས་གདབ་ཅིང༌། །འབྲས་བུ་ལ་ཡང་རྒྱུས་རྒྱས་གདབ། །ཅེས་གསུངས་པས། སྤྱིར་རྒྱུ་ཐམས་ཅད་ཀྱང་དེ་བཞིན་གཤེགས་པའི་རིགས་ཡིན་ལ། འབྲས་བུ་དེ་བཞིན་གཤེགས་པའང་རྒྱུའི་རིགས་ཡིན་ཞིང༌། དེ་བཞིན་དུ་ལམ་ཡང་དེ་གཉིས་ཀྱི་རིགས་ཡིན་ལ། དེ་གཉིས་ཀྱང་ལམ་གྱི་རིགས་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང༌། ཧེ་བཛྲའི་ལེའུ་ལྔ་པ་ལས་གསུངས་ཏེ། རིགས་དང་འབྱུང་བ་ལྔ་རྣམས་དང༌། །ཕུང་པོ་ལྔ་ཡི་རང་བཞིན་གྱིས། །རིགས་དང་བགྲང་བྱ་འདི་ཡིས་ནི། །རིགས་ཞེས་མངོན་པར་བརྗོད་པར་བྱ། །ཞེས་སོ། །དེའང་སྤྱིར་རྒྱུ་ལ་འབྲས་བུའི་རིགས་སུ་བཞག་པ་ཡོད་དེ། བུད་ཤིང་ལ་མེའི་རིགས་ཟེར་བ་ལྟ་བུའོ། །འབྲས་བུའང་རྒྱུའི་རིགས་སུ་བཞག་པ་ཡོད་དེ། བུམ་པ་ལ་འཇིམ་པའི་རིགས་ཟེར་བ་ལྟ་བུའོ། །ཡང་བརྟེན་པ་ལ་རྟེན་གྱི་རིགས་སུ་བཞག་པ་ཡོད་དེ། རྒྱལ་པོ་ལ་བརྟེན་པ་ལ་རྒྱལ་པོའི་རིགས་ཅན་ཟེར་བ་ལྟ་བུའོ། །རྟེན་ལ་བརྟེན་པའི་རིགས་སུ་བཞག་པ་ཡོད་དེ། ངན་པར་བརྟེན་པ་ལ་ངན་པའི་རིགས་ཟེར་བ་ལྟ་བུའོ། །དེ་བཞིན་དུ་སྤྱི་དང་བྱེ་བྲག་ལའང་སོ་སོར་ཤེས་པར་བྱའོ། །དཔེ་དེ་བཞིན་དུ་ཡོད་པ་ལས། དོན་ནི་འབྱུང་བ་ལྔ་རྣམས་དང༌། །ཞེས་བྱ་བ་ལ་སོགས་པ་སྟེ། འདི་དག་སྦྱངས་པ་ལས་དེ་བཞིན་གཤེགས་པའི་དངོས་གྲུབ་འབྱུང་བས་རྒྱུ་ལ་འབྲས་བུའི་རིགས་སུ་བཞག་གོ །འདི་དག་སྦྱངས་པ་ལས་བྱུང་བའི་དེ་བཞིན་གཤེགས་པ་ལ་དེ་དག་གི་རིགས་སུ་བཞག་སྟེ། ཐུབ་པ་རྣམ་པར་སྣང་མཛད་རྨོངས། །ཞེས་བྱ་བ་ལྟ་བུའོ། །དེས་ན་དཔེ་བུད་ཤིང་དང་མེ་འདྲ་བའི་ཕྱིར། སཾ་པུ་ཊ་ལས། བུད་ཤིང་བསྲེགས་པའི་རིགས་པ་ན། །དགྱེས་པའི་རྒྱལ་བ་གར་མཁན་མཆོག །ཅེས་གསུངས་སོ། །དེས་ན་གང་གི་ཡོངས་སུ་འཛིན་པ་པོ་ནི་རིགས་ཀྱི་བདག་པོ་ཡིན་ལ། གང་ཡོངས་སུ་བཟུང་བ་དེ་ནི་དེའི་རིགས་ཡིན་ནོ། །དེ་ལྟར་རྡོ་རྗེ་རྩེ་མོ་ལས། མགོན་དེས་ཡོངས་སུ་བཟུང་བས་ན། །དེ་ཡི་རིགས་ཀྱི་དཀྱིལ་འཁོར་ཡིན། ཞེས་གསུངས་སོ། །དེ་བས་ན་ལམ་གཏན་ལ་འབེབས་པའི་སྐབས་འདིར་འབྲས་བུ་ནི་རིགས་ཀྱི་བདག་པོ་ཡིན་ལ། ལམ་དང་རྒྱུ་ནི་རིགས་ཡིན་པར་འཇོག་གོ །དེ་བས་ན་རིགས་དང་རིགས་ཀྱི་བདག་པོ་མི་འབྲལ་ཞིང་འབྲེལ་པ་ཅན་དུ་གྲུབ་པའི་ཕྱིར་རིམ་པ་གཉིས་པོ་འདིས་གྲོལ་བར་འགྱུར་ཏེ། ཞེན་པས་འཇུག་ཅིང་འབྲེལ་པས་མི་བསླུ་བ་ཡིན་ནོ། །དེའང་ཞེན་པ་ནི་འབྲས་བུ་ལ་ཞེན་ལ། འཇུག་ནི་ལམ་ལ་འཇུག་པའོ། །འབྲེལ་པ་ནི། རིམ་པ་དེ་བསྒོམས་ན་འབྲས་བུ་འགྲུབ་པར་ངེས་ཏེ་མི་བསླུ་བའོ། །དེའང་འབྲས་བུ་ལམ་དུ་བྱེད་པ་དང༌། རྣམ་པ་ལམ་དུ་བྱེད་པ་དང༌། མོས་པ་ལམ་དུ་བྱེད་པ་དང༌། བྱིན་རླབས་ལམ་དུ་བྱེད་པ་ཞེས་བྱ་བ་བཞི་རྡོ་རྗེ་ཐེག་པའི་ལམ་ཐམས་ཅད་གཏན་ལ་འབེབས་པ་ཡིན་ནོ། །དེའང་རྣམ་པ་ལམ་དུ་བྱེད་པའི་མཚོན་བྱེད་ཕྱོགས་གཅིག་ནས་མཚོན་ན་འབྲས་བུ་ཆོས་ཀྱི་སྐུ་རྣམ་པར་རྟོག་པས་མི་ཕྱེད་པས་རྡོ་རྗེ། ཆགས་པས་མ་གོས་པས་པདྨ། དེ་བཞིན་ཉིད་དུ་གཤེགས་པས་དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་ཡིན་ལ། དེ་མཚོན་པར་བྱ་བའི་ཕྱིར་གཟུགས་ཀྱི་སྐུ་ལའང་དེའི་བརྡས་རྣམ་པར་འཇོག་པས་རྡོ་རྗེ་ལ་སོགས་པའོ། །ཡང་དེ་ལས་བྱུང་བའི་དཀྱིལ་འཁོར་འཁོར་ལོ་ལ་སོགས་པའང་དེའི་རིགས་སོ། །དེ་ལྟ་བུའི་མཚོན་བྱེད་དེ་བསྒོམ་པའི་རྣལ་འབྱོར་པའི་ལམ་རིམ་པ་གཉིས་ཀྱང་དེའི་རིགས་སོ། །ལམ་དེས་སྦྱང་བར་བྱས་པས་འབྲས་བུ་དེ་འགྲུབ་པའི་རྒྱུ་འབྱུང་བ་བཞི་ལ་སོགས་པ་དེའི་རིགས་ཞེས་བྱ་ལ། ལམ་བསྐྱེད་རིམ་ལའང་དེ་ལ་སོགས་པ་མཐའ་ཡས་པ་དང༌། རྫོགས་རིམ་ལས་ཀྱི་ཕྱག་རྒྱ་ལའང་དེའི་རིགས་ཡིན་ཞེས་བྱ་བ་ལ་སོགས་པ་མཐའ་ཡས་པ་རྣམས་ཀྱང་རིགས་པའི་ཚུལ་འདིས་རྒྱས་པར་བླ་མས་སྟོན་པར་འགྱུར་བས་ན་ཤེས་པར་བྱའོ། །དེས་ན་རིགས་དང་རིགས་ཀྱི་བདག་པོ་དང་ཕྱག་རྒྱས་གདབ་པར་བྱ་བ་དང༌། འདེབས་པའི་དབྱེ་བ་ནམ་ཡང་དབྱེར་མི་ཕྱེད་པའི་ཕྱིར་གྲོལ་བའི་རྒྱུ་ཡིན་ཞེས་བྱ་བའི་དོན་ཏོ། །གཉིས་པ་ཐབས་ཁྱད་པར་ཅན་གྱིས་ཟིན་པའི་ཕྱིར་གྲོལ་བར་འཐད་པ་ནི། རྩ་རྒྱུད་ཕྱི་མའི་གཉིས་པ་ལས། དུག་གི་དུམ་བུ་གང་ཉིད་ཀྱིས། །སྐྱེ་བོ་ཐམས་ཅད་འཆི་བར་འགྱུར། །དུག་གི་དེ་ཉིད་ཤེས་པ་དེས། །དུག་གིས་དུག་ནི་འབིགས་པར་བྱེད། །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལ་བཞི། དུག་གིས་དུག་ལ་བསྣུན་པའི་རིགས་འདྲ་གཉེན་པོར་ཆེ་བ་དང༌། རླུང་གིས་རླུང་ལ་བསྣུན་པས་བཟློག་པ་གཉེན་པོར་ཆེ་བ་དང༌། ཆུས་ཆུ་དགུག་པ་སྦམས་པ་གཉེན་པོར་ཆེ་བ་དང༌། ཚིག་པ་མེས་གདུང་བ་བསྣན་པ་གཉེན་པོར་ཆེ་བའོ། །དེས་ན་དྲི་མས་དྲི་མ་འཁྲུ་བ་གཉེན་པོར་ཆེ་བའམ། རྟོག་པས་རྟོག་པ་བཟློག་པ་སྟེ། དེ་ཉིད་ལས། སྐྱེ་བོ་མི་བཟད་པ་ཡི་ལས། །གང་དང་གང་གིས་འཆིང་འགྱུར་བ། །ཐབས་དང་བཅས་ན་དེ་ཉིད་ཀྱིས། །སྲིད་པའི་འཆིང་བ་ལས་གྲོལ་འགྱུར། །ཞེས་གསུངས་ཏེ། གོང་དུ་བསྟན་པའི་དཔེ་བཞིས་སྤང་བྱ་ཉིད་ལ་ཐབས་ཀྱིས་ཟིན་ན་དེ་ཉིད་ཀྱིས་གྲོལ་ཏེ། སྲིད་པའི་འཆིང་བ་ལས་གྲོལ་ན་སངས་རྒྱས་ཀྱི་འབྲས་བུར་འགྱུར་ཞེས་བྱ་སྟེ། ཞིབ་ཏུ་རྟོགས་པར་བྱའོ། །གསུམ་པ་དག་པ་གསུམ་གྱི་བདག་ཉིད་ཡིན་པའི་ཕྱིར་གྲོལ་བར་འཐད་པ་ནི། དེ་ལ་རིམ་པ་གཉིས་བསྒོམས་པས་ཇི་ལྟར་གྲོལ་སྙམ་པ་ལ། ཧེ་བཛྲའི་ལེའུ་དགུ་པ་ལས། ཕུང་པོ་ལྔ་དང་དབང་པོ་དྲུག །སྐྱེ་མཆེད་དྲུག་དང་འབྱུང་ཆེན་ལྔ། །རང་བཞིན་གྱིས་ནི་རྣམ་པར་དག །ཅེས་ཏེ། དེ་ལྟར་རང་བཞིན་གྱིས་དག་པའི་ཕྱིར་གྲོལ་ལོ། །འོ་ན་བསྒོམས་ནས་ཅི་བྱ་སྙམ་ན། ཉོན་མོངས་ཤེས་བྱའི་སྒྲིབ་སྦྱང་བྱ་སྟེ། དྲི་མ་གློ་བུར་བ་རྣམས་སྦྱང་ཞེས་བྱ་བའི་དོན་ཏོ། །དེ་ལ་རང་བཞིན་གྱིས་ཇི་ལྟར་དག དེ་སྦྱང་བའི་གཉེན་པོས་ནི་ཇི་ལྟར་དག དེའི་འབྲས་བུ་ནི་ཇི་ལྟར་འགྱུར་སྙམ་ན། དེ་རེ་རེ་ལའང་དག་པ་གསུམ་གསུམ་དང་ལྡན་ནོ། །དེ་ལ། ངེས་པར་དངོས་པོ་ཐམས་ཅད་ཀྱི། །དག་པ་དེ་བཞིན་ཉིད་དུ་བརྗོད། །ཅེས་ཏེ། དེ་བཞིན་ཉིད་ཀྱི་དག་པ་ཞེས་བྱ་བ་ཆོས་ཐམས་ཅད་རང་བཞིན་གྱིས་མ་སྐྱེས་པའི་དེ་བཞིན་ཉིད་དོ། །དག་པ་གཉིས་པ་ནི། ཕྱི་ནས་རེ་རེའི་དབྱེ་བ་ཡིས། །ལྷ་རྣམས་ཀྱིས་ནི་བརྗོད་པར་བྱ། །ཞེས་ཏེ། སེམས་ཅན་ཐམས་ཅད་ཀྱི་ལུས་རང་བཞིན་གྱིས་དག་པ་ཞལ་ཕྱག་གི་རྣམ་པར་གྲུབ་པ་སྟེ། ཕྱི་མའི་གཉིས་པ་ལས། ཞལ་ཕྱག་རྣམ་པའི་གཟུགས་ཅན་ཉིད། །ཅེས་སོ། །འོ་ན་དེ་ལྟར་དེ་བཞིན་ཉིད་དུ་རང་བཞིན་གྱིས་དག་ན་ཞལ་ཕྱག་གི་རྣམ་པ་ཉིད་གང་ལས་འབྱུང་སྙམ་ན། རང་རིག་བདག་ཉིད་དག་པ་ཉིད། །དག་པ་གཞན་གྱིས་རྣམ་གྲོལ་མིན་ཏེ། རང་གི་སེམས་ཀྱི་ཆོ་འཕྲུལ་ཡིན་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རང་བཞིན་གྱིས་དག་པས་ན་གློ་བུར་དུ་གཟུང་འཛིན་དུ་སྣང་བའི་དྲི་མ་སྦྱོང་བ་ལ་ཐབས་ཀྱི་རྒྱུད་ཀྱི་དག་པ་གསུམ་དགོས་པས་དེས་ན་ལམ་བསྒོམ་པར་རིགས་སོ། །དེ་ལ་ཐབས་ཀྱི་རྒྱུད་ཀྱི་དེ་བཞིན་ཉིད་ཀྱི་དག་པ་ནི་རྟོགས་པའི་ལྟ་བ་སྟེ། དེ་བཞིན་ཉིད་ལ་མོས་པ་བྱེད་པའི་ཕྱིར་རོ། །ཐབས་རྒྱུད་ཀྱི་ལྷ་སོ་སོའི་དག་པ་ནི་ཕྱི་ནས་རེ་རེ་སྟེ་རྣམ་པ་གཟུགས་ཅན་སྦྱོང་བར་བྱེད་པ་བསྐྱེད་པའི་རིམ་པའོ། །ཐབས་རྒྱུད་ཀྱི་རང་རིག་པའི་དག་པ་ནི་ཆོས་ཐམས་ཅད་སེམས་ཡིན་པ་དེ་རྟོགས་པར་བྱེད་པའི་ཐབས་རྫོགས་པའི་རིམ་པའོ། །དེ་ཐམས་ཅད་ཀྱང་མཉམ་རྗེས་གཉིས་གཉིས་སུ་ཤེས་པར་བྱའོ། །དེ་ལྟ་བུའི་ལམ་རིམ་པ་གཉིས་དག་པ་གསུམ་ལྡན་བསྒོམས་པའི་འབྲས་བུ་ནི། དེ་བཞིན་ཉིད་ཀྱི་དག་པ་མཐར་ཕྱིན་པ་ཆོས་ཀྱི་སྐུ་ཡིན་ལ། རང་རིག་པའི་དག་པ་མཐར་ཕྱིན་པས་ངོ་བོ་ཉིད་ཀྱི་སྐུ་ཡིན་ལ། ལྷ་སོ་སོའི་དག་པ་མཐར་ཕྱིན་པ་ནི་གཟུགས་ཀྱི་སྐུ་ཡིན་ནོ། །དེ་བས་ན་རྒྱུ་ལམ་འབྲས་བུ་ཐམས་ཅད་དག་པ་གསུམ་ཡིན་པའི་ཕྱིར་ན་རིམ་པ་གཉིས་ཀྱི་གྲོལ་བར་རིགས་ཞེས་བྱ་བའི་དོན་ཏོ། །སྤྱི་དོན་བཞི་པ་རིམ་པ་གཉིས་ཀྱི་བསྒོམ་ཚུལ་ལམ་གོ་རིམ་བསྟན་པ་ནི། སློབ་དཔོན་ཀླུ་སྒྲུབ་ཡབ་སྲས་ནི་བསྐྱེད་རིམ་བསྟན་ནས། རྫོགས་རིམ་བསྒོམ་པར་བཞེད་དེ། རིམ་པ་ལྔ་པ་ལས། བསྐྱེད་པའི་རིམ་པར་ལེགས་གནས་ནས། །རྫོགས་པའི་རིམ་པ་འདོད་རྣམས་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་གདང་བུ་ལྟ་བུར་གསུངས། །ཞེས་བཤད་དོ། །བྱང་ཆུབ་སེམས་དཔའ་རྣམས་ནི་བརྟན་རུང་མི་བརྟན་རུང་ལོ་བཅུ་གཉིས་བསྐྱེད་རིམ་བསྒོམས་ནས། དེ་ནས་གདོད་རྫོགས་པའི་རིམ་པ་སྒོམ་པར་བྱེད་དོ། །སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ནི་བསྐྱེད་པའི་རིམ་པ་ལ་རྫོགས་པའི་རིམ་པས་རྒྱས་གདབ་ནས་བསྒོམ་མོ་ཞེས་གསུངས་ཏེ་ཁོ་བོས་ལེགས་པར་མ་རྟོགས་སོ། །སློབ་དཔོན་ཌོམྦི་པས་ནི་བདུད་རྩི་འོད་ཀྱི་གཞུང་ལས། བློ་བཟང་དང་པོར་བསྐྱེད་པའི་རིམ་པ་སྒོམ་པར་བྱེད་དང་ཕན་པའི་ཕྱག་རྒྱ་དང༌། །སྔགས་ནི་རྣམ་དག་གུག་སྐྱེད་གོ་ཆ་ངེས་པར་སེམས་པ་དྲན་པ་བྲལ་མི་བྱ། །ཕྱིས་ནི་རང་ཤིང་བློ་བཟང་དེ་ཉིད་གཅིག་གི་སེམས་དང་སྐད་ཅིག་རྒྱུན་དུ་ལྡན། །རྫོགས་པའི་རིམ་པ་སྲིད་པ་ལས་བྱུང་ལྷན་ཅིག་སྐྱེས་པར་རྟག་ཏུ་རྣམ་པར་བསམ། །ཞེས་གསུངས་པས་ན་བསྐྱེད་རིམ་བརྟན་ནས་རྫོགས་རིམ་བསྒོམ་པར་གསལ་ལོ། །ཇོ་བོ་ག་ཡ་དྷ་རའི་བཞེད་པས་ལེའུ་བརྒྱད་པ་ལས། རིམ་གཉིས་མཉམ་པར་གནས་ནས་ནི། །ཞེས་གསུངས་པས་ན་སྟན་ཐོག་གཅིག་ཏུ་རིམ་པ་གཉིས་བསྒོམ་སྟེ། ཐུན་སྟོད་ལ་བསྐྱེད་པའི་རིམ་པ་བསྒོམས་ནས། ཐུན་སྨད་ལ་རྫོགས་པའི་རིམ་པ་བསྒོམ་པར་བཞེད་དོ། །དེ་ལྟ་བུའི་དོན་དེ་དག་ཀྱང་རྩ་རྒྱུད་དང་པོའི་ལེའུ་དང་པོ་དང༌། བརྒྱད་པ་དང༌། དགུ་པ་དང༌། ཕྱི་མའི་གཉིས་པ་དང༌། དགུ་པ་དང༌། གུར་ལེའུ་བཞི་པ་དང༌། བརྒྱད་པ་དང༌། བཅུ་བཞི་པ་དང༌། ལུང་གཞན་གྱིས་གྲོགས་བྱས་པ་རྣམས་ཀྱི་ཡིན་ནོ། །རིམ་པ་གཉིས་ཀྱི་སྤྱིའི་མངོན་པར་རྟོགས་པ་བསྟན་ཟིན་ཏོ།།  །།ད་ནི་སོ་སོའི་མངོན་པར་རྟོགས་པ་ལས་ཐོག་མར་རྫོགས་པའི་རིམ་པའི་རྟེན་བསྐྱེད་པའི་རིམ་པ་བརྗོད་ན་ལྔ། བསྐྱེད་པའི་རིམ་པ་བསྒོམ་པའི་གང་ཟག་དང༌། གནས་དང༌། དུས་དང༌། བསམ་པ་དང༌། ལྷའི་རྣལ་འབྱོར་རོ། །དང་པོ་ནི་དབང་ཐོབ་ཅིང་དམ་ཚིག་དང་ལྡན་པའོ། །གནས་ནི་གསུམ་ལས། ལས་དང་པོ་པའི་གནས་དང༌། ཅུང་ཟད་བརྟན་པ་དང༌། བརྟན་པ་ཆེར་ཐོབ་པའི་གནས་སོ། །དང་པོ་ནི་རྩ་རྒྱུད་ཕྱི་མའི་གཉིས་པ་ལས། དང་པོ་གོམས་པར་བྱེད་དུས་ཀྱི། །གནས་ནི་གང་དུ་བསྔགས་པའི་སེམས། །གཅིག་ཏུ་མཉམ་གཞག་འགྲུབ་འགྱུར་བའི། །གནས་ནི་བཟང་པོ་ངེས་པར་བརྟག །རང་གི་ཁྱིམ་དུ་ཞེས་བྱ་བ་དང༌། རྡོ་རྗེ་གུར་ལས་ཀྱང༌། ཆུ་དང་འབྲས་བུས་བརྒྱན་པ་ཡི། །ནགས་ཚལ་ཆེན་པོའི་གནས་སུ་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སེམས་ཅུང་ཟད་བརྟན་པའི་གནས་ནི་དུར་ཁྲོད་ཡིན་ནོ། །བརྟན་པ་ཆེར་ཐོབ་པའི་གནས་ནི་རིགས་དང་རྗེས་སུ་མཐུན་པའི་གནས་ཏེ། རྡོ་རྗེ་གུར་ལེའུ་གཉིས་པ་ལས། སྙིང་རྗེ་ཆེན་པོ་ཀྱེ་རྡོ་རྗེ། །ང་ནི་དུར་ཁྲོད་ཆུ་འགྲམ་དང༌། །ནགས་ཚལ་ཆེན་པོའི་འགྲམ་དུ་ནི། །བསྙེན་བཀུར་ཅན་ལ་དངོས་གྲུབ་སྟེར། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གནས་དེ་དག་ཀྱང་ལས་དང་པོ་པའི་གནས་ནི་དབེན་པ་དང༌། ཡིད་དང་མཐུན་པ་དང༌། རང་གི་ཁྱིམ་དང༌། བཀྲ་ཤིས་པ་དང་བཞི་ཡིན་ལ། ཅུང་ཟད་བརྟན་པའི་གནས་ནི་བརྩོན་འགྲུས་རྩོམ་པའི་གནས་ཡིན་ལ། བརྟན་པ་ཆེར་ཐོབ་པའི་གནས་ནི་ངེས་པ་མེད་པ་ཡིན་ནོ། །གསུམ་པ་དུས་ལ་ཡང་གསུམ་སྟེ། ལས་དང་པོ་པའི་བསྒོམ་པའི་དུས་ནི་རྣམ་རྟོག་གི་འདུ་འཕྲོ་ཉུང་བའི་རྟེན་འབྲེལ་ཡིན་པས། རྩ་རྒྱུད་ཕྱི་མའི་གཉིས་པ་ལས། མཚན་དུས་སུ་ཞེས་གསུངས་སོ། །ཅུང་ཟད་བརྟན་པའི་དུས་ནི་ཐུན་བཞིའི་དུས་སུ། བརྟན་པ་ཆེར་ཐོབ་པ་ནི་དུས་ཐམས་ཅད་དུ་བསྒོམ་སྟེ། རྩ་རྒྱུད་ཕྱི་མའི་གཉིས་པ་ལས། རྐང་པ་འཁྲུད་དང་ཟ་བ་དང༌། །འཐོར་འཐུང་སོ་རྩི་ཟ་བ་དང༌། །ཙནྡན་གྱིས་ནི་ལག་ཉེད་དང༌། །སྨད་གཡོགས་ཀྱིས་ནི་རྐེད་འགེབས་དང༌། །འབྱུང་དང་སྨྲ་དང་འགྲོ་བ་དང༌། །འདུག་དང་ཁྲོ་དང་དགོད་པ་དང༌། །བཅོམ་ལྡན་འདས་མ་བརྟེན་པ་དང༌། །ཤེས་རབ་བརྟུལ་ཞུགས་ཅན་ཉིད་ཀྱིས། །རྣལ་འབྱོར་མ་ནི་རྣམ་པར་བསྒོམ། །ཞེས་གསུངས་སོ། །བཞི་པ་བསམ་པ་ནི་བདག་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་འདོད་པ་སྟེ། རྩ་རྒྱུད་ཕྱི་མའི་གཉིས་པ་ལས། བདག་ཉིད་གྲུབ་པའི་སེམས་ཀྱིས་ནི། །རྣལ་འབྱོར་མ་བསྒོམ་ཤེས་རབ་ཅན། །ཡང་ན་ཧེ་རུ་ཀ་དཔལ་གཟུགས། །ཞེས་གསུངས་སོ། །ལྔ་པ་ལྷའི་རྣལ་འབྱོར་ནི་སྤྱིར་མཆོག་གི་དངོས་གྲུབ་བསྒྲུབ་པ་དང༌། ཐུན་མོང་གི་དངོས་གྲུབ་བསྒྲུབ་པའི་ལྷའི་རྣལ་འབྱོར་གཉིས་སུ་གསུངས་པའི་ཐུན་མོང་གི་དངོས་གྲུབ་ཀྱི་ལྷའི་རྣལ་འབྱོར་རྣམས་ལས་ཀྱི་ཚོགས་རབ་འབྱམས་ཀྱི་སྐབས་སུ་འབྱུང་བ་ཡིན་ནའང་གཟུང་བདེ་བས་འདིར་ཕྱོགས་གཅིག་ཏུ་བརྗོད་དེ། དེ་ལ་ལྷའི་རྣལ་འབྱོར་ལ་གཉིས་ཏེ། ལྷའི་རྣམ་པ་དང༌། མངོན་པར་རྟོགས་པའོ། །དང་པོ་ལ་གཉིས་ཏེ། གཙོ་བོར་མཆོག་བསྒྲུབ་པའི་དཀྱིལ་འཁོར་དང༌། ལས་རྒྱས་པའི་ལྷའི་རྣལ་འབྱོར་རོ། །དང་པོ་ནི་རྩ་བའི་རྒྱུད་ལས། ཧེ་རུ་ཀ་བཞི་བདག་མེད་མ་དང་ལྔ། དྲུག་པ་རྡོ་རྗེ་འཛིན་པ་དང་དྲུག་འབྱུང་ངོ༌། །རྡོ་རྗེ་གུར་ལས། རིགས་བསྡུས་པ་དང་རྐྱང་པ་གཉིས། བསྡུས་པ་ལ་རྒྱས་པ་དང་བསྡུས་པ་གཉིས་འབྱུང་སྟེ། ལེའུ་ལྔ་པ་ལས། དཀྱིལ་འཁོར་རེ་རེ་བསྒོམ་པའམ། །ཡང་ན་བསྡུས་པའི་དཀྱིལ་འཁོར་རོ། །བརྒྱད་བརྒྱད་དབུས་སུ་གནས་པའམ། །ཡང་ན་ཉི་ཤུ་རྩ་ལྔའི་བར། །གང་ཚེ་དཀྱིལ་འཁོར་བསྡུས་པ་ཡིས། །སྒོར་ནི་ལྕགས་ཀྱུ་ཞགས་པ་དང༌། །ལྕགས་སྒྲོག་དེ་བཞིན་དྲིལ་བུ་དང༌། །འཇུག་པའི་སྒོ་སྲུང་དགོད་པར་བྱ། །ཞེས་གསུངས་སོ། །རིགས་བསྡུས་པའི་ཕྱོགས་གཉིས་ཀྱང་གཙོ་བོ་འཕོ་བའི་གནད་ཀྱིས་དཀྱིལ་འཁོར་ལྔ་ལྔར་འགྱུར་ཏེ། དེ་ཉིད་ལས། སངས་རྒྱས་མགོན་པོ་གང་ཉིད་ཀྱིས། །དབུས་སུ་དཀྱིལ་འཁོར་གང་གྱུར་པ། །དེ་ཉིད་ཀྱི་ནི་དཀྱིལ་འཁོར་བརྗོད། །སྙིང་པོ་ཡོངས་བཟུང་དཀྱིལ་འཁོར་རོ། །ཞེས་གསུངས་སོ། །དེ་ལྟར་ན་རྒྱུད་ལས། དངོས་སུ་དཀྱིལ་འཁོར་གྱི་གྲངས་རྐྱང་པ་ལྔ་དང༌། བསྡུས་པའི་རྒྱས་པ་ལྔ། བསྡུས་པ་ལྔ་སྟེ་བཅོ་ལྔ་རྩ་བའི་རྒྱུད་ཀྱི་དཀྱིལ་འཁོར་ཁ་བསྐངས་ནས་ཧེ་རུ་ཀ་གསུམ་སྟེ་བཅོ་བརྒྱད་རྗེ་བཙུན་མའི་སྒྲུབ་ཐབས་གཉིས་ཏེ་ཉི་ཤུ་ཐམ་པ་འབྱུང་བ་ལ། བླ་མའི་མན་ངག་གིས་དཀྱིལ་འཁོར་དྲུག་ཅུ་རྩ་གཉིས་སུ་བྱེད་དོ། །མི་བསྐྱོད་པ་ལ་ཧེ་རུ་ཀ་བཞི་ཡོད་པ་དེ་བཞིན་དུ་རིགས་གཞན་རྣམས་ལའང་བཞི་བཞིར་བྱས་ཏེ། དེ་ལྟར་ན་རིགས་རྐྱང་པའི་སྒྲུབ་ཐབས་ཉི་ཤུ། བསྡུས་པའི་རྒྱས་པ་ལ་ཉི་ཤུ། བསྡུས་པའི་བསྡུས་པ་ལ་ཉི་ཤུ། རྗེ་བཙུན་མའི་གཉིས་ཏེ་དྲུག་ཅུ་རྩ་གཉིས་སུ་བཞེད་དོ། །སཾ་པུ་ཊ་ལས། མཆོག་བསྒྲུབ་པའི་དཀྱིལ་འཁོར་གཞུང་ལས་བརྒྱད་འབྱུང་སྟེ། ཧེ་རུ་ཀ་བཞི་བདག་མེད་མ། ཡེ་ཤེས་མཁའ་འགྲོ་མ་ལྷ་བཅུ་གསུམ་དང༌། བསྡུས་པའི་དཀྱིལ་འཁོར་རྡོ་རྗེ་དབྱིངས་དང༌། དྲག་པོའི་གདན་ཅན་ལྷ་བཅུ་བདུན་ནོ། །དེ་ལ་བླ་མའི་མན་ངག་དང་བརྟག་པ་བདུན་པ་དངོས་ལས། གང་གི་ཡང་ཡང་ལྷའི་འཁོར་ལོའི་དབུས་སུ་བཅུག་པ་དེའི་མཚན་དུ་བསྟན་པར་གྱུར་པའི་རྡོ་རྗེའི་དཀྱིལ་འཁོར་ནི་མཁས་པས་བསྔགས་སོ་ཞེས་གསུངས་པས། རྡོ་རྗེ་དབྱིངས་ལ་གཙོ་བོ་འཕོ་བའི་གནད་ཀྱིས་དཀྱིལ་འཁོར་ཆེན་པོ་ལྔ་རུ་བྱས་ཏེ། དེ་ལྟར་ན་མཆོག་བསྒྲུབ་པའི་དཀྱིལ་འཁོར་བཅུ་གཉིས་སོ། །འོ་ན་གཙོ་བོ་དུ་མ་འཕོ་བས་དཀྱིལ་འཁོར་དེ་བས་ཀྱང་མང་བར་མི་འགྱུར་རམ་སྙམ་ན། རིགས་ལྔ་ལས་ལྷག་པའི་གཙོ་བོ་གཞན་ནི་མི་བཞེད་དེ། ལྷ་གཞན་ནི་ལས་རྒྱས་པའི་ལྷ་ཞེས་བྱ་བར་འགྱུར་ཏེ། བརྟག་པ་བདུན་པ་དངོས་ལས། ཞི་བ་དང༌། རྒྱས་པ་དང༌། དབང་དང༌། མངོན་སྤྱོད་ཀྱི་ལས་རྣམས་ལ་འཁོར་ལོའི་བདག་པོས་རྒྱལ་པོ་རྣམ་པར་སྒོམ་པར་བྱེད་དོ་ཞེས་གསུངས་སོ། །གཉིས་པ་ལས་རྒྱས་པའི་ལྷའི་རྣལ་འབྱོར་ནི། རྩ་བའི་རྒྱུད་ལས། ཀུ་རུ་ཀུལླེ་དང༌། དྲག་པོའི་སྔགས་བདུན་གསུངས། རྡོ་རྗེ་གུར་གྱི་ལེའུ་གཉིས་པ་ལས། འབྱུང་པོ་འདུལ་བ་དང༌། སྟོབས་པོ་ཆེ་གཉིས། བཞི་པ་ལས་ཁྲོ་བོ་བཅུ། བརྒྱད་པ་ལས་སྒྲོལ་མ་དང༌། ཤེས་རབ་ཕ་རོལ་ཕྱིན་མ། བཅུ་གཉིས་པ་ལས་ཁྲོ་བཅུ་སྤྱིའི་སྲུང་འཁོར། བཅུ་བཞི་པ་ལས་རྡོ་རྗེ་ལུས་མེད། བཅོ་ལྔ་པ་ལས་ཀུ་རུ་ཀུལླེ་དང༌། སྤྱན་རས་གཟིགས་ལ་སོགས་པ་ལྷའི་རྣལ་འབྱོར་བཅུ། རྡོ་རྗེ་ནག་པོ་རྣམས་ཏེ། དེ་ལྟར་ན་ལས་རྒྱས་པའི་ལྷའི་རྣལ་འབྱོར་ཉི་ཤུ་རྩ་བརྒྱད་གསུངས་སོ། །བཤད་པའི་རྒྱུད་སཾ་པུ་ཊའི་བརྟག་པ་གཉིས་པའི་རབ་བྱེད་བཞི་པ་ལས་སྒྲོལ་མ་དང༌། ཀུ་རུ་ཀུལླེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ། རིགས་བཞི་དང་ཡུམ་བཞི་དང་བརྒྱད། བདུན་པ་དངོས་ནས་ལས་ཚོགས་དང་འབྲེལ་བའི་ལྷའི་རྣལ་འབྱོར་བཅུ་བདུན་ཏེ། དེ་ལྟར་ན་ལྷའི་རྣལ་འབྱོར་ཉི་ཤུ་རྩ་བརྒྱད་གསུངས་སོ། །སཾ་པུ་ཊའི་ལྔ་པའི་གཉིས་པ་ལས། རྫོགས་རིམ་དང་འབྲེལ་པ་དང་ཕྲེང་བ་དང་འབྲེལ་པ་ལས་ལྷའི་རྣལ་འབྱོར་གཉིས་ཀྱང་འབྱུང་ངོ༌། །འོ་ན་སཾ་པུ་ཊའི་བདག་མེད་མའི་སྐབས་ཀྱི་དྲུག་པ་རྡོ་རྗེ་འཛིན་པ་མི་བགྲང་ངམ་སྙམ་ན། རྡོ་རྗེ་དབྱིངས་ཀྱི་ཁོངས་སུ་བསྡུས་པས་དེ་ནི་མི་བགྲང་ངོ༌། །སྤྱི་དོན་གཉིས་པ་དེ་དག་གི་མངོན་པར་རྟོགས་པ་ནི་གསུམ་དུ་བསྡུས་ཏེ། སྔོན་དུ་འགྲོ་བའི་ཆོ་ག་དང༌། དངོས་གཞིའི་རྣལ་འབྱོར་དང༌། རྫོགས་པར་བྱེད་པའི་ལམ་གྱི་ཡན་ལག་གོ །དེ་ལྟར་གསུམ་པོ་རེ་རེ་ལའང་རྒྱས་བསྡུས་ཀྱི་དབྱེ་བས་མང་དུ་ཤེས་པར་བྱའོ། །དེ་ལ་སྔོན་དུ་འགྲོ་བའི་རྣལ་འབྱོར་པ་གསུམ་སྟེ། བསོད་ནམས་ཀྱི་ཚོགས་བསག་པ་དང༌། ཡེ་ཤེས་ཀྱི་ཚོགས་བསག་པ་དང༌། བར་ཆད་ཞི་བར་བྱ་བའི་ཕྱིར་སྲུང་བའི་འཁོར་ལོ་བསྒོམ་པ་དང་མི་བསྒོམ་པའོ། །བསོད་ནམས་ཀྱི་ཚོགས་ལ་རྒྱས་བསྡུས་བཞི། ཚད་མེད་བཞིས་བསྡུས་པ་དང༌། དེའི་སྔོན་དུ་མཆོད་པ་དང་གཉིས་ཀྱིས་བསྡུས་པ་དང༌། ཡན་ལག་བདུན་པ་དང་གསུམ་གྱིས་བསྡུས་པ་དང༌། རིགས་ལྔའི་སྡོམ་པ་བཟུང་བ་དང་བཞིས་བསྡུས་པའོ། །དེ་དག་ཞིབ་ཏུ་བརྗོད་ན་དང་པོ་ནི། རྡོ་རྗེ་གུར་ལས། བླ་མ་རྡོ་རྗེ་རྣམས་མཆོད་ནས། །བདུན་པོ་ཡོངས་སུ་དག་པར་བྱ། །ཞེས་པ་དང༌། ཚངས་པའི་གནས་ནི་བཞི་པོ་ཡིས། །སེམས་ཀྱི་ངལ་ནི་བསོ་བར་བྱ། །ཞེས་འབྱུང་བས་ན། ཚོགས་བསག་པའི་ཞིང་སྤྱན་དྲངས་ཏེ། ཕྱག་དང་མཆོད་པ་དང་སྡིག་པ་བཤགས་པ་ལ་སོགས་པའི་རྒྱུན་བཤགས་དང་ཚད་མེད་པ་བཞི་བསྒོམ་པའོ། །སཾ་པུ་ཊའི་རྡོ་རྗེ་དབྱིངས་ཀྱི་སྐབས་སུ་སྡོམ་པ་གཟུང་བ་གསུངས་པའང་ཡན་ལག་བདུན་པའི་ཁོངས་སུ་བསྡུའོ། །དེ་ནས་ཡེ་ཤེས་ཀྱི་ཚོགས་སྟོང་པ་ཉིད་བསྒོམ། དེ་ནས་སྲུང་བའི་འཁོར་ལོ་ལས་སྤྲོས་པའི་བྱེ་བྲག་གི་རྡོ་རྗེ་རྭ་བ་ལ་སོགས་པ་ཐུན་མོང་གི་སྲུང་འཁོར་དང༌། ཁྲོ་བོ་བཅུའི་ཐུན་མོང་མ་ཡིན་པའི་སྲུང་འཁོར་གཉིས་སུ་ཤེས་པར་བྱའོ། །སྔོན་འགྲོ་འབྲིང་དུ་བྱེད་ན་ཚོགས་གཉིས་བསག་པ་ལས་སྲུང་འཁོར་མེད་དོ། །བསྡུས་ནས་བྱེད་ན་བསོད་ནམས་ཀྱི་ཚོགས་ནི་སྐྱབས་འགྲོ་སེམས་བསྐྱེད་ཙམ་མམ། ཚད་མེད་བཞིར་བསྡུས་ནས། ཡེ་ཤེས་ཀྱི་ཚོགས་བསྒོམ་པའོ། །འབྲིང་བསྡུས་ཀྱི་སྔོན་འགྲོ་འདི་ལས་རྒྱས་པའི་རྣལ་འབྱོར་ལས་མཆོག་བསྒྲུབ་པ་ལ་མི་བྱ་གསུང་ཡང༌། བརྟག་པ་གཉིས་པའི་ལེའུ་གསུམ་པ་བཞིན་བྱས་ན་ཀུན་ལ་འཇུག་པར་མངོན་ནོ། །དངོས་གཞིའི་རྣལ་འབྱོར་ལ་ཡང་རྒྱས་བསྡུས་གསུམ་སྟེ། ཡན་ལག་ཡོངས་སུ་རྫོགས་པ་རྒྱས་པའི་ལུགས་དང༌། འབྲིང་དང༌། བསྡུས་པའོ། །དང་པོ་ལ་ཡང་རྒྱུད་སོ་སོའི་དགོངས་པས་མི་འདྲ་བ་གསུམ་གསུངས་ཏེ། ཏིང་ངེ་འཛིན་གསུམ་དུ་བསྡུ་བ་དང༌། ཡན་ལག་དྲུག་ཏུ་བསྡུ་བ་དང༌། བསྙེན་སྒྲུབ་བཞིར་བསྡུས་པའོ། །དང་པོ་ནི་རྡོ་རྗེ་རྩེ་མོའི་དགོངས་པ་དང༌། སཾ་པུ་ཊའི་རྡོ་རྗེ་དབྱིངས་གཉིས་མཐུན་ཏེ། རྡོ་རྗེ་རྩེ་མོ་ལས། དང་པོ་སྦྱོར་བའི་ཏིང་འཛིན་མཆོག །རྣལ་འབྱོར་པས་ནི་སྙོམས་འཇུག་བྱ། །དེ་ནས་དཀྱིལ་འཁོར་རྒྱལ་པོ་མཆོག །དེ་ནས་ཡང་ནི་ལས་རྒྱལ་པོ། ཞེས་གསུངས་ཏེ། སྐུ་གསུམ་ལམ་དུ་བྱ་བའི་ཕྱིར་དང་པོ་གཙོ་བོ་བསྐྱེད་པ་ངོ་བོ་ཉིད་ཀྱི་སྐུ། འཁོར་བསྐྱེད་ནས་ཡེ་ཤེས་པ་བཀུག་སྟེ་དབང་བསྐུར་ལ་མཆོད་བསྟོད་བདུད་རྩི་མྱང་བ་ཡན་ཆད་ཏིང་ངེ་འཛིན་གཉིས་པ་ལོངས་སྐུ། ཕྲ་ཐིག་ལ་སོགས་པའི་རྣལ་འབྱོར་ལ་བཞག་པ་གསུམ་པ་སྤྲུལ་སྐུའོ། །གཉིས་པ་རྡོ་རྗེ་གུར་གྱི་རྗེས་སུ་འབྲངས་ནས་ཡན་ལག་དྲུག་གིས་བཅིངས་ནས། གུར་ལེའུ་བདུན་པ་ལས། སངས་རྒྱས་གནས་ནི་རྫོགས་པ་དང༌། །ཀུན་ཏུ་བཟང་པོའི་རང་བཞིན་དང༌། །རང་གི་ལྷག་པའི་ལྷར་སྒྲུབ་དང༌། །མཆོད་བསྟོད་བདུད་རྩི་མྱང་ལ་སོགས། །རྣལ་འབྱོར་ཡན་ལག་དྲུག་ཏུ་འདོད། །ཅེས་གསུངས་པས་གཞལ་ཡས་ཁང་བསྐྱེད་པ་རྣམ་པར་སྣང་མཛད་ཀྱི་ཡན་ལག་སྟེ། གུར་ལེའུ་བཞི་པ་ལས། ཆོས་ཀྱི་འབྱུང་གནས་རྣམ་པར་བསྒོམ། །དེ་ལ་སངས་རྒྱས་གནས་བསམས་ནས། །ཞེས་སོ། གཉིས་པ་རྗེས་སུ་ཆགས་པ་རྡོ་རྗེ་སེམས་དཔའི་ཡན་ལག་ནི། རྒྱུ་རྡོ་རྗེ་སེམས་དཔའ་བསྐྱེད་པ་དང༌། འཁོར་གྱི་ལྷ་མོ་དབྱུང་བ་དང༌། འབྲས་བུ་རྡོ་རྗེ་འཛིན་པར་བཞེངས་པ་སྟེ། སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང༌། ཡེ་ཤེས་པ་དགུག་པ་རྣམས་ཏེ། གུར་ལེའུ་བཞི་པ་ལས། རྣམ་པ་ལྔ་པོ་བསྒོམ་པར་བྱ། །དང་པོ་སྐྱེས་བུ་བསམ་དེ་ནས། །མཁའ་འགྲོ་མ་ཡི་འཁོར་ལོ་སྤྲོ། །དྲི་ཟ་མཉམ་པར་ཞུགས་པ་ནི། །ཁུ་བ་རྗེས་སུ་དྲན་པར་བྱ། །མཚམས་ཀྱི་ལྷ་མོས་བསྐུལ་བ་སྟེ། །འཁོར་ལོའི་འདྲེན་པས་བསྐུལ་ནས་ནི། །མིག་ལ་སོགས་ལ་གཏི་མུག་སོགས། །རྡོ་རྗེ་གསུམ་ནི་གནས་གསུམ་དགོད། །ཕྱི་ནས་རྗེས་ཆགས་རྡོ་རྗེ་སྟེ། །ཡེ་ཤེས་རྣམ་པར་གཞུག་པའོ། །ཞེས་གསུངས་སོ། །དེ་ནས་དབང་བསྐུར་བ་མི་བསྐྱོད་པའི་ཡན་ལག བདུད་རྩི་མྱང་བ་འོད་དཔག་ཏུ་མེད་པའི་ཡན་ལག མཆོད་པ་དོན་ཡོད་གྲུབ་པའི་ཡན་ལག བསྟོད་པ་རིན་ཆེན་འབྱུང་ལྡན་གྱི་ཡན་ལག་རྣམས་ཏེ། རྡོ་རྗེ་གུར་ལེའུ་བཞི་པ་ལས། དབང་ནི་རིག་མ་བརྒྱད་རྣམས་ཀྱིས། །ཡང་ན་བདུད་རྩི་མྱང་བ་དང༌། །ལྷ་མོ་བརྒྱད་ཀྱིས་མཆོད་པ་ཉིད། །འཁོར་ལོ་འདྲེན་པས་བསྟོད་པའོ། །ཞེས་གསུངས་སོ། །དེ་ལྟར་ཏིང་ངེ་འཛིན་གསུམ་དང་ཡན་ལག་དྲུག་རྫོགས་པ་འདི་དཀྱིལ་འཁོར་གྱི་འཁོར་ལོ་ཁོ་ན་ལ་སྦྱར་བའི་མངོན་རྟོགས་ཡིན་གྱི། ལྷ་རྐྱང་པ་རྣམས་ལ་ནི་མ་ཡིན་ནོ། །གསུམ་པ་བསྐྱེད་པའི་རིམ་པ་མཐའ་དག་ལ་འཇུག་པ་བསྙེན་སྒྲུབ་ཡན་ལག་རྣམ་པ་བཞིས་བསྡུས་པ་ནི། རྩ་བའི་རྒྱུད་བརྟག་པ་གཉིས་པ་དང༌། གསང་བ་འདུས་པའི་དགོངས་པ་དང་མཐུན་པ་ཡིན་ཏེ། རྩ་རྒྱུད་ལེའུ་གསུམ་པ་ལས། དང་པོ་སྟོང་ཉིད་བྱང་ཆུབ་སེམས། །གཉིས་པ་ལ་ནི་ས་བོན་བསྡུ། །གསུམ་པ་ལ་ནི་གཟུགས་བརྙན་རྫོགས། །བཞི་པ་ལ་ནི་ཡིག་འབྲུ་དགོད། །ཅེས་གསུངས་ལ། གསང་བ་འདུས་པའི་ལེའུ་བཅུ་གཉིས་པ་ལས། བསྙེན་པའི་དམ་ཚིག་སྦྱོར་བ་དང༌། །ཉེ་བར་བསྒྲུབ་པ་འབྱུང་བ་དང༌། །བསྒྲུབ་པའི་དོན་གྱི་དམ་ཚིག་དང༌། །སྒྲུབ་པ་ཆེན་པོ་དག་དང་བཞི། །ཞེས་པ་དང༌། ཡང༌། བསྙེན་པའི་དམ་ཚིག་རབ་སྦྱོར་ལ། །བྱང་ཆུབ་མཆོག་ནི་བསྒོམ་པར་བྱ། །ཞེས་དམ་ཚིག་སེམས་དཔའ་བསྐྱེད་པའོ། །ཉེ་བར་བསྒྲུབ་པ་བསྒྲུབ་མཆོག་ལ། །རྡོ་རྗེ་སྐྱེ་མཆེད་རྣམ་པར་དཔྱོད། །ཅེས་སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའོ། །སྔགས་ཀྱི་བདག་པོ་བསྒོམ་པ་ཡིས། །བསྒྲུབ་པའི་ཚེ་ན་བསྐུལ་བར་གསུངས། །ཞེས་ཡེ་ཤེས་པ་གཞུག་པའོ། །སྒྲུབ་པ་ཆེན་པོ་བྱེད་པའི་ཚེ། །རང་སྔགས་རྡོ་རྗེ་ཅན་གྱི་གཟུགས། །དབུ་རྒྱན་ལ་ནི་བདག་པོ་བསམ། །ཞེས་དབང་བསྐུར་ཞིང་རྒྱས་གདབ་པའོ། །མཆོད་བསྟོད་ལ་སོགས་རྣམས་ནི་དེའི་ཡན་ལག་ཙམ་སྟེ་བསྙེན་སྒྲུབ་ཡན་ལག་བཞིའོ། །བརྟག་པ་གཉིས་པའི་གཞུང་དེ་བསྙེན་སྒྲུབ་བཞིར་ཇི་ལྟར་འགྲུབ་སྙམ་ན། གསང་བ་འདུས་པའི་ལེའུ་བཅུ་གཉིས་པ་ལས། སྒྲུབ་པ་ཆེན་པོ་དག་དང་བཞི། །རྡོ་རྗེའི་བྱེ་བྲག་ཤེས་བྱས་ལ། །དེ་ནས་ལས་རྣམས་བསྒྲུབ་པར་བྱ། །ཞེས་གསུངས་ནས། རྒྱུད་ཕྱི་མ་ལས། ཐ་མལ་པ་ནི་རྡོ་རྗེ་བཞི། །ཡེ་ཤེས་བདུད་རྩི་མཆོག་ཡིན་ནོ། །དང་པོ་སྟོང་ཉིད་བྱང་ཆུབ་སེམས། །གཉིས་པ་ལ་ནི་ས་བོན་བསྡུ། །གསུམ་པ་ལ་ནི་གཟུགས་བརྙན་རྫོགས། །བཞི་པ་ལ་ནི་ཡིག་འབྲུ་དགོད། །རྡོ་རྗེ་རྣམ་བཞི་དག་གིས་ནི། །ཐ་མལ་བསྒྲུབ་པའི་བསྙེན་པ་བྱ། །ཞེས་གསུངས་པས། བཅུ་གཉིས་པ་ལས། རྡོ་རྗེའི་བྱ་བྲག་ཤེས་པར་བྱ། །ཞེས་པ་དང༌། ཕྱི་མའི། རྡོ་རྗེ་རྣམ་བཞི་དེ་དག་གིས། །ཞེས་གསུངས་པ་དང་མཐུན་པས་ན། བརྟག་པ་གཉིས་པའི་གཞུང་དེ་བསྙེན་སྒྲུབ་བཞིར་ཤེས་པར་བྱའོ། །དེ་ལྟ་བུའི་སྐྱེད་ཆོག་གསུམ་པོ་དེ་རིགས་བསྡུས་པ་ལ་ནི་གསུམ་ཀ་སྦྱོར་ལ། སཾ་པུ་ཊའི་རྡོ་རྗེ་དབྱིངས་ལ་ཏིང་ངེ་འཛིན་གསུམ་དང་བསྙེན་སྒྲུབ་བཞི་སྦྱར་རོ། །རིགས་སོ་སོའི་དཀྱིལ་འཁོར་དང༌། བདག་མེད་མ་ལ་ཡན་ལག་དྲུག་དང་བསྙེན་སྒྲུབ་བཞིས་སྡུད། གཞན་དཀྱིལ་འཁོར་གྱི་འཁོར་ལོ་དང་ལྷ་རྐྱང་པ་ཐམས་ཅད་ལ་བསྙེན་སྒྲུབ་བཞིས་སྡུད་དེ། སློབ་དཔོན་བིརྺ་པའི་བཞེད་པས་བསྙེན་སྒྲུབ་ཡན་ལག་བཞི་མ་ཚང་བའི་མངོན་པར་རྟོགས་པ་མཆོག་ཐུན་མོང་གང་ལ་ཡང་མི་བཞེད་དེ། རྒྱས་པའི་དབང་དུ་བྱས་པའོ། །འབྲིང་གི་དབང་དུ་བྱས་པ་ནི་ཏིང་ངེ་འཛིན་གསུམ་དང་ཡན་ལག་དྲུག་ནི་མེད་ལ། བསྙེན་སྒྲུབ་བཞིས་བསྐྱེད་ནས་མཆོད་བསྟོད་ལ་སོགས་པ་མི་བྱ་བར་བཟླས་པ་ལ་འཇུག་པ་ཡིན་ནོ། བསྡུས་པ་ནི་སྐྱེ་མཆེད་བྱིན་གྱིས་མི་རློབ་པར་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང༌། དབང་མི་བསྐུར་བར་དབུ་རྒྱན་རང་ཆས་སུ་བསྒོམ་པའི་ཡན་ལག་བཞིའམ་དམ་ཚིག་སེམས་དཔའ་དབུ་རྒྱན་རང་ཆས་ཅན་སྐད་ཅིག་མས་བསྐྱེད་ནས་བཟླས་པ་ལ་འཇུག་པ་ཡིན་ནོ། །དེ་ལྟ་བུའི་དངོས་གཞི་ལ་དམ་ཚིག་སེམས་དཔའི་སྐྱེད་ཆོག་ཚུལ་མི་འདྲ་བ་བཞི་སྟེ། མངོན་བྱང་ལྔ་ལས་བསྐྱེད་པ་དང༌། རྡོ་རྗེ་ཆོ་ག་ཡན་ལག་གསུམ་ལ་སོགས་པ་ལས་བསྐྱེད་པ་དང༌། སྙིང་པོ་ཚིག་ཙམ་ལས་བསྐྱེད་པ་དང༌། དབུགས་ཀྱི་སྤྲོ་བསྡུ་ལས་བསྐྱེད་པའོ། །དང་པོ་མངོན་བྱང་ལས་བསྐྱེད་པ་ལ་གཉིས་ཏེ། མཉམ་པར་སྦྱོར་བ་དང༌། མི་མཉམ་པར་སྦྱོར་བའོ། །དེ་ལ་མཉམ་པར་སྦྱོར་བ་ནི་གུར་དང༌། སཾ་པུ་ཊ་གཉིས་ཀའི་རིགས་བསྡུས་པའི་རྒྱུ་རྡོ་རྗེ་འཆང་བསྐྱེད་དོ། །མི་མཉམ་པར་སྦྱོར་བ་ནི་རིགས་སོ་སོ་བ་རྣམས་དང་བདག་མེད་མ་སྐྱེད་དོ། །ཧེ་རུ་ཀ་གསུམ་ལ་ནི་མི་མཉམ་པར་སྦྱོར་བ་དང༌། རྡོ་རྗེ་ཆོ་ག་གསུམ་དང་བཞི་དང་སྙིང་པོ་ཚིག་ཙམ་ལས་བསྐྱེད་པ་དང་བཞི་ཀ་འཇུག་གོ །དྲག་པོའི་གདན་ཅན་ནི་སྙིང་པོ་ཚིག་ཙམ་ལས་བསྐྱེད་དོ། །ཡེ་ཤེས་དང་ལྡན་པ་ནི་དབུགས་འབྱུང་རྔུབ་ཀྱི་སྤྲོ་བསྡུ་ལས་བསྐྱེད་དོ། །འཁོར་ཕལ་ཆེར་ནི་མངལ་ནས་བསྐྱེད་དོ། །སྐྱེ་མཆེད་ཀྱི་ལྷ་ནི་སྙིང་པོ་ཚིག་ཙམ་ལས་བསྐྱེད་དོ། །ལས་རྒྱས་པའི་ལྷའི་རྣལ་འབྱོར་ཐམས་ཅད་རྡོ་རྗེ་ཆོ་ག་གསུམ་དང་བཞི་དང༌། །སྙིང་པོ་ཚིག་ཙམ་ལས་བསྐྱེད་པ་གང་མོས་ཀྱིས་བསྐྱེད་པའི་ཆོ་གའོ། །སྐྱེད་ཆོག་དེ་རྣམས་ཀྱང་སྐྱེ་གནས་བཞི་སྦྱོང་བར་བསྡུ་སྟེ། མངོན་བྱང་ལྔས་བསྐྱེད་པ་ནི་དྲོད་གཤེར་ལས་སྐྱེས་པ་དང་མངལ་སྐྱེས་སྦྱོང༌། རྡོ་རྗེ་ཆོ་ག་གསུམ་དང་བཞི་དང་ཐིག་ལེ་ལས་བཞེངས་པས་སྒོང་སྐྱེས་སྦྱོང༌། དབུགས་འབྱུང་རྔུབ་དང་སྙིང་པོ་ཚིག་ཙམ་གྱིས་རྫུས་སྐྱེས་སྦྱོང༌། འཁོར་གྱི་ལྷ་མངལ་ནས་འབྱིན་པ་རྣམས་ཀྱིས་མངལ་སྐྱེས་སྦྱོང་སྟེ། དེ་ལྟར་ན་སྐྱེ་གནས་བཞི་སྦྱོང་བ་དང་ཚོགས་གཉིས་བསགས་ནས་ལྷའི་སྐུར་གྲུབ་པས་འབྲས་བུ་བསྒྲུབ་པ་སྟེ། སྦྱང་གཞི་སྦྱོང་ཞིང་འབྲས་བུ་འགྲུབ་པའི་བསྐྱེད་པའི་རིམ་པ་ཞེས་བྱ་བ་ཡིན་ནོ། །སྤྱི་དོན་གསུམ་པ་རྫོགས་པར་བྱེད་པའི་ཡན་ལག་ནི། བཟླས་པ་དང༌། སྤྱོད་ལམ་དང༌། ཁ་ཟས་དང༌། གཏོར་མ་དང༌། ཁྲུས་དང༌། ཐུན་མཚམས་ཀྱི་བྱ་བ་དང༌། ཉལ་བ་དང༌། ལྡང་བ་རྣམས་ནི་ཀུན་གྱི་ཐུན་མོང་བ་ཡིན་ལ། མཆོག་བསྒྲུབ་པའི་དཀྱིལ་འཁོར་ལ་ནི་དག་པ་དྲན་པ་ཞེས་བྱ་བ་ཁྱད་པར་གྱི་ཆོས་ཡིན་ནོ། །འདི་དག་ཀྱང་རྩ་རྒྱུད་དང་པོའི་གསུམ་པ་དང༌། བཞི་པ་དང༌། བརྒྱད་པ་དང༌། བཅུ་གཅིག་པ་དང༌། ཕྱི་མའི་བཞི་པ་དང༌། ལྔ་པ་རྣམས་དང༌། གུར་གྱི་དང་པོ་དང༌། གཉིས་པ་དང༌། བཞི་པ་དང༌། ལྔ་པ་དང༌། བདུན་པ་དང༌། བརྒྱད་པ་དང༌། བཅུ་གཉིས་པ་དང༌། བཅུ་བཞི་པ་དང༌། བཅོ་        རྗེས་མ།  >>

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

 

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*