རྒྱུད་ཀྱི་མངོན་པར་རྟོགས་པ་རིན་པོ་ཆེའི་ལྗོན་ཤིང༌། ༣

ལྔ་པ་རྣམས་དང༌། སཾ་པུ་ཊའི་གཉིས་པའི་གསུམ་པ་ནས་གསུམ་པ་དངོས་ཀྱི་བར་དང༌། བདུན་པ་དངོས་དང༌། ཞར་ལས་བྱུང་བ་ལྔ་པའི་གཉིས་པ་དང༌། བརྒྱད་པའི་གཉིས་པ་རྣམས་ཀྱི་ཡང་ཡིན་ནོ། །རྫོགས་པའི་རིམ་པའི་རྟེན་བསྐྱེད་པའི་རིམ་པ་བསྟན་ཟིན་ཏོ། །བསྐྱེད་པའི་རིམ་པའི་ལྷ་ཡེ་ཤེས་སུ་རྟོགས་པར་བྱ་བའི་ཕྱིར་རྫོགས་པའི་རིམ་པ་བསྒོམ་པ་ལ་གསུམ་སྟེ། རྫོགས་པའི་རིམ་པའི་མཚན་ཉིད་དང༌། རྫོགས་པ་གཉིས་ཀྱི་སྤྱིར་འགྲོ་དང༌། ཉམས་སུ་བླངས་པའི་ཐབས་སོ། །དང་པོ་ལ་གཉིས། གཞན་ལུགས་དགག་པ་དང༌། རང་ལུགས་གཞག་པའོ། །དང་པོ་ནི་རྫོགས་རིམ་མ་ཡིན་པ་ལ་དེར་འཁྲུལ་པ་བཞི་སྟེ། དཀྱིལ་འཁོར་བསྡུ་བ་དང༌། ལྟ་བའི་རྒྱ་དང༌། རྟོག་པ་ཁ་འཚོམ་དང༌། ལྟ་བ་ཡིད་ལ་བྱེད་པའི་བསམ་གཏན་ནོ། །དེ་ལ་དང་པོ་ནི་བསྐྱེད་རིམ་གྱི་མཐར་སྣོད་བཅུད་ནས་བཟུང་སྟེ་ནཱ་དའི་མཐར་སྟོང་པར་བྱེད་པའོ། །གཉིས་པ་ནི་ལྷ་སྣང་ལ་རང་བཞིན་མེད་པར་བསྒོམ་པའོ། །གསུམ་པ་ནི་རྟོག་པ་གང་ཡང་མི་འགྱུ་བའི་ཤེས་པ་ཐོམ་མེ་བའོ། །བཞི་པ་ནི་གནས་ལུགས་གང་ཡིན་པ་གཏན་ལ་ཕབ་ནས་དེའི་ངང་དུ་ཅུང་ཟད་གནས་པར་བྱེད་པའོ། །འོ་ན་རྫོགས་རིམ་གང་ཡིན་ཞེ་ན། དེ་ལ་རང་ལུགས་བཞག་པ་ལ་གསུམ། ལུས་རྫོགས་ཚུལ་དང༌། ངག་རྫོགས་ཚུལ་དང༌། སེམས་རྫོགས་ཚུལ་ལོ། །དེ་གསུམ་ཀའང་ལུང་དང་བསྟུན་ནས་བརྗོད་ན་གཉིས་ཏེ། རང་བྱིན་གྱིས་བརླབ་པའི་རིམ་པ་དང༌། དཀྱིལ་འཁོར་འཁོར་ལོའི་ཐབས་སོ། །ཡང་གཉིས་ཏེ། དམིགས་པ་དང་བཅས་པ་དང༌། དམིགས་པ་མེད་པའོ། །ཡང་གཉིས་ཏེ། རང་བཞིན་ལྷན་ཅིག་སྐྱེས་པ་དང༌། ཞུ་བདེ་ལྷན་ཅིག་སྐྱེས་པའོ། །གཉིས་པ་རྫོགས་པའི་རིམ་པ་གཉིས་ཀྱི་སྤྱིར་འགྲོ་ནི། དེ་ལྟ་བུའི་རྫོགས་པའི་རིམ་པ་དེ་དག་ཐམས་ཅད་ཀྱང་དཀྱིལ་འཁོར་གསུམ་ལ་བརྟེན་ནས་སྐྱེ་བས་འདི་ལ་གསུམ་སྟེ། ལམ་ལ་སོམ་ཉི་སྤང་བའི་ཕྱིར་ཕྱི་རོལ་གྱི་སྤྲོས་པ་ཐམས་ཅད་ནང་དུ་བཅད་པ་དང༌། དེ་ཉིད་གཏན་ལ་དབབ་པའི་སྒོ་ནས་བྱང་ཆུབ་ཀྱི་སེམས་ཀྱི་རང་གི་ངོ་བོ་བསྟན་པ་དང༌། དེ་མི་སྤང་ཞིང་བསྐྱེད་པར་བསྟན་པའོ། །དང་པོ་ལ་གཉིས། སྡོམ་པའི་རབ་ཏུ་དབྱེ་བའི་སྒོ་ནས་ལུས་དང་རྩ་གཏན་ལ་དབབ་པ་དང༌། རྩ་དང་བྱང་ཆུབ་ཀྱི་སེམས་བརྟན་པའི་སྒོ་ནས་ས་དང་ལམ་ཐམས་ཅད་ནང་དུ་གཏན་ལ་དབབ་པའོ། །དང་པོ་ནི་རྩ་རྒྱུད་ཕྱི་མའི་བཞི་པ་ལས། རྣལ་འབྱོར་མ་ལུས་དབུས་གནས་སུ། །ཨ་ཡི་རྣམ་པ་སྡོམ་པའི་གནས། །ཇི་ལྟར་ཕྱི་རོལ་དེ་ལྟར་ནང༌། །སྡོམ་པའི་དེ་ཉིད་རབ་ཏུ་ཕྱེ། །ཞེས་པས་ལུས་ཀྱི་དཀྱིལ་འཁོར་བསྟན་ཏོ། །དེ་ལ་སྡོམ་པའི་དབྱེ་བ་ལ་ལྔ་སྟེ། གང་དུ་སྡོམ་པ་དང༌། ཇི་སྙེད་སྡོམ་པ་དང༌། གང་སྡོམ་པ་དང༌། གང་གིས་སྡོམ་པ་དང༌། སྡོམ་པ་རང་གི་ངོ་བོའོ། །དང་པོ་ནི་སྐྱེ་བའི་གནས་གཙོ་བོ་ལྟེ་བའི་ཨྃ་ངོ༌། སྐྱེ་བའི་གནས་མཐའ་དག་ནི་འཁོར་ལོ་བཞིའོ། །དེ་ལས་ཀྱང་སྤྲོས་ན་རྩ་བསམ་གྱིས་མི་ཁྱབ་པའི་བར་རོ། །གཉིས་པ་ཇི་སྙེད་ཅིག་སྡོམ་ཞེ་ན། ཕྱི་རོལ་དུ་ཇི་སྙེད་ཡོད་པའི་ཆོས་ཐམས་ཅད་ནང་དུ་ཇི་ལྟ་བ་བཞིན་དུ་སྡོམ་པ་སྟེ། ཕྱི་རོལ་གྱི་ཆོས་བཞི་ཚན་སྡེ་པ་བཞི་ལ་སོགས་པ་ཐམས་ཅད་འཁོར་ལོ་བཞི་ལ་སོགས་པ་ལ་སྡོམ། སྐུ་གསུམ་ལ་སོགས་པའི་ཆོས་སུ་མཚན་ཐམས་ཅད་རྩ་གསུམ་ལ་སྡོམ། ཐབས་ཤེས་རབ་ལ་སོགས་པ་ཆོས་གཉིས་ཚན་ཐམས་ཅད་ཐབས་ཤེས་རབ་གཉིས་སམ་རྩ་གཉིས་ལ་སྡོམ་པ་ལ་སོགས་པ་ཕྱི་རོལ་གྱི་སྤྲོས་པ་ཐམས་ཅད་ནང་དུ་གཅོད་པ་སྟེ། ཨེ་ནི་ས་རུ་ཤེས་པར་བྱ། །ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །གསུམ་པ་གང་སྡོམ་སྙམ་ན། ཉན་ཐོས་ལུས་ངག་གི་ཁ་ན་མ་ཐོ་བ་སྡོམ་ལ། བྱང་ཆུབ་སེམས་དཔའ་མི་དགེ་བ་བཅུ་སྡོམ་ཞིང༌། འདིར་ཡང་སྤང་བྱ་མི་མཐུན་པའི་ཕྱོགས་མཚན་མ་དང་རྣམ་པར་རྟོག་པ་ཐམས་ཅད་སྡོམ་པའོ། །དེ་ལྟར་ན་བསྡོམས་ཞེས་པ་དང་སྡོམ་པ་ཞེས་པ་གཉིས་སྒྲ་བཤད་གཅིག་ཏུ་འདུ་བར་མི་རིགས་སོ་སྙམ་ན། རྒྱ་གར་གྱི་སྐད་ལས་མང་པོ་གཅིག་ཏུ་བསྡོམས་པ་ལ་ཡང་སཾ་བ་ར་ཞེས་ཟེར་ལ། བསྲུང་བའི་དམ་ཚིག་སྤང་བྱ་རྣམས་སྡོམ་པ་ལ་སཾ་བ་ར་ཞེས་ཟེར་བས་སྒྲ་གཅིག་པོ་འདི་ལ་རྣམ་གྲངས་གཉིས་སུ་འཇུག་པ་ཡིན་པས་ན་འདིར་ཡང་དེ་བཞིན་དུ་ཤེས་པར་བྱའོ། །བཞི་པ་གང་གིས་སྡོམ་སྙམ་ན། ཕྱག་རྒྱའམ་གཏུམ་མོའི་རྣལ་འབྱོར་གྱིས་སྡོམ་མོ། །ལྔ་པ་སྡོམ་པ་རང་གི་ངོ་བོ་ནི་རང་བྱུང་གི་ཡེ་ཤེས་སམ་ལྷན་སྐྱེས་སོ། །གཉིས་པ་རྩ་དང་བྱང་ཆུབ་ཀྱི་སེམས་བསྟན་པས་ས་དང་ལམ་ཐམས་ཅད་ནང་དུ་གཏན་ལ་དབབ་པ་ནི། སཾ་པུ་ཊའི་དང་པོའི་གཉིས་པ་ལས། དེ་ཉིད་ཡང་དག་བཤད་པ་ནི། །དགའ་བ་ལ་སོགས་ས་རྣམས་ཏེ། །དབང་པོ་ལ་སོགས་རང་བཞིན་གྱི། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་གནས། །ཕུང་པོ་ལ་སོགས་ཁྱད་པར་གྱིས། །སངས་རྒྱས་ཐམས་ཅད་ཀྱི་ནི་གནས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡིས། །སངས་རྒྱས་ཉིད་ནི་མཆོག་ཏུ་འབབ། །ཅེས་གསུངས་ཏེ། དེའི་དོན་ཡང་ཆོས་དགུ་དགུ་བསྲེས་ནས་སྦྱང་གཞི་སྦྱོང་བྱེད་ངོ་སྤྲོད་དེ། སྦྱང་གཞི་ཕུང་པོ་ཁམས་དང་སྐྱེ་མཆེད་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང༌། གཞལ་ཡས་ཁང་ལྷ་དང་བཅས་པ་དང༌། རྩ་དང༌། ཡི་གེ་དང༌། ཁམས་བདུད་རྩི་དང༌། རླུང་དང༌། ས་བཅུ་གཉིས་དང༌། སངས་རྒྱས་ཀྱི་ས་རྣམས་ཏེ། འདི་དག་ཀྱང་བླ་མས་འཆད་པའམ། རྒྱུད་ཉིད་ཀྱི་སྟེང་དུ་རྒྱས་པར་བསྙད་ལ་རྟོགས་པར་བྱའོ། །སྤྱི་དོན་གཉིས་པ་དེ་ཉིད་གཏན་ལ་དབབ་པའི་སྒོ་ནས་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་བསྟན་པ་ནི། འཕོ་བ་དང་ལྷ་མོ་ལ་སོགས་པ་ཐམས་ཅད་ནང་དུ་གཏན་ལ་དབབ་པའི་ཕྱིར། རྩ་རྒྱུད་ཕྱི་མའི་བཞི་པ་ལས། གང་ཕྱིར་བཅུ་དྲུག་ཆ་མེད་པས། །འབད་པས་ཀུན་གྱི་ལྷག་མ་སྤང༌། །ཅིའི་སླད་དུ་ཞེ་ན། དོན་གྱི་བྱ་བ་མི་བྱེད་ཕྱིར། །བཅོ་ལྔའི་ཆ་ཡི་བདག་ཉིད་ཀྱི། །ཟླ་བ་བྱང་ཆུབ་སེམས་སུ་འགྱུར། །བདེ་བ་ཆེན་པོ་ཨཱ་ལིའི་གཟུགས། །རྣལ་འབྱོར་མ་རྣམས་དེ་ཡི་ཆ། །ཞེས་གསུངས་ཏེ། དེའང་ཚེས་དང༌། འཕོ་བ་དང༌། རྩ་དང༌། ཡི་གེ་དང༌། བྱང་ཆུབ་ཀྱི་སེམས་དང༌། དགའ་བ་བཅུ་དྲུག་དང༌། ལྷ་མོ་རྣམས་ཏེ། བདུན་བདུན་གཅིག་ཏུ་བསྲེས་ཏེ་དེའང་རྒྱས་པར་བླ་མས་འཆད་པའམ། རྒྱུད་ཀྱི་སྟེང་དུ་རྟོགས་པར་བྱའོ། །དོན་གསུམ་པ་དེ་མི་སྤང་ཞིང་བསྐྱེད་པར་བསྟན་པ་ལ་གཉིས། མི་སྤོང་པ་དང༌། བསྐྱེད་པའོ། །དང་པོ་ནི་ཧེ་བཛྲ་ཕྱི་མའི་བཞི་པ་ལས། རྡོ་རྗེ་སྙིང་པོས་གསོལ་པ། རྣལ་འབྱོར་མ་ཀུན་ལས་བྱུང་བ། །ལྷན་ཅིག་སྐྱེས་དགའི་རང་བཞིན་ཉིད། །འགྲིབ་མེད་བཏུང་མཆོག་ནམ་མཁའ་ཉིད། །ག་པུར་ཅི་ནས་ངས་མི་སྤོང༌། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཇི་སྐད་སྨྲས་པ་དེ་བཞིན་ནོ། །ཞེས་གསུངས་པས་སོ། །གཉིས་པ་བསྐྱེད་པའི་ཐབས་ནི་དེ་ཉིད་ལས། ཐབས་གང་གིས་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལགས། བཀའ་སྩལ་པ། དཀྱིལ་འཁོར་འཁོར་ལོའི་ཐབས་དང་ནི། །རང་བྱིན་བརླབ་པའི་རིམ་པས་ཀྱང༌། །ཀུན་རྫོབ་དོན་དམ་ཚུལ་ཅན་གྱི། །བྱང་ཆུབ་སེམས་ནི་རབ་ཏུ་བསྐྱེད། །ཅེས་གསུངས་ཏེ། ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་བསྟན་ཏེ། རྒྱས་པར་ཉམས་སུ་བླང་བ་ཉིད་ཀྱི་སྐབས་སུ་འཆད་པར་འགྱུར་རོ། །སྤྱི་དོན་གསུམ་པ་རྟེན་དེ་ལ་བརྟེན་ནས་སྐྱེ་བའི་རྫོགས་པའི་རིམ་པ་ཉམས་སུ་བླང་བ་ལ་ལྔ་སྟེ། ཐབས་གཉིས་ཉམས་སུ་བླང་བའི་ཚུལ་དང༌། དེ་ལས་སྐྱེས་པའི་ཏིང་ངེ་འཛིན་གྱི་མཚན་ཉིད་དང༌། མ་སྐྱེས་པ་སྐྱེད་ཅིང་སྐྱེས་པ་བོགས་དབྱུང་བའི་ཐབས་དང༌། མི་མཐུན་པའི་བར་ཆད་བསལ་བ་དང༌། ཏིང་ངེ་འཛིན་གྱི་དྲོད་རྟགས་སོ། །དང་པོ་ཉམས་སུ་བླང་བ་ལ་གཉིས། རང་བྱིན་བརླབ་དང༌། དཀྱིལ་འཁོར་འཁོར་ལོའི་ཐབས་སོ། །དེ་རེ་རེ་ལ་ཡང་རྟེན་དམིགས་པ་དང་བཅས་པ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང༌། བརྟེན་པ་དམིགས་པ་མེད་པ་དོན་དམ་པ་བྱང་ཆུབ་ཀྱི་སེམས་ཏེ། ཀུན་རྫོབ་དོན་དམ་ཚུལ་ཅན་གྱི། །བྱང་ཆུབ་སེམས་གཉིས་རབ་ཏུ་བསྐྱེད། །ཅེས་པ་དང༌། དང་པོའི་བཅུ་པ་ལས་ཀྱང༌། ལྷན་ཅིག་སྐྱེས་པས་གང་སྐྱེས་པ། །ལྷན་ཅིག་སྐྱེས་པར་དེ་བརྗོད་བྱ། །རང་བཞིན་ལྷན་ཅིག་སྐྱེས་ཞེས་བརྗོད། །རྣམ་པ་ཐམས་ཅད་སྡོམ་པ་གཅིག །ཅེས་གསུངས་པས་ན། རྟེན་ཞུ་བདེ་ལྷན་སྐྱེས་དང༌། བརྟེན་པ་རང་བཞིན་ལྷན་སྐྱེས་སོ། །དེ་ལྟར་ན་གང་ལྟར་བསྡེབས་ཀྱང་བཏུབ་མོད་ཀྱི་རེ་ཞིག་གཟུང་བདེ་བའི་དབང་དུ་བྱས་ནས། རང་བྱིན་བརླབ་དང་དཀྱིལ་འཁོར་འཁོར་ལོའི་དམིགས་བཅས་གཉིས་སྔོན་ལ་བརྗོད་པར་བྱའོ། །དེ་ལ་རང་བྱིན་བརླབ་དམིགས་བཅས་ལ་གཉིས། ཟབ་མོ་རྫོགས་པའི་རིམ་པ་དང༌། མི་ཟབ་པ་རྫོགས་པའི་རིམ་པའོ། །དང་པོ་ལ་གཉིས། སོ་སོར་བསྒོམ་པ་དང༌། ལྡན་པར་བསྒོམ་པའོ། །དང་པོ་ལ་བཞི། རྩ་ལུས་ཀྱི་རྣལ་འབྱོར། ཡི་གེ་བྷ་གའི་རྣལ་འབྱོར། བདུད་རྩི་ཐིག་ལེའི་རྣལ་འབྱོར། སྙིང་པོ་རླུང་གི་རྣལ་འབྱོར་རོ། །དང་པོ་ནི་རྩ་རྒྱུད་ལས། རྐྱང་མ་དང་རོ་མ་ལ་སོགས་པའོ། །གཉིས་པའང་ཨྃ་གི་རྣམ་པ་སྡོམ་པའི་གནས་ལ་སོགས་པའོ། །གསུམ་པའང་རྡོ་རྗེ་གུར་བཅུ་བཞི་པ་ལས། སྙིང་གི་དབུས་སུ་ཟླ་བར་གྱུར། །གཟུགས་བརྙན་ཟླ་བར་མ་བཅོམ་པ། །སྣ་ཚོགས་འོད་ཀྱིས་ཡང་དག་ཁྱབ། །དེ་ལས་རྡོ་རྗེ་བསྒོམ་པར་བྱ། །ཞེས་པ་དང༌། སཾ་པུ་ཊའི་ལྔ་པའི་གཉིས་པ་ལས་ཀྱང་མང་དུ་གསུངས་སོ། །བཞི་པའང༌། རྟག་ཏུ་འགྲོ་བ་རླུང་རྣམ་བཞི། །ཞེས་བྱ་བ་ལ་སོགས་པའོ། །གཉིས་པ་ལྡན་པར་བསྒོམ་པ་ལ་གསུམ། དེ་དག་གཉིས་སམ། གསུམ་མམ། བཞི་དང་ལྡན་པར་བསྒོམ་པའོ། །དེ་ལྟར་ཟབ་མོ་ཀུན་ལ་གཏུམ་མོའམ་ཐིག་ལེའི་རྣལ་འབྱོར་ཞེས་མིང་འདོགས་སོ། །དེའི་དམིགས་པ་གཏུམ་མོའི་རྣལ་འབྱོར་ནི། ལེའུ་དང་པོ་ལས། ལྟེ་བར་གཏུམ་མོ་འབར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་བསྲེགས་ཤིང༌། །སྤྱན་ལ་སོགས་པ་ཡང་བསྲེགས་ཏེ། །བསྲེགས་པས་རི་བོང་ཅན་ཧཾ་འཛག །ཅེས་གསུངས་ལ། སྤྱིར་བཤད་པའི་རྒྱུད་སཾ་པུ་ཊ་དང༌། རྡོ་རྗེ་གུར་ལས་འཁོར་ལོ་ལ་བརྟེན་པ་དང༌། མ་བརྟེན་པའོ། །བརྟེན་པ་ལ་ཡང་གཅིག་ལ་བརྟེན་པ་ལ་སོགས་པ་མང་དུ་གསུངས་ཏེ། རྒྱས་པར་བླ་མས་བཤད་དེ་ཤེས་པར་བྱའོ། །གཉིས་པ་མི་ཟབ་པ་རྫོགས་པའི་རིམ་པ་ནི། ཕྲ་མོའི་རྣལ་འབྱོར་གྱི་རྩ་གཉིས་འཛོམ་པའི་སྣ་རྩེར་ཕྲ་མོའི་དཀྱིལ་འཁོར་བསྒོམ་པ་སྟེ། རྡོ་རྗེ་གུར་ལེའུ་བཅུ་བཞི་པ་ལས། རྡོ་རྗེ་མཁའ་འགྲོ་བདག་མེད་མ། །ཆོ་གས་བསྐུལ་བས་བསྒོམ་པར་བྱ། །མཁའ་འགྲོ་སྣ་ཡི་མཐར་གནས་པ། །ཡུངས་ཀར་ཙམ་དུ་རྣམ་པར་བསྒོམ། །ཡུངས་ཀར་ལ་ནི་འགྲོ་བ་ཀུན། །ཁམས་གསུམ་རྒྱུ་དང་མི་རྒྱུ་བ། །དེ་ལྟར་སྒོམ་པར་བྱེད་པ་ཡིས། །རང་གི་བྱིན་བརླབ་རབ་ཏུ་འགྲུབ། །ཅེས་གསུངས་ཏེ་རྒྱས་པར་བླ་མས་གསུང་བར་འགྱུར་རོ། །རང་བྱིན་བརླབ་བསྟན་ཟིན་ཏོ། །ད་ནི་དཀྱིལ་འཁོར་འཁོར་ལོའི་ཐབས་དམིགས་པ་དང་བཅས་པ་ལ་གསུམ་སྟེ། གང་ལ་བརྟེན་ནས་སྐྱེ་བའི་རྟེན་དང༌། དེ་བསྟེན་པའི་ཐབས་དང༌། བསྟེན་པ་ལས་བྱུང་བའི་ཡེ་ཤེས་ཀྱི་མཚན་ཉིད་དོ། །རྟེན་ལ་གཉིས་ཏེ། དངོས་ཀྱི་ཕྱག་རྒྱ་དང༌། ཡེ་ཤེས་ཀྱི་ཕྱག་རྒྱའོ། །དངོས་ཀྱི་ཕྱག་རྒྱ་ལ་གཉིས་ཏེ། གནས་སྐབས་ལ་དགོངས་ནས་གསུམ་དུ་དབྱེ་བ་དང༌། དེ་ཉིད་ངོ་བོ་ལ་དགོངས་ནས་བཞིར་དབྱེ་བའོ། །དང་པོ་ལ་གསུམ་དུ་དབྱེ་ན། ལང་ཚོ་དང་རྗེས་སུ་མཐུན་པ་དང༌། རིགས་དང་རྗེས་སུ་མཐུན་པ་དང༌། ཡོན་ཏན་དང་རྗེས་སུ་མཐུན་པའོ། །དང་པོ་ནི་དབང་དུས་སུ་གཙོ་སྟེ། ཕྱི་མའི་ལྔ་པ་ལས། བཅུ་གཉིས་བརྒྱད་གཉིས་ལོན་པ་ཡི། །ཞེས་བྱ་བ་ལ་སོགས་པ་གསུངས་ལ། གཉིས་པའང་ལམ་དུས་གཙོ་བོ་སྟེ། དེའང་རྩ་རྒྱུད་དང་པོའི་ལྔ་པ་ལས། གར་མ་ཚོས་མ་རྡོ་རྗེ་མ། །གདོལ་མ་དེ་བཞིན་བྲམ་ཟེ་མོ། །ཞེས་བྱ་བ་ལ་སོགས་པ་དང༌། རྡོ་རྗེའི་ཕྱག་རྒྱ་གཡུང་མོ་ཉིད། །དེ་བཞིན་པདྨ་གར་མ་ཉིད། །ཅེས་བྱ་བ་ལ་སོགས་པ་གསུངས་སོ། །གསུམ་པ་ལ་གཉིས། སྦྱངས་པའི་ཡོན་ཏན་ཅན་དང༌། སྐྱེས་ཐོབ་ཀྱི་ཡོན་ཏན་ཅན་ནོ། །དང་པོ་ནི་འབྲས་བུའི་དུས་གཙོ་བོ་སྟེ། རྩ་རྒྱུད་ཕྱི་མའི་གཉིས་པ་ལས། མཆོག་ཐོབ་པ་ཡི་བུད་མེད་གང༌། །རྟོག་པ་ཐམས་ཅད་ཡང་དག་སྤངས། །ཞེས་གསུངས་སོ། །གཉིས་པ་ནི་གནས་སྐབས་ཀུན་ཏུ་འཇུག་པ་པདྨ་ཅན་ཏེ། ཕྱི་མའི་བརྒྱད་པ་ལས། ཤིན་ཏུ་རིང་མིན་ཐུང་བ་མིན། །ཞེས་པ་དང༌། དེ་རྙེད་ན་ནི་དངོས་གྲུབ་འགྱུར། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གཉིས་པ་ལ་བཞི། སྒྲ་ཇི་བཞིན་པ་དང༌། ཇི་བཞིན་མ་ཡིན་པ་དང༌། དབང་དང་རྗེས་སུ་འབྲེལ་པ་དང༌། ཡོན་ཏན་དང་མཐུན་པའོ། །དང་པོ་ནི་མ་ལ་སོགས་པ་བརྒྱད། བྲམ་ཟེ་མོ་ལ་སོགས་པ་བརྒྱད་དེ་བཅུ་དྲུག་ཏུ་འགྱུར་ཏེ། ཧེ་བཛྲ་ལས། མ་དང་སྲིང་མོ་ཉིད་དང་ཡང༌། །ཞེས་བྱ་བ་ལ་སོགས་པ་བརྒྱད་དང༌། གར་མ་ཚོས་མ་རྡོ་རྗེ་མ། །ཞེས་བྱ་བ་ལ་སོགས་པ་བརྒྱད་དོ། །གཉིས་པ་ཇི་བཞིན་མ་ཡིན་པ་ནི་མ་ལ་སོགས་པ་བརྒྱད་བྲམ་ཟེ་མོ་ལ་སོགས་པ་བརྒྱད་དུ་འགྱུར་བ་སྟེ། སཾ་པུ་ཊ་དང་ཡེ་ཤེས་ཐིག་ལེ་ལས། མ་ནི་སྐྱེ་གཉིས་དེ་བཞིན་གཤེགས། །བུ་མོ་གཡུང་མོ་རུ་ནི་བརྗོད། །མནའ་མ་གདོལ་པ་མོར་ཤེས་བྱ། །སྲིང་མོ་གར་མར་ཤེས་པར་བྱ། །སྲིང་མོའི་བུ་མོ་ཚོས་མ་སྟེ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་སྟེ། འཇིག་རྟེན་དང་འབྲེལ་པའི་མ་ལ་སོགས་པ་མ་ཡིན་པར་ཚོས་མ་ལ་སོགས་པ་ཡིན་པར་གསུངས་སོ། །གསུམ་པ་ནི་ཕྱག་རྒྱ་གཅིག་ལ་ལྡོག་པ་བརྒྱད་ཚང་བ་སྟེ། དེའང་གསང་དབང་གི་རྟེན་ལ་མ་ཞེས་བྱ་བ་ལ་སོགས་པའོ། །བཞི་པ་ནི་ཕྱག་རྒྱ་ཐམས་ཅད་ཡོན་ཏན་གྱི་ལྡོག་པས་ཕྱེ་ན་ཕྱག་རྒྱ་གཅིག་ལ་ཡོན་ཏན་བཅུ་དྲུག་བཅུ་དྲུག་སྟེ། དེའང་མ་ཞེས་བྱ་བ་ལ་སོགས་པར་འགྱུར་ཏེ། རྩ་རྒྱུད་དང་པོའི་ལྔ་པ་ལས། གང་ཕྱིར་སྐྱེ་འགྲོ་བསྐྱེད་པའི་ཕྱིར། །ཤེས་རབ་མ་ཞེས་བརྗོད་པར་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དོན་གཉིས་པ་ཡེ་ཤེས་ཀྱི་ཕྱག་རྒྱ་ནི། སཾ་པུ་ཊའི་བརྟག་པ་གཉིས་པའི་གཉིས་པ་ལས། བསྟན་པ་ལ་སྨོད་པའི་འཇིགས་པ་དང༌། སྐྱེ་བོ་གདུག་པའི་ནང་དུ་ནི་རྣལ་འབྱོར་པ་རང་གི་སེམས་འབའ་ཞིག་ལ་དེར་བསམས་པས་སེམས་ལ་ལྷག་པར་མོས་པ་མངོན་དུ་བྱའོ་ཞེས་གསུངས་སོ། །སྤྱི་དོན་གཉིས་པ་བསྟེན་པའི་ཐབས་ལ་གསུམ། སྦྱོར་བ་འདུ་ཤེས་གསུམ་ལྡན་དང༌། དངོས་གཞི་དབབ་གཟུང་གི་ཡེ་ཤེས་ངོས་བཟུང་བ་དང༌། རྗེས་བཟློག་ཁྱབ་ཀྱི་ཡེ་ཤེས་མི་ཉམས་པར་བསྲུང་བའོ། །དང་པོ་ནི་བདག་དང་ཕྱག་རྒྱ་ལྷར་བསྐྱེད་པ་ལྷའི་འདུ་ཤེས་དང༌། མཁའ་གསང་བྱིན་གྱིས་བརླབས་པ་སྔགས་ཀྱི་འདུ་ཤེས་དང༌། ལྷན་སྐྱེས་མངོན་དུ་བྱའོ་སྙམ་པ་ཆོས་ཀྱི་འདུ་ཤེས་ཏེ། ཐབས་འདུ་ཤེས་གསུམ་དང་ལྡན་པས་ཡེ་ཤེས་མངོན་དུ་བྱེད་དེ། རྩ་རྒྱུད་དང་པོའི་ལྔ་པ་ལས། ཐབས་དང་ཤེས་རབ་ཆོ་ག་ཡིས། །དེ་ཉིད་རིག་པས་རྟག་ཏུ་མཆོད། །ཅེས་གསུངས་སོ། །གཉིས་པ་ལ། མཆོག་མཐའ་དགའ་བྲལ་དང་པོར་ནི། །མུན་པ་ལ་ནི་མར་མེ་ལྟར། །དེ་བཞིན་བུས་ཀྱང་ཡིད་ཆེས་གྱིས། །ཞེས་གསུངས་སོ། །གསུམ་པ་ལ། དེས་ནི་སྦྱོར་བ་ལས་བྱུང་བའི། །ག་པུར་མཁས་པས་མི་སྤང་སྟེ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཞིབ་ཏུ་བླ་མས་མན་ངག་ཏུ་སྟོན་པར་འགྱུར་རོ། །སྤྱི་དོན་གསུམ་པ་དེ་ལ་བརྟེན་ནས་སྐྱེས་པའི་ཡེ་ཤེས་ལ་གཉིས་ཏེ། གཞན་གྱི་ལོག་པར་རྟོག་པ་དགག་པ་དང༌། རང་གི་འདོད་པ་བརྗོད་པའོ། །དང་པོ་ལ་གཉིས་ཏེ། ལོག་རྟོག་དང༌། དེ་དགག་པའོ། །དང་པོ་ལ་གསུམ་སྟེ། གནས་ལ་ལོག་པར་རྟོག་པ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ནོར་བུའི་དཀྱིལ་ན་གནས་པ་ན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེས་ཞེས་ཟེར་བ་དང༌། རང་གི་ངོ་བོ་ལ་ལོག་པར་རྟོག་པ་དབང་གི་ཡེ་ཤེས་ནི་དོན་གྱི་ཡེ་ཤེས་ཡིན་ཏེ། སྤྲིན་བར་གྱི་ཉི་མའམ། ཉི་ཤུ་དགུའི་ཟླ་བ་བཞིན་སྐྱེས་མ་ཐག་འགག་གོ་ཞེས་ཟེར་བ་དང༌། གོ་རིམ་ལ་ལོག་པར་རྟོག་པ་ལྷན་སྐྱེས་དགའ་བ་གསུམ་པར་སྐྱེ་སྟེ། བརྟག་པ་དང་པོའི་བཅུ་པ་ལས་ཀྱང༌། དེའང་དགའ་བྲལ་དང་པོར་མཚོན། །ཞེས་པ་དང༌། ཕྱི་མའི་གཉིས་པ་ལས་ཀྱང༌། མཆོག་མཐའ་དགའ་བྲལ་དང་པོར་ནི། །མུན་པ་ལ་ནི་མར་མེ་ལྟར། །ཞེས་པ་དང༌། ལྔ་པ་ལས་ཀྱང༌། མཆོག་གི་མཐའ་དང་དགའ་བྲལ་དབུས། །སྟོང་དང་སྟོང་མིན་ཧེ་རུ་ཀ །ཞེས་གསུངས་པ་ལ་བརྟེན་ནས་མན་ངག་དང་བྲལ་བ་རྣམས་སྨྲའོ། །སྤྱི་དོན་གཉིས་པ་ལོག་རྟོག་དགག་པའང་གསུམ་སྟེ། དང་པོ་གནས་ཀྱི་ལོག་རྟོག་དགག་པ་ལ་གཉིས། བྱང་སེམས་ནོར་བུར་གནས་པའི་ལོག་རྟོག་དང༌། པདྨར་གནས་པའི་ལོག་རྟོག་དགག་པའོ། །དང་པོ་ནི་བྱང་སེམས་རྡོ་རྗེ་བུམ་པའི་དཀྱིལ་དུ་གནས་པ་ལྷན་སྐྱེས་ཡིན་པར་སྨྲ་བ་ནི་མུ་སྟེགས་ཀྱི་འདོད་པ་ཡིན་ཏེ། ལྷ་མོ་ཨུཙྪུ་མའི་རྒྱུད་ཅེས་བྱ་བ་ཕྱི་རོལ་པའི་རྒྱུད་ལས། ཞི་དང་ནུས་པ་མཉམ་སྦྱོར་བའི། །དམ་པ་བདེ་བ་མཆོག་གཉིས་མེད། །ཞི་མིན་ནུས་པ་མ་ཡིན་པས། །རིན་ཆེན་དཀྱིལ་དུ་གང་གནས་པའོ། །ཞེས་གསུངས་སོ། །གཉིས་པ་ནི་ཡང་ཁ་ཅིག་བྱང་ཆུབ་ཀྱི་སེམས་ཉམས་ནས་པདྨར་གནས་པ་ལྷན་སྐྱེས་སུ་སྨྲ་བ་ནི་ཤིན་ཏུ་ཡང་དམན་ཏེ། བྱང་ཆུབ་ཀྱི་སེམས་ནི་ལྷན་སྐྱེས་ཀྱི་རྟེན་ཡིན་པའི་ཕྱིར། དེ་སྤངས་ན་ལྷན་སྐྱེས་མི་སྐྱེ་སྟེ། ཕྱི་མའི་བཞི་པ་ལས། ག་པུར་ཉིད་ནི་བདག་མེད་མ། །བདེ་བ་བདག་མེད་ཚུལ་ཅན་ནོ། །ཞེས་པ་དང་གསང་བ་གྲུབ་པ་ལས་ཀྱང༌། བྱང་ཆུབ་སེམས་ནི་སྤངས་གྱུར་ན། །རྣམ་ཤེས་ཕུང་པོ་བརྒྱལ་འགྱུར་བས། །མ་སྨད་དངོས་གྲུབ་ག་ལ་ཡོད། །ཅེས་གསུངས་པའི་ཕྱིར་རོ། །གཉིས་པ་རང་གི་ངོ་བོ་ལ་ལོག་པར་རྟོག་པ་དགག་པ་ནི། མི་མཁས་པ་ཁ་ཅིག་དབང་གསུམ་པའི་ཡེ་ཤེས་ཉིད་དོན་གྱི་ཡེ་ཤེས་ཡིན་ནོ་ཞེས་འདོད་དོ། །དེ་ལ་འདི་སྐད་དུ་འདྲི་སྟེ། དོན་གྱི་ཡེ་ཤེས་ཞེས་བྱ་བ་སྟེ་རྣམ་པར་རྟོག་པ་ནུབ་ཅིང་བརྗོད་དུ་མེད་པ་ཅུང་ཟད་གསལ་བར་བྱས་པ་མཐོང་བའི་ལམ་གྱི་ཡེ་ཤེས་དང་འདྲ་བ་དེ་ཡིན་ནམ་མཐོང་པའི་ལམ་ཉིད་སྐད་ཅིག་ཙམ་སྐྱེས་པ་ཡིན། དང་པོ་ལྟར་ན་དོན་གྱི་ཡེ་ཤེས་སུ་འདོད་ཀྱང་དཔེ་རུ་ཐལ་ལོ། །གཉིས་པ་ལྟར་ན་མུ་སྟེགས་བྱེད་ཀྱི་ཡེ་ཤེས་དང་མཐུན་པར་འགྱུར་ཏེ། རིག་བྱེད་ཀྱི་མཐའ་གསང་བར་སྨྲ་བའི་གཞུང་ལས། ནུས་དང་ཕྲད་ཅིང་སྦྱོར་བ་ལས། །ནུས་པ་ཆགས་འགྱུར་མཐར་འགྱུར་བ། །ཚངས་པའི་དེ་ཉིད་བདེ་བ་གང༌། །བདེ་དེས་མངོན་སུམ་གྲོལ་བར་འགྱུར། །སྦྱོར་པས་བདེ་བ་རྒྱུན་མི་འཆད། །སྡུག་བསྔལ་འབྱུང་བ་མེད་པ་ཡིས། །ཀུན་ཏུ་དགའ་བ་ཚངས་པའི་གཟུགས། །བདེ་བ་ཐར་པ་ཞེས་བརྗོད་དོ། །ཞེས་བཤད་པས་སོ། །རྩ་རྒྱུད་དང་པོའི་བརྒྱད་པ་ལས་ཀྱང༌། ཀུན་མཁྱེན་ཡེ་ཤེས་དེ་ལྟ་བུ། །ཞེས་དཔེར་བཤད་པ་དང༌། ཡང་དེ་ཉིད་ཀྱི་བཅུ་པ་ལས། གང་ཕྱིར་འབྱུང་བ་ཆེ་བདེ་བ། །དེ་ཕྱིར་བདེ་བ་དེ་ཉིད་མིན། །ཞེས་འབྱུང་བ་ལ་བརྟེན་ནས་དངོས་ཀྱི་ཡེ་ཤེས་སྐྱེ་བར་མི་འགྱུར་རོ་ཞེས་བཤད་པས་སོ། །རིག་པས་ཀྱང་གནོད་དེ་དོན་གྱི་ཡེ་ཤེས་སྐྱེས་ནས་འགག་པའི་ཕྱིར་མཐོང་བའི་ལམ་གྱི་ཡེ་ཤེས་དང༌། སངས་རྒྱས་ཀྱི་ས་ཐོབ་ཀྱང་ཉམས་པར་འགྱུར་རོ། །དེ་འདོད་ན་འབད་པ་དོན་མེད་པར་ཐལ་ལོ། །ཡང་མཐོང་ལམ་ནི་མ་མཐོང་བ་མཐོང་བས་མཐོང་ལམ་ཞེས་བྱ་བ་ཡིན་པས། སྔར་དབང་གི་སྐབས་སུ་མཐོང་ཟིན་པའི་ཕྱིར་མཐོང་ལམ་ཡང་མཐོང་ལམ་མ་ཡིན་པར་ཐལ་ལོ། །ཡང་དེ་དག་གི་སྐྱོན་སྤོང་ཡང་སྐད་ཅིག་ཙམ་མཐོང་ལམ་སྐྱེ་བ་ནི་གསང་སྔགས་ཀྱི་ལུགས་ཡིན་ནོ་ཞེས་སྨྲ་ན། སྐད་ཅིག་མཐོང་བའི་ཚེ་གླིང་བཞི་བྱེ་བ་ཕྲག་བརྒྱ་བསྒུལ་བ་ལ་སོགས་པའི་རྫུ་འཕྲུལ་སྟོན་ཅིག དེ་ལྟར་མི་ནུས་ཀྱང་མཐོང་ལམ་དུ་འདོད་ན་སྨྱོན་པའི་གཏམ་བཞིན་བཞད་གད་ཀྱི་གནས་སོ། །ལོག་རྟོག་རྣམས་ལ་ནི་འདི་དམན་ནོ། །གསུམ་པ་གོ་རིམས་ལ་ལོག་པར་རྟོག་པ་དགག་པ་ལ་གཉིས། གསུམ་པར་འདོད་པའི་ལུགས་གཉིས་དགག་པ་དང༌། བཞི་པར་འདོད་པའི་ལུགས་གཅིག་དགག་པའོ། །དང་པོ་ལ་གཉིས། དབང་བསྐུར་ངན་པའི་ལུགས་དགག་པ་དང༌། ཡང་དག་དབང་བསྐུར་མ་ཡིན་པའི་ལུགས་དགག་པའོ། །དང་པོ་ལ་ནི་ངོ་བོའི་ལོག་རྟོག་ཀྱང་ཡོད་ལ། གཉིས་པ་ལ་ནི་གོ་རིམས་ཀྱི་ལོག་རྟོག་ཡོད་དོ། །དེ་གཉིས་ཕྱོགས་གཅིག་ཏུ་དགག་སྟེ། དེ་ལ་གཉིས། ལུང་གིས་དགག་པ་དང༌། རིགས་པས་དགག་པའོ། །དང་པོ་ནི་དང་པོའི་བཅུ་པ་ལས། དང་པོ་དགའ་བ་ཙམ་ཉིད་དེ། །གཉིས་པའི་གྲངས་ལས་མཆོག་དགའ་ཉིད། །གསུམ་པ་ལ་ནི་དགའ་བྲལ་ཏེ། །བཞི་པ་ལྷན་ཅིག་སྐྱེས་པར་བརྗོད། །ཅེས་བྱ་བ་དང༌། རྡོ་རྗེ་གུར་ལས། དགའ་བྲལ་དགའ་བ་དག་གི་མཐར། །རྟོག་པའི་དྲྭ་བ་རྣམ་པར་སྤངས། །འགྱུར་མེད་འཁྲུལ་པ་ལས་འདས་ཤིང༌། །ཀྱེ་ཡི་རྡོ་རྗེ་རྣམ་པར་གསལ། །ཞེས་གསུངས་པ་དང༌། དང་པོའི་བརྒྱད་པ་ལས་ཀྱང༌། ཡན་ལག་དྲུག་བསྒོམ་རྣལ་འབྱོར་པས། །དགའ་བྲལ་མཐར་ཡང་དེ་བཞིན་ནོ། །ཞེས་གསུངས་སོ། །རིགས་པས་ཀྱང་གནོད་དེ། དེ་ལ་བཅུ་གཅིག་སྟེ། སྐད་ཅིག་མ་བཞི་འཁྲུགས་པ་དང༌། དེ་བཞིན་དུ་དགའ་བ་དང༌། འཁོར་ལོ་དང༌། ཡས་འབབ་དང༌། དབང་དང༌། དྲི་མ་དང༌། ཁམས་གསུམ་གྱི་འདོད་པ་དང༌། བསམ་གཏན་དང༌། ས་ལམ་དང༌། མས་བརྟན་དང༌། ཕྱག་རྒྱ་བཞི་དང༌། འབྲས་བུའི་བར་དུ་འཁྲུགས་པའོ། །སྐད་ཅིག་མ་བཞིས་དགའ་བ་བཞི་མཚོན་པར་གསུངས་པ་ལ་སྐད་ཅིག་མ་བཞི་འཁྲུགས་པས་དགའ་བ་བཞིའང་འཁྲུགས་པར་འགྱུར་རོ། །གསུམ་པ་འཁོར་ལོ་བཞིའི་གོ་རིམ་ཀྱང་འཁྲུགས་པར་འགྱུར་ཏེ། མགྲིན་པའི་འཁོར་ལོ་ལྷན་སྐྱེས་སུ་འགྱུར་ལ། སྤྱི་བོ་དགའ་བྲལ་དུ་འགྱུར་རོ། །བཞི་པ་ཡས་འབབ་ཀྱི་དགའ་བ་བཞིའི་གོ་རིམ་ཀྱང་འཁྲུགས་ཏེ། སྤྱི་བོ་ནས་མགྲིན་པ་དགའ་བ། སྙིང་ག་མཆོག་དགའ་ནི་མཐུན་ལ། ལྟེ་བ་དགའ་བྲལ་ནི་ལྷན་སྐྱེས་སུ་འགྱུར་ལ། རྡོ་རྗེའི་རྩེ་མོར་ལྷན་སྐྱེས་ནི་དགའ་བྲལ་དུ་འགྱུར་ཏེ། དེའི་རིམ་པ་ཡང༌། དཔལ་བདེ་བ་ཆེན་པོ་ཞེས་བྱ་བའི་རྒྱུད་ལས། དགའ་བ་ཁུ་བ་འབབ་པ་སྟེ། །གཙུག་ཏོར་སྨིན་ཕྲག་མགྲིན་པའི་ཚད། །མགྲིན་པ་སྙིང་གར་མཆོག་དགའ་སྟེ། །དེས་ན་དགའ་བ་བྲལ་བར་འགྱུར། །སྣ་ཚོགས་རོལ་མོ་ལྟེ་བ་ནས། །ཇི་སྲིད་གསང་བའི་པདྨར་སོན། །ཇི་སྲིད་གསང་བའི་ནོར་རྩེ་ནས། །མ་འཕྲོས་བར་དུ་ལྷན་ཅིག་སྐྱེས། །ཞེས་གསུངས་ཏེ། ལྔ་པ་ཡང་དབང་བཞིའི་གོ་རིམ་ཡང་འཁྲུགས་པར་འགྱུར་ཏེ། ཕྱི་མའི་གསུམ་པ་ལས། དབང་ནི་བཞི་ཡི་གྲངས་ཀྱིས་ནི། །དགའ་བ་ལ་སོགས་རིམ་ཤེས་བྱ། །ཞེས་གསུངས་པས་ན། བུམ་དབང་གིས་དགའ་བ། གསང་དབང་གིས་མཆོག་དགའ། ཤེས་རབ་ཡེ་ཤེས་ཀྱིས་དགའ་བྲལ་མཚོན་ལ། བཞི་པས་ལྷན་སྐྱེས་མཚོན་པ་ཡིན་པ་ལ། བཞི་པས་དགའ་བྲལ་མཚོན་པར་འགྱུར་རོ། །དེ་འདོད་དོ་ཞེ་ན། དྲུག་པ་དྲི་མ་འཁྲུད་པའི་གོ་རིམ་ཀྱང་འཁྲུགས་པར་འགྱུར་ཏེ། ཕྱི་མའི་གསུམ་པ་ཉིད་ལས། དགོད་པ་དག་པ་སློབ་དཔོན་ཉིད། །ལྟ་བ་གསང་བ་དེ་བཞིན་ནོ། །ལག་བཅངས་ལ་ནི་ཤེས་རབ་ཉིད། །གཉིས་གཉིས་འཁྱུད་པ་དེ་ཉིད་དང༌། །ཞེས་གསུངས་པས་ན་དབང་བཞི་དང༌། དགའ་བ་བཞི་གོ་རིམ་མཐུན་པའི་ཕྱིར་ཤེས་རབ་ཡེ་ཤེས་ཀྱི་ལག་བཅངས་ཀྱི་འདོད་ཆགས་བྲལ་བར་བྱེད་པ་བཞིན་ལྷན་སྐྱེས་ཀྱིས་ཀྱང་ལག་བཅངས་ཀྱི་འདོད་ཆགས་བྲལ་བར་བྱེད་ལ། དབང་བཞི་པས་འཁྱུད་པའི་དྲི་མ་བྲལ་བ་བཞིན་དགའ་བྲལ་གྱིས་ཀྱང་འཁྱུད་པའི་དྲི་མ་བྲལ་བར་འགྱུར་རོ། །དེའང་འདོད་དོ་ཞེ་ན། ལྷན་ཅིག་སྐྱེས་པས་དགའ་བྲལ་ཉིད་བཟང་བར་འགྱུར་ཏེ། དྲི་མ་ཆེན་པོ་འདག་པའི་ཕྱིར་རོ། །བདུན་པ་ཁམས་གསུམ་གྱི་འདོད་པ་དང་བསམ་གཏན་འཁྲུགས་པ་ནི། ཁམས་གསུམ་གྱི་འདོད་པ་དང་བསམ་གཏན་བཞི་པ་རྣམས་བཟང་ཞིང༌། དེ་ལ་བརྟེན་ནས་འཁོར་བ་སྤོང་སྟེ་ཞིབ་ཏུ་བླ་མས་བསྟན་པར་བྱའོ། །ས་ལམ་དང༌། མས་བརྟན་དང༌། ཕྱག་རྒྱ་དང༌། འབྲས་བུ་རྣམས་ཀྱང་མཐར་ཐུག་དང་བཞི་པ་རྣམས་བཟང་བ་ཡིན་ཏེ། ཞིབ་ཏུ་བརྗོད་པར་བྱའོ། །གཉིས་པ་ལྷན་སྐྱེས་བཞི་པར་འདོད་ཀྱང་ནོར་བ་ནི། བྱང་ཆུབ་ཀྱི་སེམས་པདྨར་བབས་ནས་དེའི་རྗེས་ལ་ཚུར་ཕྲོགས་པ་ལས་ཡེ་ཤེས་སྐྱེའོ་ཞེས་ཟེར་ན་གཞུང་དང་འགལ་ཏེ། ཧེ་བཛྲ་ལས། མཆོག་མཐའ་དགའ་བྲལ་དང་པོར་ནི། །ཞེས་པ་དང༌། བདེ་བ་ཆེན་པོའི་རྒྱུད་ལས་ཀྱང༌། ཇི་སྲིད་གསང་བའི་ནོར་རྩེ་ནས། །མ་འཕྲོས་བར་ལ་ལྷན་ཅིག་སྐྱེས། །ཞེས་གསུངས་སོ། །དེ་དག་ཀྱང་ཞིབ་ཏུ་བླ་མས་བསྟན་པར་བྱའོ། །དེ་དག་གི་བརྗོད་པ་མང་དུ་ཡོད་མོད་ཀྱང་གཞུང་མངས་པས་འཇིགས་པས་མ་སྤྲོས་སོ། །ད་ནི་རང་གི་འདོད་པ་བརྗོད་པར་བྱ་སྟེ། དེ་ལ་གཉིས། འདོད་པ་དངོས་དང༌། དེ་ལ་རྩོད་པ་སྤང་བའོ། །དང་པོ་ལ་གསུམ། ཡང་དག་པའི་གནས་དང༌། རང་གི་ངོ་བོ་ཡང་དག་པ་དང༌། གོ་རིམ་ཡང་དག་པའོ། །དང་པོ་ནི། གནས་ཀྱི་དབང་དུ་བྱས་ན་ཐབས་ཀྱི་རིགས་ཀྱི་བདག་པོའི་ཁ་དང༌། ཤེས་རབ་ཀྱི་རྩ་མཛེས་པའི་སྣ་རྩེར་བྱང་ཆུབ་ཀྱི་སེམས་གནས་ཏེ། མ་ཉམས་པའི་དུས་དེར་སྐྱེ་བར་འགྱུར་ཏེ། རྩ་རྒྱུད་ཕྱི་མའི་གཉིས་པ་ལས་ཀྱང༌། མཆོག་མཐའ་དགའ་བྲལ་དང་པོར་ནི། །མུན་པ་ལ་ནི་མར་མེ་ལྟར། །ཞེས་བྱ་བ་དང༌། བདེ་བ་ཆེན་པོའི་རྒྱུད་ལས་ཀྱང༌། ཆགས་དང་ཆགས་བྲལ་རང་བཞིན་ཉམས། །རྡོ་རྗེ་རྩེ་མོ་རབ་རྒྱས་འགྱུར། །བདེ་ཆེན་རང་བཞིན་འདི་ཉིད་ནི། །རྫོགས་པའི་སྒྲ་ཡིས་བསྟན་པ་ཡིན། །ཞེས་གསུངས་སོ། །གཉིས་པ་རང་གི་ངོ་བོ་ནི་མཚོན་བྱེད་དཔེའི་ཡེ་ཤེས་ཞེས་བྱ་བ་བཞིན་གྱི་དཀྱིལ་འཁོར་བལྟ་བར་འདོད་པ་ལ་མེ་ལོང་གི་གཟུགས་བརྙན་ནམ། བདུད་རྩི་དོན་དུ་གཉེར་བ་ལ་སྦྲང་རྩི་ལྕེ་ལ་བཞག་པ་ལྟ་བུ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་ཉིད་དམ་མཐོང་ལམ་གྱི་ཡེ་ཤེས་དེ་ཉིད་ནི་མ་ཡིན་ཞིང་ཡེ་ཤེས་དེ་མཚོན་དུ་རུང་བ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་སྐྱེ་བ་ཡིན་ཏེ། རྩ་བའི་རྒྱུད་ལས་ཀྱང༌། ཀུན་མཁྱེན་ཡེ་ཤེས་དེ་ལྟ་བུ། །ཞེས་གསུངས་ལ། སློབ་དཔོན་ཀླུ་སྒྲུབ་ཀྱིས་ཕྱག་རྒྱ་བཞི་པ་ལས་ཀྱང༌། ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་རྒྱུ་མཐུན་པའི་འབྲས་བུ་སྐྱེ་བར་བྱེད་དོ། །འདྲ་བར་འབྱུང་བས་རྒྱུ་མཐུན་པའོ། །ཇི་ལྟར་མེ་ལོང་ལ་བརྟེན་ནས་བཞིན་གྱི་གཟུགས་བརྙན་འབྱུང་བ་དེ་ནི་དེ་བཞིན་དུ་མི་འབྱུང་བར་མི་འགྱུར་རོ། །སྔོན་དུ་ཡང་མ་གྲུབ་ལ་ད་ལྟར་ཡང་མ་གྲུབ་པའི་ཕྱིར། དེ་ལྟར་བཞིན་གྱི་གཟུགས་བརྙན་ནི་འདྲ་བ་ཙམ་དུ་རྟོགས་པར་བྱའོ། །དེ་ལྟར་ན་འཇིག་རྟེན་པ་རྣམས་རང་གི་བཞིན་མཐོང་བ་ཞེས་འཁྲུལ་པས་དགའ་བར་འགྱུར་རོ། །དེ་བཞིན་དུ་སློབ་དཔོན་དམན་པས་སློབ་མ་དམན་པ་རྣམས་ཤེས་རབ་ཡེ་ཤེས་བསྒྲུབས་ནས་དེ་ཁོ་ན་ཉམས་སུ་མྱོང་ངོ་ཞེས་དགའ་བ་སྐྱེ་བར་འགྱུར་ཏེ། དེ་ལ་དགའ་ཞིང་མགུ་བས་ཆོས་ཀྱི་ཕྱག་རྒྱའི་གཏམ་ཡང་མི་ཤེས་སོ་ཞེས་གསུངས་སོ། །འདི་ལ་རྨོངས་པ་དག་འདི་སྐད་དུ་སློབ་དཔོན་དག་གིས་གཉིད་དང་འཁྲིག་དུས་སྐད་ཅིག་མ་ཞེས་གསུངས་པ་སྟེ། རྣམ་རྟོག་ཅུང་ཟད་ནུབ་པ་ཙམ་ལ་དགོངས་པ་ལ། དེ་ལ་ལོག་པར་རྟོག་པས་གཉིད་མཐུག་པོ་དང་འཁྲིག་པའི་དུས་སུ་ཡེ་ཤེས་སྐད་ཅིག་ཙམ་སྐྱེའོ་ཞེས་སྨྲ་སྟེ། དེ་ལྟར་ན་སེམས་ཅན་དང་འགོག་པའི་བསམ་གཏན་པ་རྣམས་ཀྱིས་ཀྱང་སངས་རྒྱས་འབད་པ་མེད་པར་ཐོབ་པར་འགྱུར་བ་ལ་སོགས་པའི་སྐྱོན་དང༌། སློབ་དཔོན་ཨིནྡྲ་བྷཱུ་ཏིས་ཀྱང་ཡེ་ཤེས་གྲུབ་པ་ལས། དབང་པོ་གཉིས་འབྱུང་བདེ་བ་ནི། །དེ་ཉིད་ཡིན་ཞེས་སྐྱེ་ངན་སྨྲའི། །དེ་ནི་བདེ་བ་ཆེ་ཡིན་ཞེས། །རྒྱལ་བ་མཆོག་གིས་མ་གསུངས་སོ། །ཞེས་བྱ་བ་འཁྲིག་པའི་ཡེ་ཤེས་བཀག་པ་དང༌། གཉིད་ཀྱི་ཡེ་ཤེས་དང་རྨོངས་པའི་བསྒོམ་པ་ཡེ་ཤེས་སུ་འདོད་པ་དགག་པའི་ཕྱིར། དེ་ཉིད་ལས། དེས་ན་སེམས་མེད་དེ་ཉིད་ནི། །དེ་ནི་རབ་ཏུ་དགག་པར་བྱ། །ཤིན་ཏུ་རྨོངས་སྐབས་ཡེ་ཤེས་སུ། །རྣལ་འབྱོར་པ་ནི་ལ་ལ་འདོད། །རྨོངས་པ་བསྒོམས་པས་རྨོངས་པ་ནི། །རྨོངས་པ་རྣམས་ཀྱི་འཐོབ་པར་འགྱུར། །ཐམས་ཅད་རྒྱུ་དང་མཚུངས་པ་ཡི། །འབྲས་བུ་འཇིག་རྟེན་ལ་སྤྱོད་དེ། །ཀོ་ཏྲ་པ་ལས་འབྲས་སྐྱེ་བ། །གང་ནའང་ཡོད་པ་མ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་སོ། །སློབ་དཔོན་ཞི་བ་འཚོས་ཀྱང་དེ་ཁོ་ན་ཉིད་གྲུབ་པ་ལས། གཉིད་མཐུག་ལོག་གནས་ལྟ་བུར་ནི། །རྣམ་རྟོག་མེད་ཅིང་བདག་མེད་པ། །འདུ་ཤེས་མེད་ཅིང་སྤྱོད་པ་མེད། །གཟུགས་མེད་ཡོན་ཏན་གང་ཡང་མེད། །ཅེས་བྱ་བ་ནས། བདག་ཉིད་འཕྲོག་པའི་རྐུན་པོ་ནི། །དེ་ཡིས་སྡིག་པ་ཅི་མ་བྱས། །ཞེས་བྱ་བ་ལ་སོགས་པ་མྱ་ངན་ལས་འདས་པ་ལས་འཕྲོས་ནས་གསུངས་སོ། །རྒྱས་པར་གོང་དུ་བཀག་ཟིན་ཏོ། །གསུམ་པ་གོ་རིམ་གྱི་དབང་དུ་བྱས་ན་ལྷན་ཅིག་སྐྱེས་པ་ནི་བཞི་པར་སྐྱེས་སྟེ། དེ་ལ་ཐོག་མར་སྐད་ཅིག་མའི་གོ་རིམ་གྱིས་དགའ་བའི་གོ་རིམ་ཤེས་པར་བྱ་སྟེ། ཕྱི་མའི་གསུམ་པ་ལས། སྐད་ཅིག་དབྱེ་བས་ཕྱེ་བ་ཉིད། །དགའ་བ་དེ་ལས་སྐྱེས་བར་འགྱུར། །སྐད་ཅིག་ཤེས་ན་བདེ་ཤེས་པ། །ཨེ་ཝྃ་རྣམ་པར་རབ་ཏུ་གནས། །ཞེས་སོ། །སྐད་ཅིག་མ་ཉིད་གང་ཡིན་ཞེ་ན། དེ་ཉིད་ལས། སྣ་ཚོགས་དང་ནི་རྣམ་སྨིན་དང༌། །རྣམ་ཉེད་དེ་བཞིན་མཚན་ཉིད་བྲལ། །སྐད་ཅིག་བཞི་ནི་རབ་ཤེས་པ། །དེ་ལྟར་རྣལ་འབྱོར་པས་ཤེས་འགྱུར། །ཞེས་སོ། །སྣ་ཚོགས་ལ་སོགས་པ་གང་ཡིན་ཇི་ལྟ་བུ་ཞེ་ན། དེ་ཉིད་ལས། འཁྱུད་དང་འོ་བྱེད་ལ་སོགས་པ། །སྣ་ཚོགས་རྣམ་པ་སྣ་ཚོགས་བཤད། །རྣམ་པར་སྨིན་པ་དེ་ལས་བཟློག །བདེ་བའི་ཡེ་ཤེས་ཟ་བ་ཉིད། །བདག་གི་བདེ་བ་ཟོས་པ་ཡིས། །གྲོས་ནི་རྣམ་པར་ཉེད་པར་བརྗོད། །མཚན་ཉིད་བྲལ་བ་གསུམ་ལས་གཞན། །ཆགས་དང་ཆགས་བྲལ་རྣམ་པར་སྤངས། །ཞེས་སོ། །སྐད་ཅིག་མ་བཞི་དང་དགའ་བ་བཞིའི་དུས་ནི། སྣ་ཚོགས་དང་པོ་དགའ་བ་ཉིད། །རྣམ་སྨིན་ལ་ནི་མཆོག་དགའ་ཉིད། །རྣམ་ཉེད་དགའ་བྲལ་དགའ་བ་ཉིད། །མཚན་བྲལ་ལྷན་ཅིག་སྐྱེས་པ་ཉིད། །ཅེས་སོ། །དེ་ལྟར་བརྗོད་ཀྱང་ལུང་ལས། ལོག་པར་རྟོག་པའི་སྐྱེ་བོ་དག་ནི། །བདག་གི་བདེ་བ་ཟོས་པ་ཡིས། །གྲོས་ནི་རྣམ་པར་ཉེད་པར་བརྗོད། །ཅེས་བྱ་བ་ཉིད་ཀྱིས་རྣམ་པར་ཉེད་པ་བཞི་པར་འབྱུང་ངོ་ཞེས་ཟེར་ན། དེ་ནི་མ་ཡིན་ཏེ། ལུང་གོང་མ་ཉིད་བརྟན་པར་བྱ་བའི་ཕྱིར་ཡེ་ཤེས་ཐིག་ལེའི་རྒྱུད་ལས། འོ་དང་འཁྱུད་པ་ལ་སོགས་ཀྱི། །སྣ་ཚོགས་དགའ་བ་སྣ་ཚོགས་ཉིད། །བྷ་གར་ལིངྒ་རབ་སྦྱོར་བས། །རྣམ་པར་སྨིན་པ་ཡེ་ཤེས་མཆོག །ཕྱག་རྒྱ་ཉིད་ལ་རྣམ་པར་ཉེད། །མཚན་ཉིད་བྲལ་བས་ངེས་མཚོན་བྱ། །ཞེས་གསུངས་པས་བསྲུབ་པ་དང་སྲུབ་པའི་སྦྱོར་བས་ཕྱག་རྒྱ་ཉེད་པ་ནི་རྣམ་པར་ཉེད་པ་ཞེས་བྱ་བ་གསུམ་པར་འབྱུང་བར་རིགས་སོ། །ལུང་གཞན་དང་པོ་དགའ་བ་ཙམ་ཉིད་དེ། ཞེས་བྱ་བ་ལ་སོགས་པ་སྔར་བརྗོད་པའི་ལུང་ཡང་འདིར་སྦྱར་བར་བྱའོ། །གཉིས་པ་རྩོད་སྤང་ནི་གཉིས། དགའ་བྲལ་དང་དགའ་བྲལ་གྱི་དགའ་བ་མི་འཁྲུལ་བར་བྱ་བ་དང༌། མཆོག་དགའ་དང་མཆོག་དགའི་དགའ་བ་མི་འཁྲུལ་བར་བྱ་བའོ། །དེ་གཉིས་ཀྱང་ཕྱོགས་གཅིག་ཏུ་ཞིབ་ཏུ་བརྗོད་ན། དེ་ལྟར་ན་མཆོག་མཐའ་དགའ་བྲལ་ཞེས་བྱ་བའི་ལུང་ཇི་ལྟར་དྲང་ཞེ་ན། མཆོག་དགའ་ལ་ནི་གཉིས་ཡོད་དེ། རྣམ་པར་སྨིན་པའི་དུས་ཀྱི་མཆོག་དགའ་དང༌། ལྷན་སྐྱེས་ཉིད་ལ་མཆོག་དགར་བཤད་པའོ། །དང་པོ་ལ་ཅིའི་ཕྱིར་མཆོག་དགའ་ཞེས་བྱ་ཞེ་ན། རྡོ་རྗེ་དང་པདྨ་སྦྱར་བས་མཆོག་ཏུ་གྱུར་པའི་དགའ་བ་སྐྱེས་པའི་ཕྱིར་མཆོག་དགའ་འོ། །ལྷན་སྐྱེས་ནི་དགའ་བ་གསུམ་ལས་མཆོག་ཏུ་གྱུར་པའི་ཕྱིར་མཆོག་དགའ་སྟེ། རྩ་རྒྱུད་དང་པོའི་བཅུ་པ་ལས། མཆོག་དགར་བསྒོམ་པ་མེད་ཅིང་སྒོམ་པ་པོ་ཡང་མེད། །ལུས་ཀྱང་མེད་ཅིང་གཟུང་བ་མེད་དང་འཛིན་པའང་མེད། །ཤ་དང་ཁྲག་ཀྱང་མེད་ཅིང་བཤང་དང་གཅི་བ་མེད། །སྐྱུག་བྲོ་རྨོངས་མེད་གཙང་སྦྲ་མེད་ཕྱིར་ཐོགས་མེད་དང༌། །ཆགས་མེད་སྡང་བ་མེད་དང་རྨོངས་མེད་ཕྲག་དོག་མེད། །སེར་སྣ་མེད་ཅིང་ང་རྒྱལ་མེད་དང་མཐོང་བྱ་མེད། །བསྒོམ་དང་སྒོམ་པ་མེད་ཅིང་བཤེས་དང་དགྲ་མེད་ཅིང༌། །རློམ་སེམས་མེད་པའི་ལྷན་ཅིག་སྐྱེས་པ་སྣ་ཚོགས་ཉིད། །ཅེས་གསུངས་ཏེ། ཐོག་མར་མཆོག་དགའ་ཞེས་པ་དང༌། མཇུག་ཏུ། ལྷན་ཅིག་སྐྱེས་པ་སྣ་ཚོགས་ཉིད། །ཅེས་ལྷན་སྐྱེས་ཉིད་ལ་མཆོག་དགར་གསུངས་པས་སོ། །དགའ་བྲལ་ལ་ཡང་གཉིས་ཡོད་དེ། དགའ་བྲལ་གྱི་དགའ་བ་དང༌། དགའ་བ་དང་བྲལ་བའི་དགའ་བྲལ་ལོ། །དང་པོ་ནི་སྐད་ཅིག་གསུམ་པ་རྣམ་པར་ཉེད་པའི་སྐབས་སུ་བྱུང་བའི་ཕྱི་བྱད་གཟུགས་སུ་ཞེན་པའི་དགའ་བ་དང་བྲལ་ཞིང༌། རྣམ་པར་རྟོག་པར་རགས་རིམ་ནུབ་པས་དགའ་བྲལ་གྱི་དགའ་བའོ། །དགའ་བྲལ་ནི་བྱང་ཆུབ་ཀྱི་སེམས་ལུས་ལ་ཉམས་པ་སྟེ། དགའ་བའི་རྒྱུ་དང་བྲལ་བའི་ཕྱིར་རོ། །འདི་ལ་ཁ་ཅིག་དགའ་བྲལ་གྱི་དགའ་བར་འདོད་ན་ཤིན་ཏུའང་འཁྲུལ་ཏེ། འདི་ནི་གནས་སྐབས་ཐམས་ཅད་དུ་སྤང་བར་བྱ་བ་ཉིད་ཡིན་ཏེ། ག་པུར་ཉིད་ནི་བདག་མེད་མ། །བདེ་བ་བདག་མེད་ཚུལ་ཅན་ཉིད། །ཅེས་ག་པུར་སྤངས་ན་བདག་མེད་མ་སྤངས་པར་འགྱུར་བའི་ཕྱིར་མི་སྤང་བ་དང༌། བདེ་བ་ཆེན་པོའི་རྒྱུད་ལས་ཀྱང༌། འཕྲོས་པ་ལས་ནི་ཆགས་བྲལ་འགྱུར། །སྡུག་བསྔལ་བས་ནི་ཁམས་ཟད་དེ། །ཁམས་ཟད་པས་ནི་འཆི་བར་འགྱུར། །ཤི་ནས་དེ་དག་གཞན་དུ་འགྱུར། །སྲིད་པར་འཆིང་ཞིང་སྐྱེ་བ་སྟེ། །དེ་ཕྱིར་འབད་པ་ཐམས་ཅད་ཀྱིས། །ཆགས་པས་དོར་བ་རྣམ་པར་སྤངས། །ཞེས་པ་དང༌། གསང་བ་གྲུབ་པ་ལས་ཀྱང༌། དངོས་གྲུབ་ཀུན་གྱི་རྟེན་གྱུར་པའི། །བྱང་ཆུབ་སེམས་ནི་སྤངས་གྱུར་ན། །རྣམ་ཤེས་ཕུང་པོ་བརྒྱལ་འགྱུར་བས། །མ་སྨད་དངོས་གྲུབ་ག་ལ་ཡོད། །ཅེས་གསུངས་པས་ན། བྱང་ཆུབ་ཀྱི་སེམས་སྤངས་པ་ནི་རྣམ་པ་ཐམས་ཅད་དུ་སྤང་བྱ་ཉིད་ཡིན་པ་དང༌། དེ་ལ་དགའ་བྲལ་གྱི་དགའ་བར་བྱས་ན། དགའ་བ་དང་བྲལ་བར་ནི་འགྱུར་གྱི། དགའ་བ་ནི་མ་ཡིན་ཏེ། དགའ་བའི་རྒྱུ་སྤངས་པའི་ཕྱིར་རོ། །དགའ་བ་བཞིར་ཡང་མི་འགྱུར་ཏེ་ཐ་མ་དགའ་བ་དང་བྲལ་བའི་ཕྱིར་རོ། །ཡང་དགའ་བ་གསུམ་པོ་ཁོ་ན་ལས་མེད་དོ་ཞེ་ན། བཅོམ་ལྡན་འདས་ཀྱིས་དགའ་བ་བཞིར་གསུངས་པ་ལ་དོན་མེད་དོ། །དེ་བས་ན་མཆོག་མཐའ་ཞེས་བྱ་བ་ལ་སོགས་པ་ནི་དགའ་བ་གསུམ་ལས་མཆོག་ཏུ་གྱུར་པའི་ལྷན་སྐྱེས་དེ་ལ་ཡང་ནང་གི་དབྱེ་བས་དགའ་བ་བཞི་ཡོད་པ་ལས་ལྷན་སྐྱེས་ཀྱི་ལྷན་སྐྱེས་ཞེས་སོ། །དགའ་བྲལ་གྱི་དང་པོ་ཞེས་བྱ་བ་ནི་ཐིག་ལེ་དབང་གི་གནས་སུ་མ་ལྟུང་བའི་སྔོན་དུ་ལྷན་སྐྱེས་ཀྱི་ལྷན་སྐྱེས་དེ་སྐྱེ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ལུང་དང་རིགས་པ་གཞན་ནི་གཞུང་མངས་སུ་དོགས་པས་མ་བྲིས་སོ། །དམིགས་པ་དང་བཅས་པའི་རང་བྱིན་བརླབ་དང་དཀྱིལ་འཁོར་འཁོར་ལོའི་ཐབས་བསྟན་ཟིན་ཏོ། །དམིགས་མེད་བསྒོམ་པ་ལ་གཉིས། གཉིས་ཀའི་དམིགས་པ་ལ་བརྟེན་ནས་སྐྱེས་པའི་ཡེ་ཤེས་བསྐྱང་ཚུལ་དང༌། རང་བྱིན་བརླབ་ཀྱི་དམིགས་མེད་བྱེ་བྲག་ཏུ་བསྐྱང་ཚུལ་ལོ། །དང་པོ་ནི་དམིགས་པ་དང་བཅས་པ་དེ་དག་ལ་བརྟེན་ནས་དམིགས་པ་མེད་པ་སྐྱེའི། དམིགས་པ་མེད་པ་ཐོག་མ་ཉིད་ནས་བསྒོམ་པ་ནི་མ་ཡིན་ཏེ། རྟེན་དང་བརྟེན་པ་ཡིན་པའི་ཕྱིར་རོ། །དེ་སྐད་དུ། མདོ་སྡེ་རྒྱན་ལས་ཀྱང༌། དམིགས་པ་ལ་ནི་བརྟེན་ནས་སུ། །མི་དམིགས་པ་ནི་རབ་ཏུ་སྐྱེ། །མི་དམིགས་པ་ལ་བརྟེན་ནས་སུ། །མི་དམིགས་པ་ནི་རབ་ཏུ་སྐྱེ། །ཞེས་གསུངས་ལ། ཀོ་ཏ་ལི་པས་ཀྱང༌། མིག་གི་རྣམ་ཤེས་རྟོགས་པ་ཡིས། །གཉིས་མེད་ཡེ་ཤེས་ངོ་མཚར་ཆེ། །ཞེས་བྱ་བ་ལ་སོགས་པ་དང༌། གཉིས་པོ་དག་གི་སྤྱོད་པ་ཡིས། །གཉིས་མེད་ཡེ་ཤེས་འབར་བར་འགྱུར། །ཞེས་གསུངས་སོ། །དེ་ལ་དམིགས་པ་དང་བཅས་པའི་རང་བྱིན་བརླབ་བམ་དཀྱིལ་འཁོར་འཁོར་ལོའི་ཐབས་ལ་བརྟེན་ནས་ཡེ་ཤེས་ཅུང་ཟད་ཙམ་སྐྱེས་པ་ལ་བརྟེན་ནས་དམིགས་པ་མེད་པ་བསྒོམ་པར་བྱ་སྟེ། རྒྱུ་དང་ལམ་དང་འབྲས་བུ་ཐམས་ཅད་བརྗོད་དུ་མེད་པའི་རང་བཞིན་ཡིན་ནོ་ཞེས་བྱ་བར་ཤེས་པར་བྱ་སྟེ། རྩ་རྒྱུད་དང་པོའི་ལྔ་པ་ལས། སྒོམ་པ་པོ་མེད་བསྒོམ་པ་མེད། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །སྤྲོས་པ་མེད་པའི་རང་བཞིན་ལས། །ལྷ་དང་སྔགས་ནི་ཡང་དག་གནས། །ཞེས་སོ། །བརྗོད་དུ་མེད་པའི་རང་བཞིན་ཡིན་ན་སྣ་ཚོགས་སུ་སྣང་བ་ཇི་ལྟར་ཡིན་སྙམ་ན། ཀུན་རྫོབ་ཙམ་དུའོ། །ཀུན་རྫོབ་ཙམ་དུ་སྣང་ཡང་དེ་རྣམས་ཐམས་ཅད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡིན་ནོ་ཞེས་ཤེས་པར་བྱ་སྟེ། རྩ་རྒྱུད་ཕྱི་མའི་བཞི་པ་ལས། དེ་ཉིད་ལྷན་ཅིག་སྐྱེས་པའི་གཟུགས། །བདེ་བ་ཆེན་པོའི་རྣལ་འབྱོར་མ། །དེ་ཉིད་དཀྱིལ་འཁོར་འཁོར་ལོ་དང༌། །ཡེ་ཤེས་ལྔ་ཡི་རང་བཞིན་ཅན། །ཞེས་བྱ་བ་དང༌། སཾ་པུ་ཊའི་རྟག་པ་དྲུག་པ་ལས་ཀྱང༌། རྡོ་རྗེ་སེམས་དཔའ་ཞེས་བྱར་བཤད། །བདེ་བ་དམ་པ་རུ་ནི་བརྗོད། །རང་འབྱུང་ངོ་བོ་ཉིད་འདི་ནི། །ཆོས་ཀྱི་སྐུར་ནི་རབ་ཏུ་གྲགས། །ཞེས་གསུངས་སོ། །དེ་ལྟར་ཤེས་པར་བྱས་ནས་ཆོས་བདག་མེད་པ་བསྒོམ་པར་བྱ་སྟེ། རྩ་རྒྱུད་ལེའུ་བརྒྱད་པ་ལས། གང་ཕྱིར་ཡིད་ཀྱིས་མི་སྒོམ་པར། །འགྲོ་བ་ཐམས་ཅད་བསྒོམ་པར་བྱ། །ཐམས་ཅད་ཆོས་ནི་ཡོངས་ཤེས་ན། །སྒོམ་པ་ཉིད་ནི་སྒོམ་པ་མིན། །ཞེས་གསུངས་སོ། །དེ་ལ་གང་ཕྱིར་ཡིད་ཀྱིས་མི་བསྒོམ་པ་ཇི་ལྟར་སྒོམ་སྙམ་ན། མཐའ་ཐམས་ཅད་དང་བྲལ་བ་ཡིན་ཏེ། སཾ་པུ་ཊའི་བརྟག་པ་གཉིས་པའི་གཉིས་པ་ལས། སྟོང་པ་བསྒོམ་པར་མི་བྱ་སྟེ། །སྟོང་མིན་བསྒོམ་པར་མི་བྱའོ། །སྟོང་པ་མི་སྤང་རྣལ་འབྱོར་པས། །སྟོང་མིན་ཡོངས་སུ་མི་སྤང་ངོ༌། །སྟོང་དང་སྟོང་མིན་བཟུང་བ་ལས། །རྟོག་པ་ཉུང་མིན་སྐྱེ་བར་འགྱུར། །ཡོངས་སུ་སྤངས་ན་ཀུན་རྟོག་སྟེ། །དེ་ཕྱིར་དེ་ཉིད་ཡོངས་སུ་སྤངས། །ཞེས་བྱ་བ་དང༌། ཐ་ན་ང་ཅི་ཡང་མི་སྒོམ་མོ་སྙམ་པའི་རྣམ་པར་རྟོག་པའང་སྤངས་ཏེ། དེ་ཉིད་ལས། གཉིས་ཀྱི་གཟུང་བ་ཡོངས་སྤངས་པ། །རྣམ་གྲོལ་གནས་དང་ལྡན་པ་སྟེ། །ང་ཞེས་བྱ་བའི་ཀུན་རྟོག་འདི། །དེ་ཕྱིར་འདི་ནི་ཡང་དག་སྤངས། །ཞེས་སོ། །དེ་ལྟ་བུ་དེའི་མཚན་ཉིད་རེ་ཞིག་ལས་དང་པོ་པས་བློའི་ཡུལ་དུ་ཇི་ལྟར་བྱ་སྙམ་ན་རྣམ་པར་རྟོག་པ་ཐམས་ཅད་སྤངས་པ་སྟེ། དེ་ཉིད་ལས། རྣམ་པ་མེད་ཅིང་དོགས་པ་མེད། །འདོད་པ་མེད་ཅིང་སྡིག་པ་བྲལ། །ཐོག་མ་ཐ་མའི་རྟོག་ལས་གྲོལ། །ནམ་མཁའ་ལྟ་བུར་མཁས་པས་བསྒོམ། །ཞེས་གསུངས་ཏེ། བསྒོམ་པར་བྱ་བའི་ཡུལ་འདི་ལ་སྒོམ་བྱེད་ཀྱི་ཤེས་པ་འདིས་བསྒོམ་པའི་དངོས་པོ་འདི་ལྟ་བུ་ཞིག་བསྒོམ། བསྒོམས་པའི་འབྲས་བུ་འདི་ལྟ་བུ་ཞིག་ཐོབ་པར་བྱ་སྙམ་པའི་རྣམ་པར་རྟོག་པའང་མེད། ཉོན་མོངས་པ་དང་དེའི་འབྲས་བུ་སྡུག་བསྔལ་སྤངས་པའི་རྣམ་རྟོག་ཀྱང་མེད། འབྲས་བུ་སངས་རྒྱས་དང༌། དེ་སྒྲུབ་པའི་གཉེན་པོ་ཡེ་ཤེས་བརྟེན་པའི་རྣམ་པར་རྟོག་པའང་མེད་པས་དམིགས་པ་ལ་བརྟེན་ནས་ཡེ་ཤེས་ཅུང་ཟད་སྐྱེས་པ་དང་བསྲེས་ནས་ཉམས་སུ་ལེན་པ་ཡིན་ནོ། །དེ་སྐད་དུ། བྱང་ཆུབ་སེམས་འགྲེལ་ལས། དམིགས་པ་མེད་པའི་སེམས་སུ་ནི། །གནས་པ་ནམ་མཁའི་མཚན་ཉིད་ཡིན། །ནམ་མཁའ་སྒོམ་པ་དེ་ཉིད་ནི། །སྟོང་ཉིད་སྒོམ་པར་བཞེད་པ་ཡིན། །ཞེས་གསུངས་སོ། །དེ་ལྟར་ན་སྙིང་རྗེ་སྤངས་པར་མི་འགྱུར་རམ་སྙམ་ན། མི་འགྱུར་ཏེ། སཾ་པུ་ཊའི་གཉིས་པའི་གཉིས་པ་ལས། སྙིང་རྗེ་ལྡན་པས་སེམས་ཅན་ལ། །རྒྱབ་ཀྱིས་ཕྱོགས་པར་མི་བྱ་ཞིང༌། །ཞེས་བྱ་བ་ནས། དམིགས་མེད་གནས་སུ་ཤེས་རབ་དང༌། །དམིགས་མེད་སྙིང་རྗེ་ཆེན་པོ་ཉིད། །བློ་དང་ལྷན་ཅིག་གཅིག་གྱུར་པས། །ནམ་མཁར་ནམ་མཁའ་ཇི་ལྟ་བའོ། །ཞེས་བྱ་བའི་བར་འབྲས་བུ་དང་ཐུན་མོང་དུ་གསུངས་སོ། །རང་བྱིན་བརླབ་དང་དཀྱིལ་འཁོར་འཁོར་ལོའི་དམིགས་པ་དང་བཅས་པ་གཉིས་ཀའི་ཐུན་མོང་གི་དམིགས་པ་མེད་པའི་བསྒོམ་པའོ། །གཉིས་པ་རང་བྱིན་བརླབ་འབའ་ཞིག་གི་དམིགས་པ་མེད་པར་སྦྱོར་ན་ལེའུ་བརྒྱད་པའི། གང་ཕྱིར་ཡིད་ཀྱིས་མི་སྒོམ་པར། །ཞེས་བྱ་བ་ལ་སོགས་པ་ལ་བརྟེན་ནས་བསྐྱེད་པའི་རིམ་པ་ལ་བརྟེན་པའི་ལས་དང་པོ་པས་ཀྱང་སྒོམ་དུ་རུང་ཡང་ཡུལ་ལ་ཡེ་ཤེས་ངོས་བཟུང་བའི་མན་ངག་ལ་སོགས་པ་སྟོན་ཏེ། ལེའུ་བརྒྱད་པར་འཆད་པར་འགྱུར་རོ། །གཉིས་པ་ཐབས་ལ་བརྟེན་ནས་སྐྱེས་པའི་ཏིང་ངེ་འཛིན་ལ་གཉིས། དོན་དམ་པར་སྤྲོས་པ་དང་བྲལ་ཡང་ཀུན་རྫོབ་ཏུ་སྔགས་དང་ལྷ་ཡང་དག་པར་གནས་པ་དང༌། དེས་ན་འཁོར་འདས་ཀྱི་ཆོས་ཐམས་ཅད་རྣལ་འབྱོར་པའི་ཏིང་ངེ་འཛིན་ལས་བྱུང་བའོ། །དང་པོ་ནི་དང་པོའི་ལྔ་པ་ལས། སྒོམ་པ་པོ་མེད་བསྒོམ་པའང་མེད། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །སྤྲོས་པ་མེད་པའི་རང་བཞིན་ལས། །སྔགས་དང་ལྷ་ནི་ཡང་དག་གནས། །ཞེས་གསུངས་སོ། །གཉིས་པ་ནི། དང་པོའི་བརྒྱད་པ་ལས། ང་ལས་འགྲོ་བ་ཐམས་ཅད་འབྱུང༌། །ང་ལས་གནས་གསུམ་པོ་ཡང་འབྱུང༌། ང་ཡིས་འདི་ཀུན་ཁྱབ་པ་སྟེ། །འགྲོ་བའི་རང་བཞིན་གཞན་མ་མཐོང༌། །ཞེས་གསུངས་པས་རྟོགས་པར་བྱའོ། །གསུམ་པ་བོགས་དབྱུང་བ་ནི་གཉིས། ཐབས་ཀྱིས་བསྟེན་ཚུལ་དང༌། གོམས་པས་ཆུ་བོ་རྒྱུན་གྱི་ཏིང་ངེ་འཛིན་འབྱུང་བའོ། །དང་པོ་ནི་ལེའུ་བརྒྱད་པ་ལས། བཟའ་དང་བཏུང་དང་བླུགས་པ་དང༌། །ཉལ་དང་ལོག་དང་སེམས་པ་དང༌། །ཕྱག་རྒྱ་ཆེན་པོ་མངོན་འདོད་པས། །དེ་ནས་མངོན་དུ་འགྲོ་བར་འགྱུར། །ཞེས་གསུངས་ཏེ་མཉམ་གཞག་གི་རྗེས་ལའང་གོམས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །གཉིས་པ་གོམས་ན་ཆུ་བོ་རྒྱུན་གྱི་རྣལ་འབྱོར་དུ་འགྱུར་བ་ནི་འདི་སྐད་དུ། དབང་པོ་གང་དང་གང་ལམ་ཉིད། །དེ་ནི་དེ་ཡི་ངོ་བོར་འགྱུར། །མཉམ་པར་མ་གཞག་རྣལ་འབྱོར་གྱིས། །རྟག་པར་ཤིན་ཏུ་མཉམ་གཞག་ཉིད། །ཅེས་འབྱུང་བ་དང༌། གཞན་ཡང་རྟག་ཏུ་ཉམས་སུ་བླངས་པས་ཉམས་སུ་མྱོང་བར་འགྱུར་ཏེ། རྩ་རྒྱུད་དང་པོའི་བརྒྱད་པ་ལས། ཆུ་བོའི་རྒྱུན་ནི་རབ་འབབ་དང༌། །མར་མེའི་རྩེ་མོ་རབ་བཅིངས་ལྟར། །རྟག་ཏུ་དེ་ཉིད་རྣལ་འབྱོར་གྱིས། །ཉིན་དང་མཚན་དུ་མཉམ་པར་བཞག །ཅེས་གསུངས་སོ། །ཡང་རྗེས་སྤྱོད་ཀྱི་དུས་ཐམས་ཅད་དུའང་གོམས་པས་མྱོང་བར་འགྱུར་ཏེ། རྩ་རྒྱུད་ཕྱི་མའི་གཉིས་པ་ལས། ཇི་ལྟར་སྒྱུ་མ་རྨི་ལམ་དང༌། །ཇི་ལྟར་བར་མའི་སྲིད་ཡིན་པ། །རྟག་ཏུ་གོམས་པའི་རྣལ་འབྱོར་གྱིས། །དཀྱིལ་འཁོར་འདི་ནི་དེ་བཞིན་འདོད། །ཅེས་གསུངས་སོ། །བཞི་པ་བར་ཆད་བསལ་བ་ལ་གཉིས། བར་ཆད་ཀྱི་རྣམ་གྲངས་དང༌། དེ་ཏིང་ངེ་འཛིན་གྱིས་བསལ་བའོ། །དང་པོ་ནི་འབྱུང་བ་དང༌། གདོན་དང༌། ཏིང་ངེ་འཛིན་གསུམ་གྱིའོ། །དེ་སེལ་བའང་ཏིང་ངེ་འཛིན་དེ་ཉིད་ཀྱིས་ཏེ། ལེའུ་བརྒྱད་པ་ལས། ས་དང་ཆུ་དང་རླུང་དང་ནི། །མེ་དང་ནམ་མཁའ་ཉིད་དང་ནི། །རང་གཞན་རིག་པའི་ཚོར་བ་ཡིས། །ཀུན་གྱིས་སྐད་ཅིག་མི་གནོན་ནོ། །ཞེས་གསུངས་ཏེ། རྐང་པ་གོང་མ་གསུམ་གྱིས་བར་ཆད་བསྟན་ལ། འོག་མས་ལམ་ཉམས་སུ་ལེན་པའི་བར་ཆད་ཐམས་ཅད་ཞི་བར་འགྱུར་བའི་དོན་ཏོ། །ལྔ་པ་ཏིང་ངེ་འཛིན་གྱི་དྲོད་རྟགས་ལ་གཉིས། ལམ་གྱི་ས་མཚམས་དང༌། དེའི་རྟགས་སོ། །དང་པོ་ནི། འཇིགས་སྨྱོ་དེ་བཞིན་སྡུག་བསྔལ་དང༌། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྤྱོད་པའི་སྐབས་བཞིན་ནོ། །གཉིས་པ་རྟགས་ཀྱང༌། དང་པོ་སྤྲིན་གྱི་རྣམ་པ་ཉིད། །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེའང་འོག་སྤྱོད་པའི་དྲོད་རྟགས་ཀྱི་སྟེང་དུ་རྟོགས་པར་བྱའོ། །དེ་ལྟར་དེ་དག་ཞིབ་ཏུ་བླ་མས་འཆད་པར་འགྱུར་རོ། །དེ་ལྟར་དེ་དག་ཀྱང་རྩ་རྒྱུད་ལེའུ་དང་པོ་དང༌། ལྔ་པ་དང༌། བརྒྱད་པ་དང༌། ཞར་ལས་བྱུང་བ་དགུ་པ་དང༌། བཅུ་པ་དང༌། ཕྱི་མའི་གཉིས་པ་དང༌། གསུམ་པ་དང༌། བཞི་པ་དང༌། བཅུ་གཅིག་པ་རྣམས་དང༌། རྡོ་རྗེ་གུར་ལེའུ་གཉིས་པ་དང༌། བདུན་པ་དང༌། བརྒྱད་པ་དང༌། བཅུ་བཞི་པ་རྣམས་དང༌། སཾ་པུ་ཊའི་བརྟག་པ་དང་པོ་ཐམས་ཅད་དང༌། གཉིས་པའི་གཉིས་པ་དང༌། ལྔ་པའི་གཉིས་པ་དང༌། དྲུག་པ་ཐམས་ཅད་དང༌། དགུ་པའི་དང་པོས་ཀྱང་ཅུང་ཟད་བསྟན་ཏོ། །རྫོགས་པའི་རིམ་པ་བསྟན་ཟིན་ཏེ། རིམ་པ་གཉིས་ཀའི་མངོན་པར་རྟོགས་པའང་བསྟན་ཟིན་ཏོ། །དེ་ལྟར་ལམ་གྱི་གཙོ་བོ་རིམ་པ་གཉིས་ལ་གནས་པ་དེས་གང་ཟག་ཕྱི་ལ་མཆོག་ཏུ་གཞོལ་བའི་དབང་དུ་བྱས་ནས་བཟླས་པ་དང༌། སྦྱིན་སྲེག་ལ་སོགས་པ་འདིའི་རྗེས་ལ་འབྱུང་ཡང༌། ནང་དུ་མཆོག་ཏུ་གཞོལ་བ་གཙོ་བོར་བྱས་པ་དང༌། སྤྱི་དོན་མཆོག་བསྒྲུབ་པའི་མངོན་རྟོགས་ལྔར་བྱས་པའི་ཕྱིར་གཟུང་བདེ་བའི་དབང་དུ་བྱས་ནས། རིམ་པ་གཉིས་ལ་གནས་པ་དེས་དྲོད་ཐོབ་ནས་རང་གི་སེམས་ཀྱི་བརྟན་གཡོ་བརྟག་པར་བྱ་བའི་ཕྱིར་སྤྱོད་པ་བརྗོད་པར་བྱའོ། །དེ་ལ་གཉིས་ཏེ། སྤྱོད་པའི་སྔོན་དུ་འགྲོ་བ་དྲོད་དང༌། དྲོད་ཐོབ་པས་སྤྱད་པའི་སྤྱོད་པ་དངོས་སོ། །དང་པོ་ལ་དྲུག་སྟེ། དྲོད་ཅེས་བྱ་བའི་རང་གི་ངོ་བོ་དང༌། རབ་ཏུ་དབྱེ་བ་དང༌། དབྱེ་བ་སོ་སོའི་མཚན་ཉིད་དང༌། དྲོད་མ་ཐོབ་པ་ཐོབ་པར་བྱེད་པའི་ཐབས་དང༌། ཐོབ་པ་བརྟན་པར་བྱེད་པའི་དུས་དང༌། དྲོད་དང་སྤྱོད་པ་མཚམས་སྦྱར་བའོ། །དང་པོ་ནི་ཏིང་ངེ་འཛིན་ལས་སྐྱེས་པའི་ལུས་ངག་ཡིད་ཀྱི་མཐུའམ་ནུས་པའི་ཁྱད་པར་ལ་དྲོད་ཅེས་བྱའོ། །གཉིས་པ་དེ་ལ་དབྱེ་ན་གཉིས་ཏེ། དྲོད་སྤྱིའི་རྟགས་དང༌། བྱེ་བྲག་དྲོད་གསུམ་དུ་དབྱེ་བའོ། །གསུམ་པ་དབྱེ་བ་སོ་སོའི་མཚན་ཉིད་ལའང་གཉིས་ཏེ། དྲོད་སྤྱིའི་མཚན་ཉིད་དང༌། ཆེ་འབྲིང་གསུམ་གྱི་མཚན་ཉིད་དོ། །དང་པོ་ནི། རྡོ་རྗེ་གུར་ལེའུ་བཞི་པ་ལས། མཚན་མ་ཡང་དག་མཚོན་པར་བྱ། །དང་པོ་སྤྲིན་གྱི་རྣམ་པ་སྟེ། །གཉིས་པ་དུ་བ་འདྲ་བ་ཉིད། །གསུམ་པ་མེ་ཁྱེར་རྣམ་པ་ཉིད། །བཞི་པ་མར་མེ་ཉེར་འབར་བ། །ལྔ་པ་རྟག་ཏུ་སྣང་བ་སྟེ། །སྤྲིན་མེད་ནམ་མཁའ་འདྲ་བ་ཉིད། །དེ་ནི་ཐམས་ཅད་མཁྱེན་པའི་རྒྱུ། །དངོས་གྲུབ་ཉེ་བར་འགྱུར་བ་ཡིན། །ཕྱི་ནས་སྒྱུ་མའི་རྣམ་པ་ལྟར། །རྨི་ལམ་རྣམ་པའི་སྐད་ཅིག་འགྱུར། །ཁམས་གསུམ་རྒྱུ་དང་མི་རྒྱུ་བ། །མ་ལུས་ལུས་པ་མེད་པར་འགྲུབ། །ཅེས་བྱ་བ་དང༌། སཾ་པུ་ཊའི་བརྟག་པ་ལྔ་པའི་གཉིས་པ་ལས། དང་པོ་མཚན་མ་ཐམས་ཅད་ཀྱི། །མར་མེའི་རྣམ་པ་མཐོང་བར་འགྱུར། །ཞེས་བྱ་བ་ནས། བརྒྱད་ཀྱིས་རང་འདོད་རྣལ་འབྱོར་པའི། །སངས་རྒྱས་རྣམས་ཀྱི་འབྲས་བུའི་དོན། །ཞེས་བྱ་བའི་བར་དང༌། གཞན་ཡང་གསུངས་ཏེ། ཞིབ་ཏུ་རྒྱུད་ཉིད་ཀྱི་སྟེང་དུ་རྟོགས་པར་བྱའོ། །གཉིས་པ་བྱེ་བྲག་ཏུ་དྲོད་གསུམ་གྱི་མཚན་ཉིད་ལ་གསུམ། དྲོད་ཆུང་ངུ་ཞེས་བྱ་བ་མཉམ་གཞག་ལ་འཇིག་རྟེན་གྱི་ཆོས་བརྒྱད་མགོ་སྙོམས་པ་སྙམ་བྱེད། ཉོན་མོངས་པ་གློ་བུར་བ་དྲག་པོ་ལྡོག་པ་སྙམ་བྱེད་ན། ཀུན་འདར་གྱི་སྤྱོད་པ་སྤྱད་དེ་བརྟན་ནམ་མི་བརྟན་བརྟག མི་བརྟན་ན་སླར་བསམ་གཏན་ལ་འཇུག་སྟེ། ལྔ་པའི་གསུམ་པ་ལས། ཡང་ནི་བསྒོམ་པ་ནུབ་པ་ན། །བསྡུས་ནས་བྱིས་པའི་རྩེ་བ་བྱ། །ཞེས་གསུངས་པས་སོ། །བརྟན་ན་དྲོད་ཆུང་ངུ་ཡིན་ཏེ། ལྔ་པའི་གསུམ་པ་ལས། དེ་བཞིན་འཇིག་རྟེན་ཆོས་བརྒྱད་ནི། །ཐམས་ཅད་ཤིན་ཏུ་ཡུན་དུ་སྤངས། །ཞེས་པ་དང༌། རྩ་རྒྱུད་ཕྱི་མའི་གཉིས་པ་ལས། འཇིགས་སྨྱོ་དེ་བཞིན་སྡུག་བསྔལ་དང༌། །མྱ་ངན་གདུང་བས་འཚེ་བ་དང༌། །འདོད་ཆགས་ཞེ་སྡང་གཏི་མུག་ཆོས། །སྒྲུབ་པ་པོ་ཉིད་ཉོན་མི་མོངས། །ཞེས་གསུངས་པས་སོ། །དྲོད་འབྲིང་པོ་ནི་ཚར་གཅད་པ་དང༌། རྗེས་སུ་གཟུང་བའི་ལས་གང་ཡང་རུང་བ་ཅིག་ནུས་པ་སྟེ། རྣམ་ཤེས་དང་ཡེ་ཤེས་ཀྱི་ལས་ཆ་མི་མཉམ་པ་ཞེས་བྱའོ། །དྲོད་ཆེན་པོ་ནི་ཚར་གཅད་པ་དང་རྗེས་སུ་གཟུང་བ་གཉིས་ཀ་ནུས་པ་སྟེ། རྣམ་ཤེས་དང་ཡེ་ཤེས་ཀྱི་ལས་ཆ་མཉམ་པ་ཞེས་བྱ་སྟེ། དྲོད་ཆེ་འབྲིང་གཉིས་ཀའི་ལུང་ཡང༌། རྩ་རྒྱུད་ཕྱི་མའི་གཉིས་པ་ལས། ཕན་དང་གནོད་པའི་འབྲས་འབྱུང་བ། །དེ་ལྟར་ངེས་པར་ཤེས་ནས་ནི། །ཇི་ལྟར་དེ་ནི་སྐད་ཅིག་ཀྱང༌། །རྣལ་འབྱོར་དུ་འབོད་ག་ལ་འགྲོ། །ཞེས་གསུངས་སོ། །དོན་བཞི་པ་དྲོད་མ་ཐོབ་པ་ཐོབ་པར་བྱེད་པའི་ཐབས་ནི་གསུམ་སྟེ། དྲོད་ཆུང་ངུ་མ་ཐོབ་པ་ཐོབ་པར་བྱེད་པའི་ཐབས་རིམ་པ་གཉིས་བསྒོམ་པ་ཉིད་ཡིན་ལ། འབྲིང་མ་ཐོབ་པ་ཐོབ་པར་བྱེད་པ་ནི་ཀུན་འདར་གྱི་གསང་སྤྱོད་ཡིན་ཞིང༌། ཆེན་པོ་མ་ཐོབ་པ་ཐོབ་པར་བྱེད་པ་ནི་དྲག་ཤུལ་གྱི་ལས་སོ། །དང་པོ་གཉིས་ནི་རྟོགས་པར་སླའོ། །གསུམ་པ་རིམ་པ་གཉིས་ལ་བརྟེན་ནས་དུ་བ་ལ་སོགས་པའི་རྟགས་ལྔའང་མཐོང༌། དྲོད་ཆུང་ངུ་དང་འབྲིང་པོ་ཐོབ་ཀྱང༌། དྲོད་ཆེན་པོ་ཐོབ་ཏུ་མ་བཏུབ་ན་རིམ་པ་གཉིས་ལ་བརྩོན་འགྲུས་དང་བརྟུན་པ་དྲག་པོས་བསྒྲུབ་པ་ཟླ་བ་དྲུག་བྱ། དེ་ལ་མ་གྲུབ་ན་སླར་ཡང་དྲུག དེ་ལ་མ་གྲུབ་ན་སླར་ཡང་དྲུག་བྱ་སྟེ། སློབ་དཔོན་ཌོམྦི་བའི་དེ་ཉིད་བཅུ་པ་ལས། སྒྲུབ་པ་ཆེན་པོ་ཟླ་བ་བཅོ་བརྒྱད་ཀྱིས་ཀྱང་མ་གྲུབ་ན་དྲག་ཤུལ་གྱིས་བསྒྲུབ་པར་བྱའོ། །ཞེས་གསུངས་པས་ན། སྒྲུབ་པ་ཟླ་བ་བཅོ་བརྒྱད་ཀྱིས་མ་གྲུབ་ན་དངོས་པོ་ལ་མངོན་པར་ཞེན་པའི་རྟགས་ཡིན་པས་ལྷ་གནད་ལ་བོར་བ་བསྒྲུབ་པར་བྱ་སྟེ། རྡོ་རྗེ་གུར་ལས། ཆོས་འབྱུང་གྲོང་ཁྱེར་ཡིད་འོང་བར། །རྡོ་རྗེ་མཛུབ་མོའི་སྦྱོར་བ་ཡིས། །གལ་ཏེ་དངོས་གྲུབ་མི་སྟེར་ན། །རྡོ་རྗེ་སེམས་དཔའ་གསད་པར་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མངོན་པར་རྟོགས་པ་ནི་རྒྱུད་ཀྱི་སྟེང་དུ་འཆད་པར་འགྱུར་རོ། །དོན་ལྔ་པ་དེས་དྲོད་ཆེན་པོ་ཐོབ་ནས། ཐོབ་པ་བརྟན་པར་བྱེད་པ་ནི་ཟླ་བ་ཕྱེད་དུ་སྔར་གྱི་དེ་ལ་གོམས་པར་བྱེད་ཅིང་གནས་པར་བྱ་སྟེ། རྩ་རྒྱུད་ཕྱི་མའི་གཉིས་པ་ལས། བརྩེ་བས་དངོས་གྲུབ་དོན་དུ་ཡང༌། །ཟླ་བ་ཕྱེད་དུ་ཡོངས་སུ་རྟོགས། །ཉི་མ་གཅིག་ཀྱང་མ་ཆད་པར། །བསྒོམས་པས་ཡོངས་སུ་བརྟག་པར་གྱིས། །ཞེས་གསུངས་སོ། །དྲུག་པ་དྲོད་དང་སྤྱོད་པ་མཚམས་སྦྱར་བ་ནི། དྲོད་ཆུང་ངུ་ཐོབ་ནས་ཀུན་འདར་གསང་ནས་སྤྱོད་ལ། འབྲིང་པོ་ཐོབ་ནས་ཀུན་འདར་འཇིག་རྟེན་པའི་མངོན་དུ་སྤྱོད་ཅིང༌། དྲོད་ཆེན་པོ་ཐོབ་ནས་ཀུན་ཏུ་བཟང་པོ་སྤྱོད་དོ་ཞེས་ཤེས་པར་བྱའོ། །སྤྱི་དོན་གཉིས་པ་དྲོད་ཐོབ་པས་སྤྱད་པ་སྤྱོད་པ་དངོས་ལ་རྒྱས་པར་དབྱེ་ན་བཅུ་བཞི་ལ་སོགས་པར་གསུངས་ཀྱང་མདོར་བསྡུ་ན་དྲུག་ཏུ་འདུས་ཏེ། སྤྱོད་པ་རང་གི་ངོ་བོ་དང༌། རབ་ཏུ་དབྱེ་བ་དང༌། དབྱེ་བ་སོ་སོའི་མཚན་ཉིད་དང༌། སྤྱོད་པ་སྤྱད་པའི་དུས་དང༌། རྟེན་གྱི་གང་ཟག་དང༌། སྤྱོད་པའི་དགོས་པའོ། །དང་པོ་ནི་སྤྱིར་ལས་དང་པོ་པའི་སྤྱོད་པ་ཞེས་བྱ་བ་ལ་སོགས་པ་ལུས་ངག་གི་སྤྱོད་པ་མང་དུ་གནས་ན་ཡང་འདིར་གནས་སྐབས་ཀྱི་སེམས་བརྟན་པ་ཐོབ་པ་ལ་བྱ་སྟེ། དང་པོར་བླ་མ་ལ་ཕྱག་བྱས། དངོས་པོ་ཐམས་ཅད་ཕུལ། ལུས་ཀྱང་སེམས་ཅན་ཐམས་ཅད་ལ་བསྔོས་ལ་སྤྱོད་པ་ལ་འགྲོ་སྟེ། ལྔ་པའི་གསུམ་པ་ལས། དཔལ་ལྡན་སློབ་དཔོན་རྡོ་རྗེ་ཅན། །ཀུན་གྱི་མགོན་ལ་ཕྱག་འཚལ་ལོ། །ཞེས་པ་དང༌། ལེའུ་དྲུག་པ་ལས། ལུས་ཀྱི་སྦྱིན་པ་བྱིན་ནས་ནི། །ཞེས་གསུངས་སོ། །དེ་ནས་སྤྱོད་པ་དངོས་ནི། ནང་དུ་དེ་ཁོ་ན་ཉིད་ཀྱི་རྟོགས་པས་ཀུན་ནས་བསླང་བའི་ཕྱིར་རོལ་དུ་ལུས་ངག་གཡོ་ཞིང་རྒྱུ་བ་ཅི་འདོད་བྱེད་པའི་ཁྱད་པར་ལ་བྱའོ་ཞེས་བྱ་སྟེ། ལུས་ཅི་འདོད་བྱ་བ་བྱེད་པའི་ཁྱད་པར་ནི་རེས་ཅོ་རེག་དང་རལ་པ་ཅན་ལ་སོགས་པ་དང༌། བགོ་བར་བྱ་བ་ལ་ངེས་པ་མེད་དེ། ལྔ་པའི་བཞི་པ་ལས། རོ་ཡི་དཀྲིས་མའི་གོས་བཟང་དང༌། །རོ་བསྲེགས་ཐལ་བས་དེ་བཞིན་བརྒྱན། །ཞེས་བྱ་བ་དང༌། སྨད་གཡོགས་ཁ་དོག་སྣ་ཚོགས་ཉེད། །ཅེས་བྱ་བ་ལ་སོགས་པ་དང༌། རྩ་རྒྱུད་ལས། བགོ་བ་སྟག་གི་པགས་པ་ཉིད། །བཟའ་བ་མི་འཆི་བཅུ་ཕྱེད་དེ། །ཞེས་བྱ་བ་ལ་སོགས་པའོ། །བཟའ་བར་བྱ་བ་ལ་ངེས་པ་མེད་དེ། རེས་བཟའ་བར་བྱ་བ་བཟང་པོ་རྒུན་འབྲུམ་ལ་སོགས་པ་ཟ་ལ། རེས་ངན་པ་སྐྱུགས་པ་ལ་སོགས་པ་རྣམས་ཀྱང་ཟ་སྟེ། ལྔ་པའི་གསུམ་པ་དང་བཞི་པ་ལས། །ཁྱི་དང་བོང་བུ་རྔ་མོ་དང༌། །གླང་པོ་ལ་སོགས་ཁྲག་འཐུངས་ནས། །ཞེས་བྱ་བ་ལ་སོགས་པ་དང༌། ཇི་ལྟར་རྙེད་པ་བཞིན་དུ་བཟའ། །ཟོས་ཤིང་ཟོས་དང་གཏོར་མ་སྦྱིན། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྒྱན་ཆ་ལའང་ངེས་པ་མེད་དེ། འབྲས་བུ་སྣ་ཚོགས་དོ་ཤལ་སོགས། །འོལ་མ་ཟིལ་སོགས་དེ་བཞིན་སྤྲས། །ཞེས་བྱ་བ་ལ་སོགས་པ་དང༌། སྣོད་དང་སྤྱོད་པ་བྱེད་པའི་དུས་དང་གནས་རྣམས་ལའང་ངེས་པ་མེད་དེ། རོ་ཡི་ཁམ་ཕོར་ཐོགས་ནས་ནི། །མཚན་མོའི་དུས་སུ་རྒྱུ་བར་བྱ། །བཞི་མདོ་དང་ནི་རི་བོ་དང༌། །ཤིང་གཅིག་གམ་ནི་དུར་ཁྲོད་དུ། །ཞེས་བྱ་བ་ལ་སོགས་པ་དང༌། གཞན་པའི་ཡུལ་འཁོར་གྲུབ་པ་དང༌། །རི་ཡི་ཕུག་དང་ཚང་ཚིང་དང༌། །གདོད་ནས་གྲུབ་པའི་དུར་ཁྲོད་ཆེ། །རྒྱ་མཚོ་ཆེན་པོའི་འགྲམ་དུའམ། །སྐྲག་པ་ཐམས་ཅད་རྣམ་སྤངས་ཏེ། །དེ་ལྟར་ཤེས་རབ་ཅན་གྱིས་བསྒོམ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ངག་ལའང་ངེས་པ་མེད་པར་སྨྲ་སྟེ། རེས་འགའ་ལེགས་སྦྱར་ཟུར་ཆག་ནི། །ལྡོག་པ་ཡིས་ནི་འདོན་པར་བྱེད། །ཅེས་སོ། །གྲོགས་ལའང་ངེས་པ་མེད་དེ། བགྲོད་པ་དང་བགྲོད་པར་བྱ་བ་མ་ཡིན་པ་དེ་ལ་བགྲོད་པ་དང་ཞེས་གསུངས་སོ། །ལུས་ངག་གི་དམ་ཚིག་ལས་གྲོལ་བས་ན། ལུས་ངག་གི་དམ་ཚིག་ལ་ངེས་པ་མེད་དེ། གང་ཞིག་བྱ་བ་མ་ཡིན་པ་དེ་ནི་བྱ་བ་དང་ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་སོ། །ལུས་ངག་གི་དམ་ཚིག་ལ་བླ་མ་ལ་ཕྱག་བྱ་བ་ནི་མི་འདོར་ཏེ། ཡེ་ཤེས་ཀྱི་དམ་ཚིག་ཡིན་པའི་ཕྱིར་རོ། །དེ་ཡང་ལྔ་པའི་གསུམ་པ་ལས། རྒྱལ་བས་མཆོད་པའི་སློབ་དཔོན་ནི། །སེམས་ཅན་ཡིན་ཡང་ཡེ་ཤེས་ཀྱི་དམ་ཚིག་གིས་རྟག་ཏུ་དངོས་གྲུབ་སྦྱིན་པར་བྱེད་དེ། བློ་དང་ལྡན་པ་ལ་ཕྱོགས་བཅུར་བཞུགས་པ་མཆོད་པར་བྱེད་དོ། །གང་གི་ཕྱིར་རྫོགས་པའི་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའི་བསོད་ནམས་གང་ཞིག་སློབ་དཔོན་གྱི་བ་སྤུའི་ཁུང་བུའི་རྩེ་མོ་ལ་མཐོང་བ་དེའི་ཕྱིར་བྱང་ཆུབ་སེམས་དཔའི་སློབ་དཔོན་ལ་སངས་རྒྱས་ཀྱི་མཆོད་པ་བྱེད་པ་མཐོང་ངོ༌། །ངེས་པར་རང་གི་དམ་ཚིག་གིས་སངས་རྒྱས་འདོད་པས་དངོས་གྲུབ་སྦྱིན་པར་བྱེད་པ་བླ་མ་དམ་པ་ལ་སྨད་པར་མི་བྱ་བ་དང་ཞེས་བྱ་བ་ལ་སོགས་པ་དང༌། དཔལ་ལྡན་སློབ་དཔོན་རྡོ་རྗེ་ཅན། །ཀུན་གྱི་མགོན་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྩ་རྒྱུད་དང་པོའི་དྲུག་པ་ལས་ཀྱང༌། དངོས་གྲུབ་ཐོབ་པའི་སློབ་མ་གང༌། །ཡང་དག་ཡེ་ཤེས་སྣང་བ་པོ། །མནར་མེད་སྤངས་པའི་རྒྱུ་ཡི་ཕྱིར། །གྲུབ་པས་བླ་མ་མངོན་ཕྱག་འཚལ། །ཞེས་གསུངས་སོ། །སྤྱོད་པའི་རང་གི་ངོ་བོ་བསྟན་ཟིན་ཏོ། །རབ་ཏུ་དབྱེ་ན་གཉིས་ཏེ། ཀུན་འདར་གྱི་སྤྱོད་པ་དང༌། ཀུན་ཏུ་བཟང་པོའི་སྤྱོད་པའོ། །དེའང་ལྔ་པའི་གསུམ་པ་ལས། གང་ཞིག་འགྲོ་ལ་ཕན་པ་ཡི། །ཀུན་འདར་གྱི་ནི་སྤྱོད་པ་གསུངས། །ཞེས་པ་དང༌། ཀུན་བཟང་མཚུངས་པ་མེད་གྲུབ་པས། །སྤྱོད་པ་ངེས་རིག་རྡོ་རྗེ་ཅན། །ཞེས་གསུངས་སོ། །ཀུན་འདར་གྱི་སྤྱོད་པ་ལ་མིང་གི་རྣམ་གྲངས་སྨྱོན་པའི་བརྟུལ་ཞུགས་ཀྱི་སྤྱོད་པ་ཞེས་བྱ་བ་དང༌། རྒྱལ་བུ་གཞོན་ནུའི་སྤྱོད་པ་ཞེས་བྱ་བ་དང༌། གསང་སྤྱོད་ཅེས་བྱའོ། །ཀུན་ཏུ་བཟང་པོའི་སྤྱོད་པ་ལ་མིང་གཞན་དོན་ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པ་ཞེས་བྱ་བ་དང༌། རྒྱལ་ཚབ་ཆེན་པོའི་ས་ལ་གནས་པ་བརྟུལ་ཞུགས་ཀྱི་སྤྱོད་པ་ཞེས་བྱ་བ་དང༌། འཇིག་རྟེན་པའི་མངོན་དུ་སྤྱོད་པ་ཞེས་བྱའོ། །དབྱེ་བ་སོ་སོའི་མཚན་ཉིད་ནི། ཅིའི་ཕྱིར་ཀུན་འདར་གྱི་སྤྱོད་པ་ཞེས་བྱ་ཞེ་ན། སྨྱོན་པ་འདྲ་བས་འཇིག་རྟེན་པ་རྣམས་འཇིགས་ཤིང་འདར་བས་ཀུན་འདར་མ། ཡང་ཀུན་འདར་ལ་སྒྲ་སོར་བཞག་ན་ཨ་ཝ་དྷཱུ་ཏཱི་ཞེས་བྱ་སྟེ། དེ་ནི་གཉིས་སྤངས་ཞེས་བྱ་བར་ཡང་འགྱུར་བས་ན་བཟའ་བྱ་དང༌། བཟའ་བྱ་མ་ཡིན་པ་གཉིས་མེད། བཏུང་བྱ་དང་བཏུང་བྱ་མ་ཡིན་པ་གཉིས་མེད། བགྲོད་བྱ་དང་བགྲོད་བྱ་མ་ཡིན་པ་གཉིས་མེད། བླང་བྱ་དང་དོར་བྱ་གཉིས་སུ་མེད་པར་སྤྱོད་པ་སྟེ། རྩ་རྒྱུད་དང་པོའི་དྲུག་པ་ལས། བཟའ་དང་བཟའ་མིན་སྤྱོད་པ་དང༌། །དེ་བཞིན་བཏུང་མིན་སྤྱོད་པ་དང༌། །བགྲོད་དང་བགྲོད་མིན་སྔགས་པ་ཡིས། །རྣམ་རྟོག་ཉིད་དུ་མི་བྱའོ། །ཞེས་པ་དང༌། བརྟག་པ་ལྔ་པ་དངོས་ལས། བཟའ་བཅའ་དེ་བཞིན་བཏུང་བ་ཉིད། །ཇི་ལྟར་རྙེད་པར་རབ་ཏུ་བཟའ། །ཡིད་འོང་མི་འོང་རྣམ་རྟག་ཕྱིར། །ཞེན་པ་ཙམ་དུ་མི་བྱའོ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟར་ན་ཨ་ཝ་དྷཱུ་ཏཱིའི་སྤྱོད་པ་ཞེས་བྱ་སྟེ། ལྔ་པའི་གསུམ་པ་ལས། དཔལ་ལྡན་རྡོ་རྗེ་སེམས་དཔས་ནི། །གང་ཞིག་འགྲོ་ལ་ཕན་པའི་ཕྱིར། །ཀུན་འདར་གྱི་ནི་སྤྱོད་པ་གསུངས། །ཞེས་སོ། །ཅིའི་ཕྱིར་སྨྱོན་པའི་བརྟུལ་ཞུགས་ཞེས་བྱ་ཞེ་ན། སྨྱོན་པར་བརྫུས་ནས་རིགས་ལ་སོགས་པ་གསང་ནས་སྤྱོད་པ་བྱེད་པ་སྟེ། ལྔ་པ་དངོས་ལས། བཟའ་དང་བཟའ་མིན་ཇི་སྙེད་པ། །སྨྱོན་པའི་སྦྱོར་བས་བཟའ་བར་བྱ། །ཞེས་སོ། །ཅིའི་ཕྱིར་རྒྱལ་བུ་གཞོན་ནུའི་སྤྱོད་པ་ཞེས་བྱ་ཞེ་ན། རྒྱལ་ཚབ་ཆེན་པོའི་ས་དྲོད་ཆེན་པོ་མ་ཐོབ་པའི་ཕྱིར་རྒྱལ་བུ་གཞོན་ནུའི་སྤྱོད་པ་ཞེས་བྱའོ། །རྣལ་འབྱོར་པ་ཁས་མི་ལེན་པར་གསང་སྟེ་སྤྱོད་པའི་ཕྱིར་གསང་སྤྱོད་ཅེས་བྱ་སྟེ། ལྔ་པའི་གསུམ་པ་ལས། དེ་ལྟར་མཆོག་ཏུ་བསམས་བྱས་ནས། །ཤིན་ཏུ་གསང་བས་ཡོ་གིས་བསྒོམ། །ཞེས་སོ། །ཅིའི་ཕྱིར་ཀུན་ཏུ་བཟང་པོའི་སྤྱོད་པ་ཞེས་བྱ་ཞེ་ན། རང་གི་རྟོགས་པའི་ཡེ་ཤེས་ཀྱི་ངོ་བོར་ཀུན་ཏུ་བཟང་པོར་རྟོགས་པའི་ཕྱིར་ཀུན་ཏུ་བཟང་པོ་སྟེ། ལྔ་པའི་གསུམ་པ་ལས། ཀུན་བཟང་མཚུངས་པ་མེད་འགྲུབ་པས། །སྤྱོད་པ་ངེས་རིག་རྡོ་རྗེ་ཅན། །ཞེས་གསུངས་སོ། །ཅིའི་ཕྱིར་ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པ་ཞེས་བྱ་ཞེ་ན། མི་མཐུན་པའི་ཕྱོགས་གང་གིས་ཀྱང་རྫི་མི་ནུས་ཤིང་དེ་ལ་བརྒྱལ་བས་ན་ཕྱོགས་ལས་རྣམ་པར་རྒྱལ་བ་སྟེ། ལྔ་པའི་གསུམ་པ་ལས། བྱང་ཆུབ་ལ་ནི་སེམས་བཞག་ནས། །ཕྱོགས་ལས་རྒྱལ་བའི་སྤྱོད་པ་བརྩམ། །ཞེས་གསུངས་སོ། །ཅིའི་ཕྱིར་རྒྱལ་ཚབ་ཆེན་པོའི་སྤྱོད་པ་ཞེས་བྱ་ཞེ་ན། རྣམ་ཤེས་དང་ཡེ་ཤེས་ཆ་མཉམ་སྟེ་ཟག་པ་མེད་པའི་ཡེ་ཤེས་རྣམས་མངོན་དུ་གྱུར་པས་གཞན་དོན་རྣམས་ཐོགས་པ་མེད་པར་ནུས་པའི་ཕྱིར་འཇིག་རྟེན་པའི་རྒྱལ་པོའི་རྒྱལ་ཚབ་ཆེན་པོ་དང་འདྲ་སྟེ། ལྔ་པ་དངོས་ལས། ཡང་ནི་དཔལ་ལྡན་རྒྱལ་ཚབ་ཆེ། །བརྟུལ་ཞུགས་སྤྱོད་པའང་བསྒྲགས་པ་ཉིད། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །གང་གིས་དངོས་གྲུབ་མཐར་འགྲོ་བ། །ཞེས་གསུངས་སོ། །དེ་ཉིད་ལ་འཇིག་རྟེན་པའི་མངོན་དུ་སྤྱོད་པའི་ཕྱིར་ཚོགས་བདག་ཆེན་པོའི་སྤྱོད་པ་ཞེས་ཀྱང་བྱའོ། །སྤྱི་དོན་བཞི་པ་སྤྱོད་པ་སྤྱད་པའི་དུས་ནི་གཉིས་ཏེ། གང་གི་ཚེ་སྤྱད་པ་དང༌། ཇི་སྲིད་ཅིག་སྤྱད་པའོ། །དང་པོ་ནི་དྲོད་ཐོབ་ནས་སྤྱོད་པ་སྤྱད་པ་ཡིན་ཏེ། དེའང་གསུམ་སྟེ། དྲོད་ཆུང་ངུ་ཐོབ་ནས་ཀུན་འདར་གྱི་སྤྱོད་པ་གསང་སྟེ་སྤྱོད་པ་ཞེས་བྱ་བ་མཚན་མོའི་དུས་སུ་བཟའ་བྱ་དང་བཟའ་བྱ་མ་ཡིན་པ་གཉིས་སུ་མེད་པ་ལ་སོགས་པ་སྤྱོད་ལ། ཉིན་མོར་རང་གི་ཁྱིམ་དུ་བྲམ་ཟེ་ཡིན་ན་བྲམ་ཟེ་ཟླ་དང་མཐུན་པར་སྤྱོད། དེ་བཞིན་དུ་རང་གི་རིགས་དང་རྗེས་སུ་མཐུན་པར་སྤྱོད་ཅིང་སྡོད་དོ། །དེས་ངེས་པར་དྲོད་འབྲིང་པོ་སྐྱེ་སྟེ། དེ་སྐྱེས་པ་དང་ཀུན་འདར་གྱི་སྤྱོད་པ་འཇིག་རྟེན་པའི་མངོན་དུ་སྤྱོད་པ་ཞེས་བྱ་བ་རང་གི་ཡུལ་འཁོར་སྤངས་ནས་རིགས་ལ་སོགས་པ་གསང་ནས་སྨྱོན་པར་བརྫུས་ཏེ་སྤྱོད་པ་ཡིན་ནོ། །དེས་དྲོད་ཆེན་པོ་ཐོབ་སྟེ་ཟག་པ་མེད་པའི་ཡེ་ཤེས་འཇིག་རྟེན་ལས་འདས་པའི་གྲུབ་མཐའ་རྙོགས་ནས། ལུང་བསྟན་པའི་ཕྱག་རྒྱ་བྱུང་བ་དང༌། ཀུན་ཏུ་བཟང་པོའི་སྤྱོད་པ་འཇིག་རྟེན་གྱི་མངོན་དུ་སྤྱད་དོ། །གལ་ཏེ་དྲོད་འབྲིང་པོ་ལ་བརྟེན་ནས་ཀུན་འདར་སྤྱད་ཀྱང་དབང་པོ་རྟུལ་ཏེ། དེ་དྲོད་ཆེན་པོ་མ་ཐོབ་ན་དྲག་ཤུལ་གྱིས་སྒྲུབ་པར་བྱེད་པ་ནི་གོང་དུ་བཤད་ཟིན་ཏོ། །གཉིས་པ་སྤྱོད་པ་དེ་དག་ཀྱང་དུས་ཇི་སྲིད་ཅིག་སྤྱད་སྙམ་ན། ཟླ་བ་རེ་རེ་སྤྱོད་དེ། རྩ་རྒྱུད་ཕྱི་མའི་གཉིས་པ་ལས། ཟླ་བ་གཅིག་ཏུ་གསང་ལ་སྤྱོད། །ཇི་སྲིད་ཕྱག་རྒྱ་མ་རྙེད་པ། །ཞེས་གསང་སྤྱོད་ཀྱི་དུས་བསྟན་ལ། དེ་ཉིད་ལས། ཟླ་བ་གཅིག་གིས་སྐལ་ལྡན་པར། །འགྱུར་བ་འདི་ལ་ཐེ་ཚོམ་མེད། །ཅེས་འཇིག་རྟེན་པའི་མངོན་དུ་སྤྱད་པའི་དུས་བསྟན་ཏོ། །སྤྱི་དོན་ལྔ་པ་རྟེན་གྱི་གང་ཟག་ནི་དྲོད་ཐོབ་ཅིང་སེམས་ཅན་གྱི་དོན་དུ་ཚེ་འདི་ཉིད་ལ་མཆོག་གི་དངོས་གྲུབ་འདོད་པ་ཆོས་གཉིས་དང་ལྡན་པ་ཡིན་ཏེ། རྩ་རྒྱུད་དང་པོའི་དྲུག་པ་ལས། ཅུང་ཟད་དྲོད་ནི་ཐོབ་པ་ན། །གལ་ཏེ་སྤྱོད་པ་བྱེད་འདོད་པས། །གལ་ཏེ་འགྲུབ་འགྱུར་འདོད་ཡོད་ན། །འདིས་ནི་སྤྱོད་པ་སྤྱད་པ་ཉིད། །ཅེས་གསུངས་སོ། །དེ་ཡང་དྲོད་མ་ཐོབ་ན་སྤྱོད་པ་སྤྱད་པར་མི་རིགས་ཏེ། རྩ་རྒྱུད་ཕྱི་མའི་གཉིས་པ་ལས། གང་བཤད་འཇིགས་པའི་ཚུལ་ཅན་གྱིས། །སྤྱོད་པ་ལོངས་སྤྱོད་ཕྱིར་མ་གསུངས། །ཞེས་པ་དང༌། དཔལ་གསང་བ་གྲུབ་པ་ལས་ཀྱང༌། གང་ཕྱིར་དེ་ཉིད་མེད་བཞིན་དུ། །ངོ་མཚར་ཆེ་བ་ལྟར་བྱེད་པ། །ཇི་སྲིད་ནམ་མཁའ་མི་འཇིག་པ། །ཤི་བའི་འོག་ཏུ་དམྱལ་བར་སྐྱེ། །ཞེས་པ་དང༌། དེ་ཉིད་ལས། གཞན་དུ་དེ་ཉིད་དམན་པ་ཡིས། །འཚོ་བའི་རྒྱུ་ཅན་ཉིད་གྱུར་པ། །དམྱལ་བ་ཐོབ་པར་བྱེད་པའི་རྒྱུ། །བརྟུལ་ཞུགས་ཀྱིས་ནི་ཅི་ཞིག་བྱ། །ཞེས་གསུངས་སོ། །མཚན་ཉིད་གཉིས་པ་དྲོད་ཐོབ་ཀྱང་བྱང་ཆུབ་ཀྱི་སེམས་ཀྱིས་ཚེ་འདི་ཉིད་ལ་ཕྱག་རྒྱ་ཆེན་པོ་མི་འདོད་ན་སྤྱོད་པ་སྤྱད་མི་དགོས་ཏེ། ཐུན་མོང་གི་དངོས་གྲུབ་ནི་ངག་ཏུ་བརྗོད་པ་ཙམ་གྱིས་འགྲུབ་པའི་ཕྱིར་རོ། །དེ་ལྟར་མཚན་ཉིད་གཉིས་དང་ལྡན་པས་སྤྱོད་པ་སྤྱད་དོ། །སྤྱི་དོན་དྲུག་པ་སྤྱོད་པའི་དགོས་པ་ནི་གཉིས་ཏེ། ཀུན་འདར་གྱི་སྤྱོད་པའི་དགོས་པ་དང༌། ཀུན་ཏུ་བཟང་པོའི་དགོས་པའོ། །དང་པོ་ལ་གཉིས་ཏེ། རང་གི་སེམས་ཀྱི་བརྟན་གཡོ་བརྟག་པ་དང༌། གྲུབ་པ་ཐོབ་པའི་ཡུལ་དང་གྲོགས་དབང་དུ་བྱ་བའོ། །དང་པོ་ལ་ཡང་རྩ་རྒྱུད་ཕྱི་མའི་གཉིས་པ་ལས། ཡིད་ནི་བརྟན་ནམ་གཡོའམ་ཅི། །རང་གི་སེམས་ནི་སོ་སོར་བརྟག །ཅེས་པ་དང༌། རྩ་རྒྱུད་དང་པོའི་དྲུག་པ་ལས། གང་གི་དངོས་གྲུབ་མཐར་འགྲོ་བ། །ཀྱེ་ཡི་རྡོ་རྗེའི་དངོས་གྲུབ་རྒྱུས། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཀུན་ཏུ་བཟང་པོའི་སྤྱོད་པའི་དགོས་པ་ནི་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱ་བའི་དགོས་པ་སྟེ། བརྟག་པ་ལྔ་པ་དངོས་ལས། སེམས་ཅན་རྗེས་སུ་གཟུང་བའི་རྒྱུར། །བློ་ལྡན་ཆེན་པོས་རྒྱུ་བར་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མདོར་ན་ཀུན་འདར་གྱི་སྤྱོད་པ་རང་དོན། ཀུན་ཏུ་བཟང་པོའི་སྤྱོད་པ་གཞན་དོན་ནོ། །དེ་ལྟར་སྤྱོད་པ་འདིའང་རྩ་རྒྱུད་ལེའུ་དྲུག་པ་དང༌། ཕྱི་མའི་གཉིས་པ་དང༌། གསུམ་པ་རྣམས་དང༌། རྡོ་རྗེ་གུར་ལེའུ་བཅུ་པ་དང༌། སཾ་པུ་ཊའི་བརྟག་པ་ལྔ་པའི་གསུམ་པ་དང༌། བཞི་པ་ལས་བསྟན་ཏོ། །དྲོད་ཐོབ་ནས་སྤྱོད་པ་བྱ་བ་བསྟན་ཟིན་ཏོ། །དེ་ལྟར་སྤྱོད་པ་ལ་གནས་པ་དེས་མཆོག་གི་དངོས་གྲུབ་ཀྱི་མངོན་པར་རྟོགས་པ་ལྔ་པ་ཕྱག་རྒྱ་ལ་བརྟེན་ནས་ཨཱ་ལི་དང་ཀཱ་ལིའི་བདག་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་བསྒོམ་པ་བསྟན་ཏོ། །དེ་ལ་གཉིས་ཉེ་རྒྱུའི་དགོས་པ་དང༌། དེ་ཉམས་སུ་བླང་བའི་ཚུལ་ལོ། །དང་པོ་ནི་ཕྱག་རྒྱ་ཆེན་པོ་བསྒྲུབ་པ་ལ་རྟེན་ཕྱག་རྒྱར་མ་བརྟེན་པར་འགྲུབ་པར་མི་འགྱུར་ཏེ། རྩ་རྒྱུད་དང་པོའི་བཅུ་པ་ལས། དངོས་གྲུབ་མཚན་ཉིད་མི་ཕྱེད་པ། །ཕྱག་རྒྱའི་རྣལ་འབྱོར་པ་ཡིས་འགྲུབ། །ཅེས་གསུངས་པ་དང༌། གུར་ལེའུ་བཅོ་ལྔ་པ་ལས་ཀྱང༌། ཕྱག་རྒྱའི་དངོས་གྲུབ་དངོས་གྲུབ་ཆེ། །དངོས་གྲུབ་ཀུན་གྱི་སྤྱོད་ཡུལ་མིན། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཡང་སྤྱིར་ཕྱག་རྒྱ་བསྟེན་པའི་དུས་གསུམ་སྟེ། དང་པོ་དབང་དུས་དང༌། བར་དུ་ལམ་དུས་དང༌། མཐར་འབྲས་བུའི་དུས་སོ། །དེ་ལ་དུས་ཐམས་ཅད་དུ་བསྟེན་ན་ནི་འགྲུབ་ལ། ཐོག་མ་གཉིས་སུ་བསྟེན་ཡང་མཐར་མ་བསྟེན་ན་མི་འགྲུབ་ཅིང༌། ཐོག་མ་གཉིས་སུ་མ་བསྟེན་ཡང་མཐར་བསྟེན་ན་འགྲུབ་པས་ན་མངོན་པར་རྟོགས་པ་འདི་གལ་ཆེའོ། །དེ་ལ་དེ་ལྟར་ཕྱག་རྒྱའི་ལམ་གྱིས་ཅིས་ཀྱང་གྲོལ་ཞིང་དེ་དགོས་ན་བུད་མེད་བདག་མེད་མའི་རྣལ་འབྱོར་མས་བདག་དང་རྟོགས་པ་མཉམ་པའི་སྐྱེས་པ་དང་ཕྲད་ན་ནི་གྲོལ་བར་འགྱུར་ལ། གལ་ཏེ་མ་ཕྲད་ན་ཇི་ལྟར་སངས་རྒྱས་ཀྱི་ལམ་བསྒྲུབ་སྙམ་ན། ས་བཅུ་པའི་བར་དུ་ནི་རྟེན་དེ་ཉིད་ཀྱིས་བགྲོད་ལ། དེ་ནས་ནུས་པ་མཆོག་དང་ལྡན་པའི་ཕྱིར་བདག་ཉིད་ཀྱི་ལུས་སྐྱེས་པར་བསྒྱུར་ལ། མངོན་པར་རྟོགས་པ་ལྔ་པ་འདི་ཉམས་སུ་བླངས་ལ་སངས་རྒྱས་བསྒྲུབ་བོ། །དེ་ཡང་ཐབས་ཀྱི་རྐྱེན་གྱིས་ནི་ཤེས་རབ་གྲོལ་བར་འགྱུར་ལ། ཤེས་རབ་ཀྱི་རྐྱེན་གྱིས་ཐབས་གྲོལ་བར་ཡང་མི་འགྱུར་ཞིང༌། ཤེས་རབ་ཀྱི་རྟེན་རྐྱང་པ་ཉིད་ཀྱིས་གྲོལ་བར་མི་འགྱུར་བས་བུད་མེད་དྲོད་ཆེན་པོ་ཐོབ་པ་དེས་བདག་ཉིད་ཀྱི་ལུས་ཧེ་རུ་ཀ་ཆེན་པོར་བྱིན་གྱིས་བརླབས་ཏེ། གཟོད་མིའི་ཕྱག་རྒྱ་ལ་སོགས་པ་ཕྱག་རྒྱའི་རིགས་བཞི་པོ་གང་རུང་ཞིག་བླངས་ལ་འབྲས་བུ་དང་མཚམས་སྦྱར་བར་བྱ་སྟེ། དེ་སྐད་དུ། རྩ་རྒྱུད་ཕྱི་མའི་གཉིས་པ་ལས་ཀྱང༌། བུད་མེད་གཟུགས་ནི་སྤངས་ནས་གཞན། །ཧེ་རུ་ཀ་ཡི་གཟུགས་སུ་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དོན་གཉིས་པ་དེ་ལྟ་བུའི་མངོན་པར་རྟོགས་པ་དེ་ཉམས་སུ་བླང་བ་ལ་དྲུག་སྟེ། ཉེ་བའི་རྒྱུའི་རང་གི་ངོ་བོ་དང༌། དེ་གང་གི་ཚེ་མངོན་དུ་བྱ་བའི་དུས་དང༌། མངོན་དུ་བྱ་བའི་གནས་དང༌། གང་ལ་བརྟེན་ཏེ་སྒྲུབ་པའི་རྟེན་དང༌། མངོན་དུ་བྱེད་པའི་ཐབས་དང༌། ཐབས་ལ་བརྟེན་ཏེ་མངོན་དུ་བྱས་པ་ལས་འབྲས་བུ་འགྲུབ་པའི་ཚུལ་ལོ། །དང་པོ་ལ་གཉིས། བརྒྱད་དྲུག་གི་བདག་ཉིད་དང༌། དེ་ལ་རྩོད་པ་སྤང་པའོ། །དང་པོ་ནི་ཐབས་གཉིས་ལས་བྱུང་བའི་ཨཱ་ལི་དང་ཀཱ་ལིའི་བདག་ཉིད་བྱང་ཆུབ་ཀྱི་སེམས་ཆོས་བརྒྱད་དམ་དྲུག་གི་བདག་ཉིད་ཅན་ཞེས་བྱ་བ་ཡིན་ནོ། །དེ་ལ་ཐབས་གཉིས་ལ་བརྟེན་ནས་བྱུང་བ་ནི། རང་བྱིན་བརླབ་ལ་བརྟེན་ནས་བྱུང་བ་ནི་ཨཱ་ལི་བྱང་ཆུབ་ཀྱི་སེམས་ཞེས་བྱ་ལ། དཀྱིལ་འཁོར་འཁོར་ལོ་ལ་བརྟེན་ནས་བྱུང་བ་ལ་ཀཱ་ལི་བྱང་ཆུབ་ཀྱི་སེམས་ཞེས་བྱ་སྟེ། བརྟག་པ་དགུ་པའི་དང་པོ་ལས། ཨཱ་ལི་བུང་བ་ཞེས་བྱར་བརྗོད། །བུང་བ་རྡོ་རྗེ་འཇིགས་བྱེད་ཉིད། །ཀཱ་ལི་མེ་ཏོག་རྒྱལ་པོ་སྟེ། །མེ་ཏོག་རྡོ་རྗེ་ཅན་གྱི་ལུས། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཆོས་བརྒྱད་དམ་དྲུག་གི་བདག་ཉིད་ཅན་ཞེས་བྱ་ལ། བྱང་ཆུབ་ཀྱི་སེམས་གཅིག་ཉིད་སྟོན་ནམ་ཡོན་ཏན་གྱི་ལྡོག་པས་ཕྱེ་ན་ཐབས་སྒྲུབ་པ་པོས་རང་བྱིན་བརླབ་བསྒོམ་པའི་ཞུ་བདེ་གཉིས། དཀྱིལ་འཁོར་འཁོར་ལོ་བསྒོམ་པའི་ཞུ་བདེ་གཉིས་ཏེ་བཞི། ཤེས་རབ་ལ་ཡང་དེ་བཞིན་དུ་བཞི་སྟེ་བརྒྱད་དོ། །དྲུག་ནི་ཤེས་རབ་ཀྱིས་རང་བྱིན་བརླབ་མ་བསྒོམས་ཀྱང་ཐབས་ཀྱི་དེས་བཏུབ་པས་དྲུག་གོ །ཡང་ན་ཐབས་ལ་ཞུ་བ་བདེ་བ་མི་རྟོག་པ་རང་རིག་པ་བཞི། ཤེས་རབ་ལ་ཡང་བཞི་སྟེ་བརྒྱད་དོ། །དྲུག་ནི་ཞུ་བདེ་གསུམ་གསུམ་རང་རིག་པ་ནི་དེའི་ཆོས་ཉིད་ཡིན་པས་མ་བསྔོས་ན་དྲུག་སྟེ། གང་ལྟར་ཡང་རྟེན་ཐིག་ལེ་བཞི་ལ་བརྟེན་པ་བདེ་བ་བཞི་ཡོད་པ་ལྟ་བུ་ནི་མ་ཡིན་ཏེ། རྟེན་ཐིག་ལེ་གཅིག་ཉིད་བརྟེན་པ་བདེ་བ་ལ་སོགས་པ་དུ་མ་དང་ལྡན་པས་ཡོན་ཏན་གྱི་ལྡོག་པས་ཕྱེ་བས་བརྒྱད་དྲུག་ལ་སོགས་པར་འགྱུར་བ་ཡིན་ནོ། །དེའང་དང་པོ་རང་བྱིན་བརླབ་ཀྱི་ཐིག་ལེ་ཅུང་ཟད་དྭངས་པར་བྱས་ལ་དཀྱིལ་འཁོར་འཁོར་ལོས་ཤིན་ཏུ་དྭངས་པར་བྱས་པ་ཡིན་ནོ། །གཉིས་པ་རྩོད་སྤོང་ནི་འོ་ན་སེམས་ཀྱི་རྟོགས་པ་འཆར་བ་ཞུ་བ་ལ་ལྟོས་པར་མི་རིགས་སོ་སྙམ་ན། ལྟོས་ཏེ་ཇི་སྲིད་དུ་ཟག་བཅས་ཀྱི་ལུས་གནས་པ་དི་སྲིད་དུ་ཚོགས་པ་གཅིག་པའི་འབྲེལ་པས་གནས་ཏེ། རྩ་རྒྱུད་ཕྱི་མའི་བཞི་པ་ལས། ལུས་སྤངས་ནས་ནི་སེམས་ཀྱིས་ནི། །གནས་པ་གཞན་དུ་མི་མཐོང་ངོ༌། །ཞེས་བྱ་བ་དང༌། སེམས་སྤངས་ནས་ནི་ལུས་ཀྱིས་ནི། །མཛེས་པ་གཞན་དུ་མི་འགྱུར་རོ། །ཞེས་གསུངས་པས་སོ། །དེ་བས་ན་གསང་སྔགས་ཀྱི་ཐབས་ཟབ་མོ་ནི་རྟེན་ལུས་ལ་གནད་དུ་བསྣུན་པས་བརྟེན་པ་སེམས་ལ་གནད་དུ་བསྣུན་པ་ཡིན་ནོ་ཞེས་གསུངས་སོ། །ཟག་པ་མེད་པ་སངས་རྒྱས་ཀྱི་དུས་ནའང་ཐུགས་རྟོག་པ་མེད་པ་ཆོས་ཀྱི་སྐུ། ལུས་ཟག་པ་མེད་པ་ལོངས་སྤྱོད་རྫོགས་པའི་སྐུ། ཡེ་ཤེས་ཀྱི་རང་བཞིན་ཅན་གྱི་སྐུ་ལ་བརྟེན་པ་ཡིན་ཏེ། རྡོ་རྗེ་གུར་ལེའུ་བཅུ་བཞི་པ་ལས། རྡོ་རྗེ་སྙིང་པོ་རྣམ་པ་མེད་པའི་བྱང་ཆུབ་དེ་སྐད་མ་སྨྲ་ཞིག་ཅེས་གསུངས་པས་སོ། །གལ་ཏེ་དེ་ལྟར་ན། གང་དག་ང་ལ་གཟུགས་སུ་མཐོང༌། །གང་གིས་ང་ལ་སྒྲར་ཤེས་པ། །ལོག་པར་ཤེས་པའི་བསམ་པ་ཅན། །སྐྱེ་བོ་དེས་ནི་ང་མི་མཐོང༌། །ཞེས་བྱ་བའམ། སློབ་དཔོན་ཀླུ་སྒྲུབ་ཀྱིས་ཀྱང༌། །སྐུ་མིན་སྐུ་ལས་གཞན་པ་མིན། །དེ་བཞིན་གཤེགས་པ་སྐུ་ལྡན་མིན། །ཞེས་བྱ་བ་ལ་སོགས་པ་དང་མི་འགལ་ལམ་སྙམ་ན། དེ་དག་ནི་དོན་དམ་པ་འབའ་ཞིག་ལ་དགོངས་པ་ཡིན་ཏེ། ཡང་དག་པར་ན་སངས་རྒྱས་ཞེས་བྱ་བ་ཉིད་ཀྱང་བློའི་ཡུལ་དུ་མ་གྲུབ་པའི་ཕྱིར་རོ། །སངས་རྒྱས་འདོད་པའི་ཚེ་སེམས་མེད་པའི་སངས་རྒྱས་བེམས་པོའང་མི་རིགས་ལ་སྐུ་མེད་པའང་མི་རིགས་པས་ན། སློབ་དཔོན་ཀླུ་སྒྲུབ་ལ་སོགས་པ་ཐམས་ཅད་ཀྱང་ཟུང་དུ་འཇུག་པའི་སྐུ་ཞེས་བྱ་བ་བཞེད་པ་ཡིན་ནོ། །གཉིས་པ་དུས་ལ་གཉིས། ཉེ་རྒྱུ་ནམ་བསྒོམ་པའི་དུས་དང༌། ནམ་འགྲུབ་པའི་དུས་སོ། །དང་པོ་ནི་རིམ་པ་གཉིས་བསྒོམ་ཏེ་དྲོད་ཐོབ་ནས་གསང་སྤྱོད་ཟླ་བ་གཅིག་དང༌། འཇིག་རྟེན་པའི་མངོན་དུ་ཟླ་བ་གཅིག་སྤྱད་པའི་མཐར་ཉེ་རྒྱུ་སྤྱོད་པའི་སྐལ་པ་དང་ལྡན་པར་འགྱུར་རོ། །གཉིས་པ་ནམ་འགྲུབ་ཅེ་ན། ཞག་བདུན་དུ་སྤྱད་ན་འགྲུབ་པར་གསུངས་ཏེ། རྡོ་རྗེ་གུར་ལེའུ་བཅོ་ལྔ་པ་ལས། ཉི་མ་གཅིག་གིས་འགྲུབ་པར་འགྱུར། །ཉི་མ་གཉིས་ཀྱིས་ཆོ་ག་དང༌། །ཉི་མ་གསུམ་གྱི་སྦྱོར་བ་དང༌། །དེ་བཞིན་དུ་ནི་ཉི་མ་བཞི། །ཉི་མ་ལྔ་ཡི་སྦྱོར་བ་ཡིས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་སོ། །མེ་ཏོག་ལ་སོགས་མཆོད་བྱས་ནས། །བསམ་གཏན་གནས་སུ་འདུག་པ་དང༌། །ཕྱག་རྒྱ་ལྷན་ཅིག་ཞུགས་ནས་ནི། །རྡོ་རྗེ་མཆོད་པ་ཡང་དག་བརྩམས། །རྡོ་རྗེ་ཉི་མ་ནུབ་པ་ན། །སྦྱོར་བ་འདི་ནི་ཡང་དག་བརྩམས། །ཉི་མ་འཆར་ཀའི་དུས་སུ་ནི། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །འདོད་ཆགས་ཆེན་པོ་རྗེས་ཆགས་པས། །འདོད་ཆགས་ཆེན་པོའི་རང་བཞིན་ལས། །ཆགས་ཆེན་ཏིང་འཛིན་གནས་ནས་ནི། །ཕྱག་རྒྱ་ཆེན་པོ་རབ་བསྒྲུབ་བྱ། །ཞེས་གསུངས་ཏེ། ཐོ་རངས་མངོན་པར་རྫོགས་པར་འཚང་རྒྱ་བའི་དུས་ཞེས་བྱ་སྟེ། ཐོ་རངས་རླུང་སེམས་དྭངས་པར་གྱུར་པའི་དུས་ཡིན་པའི་ཕྱིར་རོ། །གསུམ་པ་གནས་ལ་གཉིས་ཏེ། ཕྱིའི་གནས་དང༌། ནང་གིའོ། །དང་པོ་ནི་གསུམ། ཐུན་མོང་གི་དང༌། ཐུན་མོང་མ་ཡིན་པ་ལ་གྲགས་པ་དང༌། དོན་དམ་པའི་འོ། །དང་པོ་ཐུན་མོང་བ་ལ་གྲགས་པ་རྡོ་རྗེའི་གདན་ཡིན་ལ། གཉིས་པ་ཐུན་མོང་མ་ཡིན་པ་ལ་གྲགས་པ་ནི་འོག་མིན་ཡིན་ནོ། །གསུམ་པ་དོན་དམ་པའི་གནས་ནི་རྡོ་རྗེ་ཐེག་པ་བས་སྒྲུབ་པ་པོ་རང་ཉིད་གང་ན་གནས་པ་དེ་ཉིད་རྡོ་རྗེའི་གདན་ཡིན་ཏེ། བདེ་མཆོག་རྩ་རྒྱུད་ལས། རྣལ་འབྱོར་ཆེ་མཆོག་ཧེ་རུ་ཀ །ཡུལ་ཕྱོགས་གང་ན་གནས་གྱུར་པ། །ཡུལ་ངན་མཐའ་འཁོབ་ཡིན་ན་ཡང༌། །ཡུལ་དེ་ཡོངས་སུ་བརྟག་པ་ཡིན། །ཞེས་གསུངས་ཏེ། ནང་གི་གནས་ནི་ཐབས་ཀྱི་རིགས་ཀྱི་བདག་པོའི་ཁ་དང་ཤེས་རབ་ཀྱི་རྩ་མཛེས་པའི་སྤྱི་བོར་ཆོས་འབྱུང་གི་གནས་སུ་འཛོམ་པ་སྟེ། རྩ་རྒྱུད་ཕྱི་མའི་གསུམ་པ་ལས། ཨེ་ཡི་ཆ་བྱད་བཟང་པོ་གང༌། །དབུས་སུ་བྃ་གྱིས་རྣམ་པར་བརྒྱན། །བདེ་བ་ཐམས་ཅད་ཀྱི་ནི་གནས། །སངས་རྒྱས་རིན་ཆེན་ཟ་མ་ཏོག །ཅེས་གསུངས་ཏེ། གནས་དེ་ནས་ཨ་ཝ་དྷཱུ་ཏཱིར་མངོན་དུ་བྱའོ། །བཞི་པ་རྟེན་གང་ལ་བརྟེན་ནས་མངོན་དུ་བྱ་ན། སྤྱིར་ཕྱག་རྒྱ་ནི་དང་པོ་ནས་གོམས་པ་དང༌། གྲུབ་པ་ཐོབ་པ་དང༌། ལུང་བསྟན་པ་དང༌། མཐུའམ་ནུས་པས་བཀུག་པ་ཞེས་བྱ་བ་བཞིར་བཤད་པ་ལས། སཾ་པུ་ཊའི་དགོངས་པ་བཞི་ཀས་ཀྱང་གྲོལ་བའི་རྟེན་དུ་འགྱུར་ཏེ། བཅུ་པའི་དང་པོ་ལས། གཏི་མུག་བདག་ཉིད་ངེས་པར་མ། །ལྷ་མོའང་སྐྱེ་གཉིས་བདག་ཉིད་སྐྱེས། །གཏི་མུག་རྣམ་དག་བསམ་གཏན་པས། །བླངས་ནས་མངོན་དུ་རྣམ་སྣང་འགྱུར། །མ་ནི་རིག་མ་དམ་པ་སྟེ། །གལ་ཏེ་ཕ་ཡིས་སྔར་བསྟེན་ཀྱང༌། །དེ་བཞིན་དེ་ཉིད་ཀྱིས་ཀྱང་འགྲུབ། །བདེ་བ་ཆེན་པོས་བཀའ་སྩལ་ཏོ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྡོ་རྗེ་གུར་གྱི་དགོངས་པས་ནི། མིའི་ཕྱག་རྒྱ་རྣམས་ཀྱིས་ནི་གྲོལ་བའི་རྟེན་དུ་འགྱུར་ལ། ལྷ་མོ་ལ་སོགས་པ་རྣམས་ཀྱིས་ནི་ལོངས་སྤྱོད་ཀྱི་རྐྱེན་ལས་གྲོལ་བར་མི་འགྱུར་ཏེ། གུར་ལེའུ་བཅོ་ལྔ་པ་ལས། པདྨར་རྡོ་རྗེ་ཅན་བཅུག་ནས། །རང་གི་རིག་མ་བདག་མར་བྱ། །དེ་དང་ལྷན་ཅིག་འགྲུབ་པར་འགྱུར། །འདི་ནི་ཕྱག་རྒྱ་ཆེན་པོར་བརྗོད། །མི་ཡི་ཕྱག་རྒྱ་བླངས་ནས་ནི། །དེ་ལ་ཆོས་ཀྱི་རབ་ཏུ་དབྱེ། །ཞེས་བྱ་བ་ནས། བདུན་གྱི་རྒྱལ་པོ་འགྲུབ་པ་དང༌། །ཐམས་ཅད་འདྲེན་པ་འགྲུབ་པར་འགྱུར། །ཞེས་གསུངས་པས་ན། མིའི་ཕྱག་རྒྱ་འབའ་ཞིག་བསྔགས་སོ། །གང་ལྟར་ཡིན་ཡང་རུང་སྟེ། ཕྱག་རྒྱ་རྣམས་སྤྱན་ལ་སོགས་པར་བསྐྱེད་ལ། སྙོམས་པར་འཇུག་པར་བྱ་སྟེ། སཾ་པུ་ཊའི་བཅུ་པའི་དང་པོ་ལས། སྤྱན་དང་ལྷན་ཅིག་སངས་རྒྱས་ཉིད། །མཱ་མ་ཀཱི་དང་མི་བསྐྱོད་པ། །འགྲུབ་འགྱུར་དཀར་མོ་ལྷན་ཅིག་ཏུ། །པདྨ་ཅན་དང་སྒྲོལ་མ་ནི། །ལྷན་ཅིག་དོན་ཡོད་གྲུབ་པར་འགྱུར། །རིན་ཆེན་རིན་ཆེན་མ་དང་འགྲུབ། །ཅེས་བྱ་བ་ལ་སོགས་པ་གསུངས་སོ། །ལྔ་པ་རྒྱུ་དེ་མངོན་དུ་བྱེད་པའི་ཐབས་ལ་གཉིས་ཏེ། རང་བྱིན་བརླབ་དང༌། དཀྱིལ་འཁོར་འཁོར་ལོའོ། །དང་པོ་རང་བྱིན་གྱིས་བརླབ་པའི་རིམ་པ་ཅུང་ཟད་མངོན་དུ་བྱས་པས་རླུང་སེམས་ཤིན་ཏུ་དྭངས་པར་བྱའོ། །དེ་ནས་གཉིས་པ་དཀྱིལ་འཁོར་འཁོར་ལོའི་ལམ་གྱི་འབྲས་བུ་མངོན་དུ་བྱའོ། །དྲུག་པ་ཐབས་མངོན་དུ་བྱས་པ་ལས་འབྲས་བུ་འགྲུབ་པའི་ཚུལ་ནི། གཉིས་ལས། དང་པོ་ཐེག་པ་ཐུན་མོང་བ་ལ་གྲགས་པའི་དབང་དུ་བྱས་ན། སྲོད་ལ་བར་ཆད་མེད་པའི་ལམ་གྱིས་བདུད་བཏུལ་ནས། ཐོ་རངས་བསམ་གཏན་བཞི་པ་ལ་བརྟེན་ཏེ། རྣམ་པར་གྲོལ་བའི་ལམ་གྱིས་སངས་རྒྱས་ཞེས་ཟེར་ལ། གཉིས་པ་འཚང་རྒྱ་ཚུལ་ཐུན་མོང་མ་ཡིན་པ་ལས་འབྱུང་བ་ལ་གཉིས། ཕྱིའི་མངོན་པར་བྱང་ཆུབ་པ་དང༌། ནང་གི་མངོན་པར་བྱང་ཆུབ་པའོ། །དང་པོ་ནི་མངོན་པར་བྱང་ཆུབ་པ་ལྔའི་རིམ་པས་འཚང་རྒྱ་བར་བཤད་ལ། ནང་གི་ནི་དབང་གི་གནས་མཆོག་གི་ཟེ་བར་བྱང་ཆུབ་ཀྱི་སེམས་ཆོས་བརྒྱད་དམ་དྲུག་གི་བདག་ཉིད་ཅན་མངོན་དུ་བྱས་ནས་རླུང་འདྲེན་པ་རྣམ་པ་གསུམ་ཞེས་བྱ་བ་གཡས་དང༌། གཡོན་དང༌། དབུས་མ་གསུམ་ནས་དྲངས་ཏེ་ཐབས་དང་ཤེས་རབ་ཀྱི་རྒྱུད་སོ་སོར་དག་པར་བྱས་ནས། རླུང་སེམས་ཨ་ཝ་དྷཱུ་ཏཱིར་ཚུད་ཅིང་ཐིམ་པའི་སྐད་ཅིག་ལ་ལུས་ཟག་པ་མེད་པ་འཇའ་ཚོན་ལྟ་བུའི་སྐུ་དང༌། སེམས་རྟོག་པ་མེད་པ་མངོན་དུ་འགྲུབ་པར་འགྱུར་ཏེ། རྡོ་རྗེ་གུར་གྱི་བཅོ་ལྔ་པ་ལས། ཕྱག་རྒྱའི་དངོས་གྲུབ་དངོས་གྲུབ་ཆེ། །དངོས་གྲུབ་ཀུན་གྱི་སྤྱོད་ཡུལ་མིན། །དེ་དུས་དེ་ཡི་ལུས་ཐོབ་ཅིང༌། །སྐད་ཅིག་ན་ནི་བདེ་ཆེན་ཚུལ། །སྐད་ཅིག་ན་ནི་དེ་འཁོར་ལྡན། །སྒོམ་པ་དང་ནི་སྔགས་ཉིད་དག །སྐད་ཅིག་སངས་རྒྱས་རྣམ་སྣང་མཛད། །སྤྱན་གྱིས་ཕྲག་ནས་འཁྱུད་པའོ། །ཞེས་བྱ་བ་ནས། ཐམས་ཅད་འདྲེན་པར་འགྲུབ་པར་འགྱུར། །ཞེས་པ་དང༌། ཡང་སཾ་པུ་ཊའི་བཅུ་པའི་གཉིས་པ་ལས། དེ་ནས་གང་དུ་རིག་མའི་སྐྱེས་བུ་གྲུབ་པ་དེས་འདི་ལྟ་བུའི་ཕུན་སུམ་ཚོགས་པ་འབྱུང་སྟེ་ཞེས་བྱ་བ་ལ་སོགས་པ་དང༌། ཕྱག་རྒྱའི་སྐྱེ་གནས་ཀྱི་སྙིང་པོར་ཁམས་གསུམ་ཐམས་ཅད་མཐོང་བ་དང༌། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟ་བུའི་ཉེ་བའི་རྒྱུ་དེ་དག་ཀྱང་བརྟག་པ་གཉིས་པའི་ལེའུ་བརྒྱད་པ་དང༌། བཅུ་པ་དང༌། ཕྱི་མའི་གཉིས་པ་དང༌། གསུམ་པ་དང༌། བཞི་པ་ལས་ཅུང་ཟད་ཙམ་གསུངས་ལ། རྡོ་རྗེ་གུར་གྱི་བཅོ་ལྔ་པ་དང༌། སཾ་པུ་ཊའི་དགུ་པ་དངོས་དང༌། བཅུ་པའི་དང་པོ་དང༌། གཉིས་པ་ལས་ཤིན་ཏུ་གསལ་བར་གསུངས་སོ། །ཉེ་བའི་རྒྱུ་བསྟན་ཟིན་ཏེ། ལམ་གྱི་གཙོ་བོ་མཆོག་གི་དངོས་གྲུབ་བསྒྲུབ་པའི་མངོན་པར་རྟོགས་པ་བསྟན་ཟིན་ཏོ།།  །།སྤྱི་དོན་གཉིས་པ་གཙོ་བོར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མཐའ་དག་བསྒྲུབ་པའི་དབང་དུ་བྱས་ནས། ལམ་གྱི་ཡན་ལག་གི་གྲངས་དང་གོ་རིམ་ལ་ངེས་པ་མེད་ཀྱང༌། གཟུང་བདེ་བའི་དབང་དུ་བྱས་ནས་ལྔར་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་བསྐུལ་བར་བྱ་བའི་ཕྱིར་སྔགས་ཀྱི་བཟླས་པ་དང༌། བར་ཆད་ཞི་བར་བྱ་བའི་ཕྱིར་གཏོར་མ་དང༌། དངོས་གྲུབ་མྱུར་དུ་འགྲུབ་པར་བྱེད་པའི་ཐབས་སྦྱིན་སྲེག་དང༌། སྐུ་གཟུགས་བྱིན་གྱིས་བརླབས་པས་ཀྱང་འགྲུབ་པའི་ཕྱིར་རབ་གནས་དང༌། སེམས་ཅན་དངོས་གྲུབ་དམན་པ་ལ་མོས་པའི་གང་ཟག་རྗེས་སུ་གཟུང་བའི་ཕྱིར་ལས་ཀྱི་ཚོགས་རབ་འབྱམ་མོ། །དང་པོ་སྔགས་ཀྱི་བཟླས་པ་ལ་གཉིས་ཏེ། སྔགས་ཀྱི་ངོ་བོ་དང༌། དབྱེ་བའོ། །ངོ་བོ་ནི་རང་གི་སེམས་ཉིད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའོ། །དབྱེ་ན་གསུམ་སྟེ། དོན་དམ་པའི་སྔགས་དང༌། ནང་ལྟར་བཤད་པའི་སྔགས་དང༌། ཕྱི་དོན་གྱི་སྔགས་སོ། །དང་པོ་ནི་ངོ་བོ་དང་མཐུན་པར་རང་གི་སེམས་ཉིད་དེ། སཾ་པུ་ཊའི་གཉིས་པའི་གསུམ་པ་ལས། སྒོམ་པ་ལྷ་ཡི་རྣལ་འབྱོར་དང༌། །སྔགས་ཀྱི་བཟླས་པའི་ཆོག་རིམ་དང༌། །བྲིས་སྐུ་དང་ནི་སྐུ་གཟུགས་ཀྱང༌། །སེམས་ཀྱིས་ཐམས་ཅད་སྤྲུལ་པ་སྟེ། །སེམས་ཅན་རྣམས་ལ་ཕན་འདོད་ཕྱིར། །ང་ཡི་རྒྱུད་དུ་བསྒྲགས་པ་ཡིན། །ཞེས་གསུངས་སོ། །གཉིས་པ་ནི་རང་གི་ལྟེ་བའི་ཨཾ་སྟེ། སཾ་པུ་ཊའི་དང་པོའི་བཞི་པ་ལས། ལུས་ཅན་རྣམས་ནི་ཐམས་ཅད་ཀྱི། །སྒྲ་ནི་སྔགས་ཞེས་བརྗོད་པར་བྱ། །ཞེས་པ་ནས། རང་བཞིན་གྱིས་ནི་མ་སྐྱེས་པའི། །སྔགས་ནི་ཡིག་འབྲུའི་དབང་ཕྱུག་མཆོག །ཅེས་བྱ་བའི་བར་དུ་གསུངས་སོ། །ཡང་ལྟེ་བའི་ཨྃ་ལས་སྔགས་ཐམས་ཅད་འབྱུང་སྟེ། དེ་ཉིད་ལས། དོན་ཆེན་སྡེ་ཚན་གཙོ་བོ་སྟེ། །ལུས་ཅན་རྣམས་ཀྱི་སྔགས་ཀུན་ནི། །འདི་ཉིད་ལས་ནི་ཡང་དག་འབྱུང༌། །ཞེས་གསུངས་པས་སོ། །ཕྱི་དོན་གྱི་སྔགས་ལ་དྲུག་སྟེ། སྔགས་དག་པར་བྱ་བའི་དོན་དུ་བཏུ་བ་དང༌། བཏུས་པའི་སྔགས་དངོས་དང༌། བཟླས་པའི་ཡུལ་ཕྲེང་བ་དང༌། ཁ་ཟས་དང༌། བཟླས་པའི་མན་ངག་དང༌། དགོས་པའོ། །དང་པོ་ལ་གསུམ། ལུས་དང་ཡན་ལག་གིས་བཏུ་བ་དང༌། ཚིགས་སུ་བཅད་པས་བཏུ་བ་དང༌། བཟློག་སྟེ་བཏུ་བའོ། །དང་པོ་གཉིས་ཏེ། བཏུ་བའི་གཞི་དང༌། བཏུ་བའི་ཐབས་སོ། །གཞི་ནི་ཨཱ་ལི་ཀཱ་ལིའོ། །བཏུ་བའི་ཐབས་ནི་ཀཱ་ལི་ལས་ལུས་བཏུ་ལ། ཨཱ་ལི་ལས་ཡན་ལག་བཏུ་སྟེ། དེ་ལའང་གསུམ། འཁོར་ལོ་ལ་བརྟེན་ཏེ་བཏུ་བ་དང༌། དབྱངས་གསལ་བྱེད་རྐྱང་པ་ལ་བརྟེན་ཏེ་བཏུ་བ་དང༌། ས་བོན་ལ་བརྟེན་ཏེ་བཏུ་བའོ། །དེའང་སཾ་པུ་ཊ་ལས། ཨཱ་ལི་ཀཱ་ལི་གཉིས་ནི་སྔགས། །ཡང་ན་དེ་ལས་བཏུས་པའོ། །ཞེས་གསུངས་ཏེ། རྩ་རྒྱུད་ཕྱི་མའི་དགུ་པ་དང༌། སཾ་པུ་ཊའི་བདུན་པའི་གསུམ་པ་ནས་བསྟན་ཏོ། །བཏུས་པའི་སྔགས་དངོས་ལ་བཞི། བཟླས་པའི་སྔགས། ལས་ཚོགས་ཀྱི་སྔགས། ས་བོན་གྱི་སྔགས། གཏོར་མ་དང་ཁ་ཟས་ལ་སོགས་པ་བྱིན་གྱིས་རློབ་པའི་སྔགས་ཏེ། རྩ་རྒྱུད་དང་པོའི་གཉིས་པ་དང༌། ཕྱི་མའི་བཞི་པ་དང༌། ལྔ་པ་དང༌། རྡོ་རྗེ་གུར་དང༌། སཾ་པུ་ཊའི་ལེའུ་ཅི་རིགས་པ་ལས་བསྟན་ཏོ། །བཟླས་པའི་ཡུལ་ཕྲེང་བ་ལ་བདུན། ཕྲེང་བའི་རྒྱུ་དང༌། གྲངས་དང༌། ཕྲེང་ཐག་དང༌། མདོ་འཛིན་དང༌། བརྒྱུ་བའི་ཚུལ་དང༌། བྱིན་གྱིས་བརླབ་པ་དང༌། བགྲང་བའི་ཚུལ་ལོ། །ཁ་ཟས་ནི་འོ་མའི་བཏུང་བ་ལ་སོགས་པའོ། །དེ་དག་ནི་རྒྱུད་ཕྱི་མའི་བཅུ་པ་དང༌། རྡོ་རྗེ་གུར་གྱི་ལེའུ་དྲུག་པ། སཾ་པུ་ཊའི་བརྒྱད་པའི་གཉིས་པ་རྣམས་ལས་བསྟན་ཏོ། །བཟླས་པའི་མན་ངག་ལ་དྲུག འགོག་པའི་བཟླས་པ་དང༌། སྤྲོ་བསྡུ་དང༌། རྡོ་རྗེའི་བཟླས་པ་དང༌། ཤུབ་བུ་དང༌། བཀོད་པ་དང༌། འཁོར་བའི་བཟླས་པའོ། །གོང་མ་ལྔ་ནི་བླ་མས་ཞིབ་ཏུ་འཆད་པར་འགྱུར་ལ། དྲུག་པ་ནི་གཉིས་ཏེ། ཡུམ་དང་བཅས་པ་ལ་འདོ་ལའི་བཟླས་པ་ཞེས་བྱ་བ་དང༌། ཡུམ་མེད་པ་ལ་མ་ནིང་གི་བཟླས་པ་ཞེས་བྱ་བ་ཡིན་ཏེ། རྡོ་རྗེ་གུར་ལས། ནང་དུ་བརྗོད་པའི་སྦྱོར་བ་ཡིས། །བརྟུལ་ཞུགས་ཅན་གྱིས་བཟླས་པ་བྱ། །ཞེས་དང༌། སཾ་པུ་ཊའི་བརྒྱད་པའི་གཉིས་པ་ལས། ཟུང་ལྟར་རིམ་པའི་ཆོ་ག་ཡིས། །སྔགས་ཀྱི་བཟླས་པ་རབ་ཏུ་གྲགས། །ཞེས་གསུངས་སོ། །བཟླས་པའི་མན་ངག་གཞན་དེ་བཞིན་གཤེགས་པའི་སྐུ་ལ་དམིགས་ནས་བཟླས་པར་ཡང་བཤད་དེ། དེ་ཉིད་ལས། མཉམ་གཞག་བཟླས་དང་བསྒོམ་པ་ཡིས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་གསུངས་པས་ན་བཟླས་པའི་མན་ངག་ལྔ་ལ་སོགས་པར་བླ་མས་བཤད་དེ་ཤེས་པར་བྱའོ། །བཟླས་པའི་དགོས་པ་ནི་གཉིས། སྤྱིའི་དོན་དང༌། ཆེད་དུ་བྱ་བའི་ཁྱད་པར་རོ། །དང་པོ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་བསྐུལ་ཞིང་སྙན་གསན་འབེབས་པ་སྟེ། རྡོ་རྗེ་གུར་ལེའུ་དྲུག་པ་ལས། སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །མཁའ་འགྲོ་མ་དང་རང་བཙུན་མོ། །མངོན་སུམ་དུ་ནི་བྱ་བའི་ཕྱིར། །སྔགས་ནི་སྙན་གསན་འབེབས་པར་བརྗོད། །ཅེས་བྱ་བ་ལ་སོགས་པ་གསུངས་སོ། །གཉིས་པ་ཆེད་དུ་བྱ་བའི་ཁྱད་པར་ནི། རང་གི་སེམས་ལ་ཇི་ལྟར་འདོད་པ་བསྒྲུབ་པའི་ཕྱིར་གསང་སྔགས་སྦྱར་བར་བྱའོ། །འདིའང་རྩ་རྒྱུད་དང་པོའི་གཉིས་པ་དང༌། ཕྱི་མའི་ལྔ་པ་དང༌། དགུ་པ་དང༌། བཅུ་པ་རྣམས་དང༌། རྡོ་རྗེ་གུར་གྱི་གཉིས་པ་དང༌། བཞི་པ་དང༌། དྲུག་པ་དང༌། བདུན་པ་དང༌། བརྒྱད་པ་དང༌། དགུ་པ་དང༌། བཅུ་བཞི་པ་དང༌། བཅོ་ལྔ་པ་རྣམས་དང༌། སཾ་པུ་ཊའི་བརྒྱད་པའི་གཉིས་པ་དང༌། བཞི་པ་དང༌། བརྟག་པ་བདུན་པ་དག་ལས་བསྟན་ཏེ། བཟླས་པ་བསྟན་ཟིན་ཏོ། །གཏོར་མ་ལ་ལྔ་སྟེ། བཏང་བའི་དུས་དང༌། ཡོ་བྱད་དང༌། ཆོ་ག་དང༌། དགོས་པ་དང༌། གནས་སྐབས་ཀྱི་ཆེད་དུ་བྱ་བའོ། །དུས་ལ་གཉིས་ཏེ། རྒྱུན་གྱི་དུས་དང༌། ཁྱད་པར་གྱི་དུས་སོ། །དང་པོ་ནི་ཐུན་མཚམས་དང་འབྲེལ་བ་ཡིན་ལ། ཁྱད་པར་ནི་ཚེས་བརྒྱད་ལ་སོགས་པ་ཟླ་བ་གཅིག་ལ་དུས་དྲུག་གམ་བརྒྱད་ཡིན་ནོ། །ཡོ་བྱད་ནི་ཅི་འབྱོར་པ་ཡིན་ནའང་ཁྱད་པར་དུ་དཀུ་བག་ཅན་དང་རྗེས་སུ་འབྲེལ་པའོ། །ཆོ་ག་ལ་བཞི་སྟེ། རྫས་ཀྱི་དང༌། མགྲོན་དང༌། གཏོར་མ་ལ་སོགས་དབུལ་བ་དང༌། མཇུག་གི་ཆོ་གའོ། །དང་པོ་ལ་བཞི་སྟེ། རྫས་བསང་བ་དང༌། སྦྱང་བ་དང༌། བསྐྱེད་པ་དང༌། བྱིན་གྱི་བརླབ་པའོ། །མགྲོན་ལ་བཞི་སྟེ། བསྐྱེད་པ་དང༌། དགུག་པ་དང༌། བྱིན་གྱིས་བརླབ་པ་དང༌། དབང་བསྐུར་བའོ། །གཏོར་མ་ལ་སོགས་པ་དབུལ་བ་ལ་ཡང་བཞི། གཏོར་མ་དབུལ་བ། མཆོད་པ་འབུལ་བ། བསྟོད་པ་བྱ་བ། ཕྲིན་ལས་གཞོལ་བའོ། །མཇུག་ལ་བཞི། རྡོ་རྗེའི་གླུ་དང་བཀྲ་ཤིས་ཀྱིས་དགྱེས་པ་བསྐྱེད་པ་དང༌། འདོད་པའི་དོན་ལ་གསོལ་བ་གདབ་པ་དང༌། བཟོད་པར་གསོལ་ཏེ་གཤེགས་སུ་གསོལ་བ་དང༌། སྨོན་ལམ་གདབ་ཅིང་གཏོར་མ་གཏང་བ་སྟེ། དེ་དག་ཀྱང་རྩ་རྒྱུད་དང་པོའི་གཉིས་པ། ཕྱི་མའི་བཞི་པ། རྡོ་རྗེ་གུར་གྱི་ལེའུ་གསུམ་པ་རྣམས་ལས་གཙོར་བསྟན་ལ། སཾ་པུ་ཊའི་དགུ་པའི་གཉིས་པ་ལས། ཟླ་བ་མར་ངོའི་བཅུ་བཞི་དང༌། །ཁྱད་པར་དུ་ནི་བརྒྱད་པ་དང༌། །ཡར་གྱི་ངོ་ཡི་བཅུ་པ་ལ། །མཆོད་པ་མཆོད་པའི་བདག་ཉིད་འགྱུར། །ཞེས་དུས་བསྟན་ཞིང༌། དེ་ཉིད་ལས། འབུད་དང་འབར་བ་ཉིད་དང་ནི། །དེ་བཞིན་དུ་ཡང་བསྐོལ་བ་ཉིད། །ཤེལ་གྱི་གཟུགས་ཀྱིས་བསྐྱེད་བྱ་ཞིང༌། །དེ་ཕྱིར་ཐམས་ཅད་བརྟག་པར་བྱ། །ཞེས་བྱ་བ་ལ་སོགས་པ་བྱིན་གྱིས་བརླབ་པ་བསྟན་ལ། ཤིང་གཅིག་དང་ནི་དུར་ཁྲོད་དང༌། །ཞེས་བྱ་བས་མགྲོན་གྱི་བྱེ་བྲག་མི་འདྲ་བའི་ཁྱད་པར་ཡང་བསྟན་ཏོ། །སྤྱི་དོན་བཞི་པ་དགོས་པ་ནི། རྩ་རྒྱུད་ཕྱི་མའི་བཞི་པ་ལས། བགེགས་དང་ལོག་པར་འདྲེན་པ་ལས། །སེམས་ཅན་རྣམས་ཀྱི་སྲོག་བསྲུང་ཕྱིར། །རྡོ་རྗེ་འཛིན་པས་གཏོར་མ་བསྟན། །ཞེས་གསུངས་སོ། །གནས་སྐབས་ཀྱི་ཆེད་དུ་བྱ་བ་ནི། ནད་ཞི་བ་དང་ལོངས་སྤྱོད་འཕེལ་བ་ལ་སོགས་པ་ཇི་ལྟར་འདོད་པ་ལ་སྦྱར་བར་བྱའོ། །འདིའང་རྩ་བའི་རྒྱུད་ཀྱི་དང་པོའི་གཉིས་པ་དང༌། ཕྱི་མའི་བཞི་པ་དང༌། དགུ་པ་རྣམས་དང༌། གུར་ལེའུ་གསུམ་པ་དང༌། སཾ་པུ་ཊའི་དགུ་པའི་གཉིས་པ་དང༌། བརྒྱད་པའི་བཞི་པ་རྣམས་ཀྱིས་བསྟན་ཏོ། །གཏོར་མ་བསྟན་ཟིན་ཏོ། །དངོས་གྲུབ་མྱུར་དུ་འགྲུབ་པར་བྱེད་པའི་ཐབས་སྦྱིན་སྲེག་ལ་གསུམ་སྟེ། སྦྱོར་བ་དང༌། དངོས་གཞི་དང༌། མཇུག་གི་ཆོ་གའོ། །དང་པོ་ལ་དྲུག་སྟེ། ཐབ་དང༌། བུད་ཤིང་དང༌། མེ་དང༌། མཆོད་རྫས་དང་བསྲེས་རྫས་བཤམ་ཐབས་དང་བཅས་པ་དང༌། དུས་ཕྱོགས་དང་བཅས་པ་དང༌། སྒྲུབ་པ་པོའི་ཁྱད་པར་རོ། །དང་པོ་ལ་ལྔ་སྟེ། ཐབ་ཀྱི་དབྱིབས། ཚད། ཁ་དོག མཚན་མ། མུ་རན་རྣམས་ཏེ། ལས་བཞིའི་བྱེ་བྲག་གིས་སོ་སོའོ། །བུད་ཤིང་དང་མེའང་ལས་བཞིའི་བྱེ་བྲག་གིས་སོ་སོའོ། །བཤམ་ཐབས་ནི་ལས་འཇམ་པོ་གསུམ་ལ་སྲེག་རྫས་ནི་གཡས་ལ། མཆོད་རྫས་གཡོན་ནོ། །དུས་དང་ཕྱོགས་ཀྱང་ལས་བཞིའི་བྱེ་བྲག་གིས་བཞིའོ། །སྒྲུབ་པ་པོའི་ཁྱད་པར་ལ་ལྔ་སྟེ། ཁ་ལྟ་ཕྱོགས། འདུག་སྟངས། རྒྱན་དང་ཆས་གོས། བསམ་པ། དགང་གཟར་དང་བླུགས་གཟར་རྣམས་ཏེ། ལས་བཞིའི་བྱེ་བྲག་གིས་སོ་སོའོ། །དངོས་གཞི་ལ་དྲུག་སྟེ། བདག་གི་རྣལ་འབྱོར་དང༌། མེ་བཙལ་ཞིང་བསྒྲུབ་པ་དང༌། ཐབ་དང་ཡོ་བྱད་བསང་བ་དང༌། ཐབ་ཁུང་མངོན་པར་འདུ་བྱ་བ་དང༌། འཇིག་རྟེན་པའི་མེ་ལྷ་མཆོད་པ་དང༌། འཇིག་རྟེན་ལས་འདས་པའི་མེ་ལྷ་མཆོད་པའོ། །མཇུག་གི་ཆོ་ག་ལ་དྲུག་སྟེ། འཇིག་རྟེན་པའི་མེ་ལྷ་ལྷག་མས་མཆོད་པ་དང༌། གཏོར་མ་གཏང་བ་དང༌། ཙ་རུའི་བཟའ་བ་ལ་ལོངས་སྤྱོད་པ་དང༌། འདོད་པའི་དོན་ལ་གསོལ་བ་གདབ་ལ་བཟོད་པར་གསོལ་ཏེ་གཤེགས་སུ་གསོལ་བ་དང༌། སྨོན་ལམ་གདབ་པ་དང༌། ལས་ཀྱི་རྗེས་མི་མངོན་པར་བྱ་བ་སྟེ། དེ་དག་ཀྱང་རྩ་རྒྱུད་ཕྱི་མའི་དང་པོ་དང༌། རྡོ་རྗེ་གུར་ལེའུ་བརྒྱད་པ་དང༌། བཅུ་བཞི་པ་དང༌། སཾ་པུ་ཊའི་བདུན་པའི་གཉིས་པ་དང༌། བདུན་པ་དངོས་རྣམས་ལས་ཞིབ་ཏུ་འབྱུང་བས་དེར་རྟོགས་པར་བྱའོ། །སྦྱིན་སྲེག་བསྟན་ཟིན་ཏོ། །སྐུ་གཟུགས་བྱིན་གྱིས་བརླབས་པས་ཀྱང་དངོས་གྲུབ་ཐམས་ཅད་འགྲུབ་པའི་ཕྱིར་རབ་ཏུ་གནས་པ་ལ། དོན་དམ་པར་དེ་བཞིན་གཤེགས་པའི་སྐུ་གཟུགས་ལ་རབ་ཏུ་གནས་པ་བྱས་པས་བཟང་དུ་འགྲོ་རྒྱུ་མེད་ལ། མ་བྱས་པས་ངན་དུ་འགྲོ་བ་མེད་ཀྱང་སྐྱེ་བོ་དད་པ་དང་ལྡན་པའི་དགེ་བ་སྤེལ་བར་བྱ་བའི་ཕྱིར་ཀུན་རྫོབ་ཐ་སྙད་ཙམ་དུ་རབ་གནས་བསྟན་ཏེ། རབ་ཏུ་གནས་པའི་རྒྱུད་ལས། སྐྱེ་བོ་རབ་ཏུ་དད་པ་ཡིས། །བྱེད་པ་དགེ་བ་སྤེལ་བའི་ཕྱིར། །རབ་གནས་བསྟན་བཅོས་ལས་གསུངས་པ། །ཐ་སྙད་ཙམ་དུ་བྱས་པ་ཡིན། ཞེས་གསུངས་པས་སོ། །དེ་ལ་དྲུག་སྟེ། རྟེན་ཡོངས་སུ་དག་པ་བཟང་པོ་དང༌། དེ་བཞིན་དུ་རྡོ་རྗེ་སློབ་དཔོན་དང༌། དུས་དང༌། གནས་དང༌། ཡོ་བྱད་དང༌། ཆོ་ག་ཡོངས་སུ་དག་པ་བཟང་པོ་སྟེ་བཟང་པོ་དྲུག་གོ །དང་པོ་ནི་བྲིས་སྐུ་ལ་སོགས་པ་མཚན་ཉིད་དང་ལྡན་ཞིང་བཟོ་བོས་བྱ་བ་ཡོངས་སུ་རྫོགས་པའོ། །གཉིས་པ་ནི་རྡོ་རྗེ་སློབ་དཔོན་དུ་དབང་ཐོབ་པ་གསང་སྔགས་ཀྱི་ཕ་རོལ་དུ་སོན་པ། སྔོན་ཆད་ལས་ཀྱི་ཆོ་ག་མཐོང་ཞིང་བསྙེན་པ་ཡོངས་སུ་རྫོགས་པ་སྟེ། རྩ་རྒྱུད་ཕྱི་མའི་དང་པོ་ལས། རབ་མཐོང་སྔགས་ཀྱི་ཕ་རོལ་སོན། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གསུམ་པ་དུས་ནི་ཡར་གྱི་ངོ་གཟའ་སྐར་བཟང་པོ་འཛོམ་པ་སྟེ། རབ་ཏུ་གནས་པའི་རྒྱུད་ལས། ཟླ་བ་དྲུག་དང་གཟའ་བཞི་དང༌། །ཞེས་བྱ་བ་ལ་སོགས་པ་གསུངས་ལ། གཟའ་སྐར་འཛོམ་ན་མར་ངོ་ལའང་ཉེས་པ་མེད་དེ། གསང་བ་སྤྱི་རྒྱུད་ལས། རབ་གནས་དང་ནི་དབང་བསྐུར་ཉིད། །ཡར་གྱི་ངོ་ལ་བརྟག་པར་བྱ། །གཟའ་དང་སྐར་མ་འཛོམ་གྱུར་ན། །མར་གྱི་ངོ་ལའང་ཉེས་པ་མེད། །ཅེས་གསུངས་སོ། །བཞི་པ་གནས་ནི་རབ་ཏུ་གནས་པའི་རྒྱུད་ལ་སོགས་པ་ནས་ཇི་ལྟར་ཇི་སྐད་བཤད་པ་བཞིན་རྟོགས་པར་བྱ་ཞིང༌། ཁྱད་པར་དུ་ཁྲུས་སའི་སྟེགས་བུ་བཤམ་པའོ། །ལྔ་པ་ཡོ་བྱད་ནི་རབ་ཏུ་གནས་པ་ཡང་དཀྱིལ་འཁོར་དང་སྦྱིན་སྲེག་གཉིས་དང་འབྲེལ་བས། སྦྱིན་སྲེག་ལ་མཁོ་བའི་ཡོ་བྱད་དང༌། དཀྱིལ་འཁོར་ལ་མཁོ་བའི་ཡོ་བྱད་དང༌། རབ་ཏུ་གནས་པ་ལ་མཁོ་བའི་ཡོ་བྱད་དང༌། ཁྲུས་དང་མངའ་དབུལ་བ་ལ་མཁོ་བའི་ཡོ་བྱད་དང༌། དབང་བསྐུར་བ་དང་འབྲེལ་བར་བྱེད་ན་སློབ་མ་ལ་མཁོ་བའི་ཡོ་བྱད་དང༌། རྡོ་རྗེ་སློབ་དཔོན་ལ་མཁོ་བའི་ཡོ་བྱད་རྣམས་སོ། །དྲུག་པ་ཆོ་ག་ལ་གསུམ་སྟེ། སྦྱོར་བ་དང༌། དངོས་གཞི་དང༌། མཇུག་གོ །དང་པོ་ནི་དཀྱིལ་འཁོར་དང་འབྲེལ་བའི་ཕྱིར་བསྙེན་པ་དང༌། ས་ཆོག་དང༌། སྟ་གོན་གྱི་ཆོ་ག་དང༌། དཀྱིལ་འཁོར་ཆེན་པོ་བྲི་ཞིང་རྒྱན་དགྲམ་པ་དང༌། སྒྲུབ་ཅིང་མཆོད་པ་རྣམས་སྔོན་དུ་སོང་བས་རབ་ཏུ་གནས་པའི་སྦྱོར་བ་སྟ་གོན་ལ་འཇུག་པར་བྱའོ། །དབང་བསྐུར་དང་འབྲེལ་ན་སློབ་མ་འཇུག་ཅིང་དབང་བསྐུར་བ་ཚར་ནས། རབ་གནས་ཀྱི་སྟ་གོན་བྱེད་པ་དང༌། རབ་གནས་ཀྱི་དངོས་གཞི་ཚར་ནས། ནུབ་གསུམ་པར་བྱས་ནས་ཕྱིད་ནུབ་སློབ་མ་འཇུག་ཅིང་དབང་བསྐུར་བ་ལུགས་གཉིས་གང་རུང་བྱའོ། །དེ་ལྟར་གང་ལྟར་ཡང་རུང་སྟེ། སྟ་གོན་ལ་བདུན། ཁྲུས་དང༌། སྦྱང་བ་དང༌། ཡན་ལག་བཞིས་བསྐྱེད་པ་དང༌། མཆོད་པ་དང༌། སང་རབ་གནས་བྱ་བར་སྙན་གསན་དབབ་པ་དང༌། ཡེ་ཤེས་པ་གཤེགས་སུ་གསོལ་བ་དང༌། ཞལ་བསྒྱུར་བའམ་ཞལ་དགབ་པའོ། །དངོས་གཞི་ནི་སྔ་དྲོར་བྱེད་པ་ཡིན་ཏེ། སྔ་བར་སྐུ་གཟུགས་སྦྱང་བ་དང༌། །ཞེས་བྱ་བ་དང༌། དེ་བཞིན་དུ་རྒྱུད་དང་བསྟན་བཅོས་དུ་མ་ནས་སྔ་དྲོ་འབའ་ཞིག་བྱ་བར་གསུངས་སོ། །དེ་ལ་བདུན་ཏེ། དེའང་སྟ་གོན་བཞིན་ཁྲུས་དང༌། སྦྱང་བ་དང༌། ཡན་ལག་བཞི་རྫོགས་སུ་བསྐྱེད་པ་དང༌། མཆོད་པ་དང་བཞི་ནི་འདྲ་ལ། སྟ་གོན་གྱི་སྙན་གསན་དབབ་པ་དང༌། གཤེགས་སུ་གསོལ་བ་དང༌། ཞལ་བསྒྱུར་བ་གསུམ་གྱི་དོད་པོར། སྤྱན་དབྱེ་བ་དང༌། བརྟན་པར་བཞུགས་སུ་གསོལ་བ་དང༌། མངའ་དབུལ་བ་ཐུན་མོང་མ་ཡིན་པ་བྱའོ། །འཇུག་གི་ཆོ་ག་ལ་བདུན་ཏེ། རྟེན་སྤྱན་དྲང་དུ་བཏུབ་ན་སྤྱན་དྲང་བ་དང༌། སྲུང་མར་བསྒོ་བ་དང༌། ཡོན་བདག་ལ་མཆོད་པ་བསྒོ་བ་དང༌། སྨོན་ལམ་རྒྱ་ཆེན་པོ་གདབ་པ་དང༌། ལས་ཀྱི་ལྷག་ཆད་བསྐང་བའི་ཞི་བའི་སྦྱིན་སྲེག་བྱ་བ་དང༌། ཡོན་བླང་བ་དང༌། དགའ་སྟོན་བྱ་བའོ། །དེ་ལ་ཅིའི་ཕྱིར་རབ་གནས་ཞེས་བྱ་ཞེ་ན། རྟེན་དམ་ཚིག་པ་ལ་ཡེ་ཤེས་པ་བཀུག་ནས་སེམས་ཅན་གྱི་དོན་དུ་ཇི་སྲིད་འཁོར་བའི་མཐའི་བར་བཞུགས་སུ་གསོལ་བས་ན་དམ་ཚིག་སྟེ་ཡེ་ཤེས་པར་བྱིན་གྱི་བརླབས་པས་རབ་ཏུ་གནས་པ། བཟང་པོར་གནས་པ། མཆོག་ཏུ་གནས་པ་ཞེས་བྱའོ། །ལོང་བ་མིག་ཕྱེ་ནས་གྲོང་ཁྱེར་དུ་འཇུག་ནུས་པ་བཞིན་སྐུ་གཟུགས་སྤྱན་ཕྱེ་ནས་སེམས་ཅན་ཀྱི་དོན་ནུས་པར་བྱ་བའི་ཕྱིར་སྤྱན་དབྱེ་ཞེས་བྱའོ། །མཆོད་པ་དཔག་ཏུ་མེད་པ་བྱས་ནས་མངའ་ཕུལ་བས་ན་རྒྱལ་པོ་རྒྱལ་སར་ཐོན་པ་དང་འདྲ་སྟེ་མངའ་དབུལ་བ་ཞེས་བྱའོ། །དེ་ཡང་རྩ་རྒྱུད་ཕྱི་མའི་དང་པོ་དང༌། རྡོ་རྗེ་གུར་ལེའུ་དགུ་པ་དང༌། སཾ་པུ་ཊའི་བདུན་པ་དངོས་ལས་མིང་ཙམ་འབྱུང་ངོ༌། །རབ་ཏུ་གནས་པ་བསྟན་ཟིན་ཏོ། །སེམས་ཅན་དངོས་གྲུབ་དམན་པ་ལ་མོས་པའི་རྟེན་གྱི་གང་ཟག་རྗེས་སུ་གཟུང་བར་བྱ་བའི་ཕྱིར་ལས་ཀྱི་ཚོགས་རབ་འབྱམས་བསྒྲུབ་པ་ལ་གཉིས། སྒྲུབ་པའི་ཐབས་དང༌། དེས་བསྒྲུབས་པའི་དངོས་གྲུབ་དངོས་སོ། །དང་པོ་ལ་གསུམ། ཞི་སོགས་དམན་པ་སྒྲུབ་པའི་ཐབས། འབྲིང་གྲུབ་ཆེན་བརྒྱད་སྒྲུབ་ཐབས། འབྲིང་གི་རབ་མཁའ་སྤྱོད་ལ་སོགས་པ་སྒྲུབ་པའི་ཐབས་སོ། །དང་པོ་ལ་གཉིས། རྐྱང་པས་སྒྲུབ་པ་དང༌། ཚོགས་པས་སྒྲུབ་པའོ། །རྐྱང་པས་སྒྲུབ་པ་ལ་ལྔ། རྫས་སྦྱོར་ལ་བརྟེན་པ་དང༌། འཁྲུལ་འཁོར་ལ་བརྟེན་པ་དང༌། བཟླས་པ་ལ་བརྟེན་པ། སྦྱིན་སྲེག་ལ་བརྟེན་པ། བསམ་གཏན་ལ་བརྟེན་པའོ། །ཚོགས་པ་ལ་བརྟེན་པ་ནི། དེ་དག་གི་གཉིས་སམ། གསུམ་མམ། བཞིའམ། ལྔ་ཀ་འཚོགས་པ་གང་རུང་གིས་ལས་བསྒྲུབ་པའོ། །དེ་ལ་རྐྱང་པས་བསྒྲུབ་པ་ནི། བདུན་པའི་དང་པོ་ལས། རྫས་སྦྱོར་རོའི་ཁའི་བུག་པའི་ནང་དུ་སོན་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འཁྲུལ་འཁོར་ཡང་བདུན་པའི་གསུམ་པ་ལས། དེ་ནས་ལས་རྣམས་ཀུན་བྱེད་པའི། །སྒྲོལ་མའི་འབྱུང་བ་བཤད་པར་བྱ། །ཞེས་སོགས་གསུངས་སོ། །བཟླས་པ་ཡང༌། བེ་ཌུ་ཡཱ་བེ་ཌུ་ཡཱ་ཞེས་བརྗོད་ན་གླང་པོ་ཆེན་འབྲོས་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྦྱིན་སྲེག་ཀྱང་སྤྱིར་ལས་ཀུན་ལ་དགོས་པར་མངོན་ཡང༌། སྦྱིན་སྲེག་རྐྱང་པས་བསྒྲུབ་པ་བདུན་པའི་གཉིས་པ་ལས། དེ་ནས་རྒྱས་པར་འདོད་ན་ཞེས་བྱ་བ་ལ་སོགས་པའོ། །བསམ་གཏན་ལ་བརྟེན་པ་ཡང་བདུན་པ་དངོས་ལས། དེ་ནས་དུག་གི་ཟིན་པ་བསླང་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྤྱིར་ཚོགས་པ་ལ་བརྟེན་པ་དང༌། རྐྱང་པ་ལ་བརྟེན་པ་རྣམས་ལ་ཡང་བསམ་གཏན་ཙམ་རེ་དགོས་པར་མངོན་ནོ། །གཉིས་པ་འབྲིང་གྲུབ་ཆེན་བརྒྱད་སྒྲུབ་པའི་ཐབས་ལ་སྤྱིར་རྒྱུད་སྡེ་ཀུན་ལས་སྤྱིའི་སྒྲུབ་པ་དང༌། སོ་སོའི་སྒྲུབ་པ་གཉིས་འབྱུང་བ་ལས། སྤྱི་སྒྲུབ་ནི་རོ་ལངས་དང༌། གནོད་སྦྱིན་མོས་གྲུབ་ཆེན་བརྒྱད་གང་རུང་ཅིག་སྟེར་ནུས་པར་བཤད་ཀྱང༌། རོ་ལངས་ཀྱི་སྒྲུབ་པ་ནི་རྒྱུད་གསུམ་པོ་འདི་ན་མི་སྣང༌། གནོད་སྦྱིན་མོའི་སྒྲུབ་པ་རྒྱུད་ན་ཡོད་ཀྱང༌། རེས་གནོད་སྦྱིན་མོ་ཉིད་གཅིག་ཏུ་བསྔོ། རེས་སྤྱི་སྒྲུབ་ཏུ་བསྔོ། སོ་སོའི་སྒྲུབ་པ་ལ་རྩ་བའི་རྒྱུད་ལས་ནི། བཟའ་བའི་དམ་ཚིག་ལ་བརྟེན་ནས་བཅུད་ལེན་གཟུང་དུ་རུང་བ་ལས་གཞན་མེད། རྡོ་རྗེ་གུར་ལེའུ་བཅུ་བཞི་པ་ལས། དྲི་ལྔ་ཡང་དག་བླངས་ནས་ནི། །རྫས་ལྔ་དང་ནི་བསྲེ་བར་བྱ། །ཞེས་བྱ་བ་ལ་སོགས་པས་རི་ལུ་བསྟན། ཀླུ་ཡི་རྒྱལ་པོའི་མགོ་བསྲེགས་ནས། །ཞེས་བྱ་བ་ལ་སོགས་ཀྱིས་མིག་སྨན། བ་བླའི་ས་བོན་ལྡན་པ་དང༌། །ཞེས་སོགས་ཀྱིས་རྐང་བྱུག ཡན་ལག་མེད་པའི་དཀྱིལ་འཁོར་དབུས། །ཞེས་སོགས་ཀྱིས་གནོད་སྦྱིན་མོ། ཨོ་ཌའི་ཡུལ་དུ་ཉེ་བ་ན། །ཞེས་སོགས་ཀྱིས་ས་འོག་བསྒྲུབ་པ། ལེའུ་བདུན་པའི་བཟའ་བའི་དམ་ཚིག་གིས་བཅུད་ལེན་བསྟན། གནོད་སྦྱིན་མོ་བསྒྲུབ་པ་ནི་ལེའུ་གཉིས་པའི་འབྱུང་པོ་འདུལ་བ་དང༌། བཞི་པའི་གནོད་མཛེས་ཀྱིས་བསྟན་ཏོ། །མི་སྣང་བ་ནི་རི་ལུའི་ཤུགས་ལས་འབྱུང་བ་ཡིན་ནོ། །རལ་གྲིའི་སྒྲུབ་ཐབས་མེད་དོ། །སཾ་པུ་ཊའི་བརྒྱད་པའི་དང་པོ་ལས། རི་ལུ་ནི་ཡང་ན་རི་ལུ་བྱ་བར་འདོད་པས་ཞེས་བྱ་བ་ལ་སོགས་པ་གསུངས་ལ། དེ་ཉིད་ལས། སྤང་བའི་ཚུལ་དུ་ཞེས་བྱ་བས་མི་སྣང་བར་བསྟན་ཏོ། །རི་ལུ་དང་མི་སྣང་བ་གཉིས་ཀས་ནི་མི་སྣང་བ་བསྒྲུབ་པ་ནི་མཐུན་ལ། བསྒྲུབ་ལུགས་ཀྱི་ཕྱེ་བས་གཉིས་སུ་བསྔོ་བ་ཡིན་ནམ་སྙམ་མོ། །དེ་ནས་མིག་སྨན་གྱི་སྦྱོར་བ་བཤད་དེ། ཞེས་བྱ་བ་ལ་སོགས་པས་མིག་སྨན་བཤད། དེ་ནས་ལས་ཀྱི་ཆོ་ག་བཤད། །བཟླས་དང་བསམ་གཏན་རྟག་དགའ་བ། །གང་གིས་སྒྲུབ་པོ་འགྲུབ་འགྱུར་བའི། །བཅུད་ཀྱིས་ལེན་གྱི་ཆོ་ག་བཤད། །ཅེས་བྱ་བ་ལ་སོགས་པས་བཅུད་ལེན་བཤད་དོ། །ལུས་དང་ཚེ་དང་ལོངས་སྤྱོད་ཀྱི་བཅུད་ལེན་རྣམས་བསྟན་ཏོ། །དེ་ལྟར་བཞི་ལས་ལྷག་མ་བཞི་བསྟན་ཏོ། །གསུམ་པ་འབྲིང་གི་མཆོག་སྒྲུབ་པའི་ཐབས་ནི་བཟླས་བསྒོམ་ལ་བརྟེན་ཏེ་འགྲུབ་པ་ལས་བྱེ་བྲག་གི་སྒྲུབ་པའི་ཐབས་རྒྱུད་གསུམ་ན་མི་སྣང་ངོ༌། །སྤྱི་དོན་གཉིས་པ་དངོས་གྲུབ་ནི་དེ་དག་གིས་བསྒྲུབས་པའི་འབྲས་བུ་རྣམས་ཏེ། དེ་ལ་གསུམ། ཞི་སོགས་དམན་པ་དང༌། འབྲིང་དང༌། འབྲིང་གི་ཆེན་པོའོ། །དང་པོ་ནི་རྩ་བའི་ལས་བཞི། ཡན་ལག་གི་ལས་བསམ་གྱིས་མི་ཁྱབ་པའོ། །རྩ་བའི་ལས་ནི། ཞི་བ་དང༌། རྒྱས་པ་དང༌། དབང་དང༌། མངོན་སྤྱོད་དོ། །དེ་དག་གི་ཡན་ལག་ནི་ཞི་བ་ལ་ནད་ཞི་བ་དང༌། གདོན་ཞི་བ་ལ་སོགས་པ་མང་པོ་དང༌། རྒྱས་པ་ལ་ཚེ་རྒྱས་པ་དང༌། ལོངས་སྤྱོད་དང་འཁོར་རྒྱས་པ་ལ་སོགས་པ་མང་པོའོ། །དབང་ལ་རྒྱལ་པོ་ལ་སོགས་པ་དབང་དུ་བྱ་བ་དང༌། དགུག་པ་ལ་སོགས་པ་མང་པོའོ། །མངོན་སྤྱོད་ལ་གསོད་པ་དང༌། བསྐྲད་པ་དང༌། དབྱེ་བ་དང༌། རེངས་པ་ལ་སོགས་པ་དྲག་པོའི་ལས་མང་པོའོ། །ཡང་གནས་སྐབས་ཀྱི་བྱེ་བྲག་གིས་ལས་བཞི་གང་ཡང་རུང་བར་འདུ་བ་རྣམ་ཤེས་དང་ཡེ་ཤེས་ཀྱི་ལས་ཀྱི་དབབ་པ་དང༌། མེ་མ་མུར་བསིལ་བ་དང༌། ཆུ་ལ་འགྲོ་བ་ལ་སོགས་པ་རྣམས་ནི་དེ་དག་གི་སྐྱེ་བོ་དད་ན་དབང་དང་འབྲེལ། དེ་འཁོར་དུ་འདུ་ན་རྒྱས་པ་དང་འབྲེལ། མེ་མ་མུར་བསིལ་བ་ཞི་བ་ལྟ་བུར་ཡང་འགྲོ། ཕབ་པས་སྨྱོ་ན་དྲག་པོར་ཡང་འགྲོ། ལྷག་མ་རྣམས་ལས་བཞིར་གསལ། གཟུགས་བསྒྱུར་བ་འགྲུབ་ཆེན་གྱི་མི་སྣང་བའི་ཁོངས་སུ་འདུའམ་སྙམ། སྲིད་པ་ཐ་མ་པའི་བྱང་སེམས་བཏགས་པ་དེ་མིག་སྨན་གྱི་ཁོངས་སུ་འདུའམ་སྙམ་མོ། །དེ་ལ་དམན་པ་ལས་བཞིར་འདུ་བ་ནི། རྡོ་རྗེ་གུར་ལེའུ་བཅུ་གཅིག་པ་ལས། ཕན་པ་ཉིད་ཀྱིས་ཞི་བ་སྟེ། །རྡོ་རྗེ་ཉི་མ་རྒྱས་པའོ། །རྡོ་རྗེ་ཆོས་ཀྱིས་དབང་ཞེས་བྱ། །རྡོ་རྗེ་སེམས་དཔའ་གསད་པར་བྱ། །ཞེས་ལྷའི་རྣལ་འབྱོར་བཞི་དང༌། ཞི་བའི་སེམས་ཀྱིས་ཞི་བ་སྟེ། །ཞེས་བྱ་བ་ལ་སོགས་པ་བསམ་པ་བཞི་དང༌། མཐར་ནི་སྭཱ་ཧཱ་ཞི་བ་སྟེ། །ཞེས་བྱ་བ་ལ་སོགས་པ་སྔགས་ཀྱི་མཐའ་རྟེན་བཞི་གསུངས་པས་ཤེས་སོ། །ཡན་ལག་རྣམས་ནི་དེ་དག་གི་ཁོངས་སུ་འདུས་པར་ཤེས་པས་སོ། །ཡང་ལས་ཕྲ་མོ་རྣམས་ཀྱི་གྲངས་རྩ་རྒྱུད་ཕྱི་མའི་ལེའུ་བཞི་པའི་གཏོར་མའི་ཕན་ཡོན་གྱི་སྐབས་སུ་དབང་དང༌། མངོན་སྤྱོད་དང༌། དགྲའི་སྡེ་འཇིག་པ་དང༌། བསྐྲད་པ་དང༌། བསད་པ་དང༌། དགུག་པ་དང༌། ཞི་བ་དང༌། རྒྱས་པར་ཡང་འགྱུར་རོ། །ཞེས་བརྒྱད་དུ་བཤད་པ་དང་པོའི་ལེའུ་གཉིས་པ་ལས་སྔགས་བདུན་གྱིས་ལས་བདུན་བཤད་ཀྱང་དེ་གཉིས་ཀའང་ཧ་ཅང་བསྡུ་བའི་ལུགས་རྒྱས་བསྡུས་མི་མཛེས་པས་གནས་སྐབས་སུ་བདེ་བར་གཤེགས་པས་གསུང་པ་ཡིན་གྱི། ལེགས་པར་ཕྱེ་བ་ནི་གུར་ཉིད་ཀྱིའོ། །དམན་པའི་འབྲིང་གྲུབ་ཆེན་བརྒྱད་དང༌། དམན་པའི་མཆོག་མཁའ་སྤྱོད་ལ་སོགས་པ་ནི་རྡོ་རྗེ་གུར་ལེའུ་བཞི་པ་ལས། མི་སྨན་དང་ནི་རྐང་བྱུག་དང༌། །རལ་གྲི་ས་འོག་བསྒྲུབ་པ་དང༌། །རི་ལུ་མཁའ་ལ་སྤྱོད་པ་དང༌། །མི་སྣང་བ་དང་བཅུད་ཀྱིས་ལེན། །རིག་འཛིན་འཁོར་ལོས་སྒྱུར་བ་ཉིད། །བུ་མོ་དམ་པ་དགུག་པ་ནི། །བདག་བརྙེས་པས་ནི་སྒྲུབ་པ་པོས། །དངོས་གྲུབ་རྡོ་རྗེ་རྣམས་ཐོབ་བོ། །ཞེས་གསུངས་པས། དམན་པའི་འབྲིང་གྲུབ་ཆེན་བརྒྱད་ནི། མིག་སྨན་མིག་ལ་བྱུགས་པས་འཇིག་རྟེན་གསུམ་མཐོང་བ་དང༌། རྐང་པ་ལ་རྫས་བྱུགས་པས་རྐང་མགྱོགས་དང༌། རལ་གྲི་ཁར་བཅུག་ན་ནམ་མཁའ་ལ་འགྲོ་བ་དང༌། ས་འོག་གི་གཏེར་རམ། བུམ་པ་ཆེན་པོ་བཏོན་ནས་སེམས་ཅན་རྣམས་ལ་ཅི་འདོད་པ་སྟེར་བ་དང༌། རི་ལུ་ཁར་བཅུག་ན་སུས་ཀྱང་མི་མཐོང་ཞིང༌། གནོད་སྦྱིན་ལྟར་འདོད་པའི་གཟུགས་ཅན་དུ་འགྱུར་བ་སྟེ། འདིའི་ཁོངས་སུ་གཟུགས་བསྒྱུར་བའང་འདུ་སྙམ་མོ། །ཐིག་ལེ་དཔྲལ་བར་བྱས་ན་བདག་སུས་ཀྱང་མི་མཐོང་བ་དང༌། ཚེ་ཉི་ཟླ་ལྟར་གནས། ལུས་ལོ་བཅུ་དྲུག་ལོན་པ་འདྲ། ལྕགས་དང་ཟངས་གསེར་དུ་བསྒྱུར་བ་སྟེ། གསུམ་པོ་ལ་བཅུད་ལེན་ཞེས་བྱ་སྟེ། ཚེ་དང་ལུས་དང་ལོངས་སྤྱོད་ཀྱི་བཅུད་ལེན་ཞེས་བྱའོ། །བུ་མོ་དམ་པ་དགུག་པ་ནི་གནོད་སྦྱིན་མོ་བསྒྲུབ་པའོ། །དེ་ལ་རི་ལུ་དང་མི་སྣང་བ་གཅིག་ཏུ་བྱས།  རྗེས་མ། >>

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*