༼ཆ༽
༄༅། །རྒྱུད་སྡེ་སྤྱིའི་རྣམ་གཞག་དང་རྒྱུད་ཀྱི་མངོན་པར་རྟོགས་པའི་སྟོང་ཐུན་ས་བཅད་བཞུགས་སོ།།
༄༅། །བླ་མ་རྗེ་བཙུན་བཅོམ་ལྡན་འདས་དཔལ་ཀྱེའི་རྡོ་རྗེ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །རྗེ་བཙུན་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དཔལ་ལྡན་བིརྺ་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་གསུང་གི་དོན་ཀྱེའི་རྡོ་རྗེ་རྩ་བ་དང་བཤད་པའི་རྒྱུད་ཀྱི་སྟེང་དུ་བླ་མ་རྣམས་ཀྱིས་གསུངས་པའི་གསུང་གི་བསྡུས་པའི་དོན་བྲི་བར་བྱའོ། །དེ་ལ་བཞི། རྒྱུད་སྡེ་སྤྱིའི་རྣམ་པར་གཞག་པ་དང༌། རྒྱུད་ཀྱི་མཚན་གྱི་དོན་དང༌། རྒྱུད་བཤད་ཐབས་ཀྱི་མན་ངག་དང༌། རྒྱུད་ཀྱི་མངོན་པར་རྟོགས་པའོ། །དང་པོ་ལ་གཉིས་ཏེ། དམིགས་པར་བྱ་བའི་ཡུལ་ལམ་ཐོབ་པར་བྱ་བའི་འབྲས་བུའི་རྣམ་གཞག་དང༌། དེ་ཐོབ་པར་བྱེད་པའི་ལམ་གྱི་རྣམ་པར་གཞག་པ་དབྱེ་བ་དང་བཅས་པའོ། །དང་པོ་ལ་གཉིས། སངས་རྒྱས་ཀྱི་མཚན་ཉིད་དང༌། དེ་གཅིག་ཁོ་ནར་བསྒྲུབ་པའོ། །དང་པོ་ལ་གསུམ། དངོས་པོའི་གནས་ལུགས་ཕྱིན་ཅི་མ་ལོག་པར་རྟོགས་པ། ཟག་པ་མེད་པའི་བདེ་བ་ཕུན་སུམ་ཚོགས་པ་དང་ལྡན་པ་དང༌། སྒྲིབ་པའི་དྲི་མ་མ་ལུས་པ་སྤངས་པའོ། །གཅིག་ཏུ་བསྒྲུབ་པ་ལ་གཉིས། གཅིག་ཏུ་ངེས་པའི་འཐད་པ་དང༌། དེ་ལ་རྩོད་པ་སྤང་བའོ། །དེ་ལ་གཉིས། གྲུབ་མཐའ་དུ་མ་ཡོད་པའི་སྐྱོན་སྤང་བ་དང༌། ཐེག་པ་གསུམ་གསུངས་པའི་རྩོད་པ་སྤང་བའོ། །སྤྱི་དོན་གཉིས་པ་དེ་ཐོབ་པར་བྱེད་པའི་ལམ་གྱི་རྣམ་པར་གཞག་པ་ལ་ལྔ། ལམ་རང་གི་ངོ་བོ་གང་ཡིན་པ་དང༌། ལམ་དེའི་རབ་ཏུ་དབྱེ་བ་དང༌། དབྱེ་བ་སོ་སོའི་མཚན་ཉིད་དང༌། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས་གསང་སྔགས་ཀྱི་ཐེག་པ་ཁྱད་པར་འཕགས་པའི་ཚུལ་དང༌། གསང་སྔགས་ཀྱི་ཐེག་པ་བྱེ་བྲག་ཏུ་གཏན་ལ་དབབ་པའོ། །དང་པོ་ལ་གཉིས། ལམ་གྱི་མཚན་ཉིད་དང༌། དེའི་དབྱེ་བའོ། །འདི་ལ་གཉིས། ལམ་ཐུན་མོང་བ་དང༌། ཐུན་མོང་མ་ཡིན་པའོ། །དང་པོ་ལ་གསུམ་སྟེ། ངན་འགྲོ་ཉིད་སྐྱེད་པར་བྱེད་པ་དང༌། བདེ་འགྲོ་ཙམ་ཐོབ་པར་བྱེད་པ་དང༌། ཐར་པ་ཙམ་ཐོབ་པར་བྱེད་པའི་ལམ་མོ། །གཉིས་པ་ཐུན་མོང་མ་ཡིན་པ་ལ་གཉིས་ཏེ། ལམ་ཐུན་མོང་བ་བསྟན་པའི་དགོས་པ་དང༌། ཐེག་པ་ཐུན་མོང་མ་ཡིན་པའི་མཚན་ཉིད་དོ། །དང་པོ་ལ་གསུམ་སྟེ། ཐེག་པ་ཆེན་པོ་བས་སེམས་ཅན་གྱི་ཁམས་སྣ་ཚོགས་རྗེས་སུ་བཀྲི་བའི་ཐབས་ཤེས་པ་དང༌། ལམ་མཐུན་པ་དང་མི་མཐུན་པ་ཤེས་པས་ལམ་ལ་སོམ་ཉི་སེལ་བ་དང༌། ལམ་ཐུན་མོང་བ་ཙམ་ཡང་རྒྱུད་ལ་མ་སྐྱེས་པར་ཐེག་པ་ཆེན་པོར་རློམ་པ་དགག་པའོ། །གཉིས་པ་ཐུན་མོང་མ་ཡིན་པའི་ལམ་གྱི་མཚན་ཉིད་ལ་གསུམ་སྟེ། ཐུན་མོང་མ་ཡིན་པའི་ལམ་རང་གི་ངོ་བོ་དང༌། དེ་ལམ་ཐུན་མོང་བ་རྣམས་ལས་ཁྱད་དུ་འཕགས་པའི་ཚུལ་དང༌། ཁྱད་པར་དུ་འཕགས་པ་དེའི་དབྱེ་བའོ། །གཉིས་པ་ལ་བཞི་སྟེ། སྡུག་བསྔལ་སྤོང་བའི་ཐབས་ལ་ཞུགས་པས་ཁྱད་པར་དུ་འཕགས་པ་དང༌། འཁོར་བ་ལ་ཞེན་པ་མེད་པ་དང༌། ཐར་པའི་ཐབས་སངས་རྒྱས་ཀྱི་ཐེག་པ་ལ་ཞུགས་པ་དང༌། ཐར་པ་ཁོ་ན་འདོད་པ་མ་ཡིན་ཏེ། སྲིད་ཞི་མཉམ་པའི་ལམ་སྟོང་པ་དང་སྙིང་རྗེ་གཉིས་སུ་མེད་པ་སྟོན་པ་ཐེག་པ་ཆེན་པོ་ལ་ཞུགས་པས་ཁྱད་པར་དུ་འཕགས་པའོ། །དང་པོ་ལ་གཉིས་ཏེ། ཚེ་འདིའི་སྡུག་བསྔལ་སྤོང་བ་དང༌། ཕྱི་མའི་སྡུག་བསྔལ་སྤོང་བའོ། །གསུམ་པ་སངས་རྒྱས་ཀྱི་ཐེག་པ་ལ་གཉིས་ཏེ། སྐྱབས་གནས་དཀོན་མཆོག་གསུམ་འཛིན་པ་དང༌། ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་པའོ། །བཞི་པ་ཐེག་པ་ཆེན་པོ་ལ་ཞུགས་པ་ལ་གསུམ། སྡེ་སྣོད་དང་གྲུབ་མཐའི་དབང་དུ་བྱས་པའི་ཐེག་པ་ཆེ་ཆུང་དང༌། ལམ་དང་འབྲས་བུའི་དབང་དུ་བྱས་པའི་ཐེག་པ་ཆེ་ཆུང་དུ་གཞག་པ་དང༌། དེ་ལྟར་སྡེ་སྣོད་དང་ལམ་འབྲས་སོ་སོར་གཞག་པའི་འཐད་པའོ། །སྤྱི་དོན་གསུམ་པ་ཁྱད་པར་དུ་འཕགས་པ་དེ་དབྱེ་ན་བཞི་སྟེ། ལམ་གསུམ་ལ་འབྲས་བུ་གསུམ་དུ་འདོད་པ་དང༌། ལམ་གཅིག་ལ་འབྲས་བུ་གསུམ་དུ་འདོད་པ་དང༌། ལམ་གཅིག་ལ་འབྲས་བུ་གཅིག་ཏུ་འདོད་པ་དང༌། ལམ་གསུམ་ལ་འབྲས་བུ་གཅིག་ཏུ་འདོད་པའོ། །གཉིས་པ་ལམ་གྱི་དབྱེ་བ་ལ་བཞི་སྟེ། དབྱེ་བའི་གཞི་དང༌། དབྱེ་བའི་དོན་དང༌། གྲངས་ངེས་པ་དང༌། མིང་གི་དོན་ཏོ། །གཉིས་པ་ལ་གཉིས་ཏེ། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་དང༌། གསང་སྔགས་ཀྱི་ཐེག་པ་ཆེན་པོའོ། །གསུམ་པ་ལ་གཉིས། ལམ་གཉིས་སུ་གྲངས་ངེས་པ་དང༌། འབྲས་བུ་གཉིས་སུ་ངེས་པའོ། །དེ་གཉིས་ཀ་ལ་ལུང་དང་རིགས་པ་གཉིས་སོ། །སྤྱི་དོན་གསུམ་པ་དབྱེ་བ་སོ་སོའི་མཚན་ཉིད་ལ་གཉིས་ཏེ། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་གཏན་ལ་དབབ་པ་དང༌། གསང་སྔགས་ཀྱི་ཐེག་པ་གཏན་ལ་དབབ་པའོ། །དང་པོ་ལ་བཞི་སྟེ། གང་ཞིག་འཁོར་བ་དང་མྱ་ངན་ལས་འདས་པར་གང་གིས་འགྱུར་བའི་གཞི་གཏན་ལ་དབབ་པ་དང༌། གཞི་སྤངས་པས་ལམ་དུ་བྱེད་པའི་ཚུལ་བསྟན་པ་དང༌། ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་ལམ་གྱི་རྣམ་པར་གཞག་པ་དང༌། ལམ་དེས་འབྲས་བུ་འགྲུབ་པའི་དུས་བསྟན་པའི་ཞར་ལ་རྒྱུའི་ཐེག་པའི་གཏན་ལ་དབབ་པའོ། །དང་པོ་ལ་གཉིས་ཏེ། གཞིའི་མཚན་ཉིད་དང༌། བཞི་པ་འཁོར་འདས་གཉིས་ཀྱིས་རྒྱུ་ཐུན་མོང་བར་བསྒྲུབ་པའོ། །གཞི་སྤངས་པས་ལམ་དུ་བྱེད་པའི་ཚུལ་ལ་གཉིས། ཡུལ་ལ་མི་མཐུན་པར་ལྟ་བ་དང༌། དེ་སྤོང་བའི་ཚུལ་ལོ། །དེ་ལ་གཉིས། ཀུན་རྫོབ་དང༌། དོན་དམ་པའི་སྒོམ་པའོ། །ལམ་གྱི་རྣམ་གཞག་ལ་གཉིས། ལམ་རང་གི་ངོ་བོའི་རྣམ་པར་གཞག་པ་དང༌། ལམ་དེའི་མངོན་པར་རྟོགས་པ་སྐྱེ་བའི་ཚུལ་ལོ། །རྒྱུའི་ཐེག་པར་གཏན་ལ་དབབ་པ་ལ་གཉིས་ཏེ། རྒྱུ་ལས་ཡུན་རིང་དུ་འགོར་བ་དང༌། རྒྱུ་ལས་ཐ་དད་པའོ། །སྤྱི་དོན་གཉིས་པ་རྡོ་རྗེ་ཐེག་པ་གཏན་ལ་དབབ་པ་ལ་བཞི་སྟེ། གཞི་མི་སྤོང་ཚུལ་དང༌། གསང་སྔགས་ཀྱི་སྤྱོད་པར་རྣམ་པར་གཞག་པ་དང༌། རྡོ་རྗེའི་ཐེག་པར་རྣམ་པར་གཞག་པ་དང༌། དེས་འབྲས་བུ་འགྲུབ་པའི་དུས་བསྟན་པའི་ཞར་ལ་འབྲས་བུའི་ཐེག་པར་རྣམ་པར་གཞག་པའོ། །དང་པོ་ལ་གསུམ་སྟེ། གཞི་མི་སྤོང་བའི་འཐད་པ་དང༌། མི་སྤོང་བའི་ཐབས་སམ་ལམ་དང༌། དེ་ལས་གྲུབ་པའི་ཚུལ་ལོ། །གཉིས་པ་ལ་གཉིས་ཏེ། བསྐྱེད་པ་དང༌། རྫོགས་པའི་ཐབས་ལ་མཁས་པའོ། །དང་པོ་ལ་གཉིས་ཏེ། ལྷག་པའི་ལྷའི་ཐབས་ལ་མཁས་པ་དང༌། ལྷ་སོ་སོའི་ཐབས་ལ་མཁས་པའོ། །སྤྱི་དོན་བཞི་པ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས་གསང་སྔགས་ཀྱི་ཐེག་པ་ཁྱད་པར་དུ་འཕགས་པའི་ཚུལ་ལ་གསུམ་སྟེ། རྟོགས་བྱའི་དོན་གཅིག་པར་བསྟན་པ་དང༌། དེ་རྟོགས་བྱེད་ཀྱི་ཐབས་བཞིས་ཁྱད་པར་དུ་འཕགས་པའི་ཚུལ་དངོས་དང༌། དེ་ལ་རྩོད་པ་སྤང་པའོ། །གཉིས་པ་ལ་བཞི། རྟོགས་པའི་ལྟ་བ་ལ་མ་རྨོངས་པ་ཉིད་དང༌། འབྲས་བུ་འགྲུབ་པར་བྱེད་པའི་ཐབས་མང་བ་དང༌། དཀའ་བ་མེད་དེ་སྤྱོད་པ་བདེ་བས་བྱང་ཆུབ་བསྒྲུབ་པ་དང༌། འབྲས་བུ་མྱུར་དུ་འགྲུབ་པའི་ཕྱིར་དབང་པོ་རྣོན་པོ་ཞེས་བྱ་བའོ། །གཉིས་པ་ཐབས་ལ་མཁས་པ་ལ་གཉིས་ཏེ། འབྲས་བུ་ཐུན་མོང་བ་འགྲུབ་པའི་ཐབས་མང་བ་དང༌། མཆོག་སྒྲུབ་པའི་ཐབས་མང་བའོ། །འདི་ལ་གཉིས་ཏེ། དོན་ཟབ་མོ་རྟོགས་པའི་ཐབས་དང༌། ཀུན་རྫོབ་རྒྱ་ཆེ་བ་རྟོགས་པའི་ཐབས་སོ། །འདི་ལ་གཉིས་ཏེ། རྟོགས་པ་དང༌། སྤྱོད་པ་རྒྱ་ཆེ་བའོ། །གསུམ་པ་རྩོད་པ་སྤང་བ་ལ་བཞི་སྟེ། དོན་གཅིག་པ་ལ་རྩོད་པ་སྤང་བ་དང༌། ཁྱད་པར་གྱི་དབྱེ་བ་བཞི་མི་རིགས་པའི་རྩོད་པ་སྤང་བ་དང༌། གསུང་རབ་བམ་སྡེ་སྣོད་གྱི་དབྱེ་བ་དང་བཀག་པའི་རྩོད་པ་སྤང་བ་དང༌། གསང་སྔགས་སྤྱད་པའི་དུས་མ་ཡིན་པའི་རྩོད་པ་སྤང་བའོ། །དང་པོ་ལ་གཉིས་ཏེ། དོན་མི་མཚུངས་པ་རྒོལ་བ་དང༌། མཚུངས་ན་དྲང་དོན་དུ་ཐལ་བའི་རྒོལ་བ་སྤང་བའོ། །ཁྱད་པར་བཞི་པོ་མི་རིགས་པའི་རྩོད་པ་སྤང་བ་ལ་གསུམ་སྟེ། ཁྱད་པར་བཞི་པོ་མཚུངས་པར་ཡོད་པའི་རྩོད་སྤང་དང༌། མི་མཚུངས་ན་ལམ་གོལ་བར་ཐལ་བའི་རྩོད་སྤང་དང༌། བྱ་སྤྱོད་ཀྱི་རྒྱུད་གསང་སྔགས་མ་ཡིན་པར་ཐལ་བ་སྤང་བའོ། །དང་པོ་ལ་གཉིས། རྒོལ་བ་དགོད་པ་དང༌། ལན་གདབ་པའོ། །ལམ་གོལ་བར་ཐལ་བ་སྤང་བ་ལ་གསུམ་སྟེ། མ་རྨོངས་ན་བདེན་མཐོང་དུ་འགྱུར་བ་སྤང་བ་དང༌། ཐབས་མང་དཀའ་བ་མེད་པས་ལམ་ལོག་པར་ཐལ་བ་སྤང་བ་དང༌། དབང་པོ་རྣོའང་སྤྱོད་པ་རྒྱ་ཆེ་བ་མ་བསྟན་པས་ཉན་ཐོས་ཀྱི་ལམ་དང་མཚུངས་པར་རྩོད་པ་སྤང་བའོ། །ཐ་མ་གཉིས་པོ་ལའང༌། རྒོལ་བ་དང༌། ལམ་གཉིས་སོ། །བཞི་པ་གསང་སྔགས་སྦྱང་བའི་དུས་མ་ཡིན་པའི་རྩོད་པ་སྤང་བ་ལ་བཞི་སྟེ། སློབ་དཔོན་དང་སློབ་མ་མཚན་ཉིད་དང་ལྡན་པ་མེད་པའི་ཕྱིར་དང༌། བསྲུངས་ན་ཕན་ཡོན་ཆེ་ཡང་མ་བསྲུངས་ན་ཉེས་དམིགས་ཆེ་བའི་ཕྱིར་དང༌། དམ་ཚིག་མང་བས་བསྲུང་བ་དཀའ་བའི་ཕྱིར་དང༌། དུས་སྙིགས་པའི་ཕྱིར་རོ་ཞེས་པའི་རྒོལ་བ་བཟློག་པ་བཞིའོ། །སྤྱི་དོན་ལྔ་པ་གསང་སྔགས་ཀྱི་ཐེག་པ་བྱེ་བྲག་ཏུ་གཏན་ལ་དབབ་པ་ལ་གཉིས་ཏེ། རྒྱུད་སྡེའི་རབ་ཏུ་དབྱེ་བ་དང༌། གསང་སྔགས་ཀྱི་ཐེག་པའི་འབྱུང་ཚུལ་རྣམ་པར་གཞག་པའོ། །དང་པོ་ལ་གསུམ་སྟེ། གསང་སྔགས་མཐའ་དག་རྒྱུད་སྡེ་བཞིར་དབྱེ་བ་དང༌། བྱེ་བྲག་ཏུ་རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྡེའི་རབ་ཏུ་དབྱེ་བ་དང༌། རྒྱུད་སྡེ་རྣམས་ཀྱི་ཁྱད་བསྟན་པའོ། །དང་པོ་ལ་བཞི་སྟེ། རྒྱུད་སྡེ་བཞིར་གྲངས་ངེས་པ་དང༌། གྲངས་དང་གོ་རིམ་གཉིས་ཀ་ངེས་པ་དང༌། མིང་དོན་དང༌། རྩོད་པ་སྤང་བའོ། །དང་པོ་ལ་གསུམ་སྟེ། ཕྱི་རོལ་མུ་སྟེགས་བྱེད་ལ་ལོག་པར་རྟོག་པའི་དབང་གིས་ལོག་པའི་སྤྱོད་པ་བཞི་ཡོད་པས་དེ་དག་རྗེས་སུ་གཟུང་བའི་ཕྱིར་བཞིར་དབྱེ་བ་དང༌། སངས་རྒྱས་པ་ཉིད་ལའང་མཚན་ཉིད་ཀྱི་ཐེག་པ་ལ་གྲུབ་མཐའ་མི་མཐུན་པ་བཞི་ཡོད་པས་དེ་དང་ལུང་སྒོ་བསྟུན་གྱི་དབང་དུ་བྱས་ཏེ་ལྷའི་སྐྱེད་ཆོག་མི་འདྲ་བ་བཞིས་རྒྱུད་སྡེ་བཞིར་དབྱེ་བ་དང༌། གསང་སྔགས་ནི་གཙོར་འདོད་ཁམས་ཀྱི་དོན་དུ་གསུངས་ན་འདོད་ཁམས་ཀྱི་སེམས་ཅན་ལ་ཆགས་པ་ཆེ་འབྲིང་བཞི་ཡོད་པས་དེ་དག་མ་སྤངས་ཀྱང་བྱང་ཆུབ་ཀྱི་ལམ་བསྟན་པའི་ཕྱིར་བཞིར་དབྱེ་བའོ། །དང་པོ་ལ་བཞི་སྟེ། འདོད་ཆགས་ཅན་ལྷ་ཆེན་པོའི་རྗེས་སུ་འབྲང་བ་འདོད་ཆགས་ཆོས་སུ་སྨྲ་བ་དང༌། ཞེ་སྡང་ཅན་ཁྱབ་འཇུག་གི་རྗེས་སུ་འབྲང་བ་འཚེ་བ་ཆོས་སུ་སྨྲ་བ་དང༌། གཏི་མུག་ཅན་ཚངས་པའི་རྗེས་སུ་འབྲངས་ནས་གཙང་སྦྲ་ཆོས་སུ་སྨྲ་བ་དང༌། རྐྱེན་སྙོམས་པ་སྐབས་ཀྱི་སྟོབས་ཀྱིས་གསུམ་ཀའི་རྗེས་སུ་འབྲང་བའོ། །བཞི་པ་རྩོད་པ་སྤང་བ་ལ་གཉིས་ཏེ། གསུམ་དང་ལྔ་དང་དྲུག་ཏུ་འདོད་པ་དང་མི་འགལ་བ་དང༌། བཞིར་གྲངས་ངེས་པའི་འཐད་པའོ། །འདི་ལ་གསུམ་སྟེ། གང་ཟག་དང༌། དབང་དང༌། ལམ་མོ། །བྱེ་བྲག་ཏུ་རྣལ་འབྱོར་བླ་ན་མེད་པ་གཏན་ལ་དབབ་པ་ལ་གཉིས་ཏེ། རྣལ་འབྱོར་ཆེན་པོ་གསུམ་དུ་དབྱེ་བ་དང༌། བྱེ་བྲག་ཏུ་གཉིས་སུ་མེད་པའི་རྒྱུད་གཏན་ལ་དབབ་པའོ། །དང་པོ་ལ་གཉིས་ཏེ། གསུམ་དུ་དབྱེ་བ་དངོས་དང༌། དེའི་འཐད་པའམ་ཁྱད་པར་རོ། །དང་པོ་ལ་གསུམ། ཐབས་ཀྱི་རྒྱུད་དང༌། ཤེས་རབ་ཀྱི་རྒྱུད་དང༌། གཉིས་སུ་མེད་པའི་རྒྱུད་དོ། །ཁྱད་པར་ལ་གསུམ། རྗོད་བྱེད་སྒྲའི་ཁྱད་པར། བརྗོད་བྱ་དོན་གྱི་ཁྱད་པར། ཞུ་བ་པོ་དང་གདུལ་བྱའི་ཁྱད་པར་བསྟན་པའོ། །གཉིས་པ་ལ་གསུམ། བསྐྱེད་པའི་རིམ་པའི་ཁྱད་པར་དང༌། རྫོགས་པའི་རིམ་པའི་ཁྱད་པར། རྗེས་སྤྱོད་རྣམ་དག་གི་ཁྱད་པར་རོ། །གཉིས་པ་གཉིས་སུ་མེད་པའི་རྒྱུད་གཏན་ལ་དབབ་པ་ལ་གཉིས་ཏེ། རྒྱུད་སྤྱིའི་ངེས་ཚུལ་དང༌། བྱེ་བྲག་ཏུ་ཀྱེའི་རྡོ་རྗེའི་རྒྱུད་གཏན་ལ་དབབ་པའོ། །དང་པོ་ལ་བཞི། རྩ་བ་དང་བཤད་རྒྱུད་ཀྱི་ཁྱད་པར་དང༌། བཞུགས་ཚུལ་དང༌། མདོར་རྒྱས་དང༌། གཞུང་གི་ཚད་བརྩི་བའོ། །དང་པོ་ལ་གཉིས་ཏེ། མཚན་ཉིད་དང༌། དབྱེ་བའོ། །འདི་ལ་གཉིས། རྩ་རྒྱུད་དང༌། བཤད་པའི་རྒྱུད་དོ། །དང་པོ་ལ་གཉིས། རྒྱས་པ་དང༌། བསྡུས་པའོ། །བཤད་རྒྱུད་ལ་གསུམ། ཐུན་མོང་དང༌། ཐུན་མོང་མ་ཡིན་པ་དང༌། བཤད་རྒྱུད་དུ་འགྲོ་བའི་ཚུལ་ལོ། །བྱེ་བྲག་ཏུ་ཀྱེའི་རྡོ་རྗེ་གཏན་ལ་དབབ་པ་ལ་བཞི་སྟེ། རྩ་བ་དང་བཤད་རྒྱུད། བཞུགས་ཚུལ་དང༌། མདོར་རྒྱས་དང༌། གཞུང་ཚད་དོ། །དང་པོ་ལ་གཉིས། རྩ་བའི་རྒྱུད་རྒྱས་པ་དང་བསྡུས་པ་དང༌། བཤད་རྒྱུད་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པའོ། །ད་ནི་སྤྱི་དོན་གཉིས་པ་རྡོ་རྗེ་ཐེག་པའི་བྱུང་ཚུལ་རྣམ་པར་གཞག་པ་ལ་གཉིས་ཏེ། གཞན་གྱི་ལོག་རྟོག་དགག་པ་དང༌། ཐེག་པ་ཆེན་པོ་ཐུན་མོང་མ་ཡིན་པའི་འདོད་ཚུལ་གཏན་ལ་དབབ་པའོ། །དང་པོ་ལ་གཉིས་ཏེ། ཉན་ཐོས་ཀྱི་འདོད་པ་དང༌། ཐེག་པ་ཆེན་པོ་ཐུན་མོང་མ་ཡིན་པའི་འདོད་པའོ། །དེ་གཉིས་ཀ་ལ་དོན་དྲུག་དྲུག་སྟེ། དུས་ཇི་སྲིད་ཅིག་ཚོགས་བསག་པ་དང༌། སངས་རྒྱས་པའི་དུས་དང༌། གནས་དང༌། ཚུལ་དང༌། མཛད་པ་དང༌། མྱ་ངན་ལས་འདས་ནས་ཇི་ལྟར་གནས་པའི་ཚུལ་ལོ། །གཉིས་པ་ཐུན་མོང་མ་ཡིན་པའི་འདོད་ཚུལ་གཏན་ལ་དབབ་པ་ལ་དྲུག་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་སངས་རྒྱས་པའི་དུས་ནམ་ཡིན་པ་དང༌། གནས་གང་ཡིན་པ་དང༌། ཚུལ་ཇི་ལྟར་འཚང་རྒྱ་བ་དང༌། སངས་རྒྱས་ནས་ཐེག་པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་བསྐོར་ཚུལ་དང༌། སྤྱིར་སངས་རྒྱས་ཀྱི་མཛད་པ་མཐའ་ཡས་པ་མཛད་པའི་ཚུལ་དང༌། བྱེ་བྲག་ཏུ་མི་མཇེད་ཀྱི་འཇིག་རྟེན་གྱི་སྤྲུལ་པའི་སངས་རྒྱས་ཀྱི་དུས་ལ་སོགས་པ་བཤད་པའོ། །གསུམ་པ་ལ་གཉིས་ཏེ། ཕྱིའི་མངོན་བྱང་ལྟར་བགྲོད་པ་དང༌། ནང་གི་མངོན་བྱང་ལྟར་བགྲོད་པའོ། །དང་པོ་ལ་གཉིས་ཏེ། སྟོན་པ་འཚང་རྒྱ་བའི་ཚུལ་དང༌། དེས་སྐུ་གསུམ་རོ་གཅིག་པར་འགྲུབ་པའི་ཚུལ་ལོ། །བཞི་པ་ཆོས་ཀྱི་འཁོར་ལོ་བསྐོར་ཚུལ་ལ་གཉིས། ངེས་པའི་དོན་གྱི་སངས་རྒྱས་ཀྱིས་ཆོས་མི་འགྱུར་བའི་ཆོས་ཀྱི་འཁོར་ལོ་དང༌། སོ་སོའི་གནས་སུ་སོ་སོའི་གདུལ་བྱ་ལ་སྤྲུལ་པ་མཆོག་གིས་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚུལ་ལོ། །དང་པོ་ལ་ལྔ། གནས་དང༌། སྟོན་པ་དང༌། འཁོར་དང༌། དུས་དང༌། ཆོས་ཕུན་སུམ་ཚོགས་པའོ། །འཁོར་ལ་གཉིས། དེ་བཞིན་གཤེགས་པའི་འཁོར་དང༌། བྱང་ཆུབ་སེམས་དཔའི་འཁོར་རོ། །གཉིས་པ་སྤྲུལ་པ་མཆོག་གི་ཆོས་ཀྱི་འཁོར་ལོ་ལ་ལྔ། སྟོན་པ་དང༌། འཁོར་དང༌། དུས་དང༌། གནས་དང༌། ཆོས་སོ། །ལྔ་པ་མཛད་པ་མཐའ་ཡས་པ་མཛད་ཚུལ་ལ་ལྔ། མཛད་པ་པོ་དང༌། མཛད་པའི་རྒྱུ་དང༌། དུས་དང༌། གནས་དང༌། མཛད་པའི་ཚུལ་ལོ། །དྲུག་པ་མི་མཇེད་འཇིག་རྟེན་གྱི་ཁམས་སུ་སྤྲུལ་པའི་སངས་རྒྱས་འབྱུང་བའི་དུས་ལ་ལྔ། སྤྲུལ་པའི་སྐུ་ཇི་ལྟར་བྱུང་བའི་ཚུལ་དང༌། དེ་ལ་འཁོར་ཇི་ལྟར་བྱུང་བའི་ཚུལ་དང༌། དེ་ལ་འཁོར་ལོ་ཇི་ལྟར་བསྐོར་བའི་ཚུལ་དང༌། བཀའ་ཇི་ལྟར་བསྡུ་བ་བྱས་པའི་ཚུལ་དང༌། མི་རྣམས་ལ་ཇི་ལྟར་འཕེལ་བའི་ཚུལ་ལོ། །དང་པོ་ཇི་ལྟར་བྱུང་བའི་ཚུལ་ལ་བཞི་སྟེ། གནས་དང༌། དུས་དང༌། ཚུལ་ཇི་ལྟར་སངས་རྒྱས་པ་དང༌། དེའི་མཛད་པའོ། །འཁོར་ཇི་ལྟར་བྱུང་བའི་ཚུལ་ལ་གཉིས། སྐལ་བ་དང་ལྡན་པའི་འཁོར་ཇི་ལྟར་བྱུང་བ་དང༌། བྱེ་བྲག་ཏུ་སྡུད་པ་པོ་ཇི་ལྟར་བྱུང་བའི་ཚུལ་ལོ། །ཆོས་ཀྱི་འཁོར་ལོ་ཇི་ལྟར་བསྐོར་ཚུལ་ལ་གཉིས། ཐུན་མོང་གི་ཆོས་ཀྱི་འཁོར་ལོ་བསྐོར་ཚུལ་དང༌། ཐུན་མོང་མ་ཡིན་པ་རྡོ་རྗེ་ཐེག་པ་ཇི་ལྟར་བསྐོར་ཚུལ་ལོ། །དང་པོ་ལ་གཉིས་ཏེ། གཞན་གྱི་ལོག་རྟོག་དགག་པ་དང༌། རང་གི་འདོད་པ་བརྗོད་པའོ། །རྡོ་རྗེ་ཐེག་པ་ཇི་ལྟར་བསྐོར་ཚུལ་ལ་གཉིས། ཇི་ལྟར་བསྐོར་ཚུལ་གཉིས་དང༌། དེ་ལ་འགལ་བ་སྤང་བའོ། །འདི་ལ་གཉིས། གསུངས་པའི་དུས་ལ་འགལ་བ་སྤང་བ་དང༌། སྟོན་པ་ལ་འགལ་བ་སྤང་བའོ། །བཀའ་བསྡུ་བ་ཇི་ལྟར་བྱས་པ་ལ་གསུམ། ཞར་ལས་བྱུང་བ་ཉན་ཐོས་ཀྱི་བསྡུས་ཚུལ་དང༌། ཐེག་པ་ཆེན་པོ་བསྡུས་པ་དང༌། གསང་སྔགས་ཇི་ལྟར་བསྡུས་ཚུལ་ལོ། །འདི་ལ་གཉིས། གཞན་གྱི་ལོག་རྟོག་དགག་པ་དང༌། རང་གི་འདོད་པ་བརྗོད་པའོ། །མི་ཡུལ་དུ་འཕེལ་བ་ལ་གཉིས། གཞན་གྱི་འདོད་པ་ལ་བཞད་གད་དུ་བྱ་བ་དང༌། རང་གི་འདོད་པ་ལ་གུས་པ་བསྐྱེད་པའོ། །རྒྱུད་སྡེ་སྤྱིའི་རྣམ་གཞག་གི་བསྡུས་པའི་དོན་ཏེ་ལེའུ་དང་པོའོ།། །།སྤྱི་དོན་གཉིས་པ་རྒྱུད་ཀྱི་མཚན་གྱི་དོན་གཏན་ལ་དབབ་པ་ལ་གཉིས་ཏེ། བརྗོད་བྱ་དོན་གྱི་རྒྱུད་དང༌། རྗོད་པར་བྱེད་པ་སྒྲའི་རྒྱུད་དོ། །དང་པོ་ལ་ལྔ། སྤྱིར་རྒྱུད་ཅེས་བྱ་བ་གང་ཡིན་པ་དང༌། དེ་རྒྱུད་གསུམ་དུ་དབྱེ་བ་དང༌། གསུམ་པོ་དེའི་ངེས་ཚིག་རྣམ་པར་གཞག་པ་དང༌། དེ་ལ་རྒྱུད་སོ་སོའི་མཚན་ཐབས་དང་ཤེས་རབ་ལ་སོགས་པར་གཞག་པ་དང༌། རྒྱལ་པོ་ཆེན་པོར་གཞག་པའོ། །གཉིས་པ་ལ་གསུམ། རྒྱུ་དང༌། ཐབས་དང༌། འབྲས་བུའི་རྒྱུད་དོ། །གསུམ་པ་ངེས་ཚིག་ལ་གཉིས་རྒྱུ་ལ་སོགས་པ་གསུམ་གཏན་ལ་དབབ་པ་དང༌། དེ་དག་རྒྱུད་དུ་གཞག་པའོ། །བཞི་པ་ཐབས་དང་ཤེས་རབ་ལ་སོགས་པར་གཞག་པ་ལ་གསུམ། མཚན་དོན་སྤྱིའི་ངེས་པའི་ཚིག་དང༌། རྒྱུད་ཐམས་ཅད་ཀྱི་མཚན་ཐབས་དང་ཤེས་རབ་ཀྱིས་གཏན་ལ་དབབ་པ་དང༌། བྱེ་བྲག་ཏུ་རྩ་བ་དང་བཤད་པའི་རྒྱུད་ཀྱི་མཚན་སོ་སོར་བཤད་པའོ། །དང་པོ་ལ་བདུན། འབྲས་བུ་ལ་གཞིར་བྱས་ནས་རྒྱུ་དང་ཐབས་དང་ཞར་ལས་འབྱུང་བ་དང༌། འབྲས་བུ་དང་ཐབས་ལ་བསྐྱར་ཏེ་རྒྱུ་ཞར་ལ་བསྟན་པ་དང༌། ཐབས་ལ་གཙོ་བོར་སྦྱར་བ་དང༌། ཞུ་བ་པོ་ལས་བཏགས་པ་དང༌། གཞུང་ཚད་ལས་མིང་བཏགས་པ་དང༌། གནས་ལས་མིང་བཏགས་པ་དང༌། དཔེ་ལས་མིང་བཏགས་པའོ། །རྗོད་བྱེད་སྒྲའི་རྒྱུད་ལ་གཉིས། རྗོད་བྱེད་སྒྲ་རྒྱུད་དངོས་དང༌། དེ་ལས་བྱུང་བའི་དགོས་འབྲེལ་ལོ། །དང་པོ་ལ་གཉིས། ཐུན་མོང་ལ་གྲགས་པ་དང༌། ཐུན་མོང་མ་ཡིན་པ་ལ་གྲགས་པའོ། །དང་པོ་ལ་གསུམ། རྗོད་བྱེད་མཚན་ཉིད་པ་དང༌། བཏགས་པ་བ་དང༌། དེ་ལ་རྩོད་པ་སྤང་བའོ། །གཉིས་པ་ཐུན་མོང་མ་ཡིན་པ་ལ་གཉིས་ཏེ། སྒྲ་རྒྱུད་མཚན་ཉིད་པ་དང༌། བཏགས་པ་བའོ། །དེ་ལས་བྱུང་བའི་དགོས་འབྲེལ་ལ་བཞི། བརྗོད་བྱ་དང༌། དགོས་པ་དང༌། དགོས་པའི་དགོས་པ་དང༌། འབྲེལ་པའོ། །མཚན་གྱི་དོན་གྱི་བསྡུས་པའི་དོན་གྱི་ལེའུ་སྟེ་གཉིས་པའོ།། །།སྤྱི་དོན་གསུམ་པ་རྒྱུད་བཤད་ཐབས་ཀྱི་མན་ངག་ལ་གཉིས། མན་ངག་དངོས་དང༌། རྩོད་པ་སྤང་བའོ། །དང་པོ་ལ་དྲུག ཉན་པ་པོ་གཟུང་བདེ་ཞིང་རྟོགས་སླ་བས་གདམས་ངག་དྲུག་གིས་བཤད་པ་དང༌། འདིར་སེམས་ཀྱི་རྒྱུད་རྒྱུན་ཆགས་གཅིག་གཏན་ལ་དབབ་པ་ལ་དགོངས་ནས་རྒྱུད་གསུམ་གྱིས་བཤད་པ་དང༌། དབང་ལམ་དུ་བྱ་བའི་ཕྱིར་བདག་ཉིད་ཅན་གསུམ་གྱིས་བཤད་པ་དང༌། འབྲས་བུ་སྐུ་བཞི་ལམ་དུ་བྱ་བའི་ཕྱིར་གནས་པ་བཞིས་བཤད་ཐབས། སྤང་བྱ་མི་མཐུན་པའི་ཕྱོགས་སྤོང་བ་ལ་དགོངས་ནས་དག་པ་གསུམ་གྱིས་བཤད་པ་དང༌། སྣོད་མ་ཡིན་པ་ལ་གབ་ཅིང་གསང་བའི་ཕྱིར་གསང་བ་རྣམ་པ་བདུན་གྱིས་བཤད་པའོ། །དང་པོ་ལ་གསུམ། བརྗོད་པར་བྱ་བའི་དོན་གསུམ། བརྗོད་པར་བྱ་བའི་སྒྲ་གསུམ། བརྗོད་བྱའི་དོན་རེ་རེ་ལའང་རྗོད་བྱེད་ཀྱི་སྒྲ་གསུམ་གྱིས་འཆད་པའི་ཚུལ་ལོ། །དང་པོ་ལ་གསུམ། སྤྱིའི་དོན་དུ་བཤད་པ་དང༌། སྦས་པའི་དོན་དུ་བཤད་པ་དང༌། མཐར་ཐུག་པའི་དོན་བཤད་པའོ། །དང་པོ་ལ་གཉིས། མཚན་ཉིད་དང༌། དབྱེ་བའོ། །འདི་ལ་གཉིས། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་སྤྱི་དང༌། སྐྱེད་པའི་རིམ་པ་སྤྱིའོ། །སྦས་པ་ལ་གཉིས། མཚན་ཉིད་དང༌། དབྱེ་བའོ། །འདི་ལ་གཉིས། རང་བྱིན་བརླབ་ཀྱི་སྦས་པ་དང༌། དཀྱིལ་འཁོར་འཁོར་ལོའི་སྦས་པའོ། །མཐར་ཐུག་ལ་གཉིས། མཚན་ཉིད་དང༌། དབྱེ་བའོ། །འདི་ལ་གཉིས། སྤྱི་དོན་གྱི་མཐར་ཐུག་དང༌། སྦས་དོན་མཐར་ཐུག་གོ །གཉིས་པ་རྗོད་བྱེད་ཀྱི་སྒྲ་ལ་གསུམ། ཡན་ལག་དང༌། ཡི་གེ་དང༌། མན་ངག་གི་དོན་གྱིས་བཤད་པའོ། །དང་པོ་ལ་གསུམ། འཇིག་རྟེན་ལས་གྲགས་པའི་སྒྲ་དང༌། བསྟན་བཅོས་ལས་གྲགས་པའི་སྒྲ་དང༌། སྒྲ་འཇུག་པའི་རྒྱུ་མཚན་ངེས་ཚིག་དང་བཅས་པའོ། །གཉིས་པ་ཡི་གེའི་དོན་ལ་གཉིས། མཚན་ཉིད་དང༌། དབྱེ་བའོ། །འདི་ལ་གསུམ། སྒྲ་དྲངས་ཏེ་བཤད་པ་དང༌། ཁ་ཕྲལ་ཏེ་སྒྲ་དྲངས་ཏེ་བཤད་པ་དང༌། ཡི་གེ་དབྱིབས་མཐུན་པས་བཤད་པའོ། །གསུམ་པ་རྗོད་བྱེད་ཀྱི་སྒྲ་གསུམ་གྱི་འཆད་ཚུལ་ལ་གཉིས། དེ་དག་གི་དཔེར་བརྗོད་སྤྱིར་བསྟན་པ་དང༌། དེས་རྒྱུད་ཇི་ལྟར་འཆད་པའི་ཚུལ་ལོ། །འདི་ལ་གཉིས། གཞུང་གི་དོན་ལ་བརྗོད་བྱ་གསུམ་སོ་སོར་སྦྱར་བ་དང༌། ཚིག་རེ་རེ་ལ་བརྗོད་བྱའི་དོན་གསུམ་ཀ་སྦྱར་བའི་བཤད་པའོ། །བཤད་ཐབས་གཉིས་པ་ལ་གཉིས་ཏེ། མན་ངག་དང༌། འཆད་ཚུལ་ལོ། །དང་པོ་ལ་གསུམ། རྒྱུ་དང༌། ཐབས་དང༌། འབྲས་བུའི་རྒྱུད་དོ། །འཆད་ཚུལ་ལ་གཉིས། གཞུང་གི་ཚིག་དོན་ལ་བརྗོད་བྱ་གསུམ་སྦྱར་བ་དང༌། ཚིག་རེ་རེ་ལ་བརྗོད་བྱའི་དོན་གསུམ་ཀ་སྦྱར་བའི་བཤད་པའོ། །བཤད་ཐབས་གསུམ་པ་ལ་གཉིས། བདག་ཉིད་ཅན་གསུམ་གང་ཡིན་པ་དང༌། དེས་རྒྱུད་འཆད་པའི་ཚུལ་ལོ། །དང་པོ་ལ་གཉིས། དབྱིབས་ཀྱི་བདག་ཉིད་དང༌། སྔགས་དང་ཆོས་ཀྱི་བདག་ཉིད་དོ། །དེ་རེ་རེ་ལའང་བཞི། རྒྱུ་རྒྱུད་དང༌། སྨིན་ལམ་དང༌། གྲོལ་ལམ་དང༌། འབྲས་བུ་ལ་སྦྱར་བའོ། །རྒྱུད་འཆད་ཚུལ་ལ་གཉིས། གཞུང་སོ་སོ་ལ་བདག་ཉིད་ཅན་སོ་སོར་སྦྱར་བའི་བཤད་པ་དང༌། ཚིག་རེ་རེ་ལ་བདག་ཉིད་ཅན་སོ་སོར་གསུམ་ཀ་སྦྱར་བའི་བཤད་པའོ། །བཤད་ཐབས་བཞི་པ་ལ་གཉིས། གནས་པ་བཞི་དང༌། དེས་རྒྱུད་འཆད་པའི་ཚུལ་ལོ། །དང་པོ་ལ་བཞི། གོང་བུ་དང༌། ཆུ་དང༌། གཟུགས་དང༌། གཟུགས་ལས་འདས་པར་གནས་པའོ། །དེ་རེ་རེ་ལའང་གསུམ་གསུམ་སྟེ། རྒྱུ་དང༌། ལམ་དང༌། འབྲས་བུ་ལ་སྦྱར་བའོ། །འཆད་ཚུལ་ལ་གཉིས། གཞུང་སོ་སོ་ལ་སོ་སོར་སྦྱར་ཏེ་བཤད་པ་དང༌། ཚིག་གཅིག་ལའང་ཐམས་ཅད་སྦྱར་ཏེ་བཤད་པའོ། །བཤད་ཐབས་ལྔ་པ་ལ་གཉིས། དག་པ་གསུམ་དང༌། དེས་རྒྱུད་འཆད་པའི་ཚུལ་ལོ། །དང་པོ་ལ་གསུམ་སྟེ། དེ་བཞིན་ཉིད་དང༌། ལྷ་སོ་སོ་དང༌། རང་རིག་པའི་དག་པའོ། །དེ་རྣམས་རྒྱུ་རྒྱུད་ལ་སྦྱར་བ་དང༌། ཐབས་རྒྱུད་ལ་སྦྱར་བ་དང༌། འབྲས་བུའི་རྒྱུད་ལ་སྦྱར་བ་སྟེ་རེ་རེ་ལའང་གསུམ་གསུམ་མོ། །དེས་འཆད་ཚུལ་ལ་གཉིས། ཚིག་སོ་སོ་ལ་དག་པ་གསུམ་སྦྱར་བ་དང༌། ཚིག་རེ་རེ་ལ་དག་པ་གསུམ་སྦྱར་བའི་བཤད་པའོ། །བཤད་ཐབས་དྲུག་པ་ལ་གཉིས། གསང་བ་བདུན་དངོས་དང༌། དེས་རྒྱུད་ཇི་ལྟར་འཆད་ཚུལ་ལོ། །དང་པོ་ལ་བརྒྱད། གསང་བ་མི་གསལ་བ་དང༌། བདེ་བ་མཐའ་ཡས་པ་དང༌། དེ་ཁོ་ན་ཉིད་མདོར་བསྟན་པ་དང༌། ས་བོན་ལྔ་དང༌། དམ་པའི་དངོས་པོ་སྦས་པ་དང༌། གསང་བའི་པདྨ་དང༌། ལྟེ་བའི་དགའ་བ་དང༌། ཐམས་ཅད་དུ་འགྲོ་བ་བསྡུས་པའོ། །དེས་རྒྱུད་འཆད་ཚུལ་ལ་གཉིས། གཞུང་སོ་སོ་ལ་སོ་སོར་སྦྱར་ཏེ་བཤད་པ་དང༌། ཚིག་གཅིག་ལ་ཡང་ཐམས་ཅད་སྦྱར་ཏེ་བཤད་པའོ། །སྤྱི་དོན་གཉིས་པ་རྩོད་པ་སྤང་བ་ལ་གསུམ་སྟེ། བཤད་ཐབས་མང་པོ་དོན་མེད་པ་སྤང་བ་དང༌། བཤད་ཡམས་གཅིག་ཏུ་བཤད་པ་ཚོགས་པ་ལ་བཤད་པར་ཐལ་བ་སྤང་བ་དང༌། བཤད་ཐབས་མང་པོ་གཞན་གྱི་བཤད་ཚུལ་དུ་ཐལ་བ་སྤང་བའོ། །འདི་ལ་གཉིས། གཞན་གྱི་བཤད་ཚུལ་དང་མི་འདྲ་བ་དང༌། རང་གི་ལུགས་ལ་ཐམས་ཅད་ཚང་བ་བཤད་པའོ། །རྒྱུད་བཤད་ཐབས་ཀྱི་མན་ངག་གི་བསྡུས་པའི་དོན་ཏེ་ལེའུ་གསུམ་པའོ།། །།དེ་ལྟར་གསུམ་གྱིས་རྒྱུད་སྡེ་སྤྱིའི་རྣམ་པར་གཞག་པའི་བསྡུས་པའི་དོན་བཤད་ཟིན་ཏོ།། །།རྒྱུད་ཀྱི་མངོན་པར་རྟོགས་པ་ལ་གསུམ། རྒྱུའི་རྒྱུད་དང༌། ཐབས་ཀྱི་རྒྱུད་དང༌། འབྲས་བུའི་རྒྱུད་དོ། །དང་པོ་ལ་བཞི། རྒྱུ་ལ་ལྟོས་པ་དང༌། རིགས་ལ་ལྟོས་པ་དང༌། སྤང་བྱ་ལ་ལྟོས་པ་དང༌། རྐྱེན་ལ་ལྟོས་པའོ། །དང་པོ་ལ་བཞི། སེམས་ཅན་རྣམས་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་བསྟན་པ་དང༌། རྒྱུ་གང་གིས་གང་དུ་འཁོར་བ་དང༌། རྐྱེན་གང་གིས་ཇི་སྲིད་ཅིག་ཏུ་འཁོར་བ་དང༌། སེམས་སྦྱངས་ན་སངས་རྒྱས་སུ་འགྱུར་བར་བསྟན་པའོ། །ཐབས་ཀྱི་རྒྱུད་ལ་གཉིས། སྐལ་བ་མེད་པ་རིམ་གྱིས་འཇུག་པ་དང༌། སྐལ་བ་དང་ལྡན་པ་ཅིག་ཅར་དུ་འཇུག་པའོ། །དང་པོ་ལ་གཉིས། ཐུན་མོང་གི་ཐེག་པ་ལ་རིམ་གྱིས་བསླབ་པ་དང༌། ཐུན་མོང་མ་ཡིན་པའི་ཐེག་པ་ལ་རིམ་གྱིས་བསླབ་པའོ། །དང་པོ་ལ་གཉིས། སྤྱོད་པ་རིམ་པ་ཅན་ལ་བསླབ་པ་དང༌། ལྟ་བ་རིམ་པ་ཅན་ལ་བསླབ་པའོ། །དང་པོ་ལ་བཞི། སྐྱབས་སུ་འགྲོ་བ་དང༌། དུས་ཚིགས་ཀྱི་གསོ་སྦྱོང་དང༌། སོ་སོར་ཐར་པ་གཏན་ཁྲིམས་བདུན་དང༌། དུས་ནམ་སྐྱེ་མེད་པའི་སེམས་བསྐྱེད་དོ། །དང་པོ་ལ་བདུན། རྒྱུ་དང༌། ཡུལ་དང༌། ཚུལ་ཇི་ལྟར་སྐྱབས་སུ་འགྲོ་བ་དང༌། དེའི་ཕན་ཡོན་དང༌། བསླབ་བྱ་དང༌། སྒྲའི་དོན་དང༌། དབྱེ་བ་དང་ཁྱད་པར་བསྟན་པའོ། །དང་པོ་ལ་གཉིས། རང་འཇིགས་པས་སྐྱབས་སུ་འགྲོ་བ་དང༌། ཡུལ་ལ་དང་བས་སྐྱབས་སུ་འགྲོ་བའོ། །བཞི་པ་ཕན་ཡོན་ལ་ལྔ། སྡོམ་པ་ཐམས་ཅད་སྐྱེ་བའི་རྒྱུ་ཡིན་པ་དང༌། སྲུང་བ་ཆེན་པོར་འགྱུར་བ་དང༌། ལོག་པར་མོས་པའི་ལས་ཀྱི་སྒྲིབ་པ་བསྲབས་པ་དང༌། དམ་པ་དམ་པ་ཞེས་བྱ་བའི་གྲངས་སུ་འགྲོ་བ་དང༌། བསྟན་པ་ལ་དགའ་བའི་ལྷ་རྣམས་ཀྱིས་བསྲུང་བའོ། །ལྔ་པ་བསླབ་བྱ་ལ་གཉིས། ཐུན་མོང་གི་བསླབ་བྱ་དང༌། སོ་སོའི་བསླབ་བྱའོ། །བདུན་པ་དབྱེ་བ་དང་ཁྱད་པར་ལ་གཉིས། རྒྱུ་དང་འབྲས་བུར་དབྱེ་བ་དང༌། ཐུན་མོང་དང་ཐུན་མོང་མ་ཡིན་པར་དབྱེ་བའོ། །དེ་གཉིས་ཀ་ལ་དབྱེ་ན་བཞི། འབྲས་བུའི་སྐྱབས་གནས་ཀྱི་ཁྱད་པར་དང༌། རྒྱུའི་ཁྱད་པར་དང༌། དུས་ཀྱི་ཁྱད་པར་དང༌། ཆེད་དུ་བྱ་བའི་ཁྱད་པར་རོ། །གསོ་སྦྱོང་ལ་བཞི། མིང་གི་དོན་དང༌། བསླབ་བྱ་དང༌། ཆོ་ག་དང༌། དགོས་པའོ། །བསླབ་བྱ་ལ་གསུམ་ལས་ཕྱེ་བའི་བརྒྱད་དེ། ཚུལ་ཁྲིམས་ཀྱི་ཡན་ལག་བཞི་དང༌། བག་ཡོད་པའི་ཡན་ལག་གཅིག་དང༌། བརྟུལ་ཞུགས་ཀྱི་ཡན་ལག་གསུམ་མོ། །གཏན་ཁྲིམས་བདུན་ལ་དྲུག་སྟེ། གང་ཟག་དང༌། བསམ་པ་དང༌། རབ་ཏུ་དབྱེ་བ་དང༌། མ་ཐོབ་པ་ཐོབ་པར་བྱེད་པའི་ཚུལ་དང༌། ཐོབ་པ་གཏོང་བའི་རྒྱུ་དང༌། ཐོབ་ནས་བསྲུང་བའི་ཚུལ་ལོ། །དབྱེ་བ་ལ་གཉིས། སོ་སོར་ཐར་པ་རིགས་བདུན་དང༌། དེ་བསླབ་པའི་གནས་བཅུར་བསྡུ་བའོ། །དང་པོ་ལ་བཞི། དགེ་བསྙེན་ཕ་མ་གཉིས། དགེ་ཚུལ་ཕ་མ་གཉིས་དང༌། བར་སློབ་མ་དང༌། དགེ་སློང་ཕ་མ་གཉིས་སོ། །དང་པོ་ལ་གཉིས། དགེ་བསྙེན་གྱི་བསླབ་པར་བྱ་བའི་རྣམ་གྲངས་དང༌། དེ་ལ་འགལ་བ་སྤང་བའོ། །དང་པོ་ལ་དྲུག སྐྱབས་གསུམ་འཛིན་པ་དང༌། སྣ་གཅིག་སྤྱོད་པ་དང༌། སྣ་འགའ་སྤྱོད་པ་དང༌། ཕལ་ཆེར་སྤྱོད་པ་དང༌། ཡོངས་སུ་རྫོགས་པ་དང༌། ཚངས་པར་སྤྱོད་པའི་དགེ་བསྙེན་ནོ། །དྲུག་པ་ཐོབ་པ་བསྲུང་ཚུལ་ལ་གཉིས། མི་ཉམས་པར་བསྲུང་བ་དང༌། ཉམས་པ་ཕྱིར་བཅོས་པའོ། །ལྟ་བ་རིམ་པ་ཅན་ལ་བཞི། བྱེ་བྲག་ཏུ་སྨྲ་བ་དང༌། མདོ་སྡེ་པ་དང༌། རྣལ་འབྱོར་སྤྱོད་པ་བ་དང༌། དབུ་མ་པའོ། །དང་པོ་ལ་གསུམ། ཤེས་བྱའི་གནས་དང༌། ཟག་པ་དང་བཅས་པ་དང༌། ཟག་པ་མེད་པའོ། །དང་པོ་ལ་གཉིས། རྒྱས་པར་དབྱེ་བ་དང༌། བསྡུས་ཏེ་བསྟན་པའོ། །དང་པོ་ལ་གཉིས། རྒྱས་པར་དབྱེ་བའི་ཚུལ་དང༌། དེ་བསྡུ་བའི་ཚུལ་ལོ། །འདི་ལ་གཉིས། ཟག་པ་དང་བཅས་པ་དང༌། ཟག་པ་མེད་པ་གཉིས་སམ། འདུས་བྱས་དང༌། འདུས་མ་བྱས་པའོ། །བསྡུས་ཏེ་བསྟན་པ་ལ་ལྔ། ཤེས་བྱ་གཟུགས་ཀྱི་གཞི་དང༌། སེམས་དང༌། སེམས་ལས་བྱུང་བ་དང༌། ལྡན་པ་མ་ཡིན་པའི་འདུ་བྱེད་དང༌། འདུས་མ་བྱས་ཀྱི་གཞིའོ། །ཟག་པ་དང་བཅས་པ་ལ་གསུམ། སྣོད་བཅུད་ཀྱི་འཇིག་རྟེན་བསྟན་པ་དང༌། ལས་བསྟན་པ་དང༌། ཉོན་མོངས་པ་ཕྲ་རྒྱས་བསྟན་པའོ། །ཟག་པ་མེད་པ་ལ་ལྔ། བདེན་པའི་དབྱེ་བ་བསྟན་པ་དང༌། དེའི་མངོན་པར་རྟོགས་པའི་སྐྱེ་ཚུལ་དང༌། དེའི་གང་ཟག་གི་དབྱེ་བ་དང༌། གང་ཟག་རྣམས་ཀྱི་ཤེས་པའི་དབྱེ་བ་དང༌། ཏིང་ངེ་འཛིན་གྱི་ཁྱད་པར་བསྟན་པའོ། །དང་པོ་ལ་གཉིས། བདེན་པ་བཞིར་དབྱེ་བ་དང༌། གཉིས་སུ་དབྱེ་བའོ། །དང་པོ་ལ་བཞི། སྡུག་བསྔལ་གྱི་བདེན་པ་དང༌། ཀུན་འབྱུང་བ་དང༌། འགོག་པ་དང༌། ལམ་གྱི་བདེན་པའོ། །དེའི་མངོན་པར་རྟོགས་པ་སྐྱེ་བའི་གོ་རིམ་ལ་བཞི། ཚུལ་ཁྲིམས་དང༌། ཐོས་པ་དང༌། བསམ་པ་དང༌། བསྒོམ་པའོ། །དེ་ལ་གཉིས། ཞི་གནས་བསྒྲུབ་པ་དང༌། ལྷག་མཐོང་བསྐྱེད་པའོ། །དེ་ལ་ལྔ། ཚོགས་ལམ་དང༌། སྦྱོར་ལམ་དང༌། མཐོང་ལམ་དང༌། སྒོམ་ལམ་དང༌། མཐར་ཕྱིན་པའི་ལམ་མོ། །སྦྱོར་ལམ་ལ་བཞི། དྲོད་དང༌། རྩེ་མོ་དང༌། བཟོད་པ་དང༌། ཆོས་མཆོག་གོ །གསུམ་པ་གང་ཟག་གི་དབྱེ་བ་ལ་གསུམ། ཉན་ཐོས་ཀྱི་རིགས་ཅན་དང༌། རང་སངས་རྒྱས་ཀྱི་རིགས་ཅན་དང༌། བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་རིགས་ཅན་ནོ། །དང་པོ་ལ་གཉིས། སོ་སོ་སྐྱེ་བོའི་གནས་སྐབས་དང༌། འཕགས་པའི་གནས་སྐབས་སོ། །དང་པོ་ལ་གཉིས། དད་པའི་རྗེས་སུ་འབྲང་བ་དང༌། ཆོས་ཀྱི་རྗེས་སུ་འབྲང་བའོ། །འཕགས་པ་ལ་བཞི། རྒྱུན་དུ་ཞུགས་པ་དང༌། ལན་ཅིག་ཕྱིར་འོང་བ་དང༌། ཕྱིར་མི་འོང་བ་དང༌། དགྲ་བཅོམ་པའོ། །བཞི་པ་དེ་ལྟ་བུའི་གང་ཟག་རྣམས་ཀྱི་ཤེས་པའི་དབྱེ་བ་ལ་གསུམ། ཤེས་པ་གསུམ་དུ་དབྱེ་བ་དང༌། བཅུར་དབྱེ་བ་དང༌། དེ་གང་ཟག་གང་ལ་ལྡན་པའོ། །འདི་ལ་བཞི། སོ་སོ་སྐྱེ་བོ་གཅིག་གམ་གཉིས་དང་ལྡན་པ་དང༌། མཐོང་སྒོམ་པ་བདུན་ནམ་བརྒྱད་དང་ལྡན་པ་དང༌། དགྲ་བཅོམ་པ་བཅུ་ཀ་དང་ལྡན་པ་དང༌། སངས་རྒྱས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཡོན་ཏན་དང་ལྡན་པའོ། །འདི་ལ་གཉིས། ཐུན་མོང་མ་ཡིན་པ་དང༌། ཐུན་མོང་བ་གཉིས། དང་པོ་ལ་གསུམ། མ་འདྲེས་པ་བཅོ་བརྒྱད་དང༌། མཉམ་པ་དང་མི་མཉམ་པའི་ཆ་བཤད་པ་དང༌། ཕུན་སུམ་ཚོགས་པ་གསུམ་བཤད་པའོ། །འདི་ལ་གསུམ། རྒྱུ་ཕུན་སུམ་ཚོགས་པ་དང༌། འབྲས་བུ་ཕུན་སུམ་ཚོགས་པ་དང༌། ཕན་འདོགས་པ་ཕུན་སུམ་ཚོགས་པའོ། །གཉིས་པ་ཐུན་མོང་བ་ལ་གཉིས། ཡོན་ཏན་གཞན་ཉན་ཐོས་དང་ཐུན་མོང་བ་དང༌། འཇིག་རྟེན་པ་དང་ཐུན་མོང་བའོ། །སྤྱི་དོན་ལྔ་པ་ཏིང་ངེ་འཛིན་གྱི་ཁྱད་པར་ལ་བཞི། མིང་གི་དོན་དང༌། རྫས་སུ་དབྱེ་བ་དང༌། དེས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འགྲུབ་ཚུལ་དང༌། དེ་ལ་བརྟེན་ནས་རིགས་ཅན་གསུམ་གྲོལ་བའི་ཚུལ་ལོ། །གཉིས་པ་མདོ་སྡེ་པ་ལ་གཉིས། བྱེ་བྲག་ཏུ་སྨྲ་བ་སུན་དབྱུང་བ་དང༌། རང་གི་གྲུབ་མཐའ་བརྗོད་པའོ། །དང་པོ་ལ་གཉིས། མདོ་བས་བསྟན་བཅོས་བྱེ་བྲག་ཏུ་ཚད་མར་དབྱེ་བ་དང༌། ཤེས་བྱའི་གཞི་ལྔ་ཀ་རྫས་སུ་གྲུབ་པར་འདོད་པའོ། །རང་གི་གྲུབ་མཐའ་ལ་གསུམ། མདོའི་རབ་ཏུ་དབྱེ་བ་དང༌། མདོའི་དོན་རྣམ་པར་དབྱེ་བ་གཏན་ལ་དབབ་པ་དང༌། མདོའི་ཚིག་བཤད་པའི་ཚུལ་བསྟན་པའོ། །གཉིས་པ་ལ་གཉིས། ཆོས་རྣམས་ཀྱི་ཇི་སྙེད་པ་གཏན་ལ་དབབ་པ་དང༌། ཇི་ལྟ་བ་བཞིན་དུ་ཡོད་པ་གཏན་ལ་དབབ་པའོ། །གསུམ་པ་རྣལ་འབྱོར་སྤྱོད་པ་སེམས་ཙམ་པ་གཏན་ལ་དབབ་པ་ལ་གསུམ། ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀའ་བསྒྲུབ་པ་དང༌། ཉན་ཐོས་ཀྱི་འདོད་པ་དགག་པ་དང༌། རང་གི་འདོད་པ་བརྗོད་པའོ། །དེ་ལ་བཅུ། ཀུན་གཞི་གཏན་ལ་དབབ་པ་དང༌། མཚན་ཉིད་དང༌། དེར་འཇུག་པ་དང༌། དེའི་རྒྱུ་འབྲས་དང༌། དེ་བྱང་ཆུབ་སེམས་དཔའི་ས་བཅུར་དབྱེ་བ་དང༌། ལྷག་པའི་ཚུལ་ཁྲིམས་དང༌། སེམས་དང༌། ལྷག་པའི་ཤེས་རབ་དང༌། འབྲས་བུ་སྤང་བ་ཕུན་སུམ་ཚོགས་པ་དང༌། ཡེ་ཤེས་ཕུན་སུམ་ཚོགས་པའོ། །དང་པོ་ལ་བཞི། ཀུན་གཞི་ཡོད་པའི་རྒྱུ་མཚན་དང༌། དེའི་མཚན་ཉིད་དང༌། དེ་ལྡོག་པའི་དུས་དང༌། དབང་ཕྱུག་ལ་སོགས་པ་དང་མི་འདྲ་བའི་ཁྱད་པར་རོ། །མཚན་ཉིད་ལ་གསུམ། གཞན་དབང་དང༌། ཀུན་བརྟགས་དང༌། ཡོངས་གྲུབ་བོ། །དེ་དག་བཤད་པ་ལ་གསུམ། མཚན་ཉིད། མིང་དོན། རབ་ཏུ་དབྱེ་བའོ། །དེ་དག་དབྱེ་ན་གཞན་དབང་ལ་གཉིས། མ་དག་པ་དང༌། དག་པའི་གཞན་དབང་ངོ༌། །ཀུན་བརྟགས་ལ་གཉིས། ངོ་བོ་ཀུན་དུ་རྟོག་པ་དང༌། ཁྱད་པར་ལ་ཀུན་ཏུ་རྟོག་པའོ། །ཡོངས་གྲུབ་ལ་གཉིས་གཉིས་སུ་དབྱེ་བ་དང༌། བཞིར་དབྱེ་བའོ། །འདི་ལ་བཞི། རང་བཞིན་གྱི་རྣམ་བྱང་དང༌། དྲི་མ་མེད་པའི་རྣམ་བྱང་དང༌། དེ་ཐོབ་པའི་ལམ་རྣམ་བྱང་དང༌། དམིགས་པའི་རྣམ་བྱང་ངོ༌། །སྤྱི་དོན་གསུམ་པ་རྣམ་པར་རིག་པ་ལ་འཇུག་པ་ལ་བཞི། གང་ཟག་གང་འཇུག་པ། རྒྱུ་གང་གིས་འཇུག ཚུལ་ཇི་ལྟར་འཇུག དུས་སམ་གནས་སྐབས་གང་དུ་འཇུག་པའོ། །གཉིས་པ་ལ་གསུམ། མ་ཞུམ་པ་གསུམ་དང༌། སྤང་བ་བཞི་དང༌། ཞི་གནས་དང་ལྷག་མཐོང་ལ་གུས་པས་འཇུག་པའོ། །ཇི་ལྟར་འཇུག་པ་ལ་གསུམ། ཀུན་བརྟགས་ལ་འཇུག་པ་དང༌། གཞན་དབང་ལ་འཇུག་པ་དང༌། ཡོངས་གྲུབ་ལ་འཇུག་པའོ། །དུས་སམ་གནས་སྐབས་གང་དུ་འཇུག་པ་ལ་བཞི། མོས་པ་སྤྱོད་པའི་ས་དང༌། མཐོང་བའི་ལམ་དང༌། སྒོམ་པའི་ལམ་དང༌། མཐར་ཕྱིན་པའི་ལམ་མོ། །དང་པོ་ལ་གཉིས། ཚོགས་ལམ་དང༌། སྦྱོར་ལམ་མོ། །འདི་ལ་བཞི། དྲོད། རྩེ་མོ། བཟོད་པ། ཆོས་མཆོག་གོ །སྤྱི་དོན་བཞི་པ་དེའི་རྒྱུ་འབྲས་ལ་གསུམ། ཕར་ཕྱིན་དྲུག་ཏུ་གྲངས་ངེས་པ་དང༌། གོ་རིམ་ངེས་པ་དང༌། སོ་སོའི་མཚན་ཉིད་དོ། །ལྔ་པ་རབ་ཏུ་དབྱེ་བ་ལ་གསུམ། ཕ་རོལ་ཏུ་ཕྱིན་པ་བཅུས་ས་བགྲོད་ཚུལ་དང༌། ས་རྣམས་ཐོབ་ཚུལ་དང༌། དུས་ཇི་སྲིད་ཅིག་གིས་བགྲོད་ཚུལ་ལོ། །གཉིས་པ་ལ་བཞི། མོས་པས་ཐོབ་པ་དང༌། སྤྱོད་པས་ཐོབ་པ་དང༌། རྟོགས་པས་ཐོབ་པ་དང༌། གྲུབ་པས་ཐོབ་པའོ། །བརྒྱད་པ་ཡེ་ཤེས་ཕུན་སུམ་ཚོགས་པ་ལ་གསུམ། སྐུ་གསུམ་དུ་དབྱེ་བ་དང༌། དེ་ཉིད་ཡན་ལག་ལྔ་རུ་དབྱེ་བ་དང༌། དེ་ཉིད་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སོགས་པ་ཡོན་ཏན་ཚད་མེད་པ་དབྱེ་བའོ། །གཉིས་པ་ལ་ལྔ། གནས་གྱུར་པ་དང༌། དཀར་པོའི་ཆོས་ཀྱི་གཞི་ཡིན་པ་དང༌། གཉིས་སུ་མེད་པ་དང༌། རྟག་པ་དང༌། བསམ་གྱིས་མི་ཁྱབ་པའོ། །བཞི་པ་དབུ་མའི་འདོད་པ་གཏན་ལ་དབབ་པ་ལ་གཉིས། རྣལ་འབྱོར་སྤྱོད་པ་སུན་དབྱུང་བ་དང༌། རང་གི་འདོད་པ་བརྗོད་པའོ། །འདི་ལ་གཉིས། ཀུན་རྫོབ་ཀྱི་བདེན་པ་དང༌། དོན་དམ་པའི་བདེན་པའོ། །གཉིས་པ་ཐུན་མོང་མ་ཡིན་པའི་ཐེག་པ་ལ་རིམ་གྱིས་བསླབ་པ་ལ་བཞི། བྱ་བའི་རྒྱུད། སྤྱོད་པའི་རྒྱུད། རྣལ་འབྱོར་གྱི་རྒྱུད། རྣལ་འབྱོར་ཆེན་པོའི་རྒྱུད་ལ་བསླབ་པར་བྱ་བའོ། །དང་པོ་ལ་གཉིས། སྨིན་པར་བྱེད་པ་དང༌། གྲོལ་བར་བྱེད་པའོ། །དང་པོ་ལ་བཞི། བསྙེན་པ་དང༌། ཆོ་ག་དང༌། སྟ་གོན་དང༌། དངོས་གཞིའོ། །གྲོལ་བར་བྱེད་པ་ལ་གཉིས། ཐུན་མོང་གི་དངོས་གྲུབ་དང༌། མཆོག་གི་དངོས་གྲུབ་བསྒྲུབ་པའོ། །རྣལ་འབྱོར་གྱི་རྒྱུད་ལ་གཉིས། སློབ་མའི་གང་ཟག་དང༌། སློབ་དཔོན་གྱི་གང་ཟག་གོ །སྤྱི་དོན་གཉིས་པ་སྐལ་བ་དང་ལྡན་པ་ཅིག་ཅར་དུ་འཇུག་པ་ལ་གཉིས། སྨིན་པར་བྱེད་པ་དབང་གི་ལམ་དང༌། གྲོལ་བར་བྱེད་པ་རིམ་གཉིས་འཁོར་དང་བཅས་པའོ། །དང་པོ་ལ་གཉིས། ཐུན་མོང་མ་ཡིན་པའི་སྐྱབས་འགྲོ་སེམས་བསྐྱེད་དང༌། དབང་བསྐུར་བའོ། །དང་པོ་ལ་གཉིས། ཆོ་ག་ཇི་ལྟར་བྱ་བ་དང༌། དེ་དང་རྗེས་སུ་འབྲེལ་པར་བསླབ་བྱའི་དོན་བཤད་པའོ། །འདི་ལ་གཉིས། སྐྱབས་འགྲོའི་བསླབ་བྱ་དང༌། སེམས་བསྐྱེད་ཀྱི་བསླབ་བྱའོ། །འདི་ལ་གཉིས། སྨོན་པ་དང༌། འཇུག་པ་སེམས་བསྐྱེད་ཀྱི་བསླབ་བྱའོ། །དབང་བསྐུར་བ་ལ་གཉིས། སློབ་མ་རྗེས་སུ་གཟུང་བའི་ཆོ་ག་དང༌། སྨིན་པར་བྱེད་པ་དབང་གི་མངོན་རྟོགས་སོ། །འདི་ལ་བདུན། བསྙེན་པ་དང༌། སའི་ཆོ་ག་དང༌། སྟ་གོན་དང༌། བྲི་ཞིང་རྒྱན་དགྲམ་པ་དང༌། སྒྲུབ་ཅིང་མཆོད་པ་དང༌། འཇུག་ཅིང་དབང་བསྐུར་བ་དང༌། མཇུག་གི་ཆོ་གའོ། །དང་པོ་ལ་གསུམ། རབ་མཚན་མའི་བསྙེན་པ། འབྲིང་དུས་ཀྱི་བསྙེན་པ། ཐ་མ་གྲངས་ཀྱི་བསྙེན་པའོ། །སའི་ཆོ་ག་ལ་ལྔ། ས་བརྟག་པ་དང༌། བསླང་བ་དང༌། སྦྱང་བ་དང༌། གཟུང་བ་དང༌། བསྲུང་བའོ། །གཉིས་པ་ལ་གཉིས། མངོན་པ་ལས་བསླང་བ་དང༌། མི་མངོན་པ་ལས་བསླང་བའོ། །གསུམ་པ་ལ་གཉིས། ལས་དང་བྱ་བས་སྐྱོན་སྦྱང་བ་དང༌། ཏིང་ངེ་འཛིན་གྱིས་བགེགས་སྦྱང་བའོ། །གཟུང་བ་ལ་གཉིས། བློ་དང༌། སྟངས་སྟབས་ཀྱི་བཀོད་པས་གཟུང་བའོ། །སྟ་གོན་ལ་བཞི། སའི་ལྷ་མོ་དང༌། ལྷ་དང༌། བུམ་པ་དང༌། སློབ་མ་སྟ་གོན་དུ་གནས་པའོ། །བྲི་ཞིང་རྒྱན་དགྲམ་པ་ལ་བཞི། ཐིག་གིས་བྲི་བ་དང༌། ཚོན་གྱིས་བྲི་བ་དང༌། མཚན་མ་དགོད་པ་དང༌། རྒྱན་དགྲམ་པའོ། །སྒྲུབ་ཅིང་མཆོད་པ་ལ་གཉིས། བསྒྲུབ་པ་དང༌། མཆོད་པའོ། །འཇུག་ཅིང་དབང་བསྐུར་བ་ལ་གཉིས། སློབ་དཔོན་འཇུག་ཅིང་དབང་བླང་བ་དང༌། སློབ་མ་འཇུག་ཅིང་བསྐུར་བའོ། །འདི་ལ་གཉིས། འཇུག་པ་དང༌། དབང་བསྐུར་བའོ། །འདི་ལ་གཉིས། ཐུན་མོང་དང༌། ཐུན་མོང་མ་ཡིན་པའི་དབང་ངོ༌། །འདི་ལ་གཉིས། ངེས་ཚིག་དང༌། མཐའ་རྟེན་ནོ། །འདི་ལ་བཞི། རྗེས་གནང༌། ལུང་བསྟན། དབུགས་དབྱུང༌། གཟེངས་བསྟོད་དོ། །མཇུག་གི་ཆོ་ག་ལ་ལྔ། བླ་མ་ལ་ཡོན་དབུལ་བ་དང༌། དཀྱིལ་འཁོར་མཆོད་པ་དང༌། བཟོད་པར་གསོལ་ཏེ་གཤེགས་སུ་གསོལ་བ་དང༌། ལས་ཀྱི་རྗེས་བསྡུ་བ་དང༌། དགའ་སྟོན་བྱ་བའོ། །གཉིས་པ་གྲོལ་བྱེད་ལ་གཉིས། ལམ་དངོས་དང༌། ལམ་དེ་སྐྱེ་བའི་གོ་རིམ་གང་ཟག་གི་རིགས་སོ། །དང་པོ་ལ་གསུམ། གཙོར་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བསྒྲུབ་པའི་མངོན་པར་རྟོགས་པ་དང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མཐའ་དག་སྒྲུབ་པའི་མངོན་པར་རྟོགས་པ་དང༌། གཉིས་ཀ་ལ་དགོས་པའི་དམ་ཚིག་དང་སྡོམ་པའོ། །དང་པོ་ལ་ལྔ། རྟོགས་པའི་ལྟ་བ་དང༌། བསྐྱེད་པའི་རིམ་པ་དང༌། བསྐྱེད་པའི་རིམ་པའི་ལྷ་ཡེ་ཤེས་སུ་རྟོགས་པར་བྱ་བའི་ཕྱིར་རྫོགས་པའི་རིམ་པ་དང༌། རིམ་པ་གཉིས་ལ་གནས་པ་དེས་དྲོད་ཐོབ་ནས་རང་གི་སེམས་ཀྱི་བརྟན་གཡོ་བརྟག་པའི་སྤྱོད་པ་དང༌། སྤྱོད་པ་ལ་གནས་པ་དེས་མཆོག་གི་དངོས་གྲུབ་ཀྱི་ངོ་བོའི་རྒྱུ་ཨཱ་ལི་ཀཱ་ལིའི་བདག་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་བསྒོམ་པའོ། །དང་པོ་ལ་གཉིས། ཐོག་མར་ལྟ་བ་བསྟན་པའི་དགོས་པ་དང༌། ལྟ་བ་བསྟན་པའི་ཚུལ་ལོ། །དེ་ལ་ལྔ། དབང་གི་ཡེ་ཤེས་བསྟན་པས་དེ་ཁོ་ན་ཉིད་ཀྱི་དོན་ལ་ངོ་སྤྲད་པ་དང༌། ཡེ་ཤེས་དེ་གང་ཟག་གི་བདག་ཏུ་ལོག་པར་རྟོག་པར་འགྱུར་བ་དང་གང་ཟག་གི་བདག་མེད་པ་བསྟན་པ་དང༌། ཡུལ་ཅན་ཡེ་ཤེས་ལ་སྒྲོ་འདོགས་གཅད་པའི་ཕྱིར་ཡུལ་ཤེས་བྱ་སྤྱིའི་གནས་ལུགས་གཏན་ལ་དབབ་པ་དང༌། དེ་ལྟ་བུའི་དེ་ཁོ་ན་ཉིད་དེ་གསུང་རབ་ཐམས་ཅད་ཀྱི་རྟོགས་བྱར་བསྟན་པ་དང༌། ལྟ་བ་དེ་རྟོགས་བྱེད་ཁྱད་པར་དུ་འཕགས་པ་གསང་སྔགས་ཀྱི་ཐབས་ཟབ་མོས་རྟོགས་པར་བསྟན་པའོ། །དང་པོ་ལ་གསུམ། ཡེ་ཤེས་དེ་འཁོར་བ་དང་མྱ་ངན་ལས་འདས་པ་ལ་ཁྱད་པར་རམ་དབྱེ་བ་མེད་པར་བསྟན་པ་དང༌། དབྱེར་མེད་ཀྱི་ཡེ་ཤེས་ཉིད་ཇི་ལྟ་བུ་ཞིག་ཏུ་རྟོགས་པར་བསྟན་པ་དང༌། ཡེ་ཤེས་དེ་ཆོས་ཐམས་ཅད་ཀྱི་བདག་ཉིད་དམ་ཁྱབ་བྱེད་དམ་རྒྱུར་བསྟན་པའོ། །གཉིས་པ་གང་ཟག་གི་བདག་དགག་པ་ལ་གཉིས། གང་ཟག་གི་བདག་དངོས་དང༌། དེ་དགག་པའོ། །དང་པོ་ལ་ལྔ། གྲངས་ཅན་པ་དང༌། རིག་བྱེད་པ་དང༌། བྱེ་བྲག་པ་དང༌། གཅེར་བུ་པ་དང༌། ཆད་པར་ལྟ་བའོ། །གསུམ་པ་ཡུལ་ཤེས་བྱ་སྤྱིའི་གནས་ལུགས་གཏན་ལ་དབབ་པ་ལ་གཉིས། བདེན་པ་གཉིས་ཀྱི་རྣམ་གཞག་སྤྱིར་བསྟན་པ་དང༌། དེའི་ངོ་བོ་གཏན་ལ་དབབ་པའི་སྒོ་ནས་མཐའ་བྲལ་གྱི་ལྟ་བ་རྒྱས་པར་བཤད་པའོ། །དང་པོ་ལ་གསུམ། མཚན་ཉིད་དང༌། མཚན་གཞི་དང༌། མཚན་གཞི་ངེས་པར་བྱེད་པའི་ཚད་མའོ། །གཉིས་པ་ལ་གཉིས། ཡུལ་ཅན་བློའི་རྣམ་གཞག་དང༌། བློ་དེ་ལ་ལྟོས་ནས་བདེན་པ་གཉིས་སུ་གཞག་པའི་ཚུལ་ལོ། །དང་པོ་ལ་བཞི། ཉན་ཐོས་ཀྱི་འདོད་ཚུལ་དང༌། རྣལ་འབྱོར་སྤྱོད་པའི་འདོད་ཚུལ་དང༌། རྒྱུན་ཆད་རབ་ཏུ་མི་གནས་པའི་འདོད་ཚུལ་དང༌། ཟུང་འཇུག་རབ་ཏུ་མི་གནས་པའི་འདོད་ཚུལ་ལོ། །བདེན་པ་གཉིས་སུ་གཞག་པའི་ཚུལ་ལ་གསུམ། བློ་ངོ་གཉིས་ལ་ལྟོས་ནས་ཡུལ་བདེན་པ་གཉིས་སུ་དབྱེ་བ་དང༌། གཉིས་པོ་དེ་གཅིག་པ་དང་ཐ་དད་པ་བསམ་པ་དང༌། གྲངས་ངེས་པའོ། །དང་པོ་ལ་གསུམ། དབྱེ་བའི་གཞི་དང༌། དབྱེ་བའི་དོན་དང༌། དེ་ལ་རྩོད་པ་སྤང་བའོ། །གཉིས་པ་གཅིག་པ་དང་ཐ་དད་པ་བསམ་པ་ལ་བཞི། དངོས་པོ་ཐ་དད་མ་ཡིན་པ་དང༌། ཐ་དད་གཏན་མེད་མ་ཡིན་པ་དང༌། གཅིག་པ་བཀག་པའི་ཐ་དད་དང༌། ལྡོག་པ་ལས་དབྱེ་བ་ཐ་དད་དོ། །གཉིས་པ་དེའི་ངོ་བོ་གཏན་ལ་དབབ་པའི་སྒོ་ནས་མཐའ་བྲལ་གྱི་ལྟ་བ་རྒྱས་པར་བཤད་པ་ལ་གསུམ། ཐམས་ཅད་ཡོད་པར་བསྟན་པ་དེ་ཀུན་རྫོབ་ཀྱི་བདེན་པར་གཏན་ལ་ཕབ་པས་དངོས་པོར་སྨྲ་བ་དང་ཚུལ་མཚུངས་ཤིང་ཁྱད་པར་དུ་འཕགས་པར་བསྟན་པ་དང༌། ཐམས་ཅད་མེད་པར་བསྟན་པ་དེ་ཤེས་རབ་ཀྱི་བློ་ཡུལ་དུ་བསྟན་པས་ཐེག་པ་ཆེན་པོ་སྤྱི་དང་ཚུལ་མཚུངས་ཤིང་ཁྱད་པར་དུ་འཕགས་པར་བསྟན་པ་དང༌། དེས་ན་གཉིས་མེད་ཀྱི་བློས་མཐའ་བྲལ་དུ་གཏན་ལ་ཕབ་ལ་ཟུང་འཇུག་ཏུ་ཉམས་བླང་བའི་ཚུལ་བསྟན་པའོ། །དང་པོ་ལ་གཉིས། ཆོས་ཐམས་ཅད་ཕུང་པོ་ཁམས་དང་སྐྱེ་མཆེད་དུ་བསྟན་པས་ཉན་ཐོས་སྡེ་པ་དང་མཚུངས་ཤིང་མུ་སྟེགས་བྱེད་ལས་ཁྱད་པར་དུ་འཕགས་པ་དང༌། ཡུལ་སྣང་ལ་རང་བཞིན་མེད་པ་དང་སྣང་བ་སེམས་སུ་བསྟན་པས་སེམས་ཙམ་དང་མཚུངས་ཤིང་ཉན་ཐོས་ལས་ཁྱད་པར་འཕགས་པར་བསྟན་པའོ། །འདི་ལ་གཉིས། ཐམས་ཅད་སེམས་སུ་བསྒྲུབ་པ་དང༌། དེ་སྣང་ལ་རང་བཞིན་མེད་པར་གཏན་ལ་དབབ་པའོ། །འདི་ལ་བཞི། ཆོས་ཐམས་ཅད་སེམས་སུ་བསྡུ་བ་སེམས་ཀྱི་ཡོན་ཏན་དུ་བསྟན་པ་དང༌། སེམས་ཀྱི་མཚན་ཉིད་བསྟན་པ་དང༌། སེམས་ཀྱི་ནུས་པའི་མཐུ་བསྟན་པ་དང༌། སེམས་ཀྱི་རང་བཞིན་བསྟན་པའོ། །གཉིས་པ་ཤེས་རབ་དོན་དམ་པའི་བསམ་པས་གཞལ་ན་ཐམས་ཅད་མེད་པ་ཉིད་དུ་བསྟན་པ་ལ་གཉིས། ཡུལ་མ་གྲུབ་པས་ཡུལ་ཅན་གྱི་ཤེས་པའང་མ་གྲུབ་པས་ན་སེམས་ཙམ་ལས་ཁྱད་པར་དུ་འཕགས་པ་དང༌། ཀུན་རྫོབ་སྒྱུ་མ་ལྟ་བུ་ཡིན་ཡང་དོན་དམ་པར་གནས་ལུགས་འདིའོ་ཞེས་བྱ་བ་མི་འདོད་པས་དབུ་མ་ངོ་བོ་ཉིད་མེད་པ་ལས་ཁྱད་དུ་འཕགས་པར་བསྟན་པའོ། །དེ་ལ་གཉིས། སྒྱུ་མར་བསྒྲུབ་པ་དང༌། གནས་ལུགས་མི་འདོད་པའོ། །གསུམ་པ་ཟུང་འཇུག་ཏུ་ཉམས་སུ་བླང་བ་ལ་གསུམ། སྟོང་པ་ལ་སོགས་པ་བཞི་ཀ་མཐའ་ཡིན་པས་སྤང་བར་བསྟན་པ་དང༌། མཐའ་བྲལ་གྱི་དབུ་མ་ཞེས་བྱ་བ་འཛིན་པ་དེའང་མཐའ་ཡིན་པ་དང༌། དེ་ལྟར་མཐའ་དང་བྲལ་ཡང་ཟུང་འཇུག་གི་ཚུལ་གྱིས་ཉམས་སུ་བླང་བར་བསྟན་པའོ། །དང་པོ་ལ་གཉིས། གནས་ལུགས་མེད་པ་དང༌། དེ་ལ་རྩོད་པ་སྤང་བའོ། །དང་པོ་ལ་བཞི། གནས་ལུགས་ངེས་པ་འདོད་ན་གནོད་པ་ཡོད་པ་དང༌། ངེས་པ་བློ་ཡུལ་དུ་མི་རུང་བ་དང༌། བློ་ལ་མ་ལྟོས་པའི་ཡུལ་མི་རུང་བ་དང༌། མཐར་བཟུང་ན་སྲིད་པའི་རྩ་བར་འགྱུར་བའོ། །རྩོད་པ་སྤང་བ་ལ་གསུམ། རང་ཚིག་དང་འགལ་བ་སྤང་བ་དང༌། ཐ་མལ་དུ་འགྱུར་བ་སྤང་བ་དང༌། ལུང་དང་འགལ་བ་སྤང་བའོ། །གསུམ་པ་མཐའ་དང་བྲལ་ཡང་ཟུང་འཇུག་གི་ཚུལ་གྱིས་ཉམས་སུ་བླང་བ་ལ་གསུམ། ཟུང་འཇུག་གི་རང་བཞིན་དང༌། དོན་དམ་པར་བསམ་དུ་མེད་པར་བསྟན་པ་དང༌། ཀུན་རྫོབ་ཏུ་བསྒོམ་པའི་ཚུལ་ལོ། །སྤྱི་དོན་ལྔ་པ་དེ་ལྟ་བུའི་ལྟ་བ་དེ་རྟོགས་བྱེད་ཁྱད་པར་དུ་འཕགས་པ་གསང་སྔགས་ཉིད་ཡིན་ཞིང་གཞན་གྱིས་མི་རྟོགས་པར་བསྟན་པ་ལ་བཞི། དེ་ཁོ་ན་ཉིད་དེ་ཐབས་གཞན་གྱིས་མི་རྟོགས་ཤིང་ཐབས་ཟབ་མོས་རྟོགས་པར་བསྟན་པ་དང༌། གསང་སྔགས་ཀྱི་ལུགས་ཀྱིས་ལྟ་བ་ལས་ཁྱད་པར་དུ་ཡེ་ཤེས་བསྟན་པ་དང༌། ཡེ་ཤེས་དེ་དཔེའི་ཡེ་ཤེས་སུ་བསྟན་པ་དང༌། ཡེ་ཤེས་དེའང་ལུས་ལ་གནད་དུ་བསྣུན་པས་རྟོགས་པའི་ཕྱིར་རྡོ་རྗེ་ལུས་ཀྱི་གནས་ལུགས་གཏན་ལ་དབབ་པའོ། །གཉིས་པ་ལ་གཉིས། རང་བཞིན་ལྷན་སྐྱེས་ལ་སྦྱར་བ་དང༌། ཞུ་བདེ་ལྷན་སྐྱེས་ལ་སྦྱར་བའོ། །དེ་རེ་རེ་ལའང་ལྔ་ལྔ་སྟེ། ངོ་བོ་དང༌། མཚན་ཉིད་དང༌། དེའི་རྟེན་དང༌། ཡེ་ཤེས་དེ་ཐམས་ཅད་ཀྱི་བདག་ཉིད་དུ་བསྟན་པ་དང༌། རྟེན་དང་བརྟེན་པའི་གནས་ལུགས་བསྟན་པའོ། །བཞི་པ་རྡོ་རྗེ་ལུས་ཀྱི་གནས་ལུགས་ལ་གསུམ། ཇི་ལྟར་འཇིག་པའི་ཚུལ་དང༌། ལུས་ཇི་ལྟར་འགྲུབ་པའི་ཚུལ་དང༌། ད་ལྟ་ལུས་གནས་པ་ལ་རྩ་དང་འཁོར་ལོ་ལ་སོགས་པ་ཇི་ལྟར་གནས་པ་གཏན་ལ་དབབ་པའོ། །གཉིས་པ་ལ་ལྔ། ལུས་ངག་ཡིད་གསུམ་རྟེན་དང་བརྟེན་པའི་ཚུལ་དང༌། སེམས་ལས་ལུས་ངག་ཡིད་གསུམ་ཇི་ལྟར་སྐྱེ་བའི་ཚུལ་དང༌། དཔེ་བརྒྱད་དང་སྟོང་པ་གསུམ་གྱི་རྟེན་འབྲེལ་ལས་ཇི་ལྟར་སྐྱེ་བའི་ཚུལ་དང༌། སྐྱེ་གནས་བཞིའི་རིམ་པ་དང༌། བྱེ་བྲག་ཏུ་མངལ་སྐྱེས་རྒྱས་པར་བཤད་པའོ། །དེ་ལ་གཉིས། ཐོག་མར་ལུས་གང་ལས་སྐྱེ་བའི་རྒྱུ་དང༌། རྒྱུ་དེས་ལུས་ཇི་ལྟར་འགྲུབ་པའི་ཚུལ་ལོ། །དང་པོ་ལ་གཉིས། དངོས་པོ་དང་དངོས་མེད་ལས་སྐྱེ་བར་འདོད་པ་དང༌། སེམས་གསུམ་ལས་སྐྱེ་བར་འདོད་པའོ། །རྒྱུ་དེས་ལུས་འགྲུབ་ཚུལ་ལ་གཉིས། ཕྲ་བ་འགྲུབ་པའི་ཚུལ་དང༌། རགས་པ་འགྲུབ་པའི་ཚུལ་ལོ། །གསུམ་པ་ད་ལྟ་གནས་ཚུལ་གཏན་ལ་དབབ་པ་ལ་གཉིས། དཀྱིལ་འཁོར་གསུམ་གཏན་ལ་དབབ་པ་དང༌། དེ་མངོན་དུ་བྱེད་པའི་རླུང་གཏན་ལ་དབབ་པའོ། །དང་པོ་ལ་གསུམ། རྩ་ལུས་ཀྱི་དཀྱིལ་འཁོར་དང༌། ཡི་གེ་བྷ་གའི་དཀྱིལ་འཁོར་དང༌། ཁམས་བདུད་རྩིའི་དཀྱིལ་འཁོར་རོ། །དང་པོ་ལ་ལྔ། རྩའི་གཙོ་མོ་གསུམ་དང༌། བྱང་ཆུབ་ཀྱི་སེམས་འབབ་པའི་རྩའི་གཙོ་བོ་སུམ་ཅུ་རྩ་གཉིས་དང༌། ཡི་གེ་བཀོད་པའི་གཙོ་བོ་བརྒྱ་ཉི་ཤུ་དང༌། ཡན་ལག་གི་རྩའི་གཙོ་བོ་སྟོང་ཕྲག་སུམ་ཅུ་སོ་གཉིས་དང༌། རྩ་བསམ་གྱིས་མི་ཁྱབ་པའོ། །གཉིས་པ་རླུང་གཏན་ལ་དབབ་པ་ལ་ལྔ། རླུང་རང་གི་ངོ་བོ་དང༌། རབ་ཏུ་དབྱེ་བ་དང༌། བྱེད་པའི་ལས་དང༌། རླུང་རྒྱུ་བའི་ཚུལ་རྣམ་པར་གཞག་པ་དང༌། ལམ་དུ་བྱས་ན་ཇི་ལྟར་འགྱུར་བའོ། །དབྱེ་བ་ལ་གསུམ། རླུང་རང་གི་ངོ་བོའི་སྒོ་ནས་དྲུག་ཏུ་དབྱེ་བ་དང༌། རྒྱུ་ཚུལ་གྱི་སྒོ་ནས་དབྱེ་བ་དང༌། བྱེད་པའི་ལས་ཀྱི་སྒོ་ནས་དབྱེ་བའོ། །གཉིས་པ་ལ་གཉིས། ཡེ་ཤེས་ཀྱི་རླུང་དང༌། ལས་ཀྱི་རླུང་ངོ༌། །བྱེད་པའི་ལས་ལ་གཉིས། སྤྱིའི་ལས་དང༌། སོ་སོའི་ལས་སོ། །བཞི་པ་རྒྱུ་ཚུལ་རྣམ་པར་གཞག་པ་ལ་ལྔ། རྒྱུ་བ་ཞེས་བྱ་བ་གང་ཡིན་པ་དང༌། དེ་ཚུལ་ལམ་རྣམ་པ་ཇི་ལྟར་རྒྱུ་བ་དང༌། གནས་དང་ལམ་གང་ནས་རྒྱུ་བ་དང༌། གྲངས་དུ་ཞིག་རྒྱུ་བ་དང༌། གྲངས་དེ་ལྟར་འོང་བའི་རྒྱུ་མཚན་བསྟན་པའོ། །དེ་ལ་གཉིས། རྡོ་རྗེ་མཁའ་འགྲོ་དང་རྡོ་རྗེ་ཕྲེང་བའི་དབང་དུ་བྱ་བ་དང༌། ཀྱེའི་རྡོ་རྗེའི་དགོངས་པའོ། །དེ་ལྟར་ལྟ་བ་བསྟན་ནས། བསྐྱེད་རྫོགས་ལ་གཉིས། རིམ་གཉིས་སྤྱིའི་མངོན་རྟོགས་དང༌། སོ་སོའི་མངོན་པར་རྟོགས་པའོ། །དང་པོ་ལ་དྲུག་སྟེ། དབྱེ་བའི་གཞི་དང༌། དབྱེ་བའི་དོན་དང༌། མིང་དོན་ནམ་ངེས་ཚིག་བསྟན་པ་དང༌། རིམ་པ་གཉིས་གྲངས་ངེས་པར་བསྒོམ་དགོས་པའི་འཐད་པ་དང༌། རིམ་པ་གཉིས་ཀྱིས་གྲོལ་བའི་རྒྱུ་མཚན་དང༌། རིམ་པ་གཉིས་བསྒོམ་པའི་གོ་རིམ་བསྟན་པའོ། །དང་པོ་ལ་གསུམ། སྦྱང་གཞི་ལས་མིང་དུ་བཏགས་པ་དང༌། གཙོར་འབྲས་བུ་ལས་མིང་དུ་བཏགས་པ་དང༌། གཙོར་ལམ་ལས་མིང་དུ་བཏགས་པའོ། །གཉིས་པ་གྲངས་ངེས་པར་བསྒོམ་དགོས་པ་ལ་གསུམ། སྤང་བྱ་གཉིས་ཡིན་པའི་ཕྱིར་རིམ་པ་གཉིས་ཀ་བསྒོམ་པར་འཐད་པ་དང༌། ཐོབ་བྱ་གཉིས་ཡིན་པའི་ཕྱིར་རིམ་པ་གཉིས་ཀ་བསྒོམ་དགོས་པ་དང༌། རང་གི་ངོ་བོ་རྟེན་དང་བརྟེན་པ་ཡིན་པའི་ཕྱིར་བསྒོམ་པར་འཐད་པའོ། །དང་པོ་ལ་གཉིས། ཐ་མལ་གྱི་རྣམ་རྟོག་དང༌། གྱ་ནོམ་ལྷར་ཞེན་པའོ། །དང་པོ་ལ་གཉིས། རྒྱུ་ལས་དང་ཉོན་མོངས་པ་དང༌། འབྲས་བུ་བདག་དང་བདག་གིར་འཛིན་པའོ། །དེ་ལ་གཉིས། སྣོད་དང༌། བཅུད་སྦྱོང་ཚུལ་ལོ། །དེ་ལ་གཉིས། སྐྱེད་ཆོག་གིས་སྐྱེ་གནས་བཞི་སྦྱོང་ཚུལ་དང༌། ལྷའི་རྣམ་པས་ཉོན་མོངས་པ་གསུམ་སྦྱོང་ཚུལ་ལོ། །གཉིས་པ་ཐོབ་བྱ་གཉིས་ཡིན་པའི་ཕྱིར་བསྒོམ་པའི་འཐད་པ་ལ་གཉིས། བསྐྱེད་པས་གཟུགས་སྐུ་དང༌། རྫོགས་པས་ཆོས་སྐུའོ། །གསུམ་པ་གྲོལ་བའི་རྒྱུ་མཚན་ལ་གསུམ། རིགས་སམ་རྒྱུ་ཡིན་པའི་ཕྱིར་གྲོལ་བར་འཐད་པ་དང༌། ཐབས་ཁྱད་པར་ཅན་གྱིས་ཟིན་པའི་ཕྱིར་གྲོལ་བར་འཐད་པ་དང༌། དག་པ་གསུམ་གྱི་བདག་ཉིད་ཡིན་པའི་ཕྱིར་གྲོལ་བར་འཐད་པའོ། །དེ་ལ་གསུམ། རྒྱུ་རྒྱུད་ཀྱི་དག་པ་གསུམ་དང༌། ཐབས་རྒྱུད་ཀྱི་དག་པ་དང༌། འབྲས་བུའི་རྒྱུད་ཀྱི་དག་པའོ། །དེ་རེ་རེ་ལའང་དེ་བཞིན་ཉིད་དང༌། ལྷ་སོ་སོ་དང༌། རང་རིག་པའི་དག་པ་སྟེ་གསུམ་གསུམ་མོ། །གཉིས་པ་སོ་སོའི་མངོན་རྟོགས་པ་གཉིས། རྟེན་བསྐྱེད་པའི་རིམ་པ་དང༌། ལྷ་ཡེ་ཤེས་སུ་རྟོགས་པར་བྱ་བའི་ཕྱིར་རྫོགས་པའི་རིམ་པའོ། །དང་པོ་ལ་ལྔ། བསྐྱེད་རིམ་བསྒོམ་པའི་གང་ཟག་དང༌། གནས་དང༌། དུས་དང༌། བསམ་པ་དང༌། ལྷའི་རྣལ་འབྱོར་རོ། །གནས་ལ་གསུམ། ལས་དང་པོ་པའི་གནས་དང༌། ཅུང་ཟད་བརྟན་པའི་གནས་དང༌། བརྟན་པ་ཆེར་ཐོབ་པའི་གནས་སོ། །དུས་ལའང་དེ་ལྟར་གསུམ་མོ། །ལྷའི་རྣལ་འབྱོར་ལ་གཉིས། ལྷའི་རྣམ་པ་དང༌། མངོན་པར་རྟོགས་པའོ། །དང་པོ་ལ་གཉིས། གཙོ་བོར་མཆོག་སྒྲུབ་པའི་དཀྱིལ་འཁོར་དང༌། ལས་རྒྱས་པའི་རྣལ་འབྱོར་རོ། །གཉིས་པ་མངོན་པར་རྟོགས་པ་ལ་གསུམ། སྔོན་དུ་འགྲོ་བའི་ཆོ་ག་དང༌། དངོས་གཞི་རྣལ་འབྱོར་དང༌། རྫོགས་པར་བྱེད་པ་ལམ་གྱི་ཡན་ལག་གོ །དང་པོ་ལ་གསུམ། རྒྱས་པ་དང༌། འབྲིང་དང༌། བསྡུས་པའོ། །དང་པོ་ལ་གསུམ། བསོད་ནམས་གྱི་ཚོགས་དང༌། ཡེ་ཤེས་ཀྱི་ཚོགས་དང༌། བར་ཆད་ཞི་བར་བྱ་བའི་ཕྱིར་སྲུང་བའི་འཁོར་ལོ་བསྒོམ་པའོ། །དང་པོ་ལ་རྒྱས་བསྡུས་བཞི། ཚད་མེད་པ་བཞིས་བསྡུས་པ་དང༌། དེའི་སྔོན་དུ་མཆོད་པ་དང་གཉིས་ཀྱིས་བསྡུས་པ་དང༌། ཡན་ལག་བདུན་པ་དང་གསུམ་གྱིས་བསྡུས་པ་དང༌། རིགས་ལྔའི་སྡོམ་པ་གཟུང་བ་དང་བཞིས་བསྡུས་པའོ། །དངོས་གཞི་ལ་གསུམ། ཡན་ལག་ཡོངས་སུ་རྫོགས་པ་རྒྱས་པ་དང༌། འབྲིང་དང༌། བསྡུས་པའོ། །དང་པོ་ལ་གསུམ། ཏིང་ངེ་འཛིན་གསུམ་དུ་བསྡུས་པ་དང༌། ཡན་ལག་དྲུག་ཏུ་བསྡུ་བ་དང༌། བསྙེན་སྒྲུབ་བཞིར་བསྡུ་བའོ། །གཉིས་པ་ལྷ་ཡེ་ཤེས་སུ་རྟོགས་པར་བྱ་བའི་ཕྱིར་རྫོགས་པའི་རིམ་པ་ལ་གསུམ། རྫོགས་པའི་རིམ་པའི་མཚན་ཉིད་དང༌། རྫོགས་པ་གཉིས་ཀྱི་སྤྱིར་འགྲོ་དང༌། ཉམས་སུ་བླང་བའི་ཐབས་སོ། །གཉིས་པ་ལ་གསུམ། ལམ་ལ་སོམ་ཉི་སྤང་བའི་ཕྱིར་ཕྱི་རོལ་གྱི་སྤྲོས་པ་ཐམས་ཅད་ནང་དུ་གཅད་པ་དང༌། དེ་ཉིད་གཏན་ལ་དབབ་པའི་སྒོ་ནས་བྱང་ཆུབ་ཀྱི་སེམས་རང་གི་ངོ་བོ་བསྟན་པ་དང༌། དེ་མི་སྤང་ཞིང་བསྐྱེད་པར་བསྟན་པའོ། །དང་པོ་ལ་གཉིས། སྡོམ་པའི་རབ་ཏུ་དབྱེ་བའི་སྒོ་ནས་ལུས་དང་རྩ་གཏན་ལ་དབབ་པ་དང༌། རྩ་དང་བྱང་ཆུབ་ཀྱི་སེམས་བསྟན་པའི་སྒོ་ནས་ས་དང་ལམ་ཐམས་ཅད་ནང་དུ་གཏན་ལ་དབབ་པའོ། །དང་པོ་ལ་ལྔ། གང་དུ་བསྡམ་པ་དང༌། ཇི་སྙེད་བསྡམ་པ་དང༌། གང་སྡོམ་པ་དང༌། གང་གིས་བསྡམ་པ་དང༌། སྡོམ་པ་རང་གི་ངོ་བོའོ། །གསུམ་པ་མི་སྤང་ཞིང་བསྐྱེད་པ་ལ་གཉིས། མི་སྤང་བ་དང༌། བསྐྱེད་པའོ། །གསུམ་པ་ཉམས་སུ་བླང་བའི་ཐབས་ལ་ལྔ། ཐབས་གཉིས་ཉམས་སུ་བླང་བའི་ཚུལ་དང༌། དེ་ལས་སྐྱེས་པའི་ཏིང་ངེ་འཛིན་གྱི་མཚན་ཉིད་དང༌། མ་སྐྱེས་པ་བསྐྱེད་ཅིང་སྐྱེས་པ་བོགས་དབྱུང་བའི་ཐབས་དང༌། མི་མཐུན་པའི་བར་ཆད་བསལ་བ་དང༌། ཏིང་ངེ་འཛིན་གྱི་དྲོད་རྟགས་སོ། །དང་པོ་ལ་གཉིས། རང་བྱིན་བརླབ་དང༌། དཀྱིལ་འཁོར་ལོའི་ཐབས་སོ། །གཉིས་པོ་རེ་རེ་ལའང་རྟེན་དམིགས་པ་དང་བཅས་པ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང༌། བརྟེན་པ་དམིགས་མེད་དོན་དམ་བྱང་ཆུབ་ཀྱི་སེམས་གཉིས་གཉིས་སོ། །དང་པོ་རང་བྱིན་བརླབ་དམིགས་བཅས་ལ་གཉིས། ཟབ་མོ་རྫོགས་པའི་རིམ་པ་དང༌། མི་ཟབ་པ་རྫོགས་པའི་རིམ་པའོ། །དང་པོ་ལ་གཉིས། སོ་སོར་བསྒོམ་པ་དང༌། ལྡན་པར་བསྒོམ་པའོ། །དང་པོ་ལ་བཞི། རྩ་ལུས་ཀྱི་རྣལ་འབྱོར་དང༌། ཡི་གེ་བྷ་གའི་རྣལ་འབྱོར་དང༌། བདུད་རྩི་ཐིག་ལེའི་རྣལ་འབྱོར་དང༌། སྙིང་པོ་ཡེ་ཤེས་རླུང་གི་རྣལ་འབྱོར་རོ། །དམིགས་བཅས་གཉིས་པ་དཀྱིལ་འཁོར་འཁོར་ལོ་ལ་གསུམ། གང་ལ་བརྟེན་ནས་སྐྱེ་བའི་རྟེན་དང༌། དེ་བསྟེན་པའི་ཐབས་དང༌། བསྟེན་པ་ལས་བྱུང་བའི་ཡེ་ཤེས་ཀྱི་མཚན་ཉིད་དོ། །དང་པོ་ལ་གཉིས། དངོས་ཀྱི་ཕྱག་རྒྱ་དང༌། ཡེ་ཤེས་ཀྱི་ཕྱག་རྒྱའོ། །དང་པོ་ལ་གཉིས། གནས་སྐབས་ལ་དགོངས་ནས་གསུམ་དུ་དབྱེ་བ་དང༌། དེ་ཉིད་ངོ་བོ་ལ་དགོངས་ནས་བཞིར་དབྱེ་བའོ། །དང་པོ་ལ་གསུམ། ལང་ཚོ་དང༌། རིགས་དང༌། ཡོན་ཏན་དང་རྗེས་སུ་མཐུན་པའོ། །དེ་ལ་གཉིས། སྦྱངས་པའི་ཡོན་ཏན་ཅན་དང༌། སྐྱེས་ཐོབ་ཀྱི་ཡོན་ཏན་ནོ། །གཉིས་པ་བཞིར་དབྱེ་བ་ལ་བཞི། སྒྲ་ཇི་བཞིན་པ་དང༌། ཇི་བཞིན་མ་ཡིན་པ་དང༌། དབང་དང་རྗེས་སུ་འབྲེལ་བ་དང༌། ཡོན་ཏན་དང་མཐུན་པའོ། །གཉིས་པ་བསྟེན་པའི་ཐབས་ལ་གསུམ། སྦྱོར་བ་འདུ་ཤེས་གསུམ་ལྡན་དང༌། དངོས་གཞི་དབབ་གཟུང་གི་ཡེ་ཤེས་ངོས་གཟུང་བ་དང༌། རྗེས་བཟློག་ཁྱབ་ཀྱི་ཡེ་ཤེས་མི་ཉམས་པར་བསྲུང་བའོ། །གསུམ་པ་བསྟེན་པ་ལས་བྱུང་བའི་ཡེ་ཤེས་ལ་གཉིས། གཞན་གྱི་ལོག་རྟོག་དགག་པ་དང༌། རང་གི་འདོད་པ་བརྗོད་པའོ། །དང་པོ་ལ་གཉིས། ལོག་རྟོག་དང༌། དེ་དགག་པའོ། །དང་པོ་ལ་གསུམ། གནས་དང༌། ངོ་བོ་དང༌། གོ་རིམ་ལ་ལོག་པར་རྟོག་པའོ། །དགག་པ་ལའང་གསུམ། གནས་དང༌། རང་གི་ངོ་བོ་དང༌། གོ་རིམ་གྱི་ལོག་རྟོག་དགག་པའོ། །དང་པོ་ལ་གཉིས། རྡོ་རྗེ་ནོར་བུར་གནས་པའི་དུས་དང༌། པདྨར་གནས་པའི་ལོག་རྟོག་དགག་པའོ། །གསུམ་པ་གོ་རིམ་གྱི་ལོག་རྟོག་དགག་པ་ལ་གཉིས། གསུམ་པར་འདོད་པའི་ལུགས་གཉིས་དགག་པ་དང༌། བཞི་པར་འདོད་པའི་ལུགས་གཅིག་དགག་པའོ། །དང་པོ་ལ་གཉིས། དབང་བསྐུར་ངན་པའི་ལུགས་དགག་པ་དང༌། ཡང་དག་དབང་བསྐུར་མ་ཡིན་པའི་ལུགས་དགག་པའོ། །དེ་ལ་གཉིས། ལུང་གིས་དགག་པ་དང༌། རིགས་པས་དགག་པའོ། །དེ་ལ་བཅུ་གཅིག སྐད་ཅིག་མ་བཞི་འཁྲུགས་པ་དང༌། དེ་བཞིན་དུ་དགའ་བ་དང༌། འཁོར་ལོ་དང༌། ཡས་བབ་དང༌། དབང་དང༌། དྲི་མ་དང༌། ཁམས་གསུམ་གྱི་འདོད་པ་དང༌། བསམ་གཏན་དང༌། ས་ལམ་དང༌། མས་བརྟན་དང༌། ཕྱག་རྒྱ་བཞི་དང་འབྲས་བུ་བཞིར་འཁྲུགས་པའོ། །རང་གི་འདོད་པ་བརྗོད་པ་ལ་གཉིས། འདོད་པ་དངོས་དང༌། དེ་ལ་རྩོད་པ་སྤང་བའོ། །དང་པོ་ལ་གསུམ། ཡང་དག་པའི་གནས་དང༌། རང་གི་ངོ་བོ་ཡང་དག་པ་དང༌། གོ་རིམ་ཡང་དག་པའོ། །རྩོད་པ་སྤང་བ་ལ་གཉིས། དགའ་བྲལ་དང༌། དགའ་བྲལ་གྱི་དགའ་བ་མི་འཁྲུལ་བར་བྱ་བ་དང༌། མཆོག་དགའ་དང་མཆོག་དགའི་དགའ་བ་མི་འཁྲུལ་བར་བྱ་བའོ། །གཉིས་པ་དམིགས་མེད་དོན་དམ་བྱང་ཆུབ་སེམས་ལ་གཉིས། གཉིས་ཀའི་དམིགས་པ་ལ་བརྟེན་ནས་སྐྱེས་པའི་ཡེ་ཤེས་བསྐྱང་ཚུལ་དང༌། རང་བྱིན་བརླབ་ཀྱི་དམིགས་མེད་བྱེ་བྲག་ཏུ་བསྐྱང་ཚུལ་ལོ། །གཉིས་པ་དེ་ལས་སྐྱེས་པའི་ཏིང་ངེ་འཛིན་གྱི་མཚན་ཉིད་ལ་གཉིས། དོན་དམ་པར་སྤྲོས་པ་དང་བྲལ་ཡང་ཀུན་རྫོབ་ཏུ་སྔགས་དང་ལྷ་ཡང་དག་པར་གནས་པ་དང༌། དེས་ན་འཁོར་འདས་ཀྱི་ཆོས་ཐམས་ཅད་རྣལ་འབྱོར་པའི་ཏིང་ངེ་འཛིན་ལས་བྱུང་བའོ། །གསུམ་པ་བོགས་དབྱུང་བ་ལ་གཉིས། ཐབས་ཀྱིས་བསྟེན་ཚུལ་དང༌། གོམས་པ་ལས་ཆུ་བོ་རྒྱུན་གྱི་ཏིང་ངེ་འཛིན་འབྱུང་བའོ། །བཞི་པ་བར་ཆད་བསལ་བ་ལ་གཉིས། བར་ཆད་ཀྱི་རྣམ་གྲངས་དང༌། ཏིང་ངེ་འཛིན་གྱིས་བསལ་བའོ། །ལྔ་པ་དྲོད་རྟགས་ལ་གཉིས། ལམ་གྱི་ས་མཚམས་དང༌། དེའི་རྟགས་སོ། །སྤྱི་དོན་བཞི་པ་རིམ་པ་གཉིས་ལ་གནས་པ་དེས་དྲོད་ཐོབ་ནས་རང་གི་སེམས་ཀྱི་བརྟན་གཡོ་བརྟག་པའི་ཕྱིར་སྦྱོང་བ་ལ་གཉིས། སྤྱོད་པའི་སྔོན་དུ་འགྲོ་བ་དྲོད་དང༌། དྲོད་ཐོབ་པས་སྤྱོད་པའི་སྤྱད་པ་དངོས་སོ། །དང་པོ་ལ་དྲུག དྲོད་ཅེས་བྱ་བ་རང་གི་ངོ་བོ་དང༌། རབ་ཏུ་དབྱེ་བ་དང༌། དབྱེ་བ་སོ་སོའི་མཚན་ཉིད་དང༌། དྲོད་མ་ཐོབ་པ་ཐོབ་པར་བྱེད་པའི་ཐབས་དང༌། ཐོབ་པ་བརྟན་པར་བྱེད་པའི་དུས་དང༌། དྲོད་དང་སྤྱོད་པ་མཚམས་སྦྱར་བའོ། །དབྱེ་བ་སོ་སོའི་མཚན་ཉིད་ལ་གཉིས། དྲོད་སྤྱིའི་མཚན་ཉིད་དང༌། ཆེ་འབྲིང་གསུམ་གྱི་མཚན་ཉིད་དོ། །བཞི་པ་མ་ཐོབ་པ་ཐོབ་པར་བྱེད་པའི་ཐབས་ལ་གསུམ། ཆུང་ངུ་དང༌། འབྲིང་དང༌། ཆེན་པོ་ཐོབ་པར་བྱེད་པའི་ཐབས་སོ། །གཉིས་པ་སྤྱོད་པ་ལ་དྲུག སྤྱོད་པ་རང་གི་ངོ་བོ་དང༌། རབ་ཏུ་དབྱེ་བ་དང༌། དབྱེ་བ་སོ་སོའི་མཚན་ཉིད་དང༌། སྤྱོད་པ་སྤྱད་པའི་དུས་དང༌། རྟེན་གྱི་གང་ཟག་དང༌། སྤྱོད་པའི་དགོས་པའོ། །གཉིས་པ་ལ་གཉིས། ཀུན་འདར་དང༌། ཀུན་ཏུ་བཟང་པོའི་སྤྱོད་པའོ། །དུས་ལ་གཉིས། གང་གི་ཚེ་སྤྱོད་པ་དང༌། ཇི་སྲིད་ཅིག་ཏུ་སྤྱོད་པའོ། །གང་ཟག་ལ་གཉིས། དྲོད་ཐོབ་པ་དང༌། ཚེ་འདིར་ཡང་སངས་རྒྱས་འདོད་པའོ། །དགོས་པ་ལ་གཉིས། ཀུན་འདར་གྱི་སྤྱོད་པའི་དགོས་པ་དང༌། ཀུན་ཏུ་བཟང་པོའི་དགོས་པའོ། །སྤྱི་དོན་ལྔ་པ་སྤྱོད་པ་ལ་གནས་པ་དེས་མཆོག་གི་དངོས་གྲུབ་ཀྱི་ཉེ་རྒྱུ་བསྒོམ་པ་ལ་གཉིས། ཉེ་རྒྱུའི་དགོས་པ་དང༌། དེ་ཉམས་སུ་བླང་བའི་ཚུལ་ལོ། །དེ་ལ་དྲུག ཉེ་བའི་རྒྱུ་རང་གི་ངོ་བོ་དང༌། གང་གི་ཚེ་མངོན་དུ་བྱ་བའི་དུས་དང༌། མངོན་དུ་བྱ་བའི་གནས་དང༌། གང་ལ་བརྟེན་ཏེ་སྒྲུབ་པའི་རྟེན་དང༌། མངོན་དུ་བྱེད་པའི་ཐབས་དང༌། ཐབས་ལ་བརྟེན་ཏེ་མངོན་དུ་བྱས་པ་ལས་འབྲས་བུ་གྲུབ་པའི་ཚུལ་ལོ། །དང་པོ་ལ་གཉིས། བརྒྱད་དྲུག་གི་བདག་ཉིད་དང༌། དེ་ལ་རྩོད་པ་སྤང་བའོ། །དུས་ལ་གཉིས། ནམ་བསྒོམ་པའི་དུས་དང༌། ནམ་འགྲུབ་པའི་དུས་སོ། །གནས་ལ་གཉིས། ཕྱིའི་གནས་དང༌། ནང་གི་གནས་སོ། །དང་པོ་ལ་གསུམ། ཐུན་མོང་གི་གནས་དང༌། ཐུན་མོང་མ་ཡིན་པ་དང༌། དོན་དམ་པའོ། །ལྔ་པ་ཐབས་ལ་གཉིས། རང་བྱིན་བརླབ་དང༌། དཀྱིལ་འཁོར་འཁོར་ལོའོ། །དྲུག་པ་འབྲས་བུ་འགྲུབ་ཚུལ་ལ་གཉིས། ཐེག་པ་ཐུན་མོང་བ་དང༌། ཐུན་མོང་མ་ཡིན་པ་ལས་གྲགས་པའོ། །དེ་ལ་གཉིས། ཕྱིའི་མངོན་པར་བྱང་ཆུབ་པ་དང༌། ནང་གི་མངོན་པར་བྱང་ཆུབ་པའོ། །སྤྱི་དོན་གཉིས་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མཐའ་དག་སྒྲུབ་པའི་མངོན་པར་རྟོགས་པ་ལ་ལྔ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་བསྐུལ་བར་བྱ་བའི་ཕྱིར་སྔགས་ཀྱི་བཟླས་པ་དང༌། བར་ཆད་ཞི་བར་བྱ་བའི་ཕྱིར་གཏོར་མ་དང༌། དངོས་གྲུབ་མྱུར་དུ་འགྲུབ་པར་བྱེད་པའི་ཐབས་སྦྱིན་སྲེག་དང༌། སྐུ་གཟུགས་བྱིན་གྱིས་བརླབས་པས་ཀྱང་འགྲུབ་པའི་ཕྱིར་རབ་གནས་དང༌། སེམས་ཅན་དངོས་གྲུབ་དམན་པ་ལ་མོས་པའི་གང་ཟག་རྗེས་སུ་གཟུང་བའི་ཕྱིར་ལས་ཀྱི་ཚོགས་རབ་འབྱམ་མོ། །དང་པོ་ལ་གཉིས། སྔགས་ཀྱི་ངོ་བོ་དང༌། དབྱེ་བའོ། །དེ་ལ་གསུམ། དོན་དམ་པའི་སྔགས། ནང་ལྟར་བཤད་པའི་སྔགས། ཕྱི་དོན་གྱི་སྔགས་སོ། །དེ་ལ་དྲུག སྔགས་དག་པར་བྱ་བའི་ཕྱིར་བཏུ་བ། བཏུས་པའི་སྔགས་དངོས། བཟླས་པའི་ཡུལ་ཕྲེང་བ། ཁ་ཟས། བཟླས་པའི་མན་ངག དགོས་པའོ། །དང་པོ་ལ་གསུམ། ལུས་དང་ཡན་ལག་གི་བཏུ་བ། ཚིགས་སུ་བཅད་པས་བཏུ་བ། བཟློག་སྟེ་བཏུ་བའོ། །དང་པོ་ལ་གཉིས། བཏུ་བའི་གཞི་དང༌། བཏུ་བའི་ཐབས་སོ། །དེ་ལ་གསུམ། འཁོར་ལོ་ལ་བརྟེན་ཏེ་བཏུ་བ། དབྱངས་གསལ་བྱེད་རྐྱང་པ་ལ་བརྟེན་ཏེ་བཏུ་བ། ས་བོན་ལ་བརྟེན་ཏེ་བཏུ་བའོ། །སྔགས་དངོས་ལ་བཞི། བཟླས་པའི་སྔགས། ལས་ཚོགས་ཀྱི་སྔགས། ས་བོན་གྱི་སྔགས། གཏོར་མ་དང་ཁ་ཟས་ལ་སོགས་པ་བྱིན་གྱིས་རློབ་པའི་སྔགས་སོ། །ཕྲེང་བ་ལ་བདུན། རྒྱུ་དང༌། གྲངས་དང༌། ཕྲེང་ཐག་དང༌། མདོ་འཛིན་དང༌། བརྒྱུ་བའི་ཚུལ་དང༌། བྱིན་གྱིས་བརླབ་པ་དང༌། བགྲང་བའི་ཚུལ་ལོ། །མན་ངག་ལ་དྲུག འགོག་པའི་བཟླས་པ་དང༌། སྤྲོ་བསྡུ་དང༌། རྡོ་རྗེ་དང༌། ཤུ་བུ་དང༌། བཀོད་པ་དང༌། འཁོར་བའི་བཟླས་པའོ། །དེ་ལ་གཉིས། འདོ་ལིའི་དང༌། མ་ནིང་གིའོ། །དགོས་པ་ལ་གཉིས། སྤྱིའི་དགོས་པ་དང༌། ཆེད་དུ་བྱ་བའི་ཁྱད་པར་རོ། །གཉིས་པ་གཏོར་མ་ལ་ལྔ། གཏང་བའི་དུས་དང༌། ཡོ་བྱད་དང༌། ཆོ་ག་དང༌། དགོས་པ་དང༌། གནས་སྐབས་ཀྱི་ཆེད་དུ་བྱ་བའོ། །དང་པོ་ལ་གཉིས། རྒྱུན་གྱི་དུས་དང༌། ཁྱད་པར་གྱི་དུས་སོ། །ཆོ་ག་ལ་བཞི། རྫས་དང༌། མགྲོན་དང༌། གཏོར་མ་ལ་སོགས་པ་དབུལ་བ་དང༌། མཇུག་གི་ཆོ་གའོ། །དང་པོ་ལ་བཞི། བསང་བ། སྦྱང་བ། བསྐྱེད་པ། བྱིན་གྱིས་བརླབ་པའོ། །མགྲོན་ལ་བཞི། བསྐྱེད་པ། དགུག་པ། བྱིན་གྱིས་བརླབ་པ། དབང་བསྐུར་བའོ། །དབུལ་བ་ལ་སོགས་པ་ལ་བཞི། གཏོར་མ་དང༌། མཆོད་པ་དང༌། བསྟོད་པ་དང༌། ཕྲིན་ལས་གཞོལ་བའོ། །མཇུག་གི་ཆོ་ག་ལ་བཞི། རྡོ་རྗེའི་གླུ་དང་བཀྲ་ཤིས་ཀྱིས་དགྱེས་པ་བསྐྱེད་པ་དང༌། འདོད་པའི་དོན་ལ་གསོལ་བ་གདབ་པ་དང༌། བཟོད་པར་གསོལ་ཏེ་གཤེགས་སུ་གསོལ་བ་དང༌། སྨོན་ལམ་བཏབ་ནས་གཏོར་མ་གཏང་བའོ། །གསུམ་པ་སྦྱིན་སྲེག་ལ་གསུམ། སྦྱོར་བ་དང༌། དངོས་གཞི་དང༌། མཇུག་གི་ཆོ་གའོ། །དང་པོ་ལ་དྲུག ཐབ་དང༌། བུད་ཤིང་དང༌། མེ་དང༌། མཆོད་རྫས་དང་བསྲེག་རྫས་བཤམ་ཐབས་དང་བཅས་པ་དང༌། དུས་ཕྱོགས་དང་བཅས་པ་དང༌། སྒྲུབ་པ་པོའི་ཁྱད་པར་རོ། །དང་པོ་ལ་ལྔ། དབྱིབས་དང༌། ཚད་དང༌། ཁ་དོག་དང༌། མཚན་མ་དང༌། མུ་རན་ནོ། །སྒྲུབ་པ་པོའི་ཁྱད་པར་ལ་ལྔ། ཁ་ལྟ་ཕྱོགས། འདུག་སྟངས། རྒྱན་ཆས་གོས། བསམ་པ་དང༌། དགང་གཟར་བླུགས་གཟར་རོ། །དངོས་གཞི་ལ་དྲུག བདག་གི་རྣལ་འབྱོར་དང༌། མེ་བཙལ་ཞིང་སྒྲུབ་པ་དང༌། ཐབ་དང་ཡོ་བྱད་བསང་བ་དང༌། ཐབ་ཁུང་མངོན་པར་འདུ་བྱ་བ་དང༌། འཇིག་རྟེན་པའི་མེ་ལྷ་མཆོད་པ་དང༌། འདས་པའི་མེ་ལྷ་མཆོད་པའོ། །མཇུག་གི་ཆོ་ག་ལ་དྲུག འཇིག་རྟེན་པའི་མེ་ལྷ་ལྷག་མས་མཆོད་པ་དང༌། གཏོར་མ་གཏང་བ་དང༌། ཙ་རུའི་བཟའ་བ་ལ་ལོངས་སྤྱད་པ་དང༌། འདོད་པའི་དོན་གསོལ་བ་བཏབ་ལ་བཟོད་པར་གསོལ་ཏེ་གཤེགས་སུ་གསོལ་བ་དང༌། སྨོན་ལམ་གདབ་པ་དང༌། ལས་ཀྱི་རྗེས་མི་མངོན་པར་བྱ་བའོ། །བཞི་པ་རབ་ཏུ་གནས་པར་བྱ་བ་ལ་དྲུག གང་ལ་རབ་ཏུ་གནས་པར་བྱ་བའི་རྟེན་ཡོངས་སུ་དག་པ་བཟང་པོ་དང༌། གང་གིས་རབ་ཏུ་གནས་པར་བྱེད་པའི་སློབ་དཔོན་དང༌། གང་གི་ཚེ་རབ་ཏུ་གནས་པར་བྱ་བའི་དུས་དང༌། གང་དུ་བྱ་བའི་གནས་དང༌། ཇི་ལྟ་བུས་བྱ་བའི་ཡོ་བྱད་དང༌། ཇི་ལྟར་བྱ་བའི་ཆོ་ག་ཡོངས་སུ་དག་པ་བཟང་པོའོ། །དེ་ལ་གསུམ། སྦྱོར་བ་དང༌། དངོས་གཞི་དང༌། མཇུག་གོ །དང་པོ་ལ་བདུན། ཁྲུས་དང༌། སྦྱང་བ་དང༌། ཡན་ལག་བཞིས་བསྐྱེད་པ་དང༌། མཆོད་པ་དང༌། རབ་གནས་བྱ་བར་སྙན་གསན་དབབ་པ་དང༌། ཡེ་ཤེས་པ་གཤེགས་སུ་གསོལ་བ་དང༌། ཞལ་བསྒྱུར་བའམ་དགབ་པའོ། །དངོས་གཞི་ལ་བདུན། བཀྲུ་བ་དང༌། སྦྱང་བ་དང༌། བསྐྱེད་པ་དང༌། མཆོད་པ་དང༌། བརྟན་པར་བཞུགས་སུ་གསོལ་བ་དང༌། མངའ་དབུལ་ཐུན་མོང་མ་ཡིན་པའོ། །མཇུག་གི་ཆོ་ག་ལ་བདུན། རྟེན་སྤྱན་དྲང་དུ་བཏུབ་ན་སྤྱན་དྲང་བ་དང༌། སྲུང་མར་བསྒོ་བ་དང༌། ཡོན་བདག་ལ་མཆོད་པར་བསྒོ་བ་དང༌། སྨོན་ལམ་རྒྱ་ཆེན་པོ་གདབ་པ་དང༌། ལས་ཀྱི་ལྷག་ཆད་ཁ་བསྐང་བའི་ཕྱིར་ཞི་བའི་སྦྱིན་སྲེག་དང༌། ཡོན་བླང་བ་དང༌། དགའ་སྟོན་བྱ་བའོ། །ལྔ་པ་ལས་ཚོགས་རབ་འབྱམ་ལ་གཉིས། སྒྲུབ་པའི་ཐབས་དང༌། དེས་བསྒྲུབས་པའི་དངོས་གྲུབ་དངོས་སོ། །དང་པོ་ལ་གསུམ། ཞི་སོགས་དམན་བསྒྲུབ་པའི་ཐབས། འབྲིང་གྲུབ་ཆེན་བརྒྱད་སྒྲུབ་པའི་ཐབས། འབྲིང་གི་རབ་སྒྲུབ་པའི་ཐབས་སོ། །དང་པོ་ལ་གཉིས། རྐྱང་པས་བསྒྲུབ་པ་དང༌། ཚོགས་པས་བསྒྲུབ་པའོ། །དང་པོ་ལ་ལྔ། རྫས་སྦྱོར་ལ་བརྟེན་པ་དང༌། འཁྲུལ་འཁོར་ལ་བརྟེན་པ་དང༌། བཟླས་པ་ལ་བརྟེན་པ་དང༌། སྦྱིན་སྲེག་ལ་བརྟེན་པ་དང༌། བསམ་གཏན་ལ་བརྟེན་པའོ། །འབྲིང་གི་བསྒྲུབ་པ་ལ་གཉིས། སྤྱིའི་བསྒྲུབ་པ་དང༌། སོ་སོའི་བསྒྲུབ་པའོ། །གཉིས་པ་དངོས་གྲུབ་དངོས་ལ་གསུམ། ཞི་སོགས་དམན་པ་དང༌། འབྲིང་དང༌། འབྲིང་གི་ཆེན་པོའོ། །དང་པོ་ལ་གཉིས། རྩ་བའི་ལས་དང༌། ཡན་ལག་གོ །འབྲིང་ལ་བརྒྱད། མིག་སྨན། རྐང་བྱུག རལ་གྲི། ས་འོག མི་སྣང་བ། བཅུད་ལེན། མཐུ་ཆེན། གནོད་སྦྱིན་མོ་དབང་དུ་བྱ་བའོ། །ཆེན་པོ་ལ་གསུམ། མཁའ་སྤྱོད་དང༌། རིག་པ་འཛིན་པ་དང༌། འཁོར་ལོས་སྒྱུར་བའོ། །སྤྱི་དོན་གསུམ་པ་གཉིས་ཀ་ལ་དགོས་པའི་གྲོགས་དམ་ཚིག་དང་སྡོམ་པ་ལ་གཉིས། དམ་ཚིག་གི་རྣམ་གྲངས་དང༌། དེ་ཇི་ལྟར་བསྲུང་བའི་ཚུལ་ལོ། །དེ་ལ་གསུམ། ལས་དང་པོ་པས་ཇི་ལྟར་བསྲུང་བ་དང༌། དྲོད་ཆུང་ངུ་ཐོབ་པས་བསྲུང་ཚུལ་དང༌། ཆེན་པོ་ཐོབ་པས་བསྲུང་ཚུལ་ལོ། །དང་པོ་ལ་གཉིས། ཐོབ་པ་རྗེས་སུ་བསྲུང་ཚུལ་བསྟན་པ་དང༌། ཉམས་ན་ཕྱིར་བཅོས་པའི་ཐབས་བསྟན་པའོ། །དང་པོ་ལ་གཉིས། བསྲུང་བའི་དམ་ཚིག་དང༌། བཟའ་བའི་དམ་ཚིག་གོ །དང་པོ་ལ་གཉིས། རྒྱས་པར་བསྲུང་བ་དང༌། བསྡུས་ཏེ་བསྲུང་བའོ། །དང་པོ་ལ་གསུམ། རྩ་བའི་ལྟུང་བ་དང༌། ཡན་ལག་གི་ལྟུང་བ་དང༌། དགོངས་ཏེ་གསུངས་པའི་དམ་ཚིག་གོ །གཉིས་པ་བཟའ་བ་ལ་གཉིས། རྒྱུན་གྱི་བཟའ་བའི་དམ་ཚིག་དང༌། ཁྱད་པར་གྱི་བཟའ་བའི་དམ་ཚིག་གོ །དང་པོ་ལ་གསུམ། རིལ་བུ་བསྒྲུབ་པ་དང༌། བསྟེན་པ་དང༌། ཕན་ཡོན་ནོ། །ཁྱད་པར་གྱི་བཟའ་བའི་དམ་ཚིག་ལ་གཉིས། མིང་དོན་དང༌། ཆོ་གའོ། །དང་པོ་ལ་ལྔ། གང་ཟག་གི་དབྱེ་བ་དང༌། དུས་ཀྱི་དབྱེ་བ། རྣལ་འབྱོར་གྱི་དབྱེ་བ། དགོས་པས་དབྱེ་བ། མཆོད་བྱས་དབྱེ་བའོ། །གཉིས་པ་ཆོ་ག་ལ་དྲུག གནས་དང༌། དུས་དང༌། ཡོ་བྱད་དང༌། གང་ཟག་དང༌། ཆོ་ག་དང༌། དགོས་པའོ། །གནས་ལ་གཉིས། ལས་དང་པོ་པའི་གནས་དང༌། སེམས་བརྟན་པ་ཐོབ་པའི་གནས་སོ། །དུས་ལ་གཉིས། རྒྱུན་གྱི་དུས་དང༌། ཁྱད་པར་གྱི་དུས་སོ། །གང་ཟག་ལ་གསུམ། ལས་དང་པོ་པ་དང༌། སེམས་བརྟན་པ་ཐོབ་པ་དང༌། བརྟན་པ་ཆེན་པོ་ཐོབ་པའོ། །ཆོ་ག་ལ་གསུམ། སྦྱོར་བ་དང༌། དངོས་གཞི་དང༌། མཇུག་གོ །དང་པོ་ལ་དྲུག གནས་ཁང་བརྒྱན་པར་བྱས་པ་དང༌། ཕྱི་ནང་གི་མཆོད་པ་བཤམ་པ་དང༌། རྡོ་རྗེ་སློབ་དཔོན་ལ་གསོལ་བ་གདབ་པ་དང༌། བརྡ་དང་བརྡའི་ལན་བྱས་ཏེ་ནང་དུ་གཞུག་པ་དང༌། ལྷའི་རྣལ་འབྱོར་ལ་གནས་པར་གསོལ་བ་གདབ་པ་དང༌། ཡི་གེ་བརྒྱ་པས་རྒྱུད་སྦྱང་བའོ། །དངོས་གཞི་ལ་གཉིས། བདག་བསྐྱེད་མཆོད་པ་དང༌། བདག་དང་མདུན་བསྐྱེད་གཉིས་ཀར་མཆོད་པའོ། །གཉིས་ཀའི་དངོས་གཞི་ལ་དྲུག ཏིང་ངེ་འཛིན་གྱི་དཀྱིལ་འཁོར་མཆོད་པ་རྒྱས་པས་ཚིམ་པ་དང༌། སྙིང་གར་ཡེ་ཤེས་ཀྱི་ལྷ་བདུད་རྩི་མྱངས་པས་ཚིམ་པ་དང༌། ཆོས་སྐྱོང་སྲུང་མ་གཏོར་མས་ཚིམ་པར་བྱ་བ་དང༌། དམ་ཚིག་དང་ལྡན་པའི་དཔའ་བོ་དང་རྣལ་འབྱོར་མ་ནང་གི་སྦྱིན་སྲེག་གིས་ཚིམ་པ་དང༌། ཕྱི་དང་ནང་གི་མཁའ་འགྲོ་གླུ་དང་གར་གྱིས་ཚིམ་པ་དང༌། ལུས་ཀྱི་དཀྱིལ་འཁོར་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱིས་ཚིམ་པའོ། །མཇུག་གི་བྱ་བ་ལ་དྲུག བྱིན་གྱིས་བརླབ་པའི་ཕྱིར་རྡོ་རྗེའི་གླུ་དང་བཀྲ་ཤིས་ཀྱི་ཚིགས་བཅད་བརྗོད་པ་དང༌། ལྷག་མའི་གཏོར་མས་ཚིམ་པར་བྱ་བ་དང༌། ཆོ་ག་ལྷག་ཆད་ཁ་བསྐང་བའི་ཕྱིར་ཡི་གེ་བརྒྱ་པ་བརྗོད་པ་དང༌། ལས་བསགས་པ་འབྲས་བུ་དང་ལྡན་པར་བྱ་བའི་ཕྱིར་སྨོན་ལམ་གདབ་པ་དང༌། མདུན་བསྐྱེད་ཀྱི་མགྲོན་གཤེགས་སུ་གསོལ་བ་དང༌། བསྲུང་བ་བྱས་ཏེ་ལས་ཀྱི་རྗེས་མི་མངོན་པར་བྱ་བའོ། །དྲུག་པ་དགོས་པ་ལ་གཉིས། གཙོ་བོར་གྱུར་པའི་དགོས་པ་དང༌། གནས་སྐབས་ཀྱི་དགོས་པའོ། །ཉམས་པ་ཕྱིར་བཅོས་པ་ལ་གཉིས། ཉེས་པ་ཕྲ་མོ་ལྟུང་བ་ལས་ལྡང་བ་དང༌། ཉེས་པ་ཆེན་པོ་ལ་དམ་ཚིག་དང་སྡོམ་པ་ཡང་དག་པར་བླང་བའོ། །སྤྱི་དོན་གཉིས་པ་ལམ་དེ་བསྐྱེད་པའི་གོ་རིམ་གང་ཟག་གི་རིགས་ལ་གསུམ། གང་ཟག་གི་རིགས་ཀྱི་དབྱེ་བ་དང༌། དྲི་བ་དགོད་པ་དང༌། ལན་གདབ་པའོ། །དང་པོ་ལ་གསུམ། དབང་གི་དབྱེ་བ་དང༌། སྤྱོད་པས་དབྱེ་བ་དང༌། འབྲས་བུ་ཉེ་རིང་གི་སྒོ་ནས་དབྱེ་བའོ། །གཉིས་པ་དྲི་བ་ལ་གསུམ། མངོན་པར་རྟོགས་པ་བཅུ་གཅིག་པོ་ཉམས་སུ་ལེན་པ་ལ་སློབ་དཔོན་དུ་གྱུར་པ་ཅིག་དགོས་སམ། སློབ་མས་ཀྱང་བཏུབ། སློབ་དཔོན་དུ་གྱུར་པས་ཉམས་སུ་བླང་དགོས་སམ་མི་དགོས། ཉམས་སུ་བླངས་ན་ཚེ་འདི་ལ་འགྲུབ་བམ་འཆི་ཁ་ལ་སོགས་པར་འགྲུབ་ཅེས་པའོ། །ལན་ལ་གསུམ། ཐམས་ཅད་ཉམས་སུ་ལེན་པ་ལ་རྡོ་རྗེ་སློབ་དཔོན་ཅིག་དགོས་ཀྱི་སློབ་མས་མི་བཏུབ་པ་དང༌། སློབ་དཔོན་གྱིས་ཐམས་ཅད་ཉམས་སུ་བླང་དུ་བཏུབ་ཀྱང་ནང་ལ་གཞོལ་བས་ལམ་གྱི་ཡན་ལག་ལྔ་སྤོང་བ་དང༌། ཉམས་སུ་བླངས་ན་གང་ཟག་རབ་འབྲིང་གིས་དུས་བཞིའམ་གསུམ་ན་འགྲུབ་པའོ། །དེ་ལ་གཉིས། ནམ་འགྲུབ་པའི་དུས་དང༌། དེའི་ཡན་ལག་གོ །དེ་ལ་བཞི། སྐྱེ་བ་འདིར་འགྲུབ་པའི་ཡན་ལག་བཅུད་ཀྱིས་ལེན་པ་དང༌། འཆི་ཁར་འགྲུབ་པའི་ཡན་ལག་འདའ་ཀ་མ་དང༌། བར་དོར་འགྲུབ་པའི་ཡན་ལག་བར་དོ་དང༌། དེ་སྐྱེ་བ་བརྒྱུད་དེ་འགྲུབ་པའི་ཡན་ལག་སྨོན་ལམ་མོ། །སྤྱི་དོན་གསུམ་པ་འབྲས་བུའི་མཚན་ཉིད་ལ་གཉིས། གནས་སྐབས་ཀྱི་འབྲས་བུ་ས་བཅུ་གཉིས་འགྲུབ་པའི་ཚུལ་དང༌། མཐར་ཐུག་གི་འབྲས་བུ་སངས་རྒྱས་ཀྱི་ས་འགྲུབ་པའི་ཚུལ་ལོ། །དང་པོ་ལ་གཉིས། སྤྱིར་ས་ཐོབ་པ་རྣམ་གྲངས་བཞིར་བཞག་པ་དང༌། སའི་མངོན་པར་རྟོགས་པ་ཞིབ་ཏུ་བཤད་པའོ། །དེ་ལ་བཞི། ས་འགྲུབ་པའི་རྒྱུ་གང་ཡིན་པ་དང༌། རྟོགས་པའི་ཁྱད་པར་དང༌། གྲུབ་པའི་རྟགས་དང༌། མིང་གི་དོན་ཏོ། །དང་པོ་ལ་གཉིས། བརྒྱུད་པའི་རྒྱུ་དང༌། དངོས་ཀྱི་རྒྱུའོ། །དེ་ལ་བཞི། རྩ་དང༌། རྩ་ཡི་གེ་དང༌། ཁམས་བདུད་རྩི་དང༌། སྙིང་པོ་ཡེ་ཤེས་རླུང་ངོ༌། །རྟགས་ལ་གཉིས། ས་དང་པོའི་རྟགས་དང༌། ལྷག་མ་རྣམས་དེས་བསྒྲེ་བའོ། །མིང་དོན་ལ་གཉིས། ཐུན་མོང་མ་ཡིན་པའི་མིང་གི་སྒོ་ནས་མདོར་བསྟན་པ་དང༌། ཐུན་མོང་མ་ཡིན་པ་ཉིད་ཐུན་མོང་བའི་མིང་ལ་སྦྱར་ཏེ་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས། ཕྱི་ཡུལ་གྱི་རབ་ཏུ་དབྱེ་བ་དང༌། དེ་ཉིད་ནང་གི་ལུས་ལ་སྦྱར་ཏེ་བཤད་པའོ། །རྒྱས་པར་བཤད་པ་ལ་གཉིས། ས་བཅུ་གཉིས་སོ་སོའི་མིང་དོན་དང༌། ས་ཞེས་བྱ་བ་སྤྱིའི་མིང་དོན་ནོ། །གཉིས་པ་མཐར་ཐུག་སངས་རྒྱས་ཀྱི་ས་ལ་གཉིས། སངས་རྒྱས་ཀྱིས་མངོན་དུ་བྱེད་པའི་ཐབས་ཉེ་བའི་རྒྱུ་ངོ་མཚར་གྱི་ལྟས་དང༌། དེ་མངོན་དུ་བྱས་པའི་འབྲས་བུའི་མཚན་ཉིད་དོ། །དང་པོ་ལ་གཉིས། ཉེ་བའི་རྒྱུ་རྣམ་གཞག་དང༌། འབྲས་བུ་འགྲུབ་པའི་ངོ་མཚར་གྱི་རྟགས་བསྟན་པའོ། །འབྲས་བུའི་མཚན་ཉིད་ལ་གཉིས། སྤྱི་དང་མཐུན་པའི་སྐུའི་རྣམ་གཞག་དང༌། འདི་ཉིད་དུ་གྲགས་པ་འབྲས་བུའི་མཚན་ཉིད་དོ། །དང་པོ་ལ་གཉིས། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས་གྲགས་པ་དང༌། རྡོ་རྗེ་ཐེག་པ་ལས་གྲགས་པའོ། །དང་པོ་ལ་བཞི། སྐུ་གཉིས་སུ་འདོད་པ་དང༌། སྐུ་གསུམ་དུ་འདོད་པ་དང༌། སྐུ་བཞིར་འདོད་པ་དང༌། སྐུ་གསུམ་དུ་འདོད་པའི་ལུགས་གཉིས་སོ། །བཞིར་འདོད་པ་ལ་གཉིས། རྒྱན་གྱི་དགོངས་པ་དང༌། ཐེག་བསྡུས་ཀྱི་དགོངས་པའོ། །རྡོ་རྗེ་ཐེག་པ་ལ་གྲགས་པ་ལ་གསུམ། ཡན་ལག་བདུན་ལྡན་དུ་འདོད་པ་དང༌། སྐུ་གསུམ་ཡན་ལག་བདུན་ལྡན་དུ་འདོད་པ་དང༌། སྐུ་གཉིས་ཡན་ལག་བཅུ་བཞིར་འདོད་པའོ། །དེ་ལ་གཉིས། དོན་གྱི་སྐུ་དང༌། བརྡའི་སྐུའོ། །འདི་ཉིད་དུ་གྲགས་པ་འབྲས་བུའི་མཚན་ཉིད་ལ་གསུམ། བཤད་གཞི་སྐུ་བཞིའམ་ཡེ་ཤེས་ལྔས་བསྡུས་པ་དང༌། འཆད་བྱེད་ཡན་ལག་ལྔས་བསྡུས་པ་དང༌། སྐུ་དང་ཡན་ལག་བསྲེ་བའོ། །བར་པ་ལ་ལྔ། གནས་ཡོངས་སུ་གྱུར་པ་དང༌། ཡེ་ཤེས་ཀྱི་སྐུ་ཡིན་པ་དང༌། མི་གནས་པའི་མྱ་ངན་ལས་འདས་པ་དང༌། གཉིས་སུ་མེད་པ་དང༌། མཛད་པ་རྒྱུན་མི་འཆད་པའོ། །དང་པོ་ལ་བཞི། ཕུང་པོ་ལྔ་གནས་གྱུར་ཚུལ་དང༌། དཀྱིལ་འཁོར་བཞི་རྟེན་ཡིན་ལ་བརྟེན་པ་ཡིད་དང་ལྔས་བསྡུས་པ་དང༌། ལུས་ངག་ཡིད་གསུམ་དུ་བསྡུས་པ་དང༌། དེ་ཐམས་ཅད་ཀྱི་བྱེད་པ་པོའི་ཡིད་ཡིན་པའི་ཕྱིར་ཡིད་འབའ་ཞིག་གནས་གྱུར་ཚུལ་ལོ། །དང་པོ་ལ་གཉིས། རྡོ་རྗེ་ཐེག་པའི་དགོངས་པ་དང༌། ཐེག་པ་ཆེན་པོ་བསྡུས་པའི་དགོངས་པའོ། །གཉིས་པ་ཡེ་ཤེས་ཀྱི་སྐུ་ཡིན་པ་ལ་བཞི། སྐུ་མེད་པ་མ་ཡིན་པ་དང༌། སྐུ་བེམས་པོ་མ་ཡིན་པ་དང༌། ཡེ་ཤེས་ལྔའི་སྐུའི་མཚན་ཉིད་དང༌། སྐུ་གསུམ་གྱི་ཡེ་ཤེས་ལྔ་བསྡུས་པའི་ཚུལ་ལོ། །གསུམ་པ་མི་གནས་པའི་མྱ་ངན་ལས་འདས་པ་ལ་གསུམ། འཁོར་བ་མ་ཡིན་པ་དང༌། མྱ་ངན་ལས་འདས་པ་མ་ཡིན་པ་དང༌། དེས་ཟུང་དུ་འཇུག་པའོ། །བཞི་པ་གཉིས་སུ་མེད་པ་ལ་གཉིས། མདོར་བསྡུས་པ་དང༌། རྒྱས་པར་བཤད་པའོ། །ལྔ་པ་མཛད་པ་ལ་གསུམ། ཆོས་སྐུ་མཛད་པའི་རྒྱུ་དང༌། ལོངས་སྐུའི་མཛད་ཚུལ་དང༌། སྤྲུལ་སྐུ་རིགས་གསུམ་དུ་དབྱེ་བའོ།། །།མངོན་པར་རྟོགས་པ་དེ་དག་གི་དོན་བསྡུས་ཏེ་བསྟན་པ་ནི། རྒྱུ་རྒྱུད་ལ་ཆོས་བཞི། སྤྱོད་པ་རིམ་པ་ཅན་ལ་ཆོས་བཅུ། ལྟ་བ་རིམ་པ་ཅན་ལ་བཞི། ཐུན་མོང་མ་ཡིན་པའི་རིམ་པ་ཅན་ལའང་བཞི། རབ་ལ་ཆོས་བདུན། ལམ་དངོས་གཞི་ལ་ཆོས་བཅུ་གཅིག གནས་སྐབས་ཀྱི་འབྲས་བུ་ལ་ས་བཅུ་གཉིས། མཐར་ཐུག་གི་འབྲས་བུ་ལ་ཡན་ལག་ལྔ་སྟེ། མདོར་ན་མངོན་པར་རྟོགས་པ་འདི་ནི་ཆོས་ལྔ་བཅུ་རྩ་བདུན་གྱིས་བསྟན་ཏེ། འདིར་སངས་རྒྱས་ཀྱིས་གསུངས་པའི་ཆོས་མཐའ་དག་ཤེས་པར་ནུས་པ་ཡིན་ནོ། །རྒྱུད་ཀྱི་མངོན་པར་རྟོགས་པའི་བསྡུས་པའི་དོན་རྫོགས་སོ།། །།བླ་མེད་ཕྱོགས་ནི་རིས་བསྒྱུར་མིག་བཅས་པ། །རིག་བྱེད་ཀྱིས་གསལ་ལག་པས་མེ་ལ་བགོ །དེ་འོད་ཀུན་གསལ་ཆུ་གཏེར་འབྱུང་བར་བཅས། །བློ་ལྡན་དོན་འདི་ཤེས་ན་སྨྲ་བར་གྱིས། །ལེགས་འོངས་མིག་གིས་ཡོན་ཏན་གསལ་བར་བྱས། །མེ་དང་ཆུ་བོས་འབྱུང་བ་རབ་ཏུ་བསྐྱེད། །ཟླ་བས་ཀུན་ཀྱང་གསལ་བར་བྱེད་མོད་ཀྱི། །མིག་གིས་ལེགས་པར་བལྟས་པས་བདག་བློ་དང༌། །གཟུགས་ཉིད་ཡོན་ཏན་ཟུང་ནི་ཐོག་མ་སྟེ། །གང་གིས་གང་སྟོན་ལོ་རྒྱུས་དང་བཅས་པ། །གཞུང་འདི་ཀུན་ཏུ་བལྟས་ལ་བློ་ལྡན་གྱིས། །ལེགས་རྟོགས་གཞན་ལ་སྟོན་ན་བདག་བློ་སྤྲོ། །ལེགས་འོངས་འཆད་བྱེད་བཤད་གཞི་ལོ་རྒྱུས་ཅན། །རྣམ་གྲོལ་བཅས་པའི་སྡིགས་འཇོམས་གཞན་མི་ལྡན། །མཁས་མཚུངས་འཛིན་བཅས་དྲི་མ་ཀུན་བྲལ་ཏེ། །ཡི་གེ་བཞི་ལྡན་ཉིད་དུ་འགྱུར་བར་ཤོག །རུ་བཞིའི་གཙང་སྟོད་གྲོམ་པ་ས་སྐྱ་ཡི། །དགེ་བསྙེན་རྣལ་འབྱོར་གྲགས་པ་རྒྱལ་མཚན་ལ། །དོན་འདི་ཀུན་ཀྱང་གསོལ་འདེབས་སྟོན་གཞོན་གྱིས། །ཅུང་ཟད་བསྐུལ་ཏེ་འགྲོ་བའི་དོན་ཕྱིར་བྲིས། །སྦྱིན་པར་བྱ་བའི་ཆོས་དྲི་མ་མེད་པ་ཆོས་ཐམས་ཅད་ཀྱི་དོན་མདོར་བསྡུས་པ་འདི་ནི་དཔལ་དྲི་མ་མེད་པའི་གཙུག་ལག་ཁང་ཀུན་ནས་དཀར་བའི་ཁ་དོག་གིས་གསལ་ཞིང༌། ཡིད་འཕྲོག་པར་བྱེད་པའི་དབེན་གནས་གཙང་ལ་སྟོད་གྲོམ་པ་ས་སྐྱའི་དགོན་པའི་མཁས་པ་ཆེན་པོ་གྲགས་པ་རྒྱལ་མཚན་གྱི་ཞབས་ཀྱི་རྡུལ་ལ་སྤྱི་བོས་རེག་པས་ཕ་རོལ་ལ་མི་འཇིགས་པའི་སྣང་བ་ཐོབ་པ། བློ་གསལ་ཞིང་ཡིད་གཞུངས་པ། མི་ཤེས་པའི་གཡུལ་ངོ་དང་འཁོན་པའི་ཆོ་འབྲང་དང་ལྡན་པ། ཚངས་པར་སྤྱོད་པ་མཆོག་གི་བརྟུལ་ཞུགས་ལ་གནས་ཤིང༌། ཐེག་པ་མཆོག་གི་ཁུར་ཁྱེར་བ། ཡང་དག་པར་བགྲོད་པར་བྱ་བའི་ལམ་རྡོ་རྗེ་ཐེག་པའི་འཇུག་ངོགས་ལ་ཞུགས་ཤིང༌། འགྲོ་བ་དཔག་ཏུ་མེད་པའི་ཕན་པ་དང་བདེ་བའི་དོན་ལ་གོ་ཆ་མི་ཕྱེད་པར་བགོས་པའི་བརྩོན་འགྲུས་དང་ལྡན་པའི་འཁོན་ཇོ་སྲས་གང་གི་མིང་ནས་བརྗོད་ན། ཀུན་དགའ་རྒྱལ་མཚན་ཞེས་ཡོངས་སུ་བཏགས་པ་དེས། ལོ་བཅོ་ལྔ་ལོན་པའི་སྡོང་ལ་ས་སྐྱའི་དབེན་གནས་དམ་པར་ཡི་དམ་དུ་བྲིས་པའི་དམ་པའི་ཆོས་སོ། །དོན་འདི་ལ་མ་འོངས་པའི་སྐྱེ་བོ་རྣམས་ཡིད་ཆེས་པར་གྱིས། དེ་ལྟར་བླ་མས་གསལ་མཛད་ཕྱིར། །བདག་གིས་བཅོས་པར་མི་འོས་ཀྱང༌། །གུས་ལྡན་སློབ་མས་བསྐུལ་བ་དང༌། །སྤྲོས་ཉུང་རྟོགས་སླ་དོན་གཉེར་བའི། །རྟེན་གྱི་གང་ཟག་དགྱེས་ཕྱིར་བྲིས། །དགེ་དེས་དྲི་མེད་ཐོབ་པར་ཤོག། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply