༼ཆ༽
༄༅། །ལམ་འབྲས་བརྒྱུད་པའི་གསོལ་འདེབས་བཞུགས།།
༄༅། །ན་མོ་གུ་རུ། བླ་མ་རྡོར་འཛིན་འཇམ་མགོན་སྤྱན་རས་གཟིགས། །རྣལ་རྒྱལ་སྒྲོལ་མ་འོད་ཟེར་ཅན་སོགས་ལ། །གུས་པས་ཕྱག་འཚལ་བདག་ནི་སྐྱབས་སུ་མཆི། །དེང་ནས་མཆོག་ཐོབ་བར་དུ་ཐུགས་རྗེས་སྐྱོབས། །གང་ཞིག་སྤྲོས་བྲལ་ནམ་མཁའ་དང་མཚུངས་ལ། །དཔེ་མེད་བདེ་ཆེན་བདེ་བས་ཡོངས་གང་ཞིང༌། །ཡིད་བཞིན་ནོར་ལྟར་འགྲོ་བའི་རེ་སྐོང་བ། །བདག་མེད་མཁའ་འགྲོའི་གཙོ་ལ་མགོས་ཕྱག་འཚལ། །རྒྱལ་སྲིད་སྤངས་ཏེ་དཔལ་ལྡན་ན་ལེནྡྲར། །གཞི་ཀུན་ཡོད་སྨྲའི་སྡེ་ལ་རབ་བྱུང་སྟེ། །གཞུང་ལུགས་རྒྱ་མཚོའི་ཕ་རོལ་སོན་གྱུར་ནས། །ཀུན་གྱི་མགོན་པོ་གནས་བརྟན་ཆོས་སྐྱོང་མཆོག །སྒྲུབ་ལ་བརྩོན་ཚེ་མཚན་གཅིག་བདག་མེད་མས། །སྙན་བརྒྱུད་བཞིས་གདམས་དེ་ཚེ་ས་དྲུག་མནན། །དེ་ཉིད་བསྟན་དང་དམན་རྣམས་བསྒྲལ་བྱའི་ཕྱིར། །ཉིད་ཀྱིས་བིརྺར་ཞལ་བཞེས་གྲོང་དུ་གཤེགས། །གངྒཱ་བཟློག་ཅིང་གདུག་ཅན་རྒྱལ་པོ་དང༌། །ཉི་མ་བཟུང་སྟེ་ཡུལ་ཁམས་བཅོ་བརྒྱད་ཀྱི། །མྱོས་བྱེད་རབ་གསོལ་དབང་ཕྱུག་ལིངྒ་བཀས། །གཏུམ་མོ་བཅོམ་ཞིང་སྨིན་དྲུག་བུ་ཡང་བཏུལ། །དེ་སོགས་འགྲོ་བའི་དོན་མང་མཛད་ནས་ཀྱང༌། །རྡོ་རྗེ་གསུམ་མཆོག་ཐུགས་དང་དབྱེར་མེད་པ། །དཔལ་ལྡན་བིརྺ་པ་ལ་ཕྱག་འཚལ་ལོ། །གུ་ལང་སྤངས་ཏེ་དཔལ་ལྡན་རྗེས་འབྲང་བ། །རྡོ་རྗེའི་ཚིག་གནང་ཚེ་ན་དེ་ཉིད་གཟིགས། །འགྲོ་བ་འདུལ་ཕྱིར་བརྟུལ་ཞུགས་སྤྱོད་པ་མཛད། །ཤར་ཕྱོགས་ནག་པོ་པ་ལ་ཕྱག་འཚལ་ལོ། །མ་ག་དྷཱར་འཁྲུངས་དོན་དམ་གཟིགས་པ་པོ། །རྣལ་འབྱོར་དབང་ཕྱུག་ཌཱ་མ་རུ་པ་ནི། །འགྲོ་བ་མ་ལུས་འདྲེན་པར་མཛད་པ་པོ། །རྟག་ཏུ་གཞན་དོན་མཛད་ལ་ཕྱག་འཚལ་ལོ། །དད་པས་བླ་མའི་ཞབས་དྲུང་ཉེར་བསྟེན་ཏེ། །འཁོར་བ་བསྒྲལ་ཕྱིར་སྒྲུབ་ལ་བརྩོན་མཛད་པས། །དེ་ཉིད་རྟོགས་པ་ཨ་ཝ་དྷཱུ་ཏི་པ། །གཉིས་མེད་སྤྱོད་པ་མཛད་ལ་ཕྱག་འཚལ་ལོ། །ཤེས་བྱའི་མཐའ་ཀུན་རབ་ཏུ་སྦྱངས་གྱུར་ནས། །གངས་ཅན་འགྲོ་བ་གདུལ་ཕྱིར་བརྩོན་པ་པོ། །དཔལ་གྱི་རི་རྩེར་འཕོ་བས་མཁའ་ལ་གཤེགས། །ག་ཡ་དྷ་རའི་ཞབས་ལ་ཕྱག་འཚལ་ལོ། །སྐད་གཉིས་སྨྲ་བའི་རྗེ་བཙུན་ཐུགས་རྗེ་ཅན། །གསུང་ངག་རིན་ཆེན་ཟབ་མོའི་ཉི་ཟླ་ཡིས། །སྐལ་ལྡན་རྣམས་ཀྱི་བློ་ཡི་མུན་སེལ་བ། །ཤཱཀྱ་ཡེ་ཤེས་གཙོ་ལ་ཕྱག་འཚལ་ལོ། །བླ་མའི་ཞབས་དྲུང་དུ་མར་དཀའ་བ་སྤྱད། །གསང་རྒྱུད་ཀུན་གྱི་མན་ངག་འཛིན་པ་པོ། །ནུས་མཐུ་མངའ་བའི་རྣལ་འབྱོར་དབང་ཕྱུག་མཆོག །རིག་པའི་མཐའ་ཅན་ཁྱོད་ལ་ཕྱག་འཚལ་ལོ། །འགྲོ་བ་བསྒྲལ་ཕྱིར་སྒྲུབ་ལ་བརྩོན་པ་པོ། །ཏིང་འཛིན་སྤྲུལ་པ་དུ་མས་བརྒྱན་པའི་སྐུ། །ཆོས་ཀྱི་དེ་ཉིད་གཟིགས་པའི་བླ་མ་ནི། །འབར་བའི་མཐའ་ཅན་དེ་ལ་ཕྱག་འཚལ་ལོ། །ཁྱོད་ནི་ངེས་པར་རྡོ་རྗེ་འཆང་དབང་སྟེ། །སྐལ་ལྡན་དོན་དུ་མི་ཡི་གཟུགས་འཛིན་པ། །རྐང་གཉིས་གཙོ་བོར་འགྲོ་བའི་བླ་མ་མཛད། །དཔལ་ལྡན་ས་སྐྱ་པ་ལ་ཕྱག་འཚལ་ལོ། །གང་ཞིག་འགྲོ་ཀུན་ཐུགས་རྗེའི་ལྕགས་ཀྱུ་ཡིས། །ཡོངས་བཟུང་དགའ་བས་སྙིང་པོ་འདྲེན་མཛད་ཅིང༌། །དངོས་པོ་ཀུན་ལ་ཞེན་པ་མི་མངའ་བའི། །བླ་མ་སྙིང་རྗེ་ཅན་ལ་ཕྱག་འཚལ་ལོ། །ཁྱོད་ནི་མན་ངག་དུ་མའི་མཛོད་འཛིན་པ། །དད་པས་ཉིད་ཀྱི་ཞབས་དྲུང་ལྷགས་པ་རྣམས། །སྐལ་བཞིན་མཁས་དང་གྲུབ་པའི་སར་འགོད་པ། །འགྲོ་བ་སྒྲོལ་མཛད་ཁྱོད་ལ་ཕྱག་འཚལ་ལོ། །སྐུ་དེས་འགྲོ་བའི་དོན་མང་མཛད་ནས་ཀྱང༌། །ས་སྟག་ཐ་སྐར་དཀར་པོའི་བཅུ་བཞི་ལ། །དཔའ་ཚོགས་ཀྱིས་བསྡུས་སླར་ཡང་རྡོར་འཛིན་གྱུར། །ཁྱེད་ལ་ཐལ་མོ་སྦྱར་ནས་སྐྱབས་སུ་མཆི། །གང་ཞིག་བསོད་ནམས་དུ་མས་བསྒྲུབས་པ་པོ། །འགྲོ་ཀུན་མྱ་ངན་འདས་རྩེར་འཇོག་མཛད་ཅིང༌། །ཤེས་བྱའི་མཐའ་ཀུན་མཁྱེན་པ་རབ་རྒྱས་པ། །ཐུགས་རྗེར་ལྡན་པ་ཁྱོད་ལ་ཕྱག་འཚལ་ལོ། །བླ་མ་རྡོར་འཛིན་གཉིས་མེད་གཟིགས་པ་པོ། །བརྒྱུད་པར་ལྡན་པའི་མན་ངག་འཛིན་པ་ནི། །ཀུན་གྱི་གཙུག་ཏོར་མཆོག་གྱུར་བྱང་སེམས་ལྡན། །བླ་མ་རྒྱལ་པོའི་ཞབས་ལ་ཕྱག་འཚལ་ལོ། །དད་པས་བླ་མའི་ཞབས་དྲུང་ཉེར་བསྟེན་ནས། །རྒྱུ་དང་མན་ངག་དུ་མ་མནོས་གྱུར་ཏེ། །ཚུལ་ཁྲིམས་སྡོམ་ལྡན་བསྒྲུབ་ལ་བརྩོན་པ་པོ། །བདག་སོགས་འདྲེན་པར་གྲགས་ལ་ཕྱག་འཚལ་ལོ། །དེ་སོགས་བརྒྱུད་པ་དང་ནི་མངོན་སུམ་དུ། །རྗེས་སུ་སྟོན་པར་མཛད་པའི་བླ་མ་རྣམས། །ངེས་པར་སངས་རྒྱས་ཡིན་ཡང་གདུལ་བྱའི་ཕྱིར། །ཐ་མལ་ལུས་འཛིན་ཁྱེད་ལ་སྐྱབས་སུ་མཆི། །དངོས་སུ་འབྱོར་དང་བདག་པོས་མ་བཟུང་བའི། །ཡིད་ཀྱིས་སྤྲུལ་དང་བདག་ལ་ཅི་མཆིས་པ། །བདག་ཉིད་ཀྱང་ནི་དད་པས་འབུལ་ལགས་ཀྱིས། །བླ་ཆེན་ཁྱེད་ཀྱི་ཐུགས་རྗེས་འདི་བཞེས་ཤིག །ཐོག་མེད་དུས་ནས་བཟུང་སྟེ་བདག་གིས་ནི། །འདོད་ཁྲོ་གཏི་མུག་དབང་གིས་ཉེས་བགྱིས་པ། །བགྱིད་དུ་སྩལ་དང་དེ་ལ་ཡི་རང་བའི། །སྡིག་དེ་ནོངས་པར་བཤགས་ཤིང་སླར་ཡང་བསྡམ། །རྒྱལ་དང་དེ་སྲས་རྣམས་དང་རང་རྒྱལ་དང༌། །མོས་པ་གཞན་དང་འགྲོ་བ་གཞན་རྣམས་ཀྱང༌། །དགེ་བ་བགྱིད་པ་དེ་རྣམས་ཐམས་ཅད་ལ། །དད་པས་བདག་ནི་རྗེས་སུ་ཡི་རང་ངོ༌། །འགྲོ་བ་གཏི་མུག་ཐིབས་པོས་མདོངས་རྣམས་ཀྱི། །ལིང་ཏོག་བསལ་བར་མ་གྱུར་དེ་སྲིད་དུ། །རྡོ་རྗེ་ཐེག་སོགས་ཆོས་ཀྱི་འཁོར་ལོ་མཆོག །ཀུན་ནས་བསྐོར་བར་བདག་ནི་གསོལ་བ་འདེབས། །ནམ་མཁའི་མཐས་གཏུགས་སེམས་ཅན་ཇི་སྙེད་པ། །མྱ་ངན་འདས་པར་རབ་ཏུ་གཞག་པར་དུ། །རང་བཞིན་དབྱིངས་སུ་མྱ་ངན་མི་འདའ་བར། །ཐལ་མོ་སྦྱར་ནས་བདག་ནི་གསོལ་བ་འདེབས། །ཕྱག་དང་མཆོད་དང་སྡིག་པ་བཤགས་པ་དང༌། །ཡི་རང་བསྐུལ་དང་གསོལ་བ་བཏབ་པ་ལས། །དགེ་བའི་དངོས་པོ་བདག་ལ་ཅི་མཆིས་པ། །དེས་ནི་འགྲོ་རྣམས་སངས་རྒྱས་མྱུར་ཐོབ་ཤོག །བདག་ཀྱང་ཁྱོད་ཀྱི་ཐུགས་རྗེས་རྟག་བཟུང་སྟེ། །ཚེ་འདིར་ཕྱག་རྒྱ་ཆེན་པོའི་གནས་འགྲོ་མཛོད། །མིན་ན་འཆི་ཁ་བར་དོར་མཆོག་ཐོབ་པར། །ཐལ་མོ་སྦྱར་ནས་ཁྱོད་ལ་གསོལ་བ་འདེབས། །གཞན་ཡང་སྐྱེ་བ་འདི་ནས་བཟུང་ནས་ནི། །ཇི་སྲིད་བདེ་ཆེན་ས་ལ་གནས་བར་དུ། །ཁྱོད་ཀྱི་ཞབས་ཀྱི་དྲུང་དུ་རྟག་སྐྱེ་ཞིང༌། །རབ་ཏུ་དགྱེས་པས་རྟག་ཏུ་བྱིན་རླབས་མཛོད། །བདག་གིས་མཁའ་འདྲ་མ་ཐོབ་བར་དུ་ཡང༌། །སྦྱིན་དང་སྡོམ་བརྩོན་བཟོད་དང་ཏིང་འཛིན་དང༌། །ཤེས་རབ་སྙིང་བརྩེ་བྱང་ཆུབ་སེམས་ལྡན་ཞིང༌། །ལམ་གྱི་བར་ཆད་རྣམས་དང་བྲལ་བར་ཤོག །འགྲོ་ཀུན་དགའ་བྱེད་སྙིང་པོའི་ཆོས་སྟོན་ཞིང༌། །བསོད་ནམས་ཀུན་གྱི་རྩེར་གྱུར་སྒྲུབ་བྱེད་པ། །རྣལ་འབྱོར་ཀུན་གྱི་གཙུག་ཏོར་མཆོག་རྒྱལ་དང༌། །ཚུལ་ཁྲིམས་རྣམ་པར་དག་པའི་ཞབས་བསྟེན་ཤོག །བླ་མའི་ཞབས་པད་གུས་པར་རྟག་བསྟེན་པས། །དགྱེས་པའི་ཐུགས་རྗེ་ཆེན་པོས་བདག་བཟུང་སྟེ། །རྡོ་རྗེ་ཐེག་སོགས་གཞུང་མང་སྤྱོད་པ་དང༌། །སྙན་བརྒྱུད་བཞི་དང་རྟག་ཏུ་ལྡན་པར་ཤོག །སྤང་བྱའི་སྡེ་རྣམས་ཀུན་དང་འཁོན་གྱུར་ཏེ། །རབ་དགའ་ལ་སོགས་ས་ཡི་མཆོག་གྱུར་པ། །ཟླ་བ་ཀུ་མུད་ལྟར་སྐྱ་ཐོབ་གྱུར་ནས། །ས་བཅུའི་རྒྱལ་སྲས་རྣམས་དང་འགྲོགས་པར་ཤོག །རྣལ་འབྱོར་འདིས་ནི་རྒྱལ་བ་ཐོབ་ཅེས་པའི། །སྙན་པའི་གྲགས་པས་ཕྱོགས་ཀུན་རྒྱས་གྱུར་ཏེ། །བདུད་དཔུང་སྡེར་བཅས་ཡི་མུག་སྤ་བཀོང་ནས། །ཐར་པའི་རྒྱལ་མཚན་མྱུར་དུ་སློང་བར་ཤོག །རྒྱལ་སྲས་རྣམས་དང་རྟག་ཏུ་རོལ་བྱེད་པའི། །རྡོ་རྗེའི་ལུས་སུ་གྱུར་ཅིང་རབ་དགའ་བས། །བློ་མཆོག་རྣམས་དང་འགྲོགས་ཤིང་བཤད་པའི་སྒྲས། །རྡོ་རྗེ་དྲིལ་བུས་རོལ་ཞིང་འགྱིང་བར་ཤོག །བདག་གིས་དེ་ལྟར་ཐོབ་པར་གྱུར་ནས་ནི། །ནམ་མཁའི་མཐས་གཏུགས་གྱུར་པའི་སེམས་ཅན་རྣམས། །སྲིད་པའི་མཚོ་ལས་སྒྲོལ་བར་བྱེད་པ་ཡི། །ཐུགས་རྗེས་འཛིན་པའི་དེད་དཔོན་རྒྱལ་པོར་ཤོག །བློ་ཆེན་རྣམས་ཀྱི་ཐུགས་རྗེའི་སྟོབས་དང་ནི། །བདག་གི་དད་པའི་སྟོབས་དང་བསོད་ནམས་ཀྱིས། །ཇི་ལྟར་སྨོན་ལམ་བཏབ་པ་དེ་བཞིན་དུ། །བདག་དང་འགྲོ་བས་རབ་ཏུ་འགྲུབ་པར་ཤོག །ཤཱཀྱའི་དགེ་བསྙེན་གྲགས་པ་རྒྱལ་མཚན་གྱིས། །དད་པའི་སྟོབས་ཀྱིས་བསྟོད་ལ་སོགས་པ་འདི། །ཤིང་རྟའི་སྨིན་དྲུག་དཀར་པོའི་ཚེས་གཅིག་ལ། །གཙང་སྟོད་དཔལ་ལྡན་ས་སྐྱའི་གནས་སུ་བགྱིས། །རྗེ་བཙུན་བླ་མའི་ཚོགས་ལ་དད་པའི་བློ་གྲོས་ཤིན་ཏུ་བརྟན་པ་ཤཱཀྱའི་དགེ་བསྙེན་ཐེག་པ་མཆོག་གི་རྣལ་འབྱོར་པ་གྲགས་པ་རྒྱལ་མཚན་གྱིས་སྦྱར་བའོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply