བླ་མའི་རྣམ་ཐར་བསྟོད་པ་ཁྱོད་ཉིད་མ།

༼ཆ༽

༄༅། །བླ་མའི་རྣམ་ཐར་བསྟོད་པ་ཁྱོད་ཉིད་མ་བཞུགས།།

༄༅། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཁྱོད་ཉིད་དམ་པ་རྣམས་ཀྱི་རིགས་འཁྲུངས་ནས། །འགྲོ་ཀུན་དགའ་བའི་དཔལ་གྱིས་ཉེར་འཚོ་བ། །དོན་གྱི་སྙིང་པོ་རྣམ་གྲོལ་མཆོག་བརྙེས་པའི། །བློ་གྲོས་ཆེན་པོ་བླ་མའི་ཞབས་ལ་འདུད། །འཇམ་པའི་དཔལ་ཡང་མི་ཡི་གཟུགས་འཛིན་པའི། །སྣ་ཚོགས་ཐབས་ཀྱིས་དུས་ལས་མི་ཡོལ་བར། །རྣམ་མང་འགྲོ་བའི་མགོན་སྐྱབས་དུ་མ་མཛད། །བླ་མ་མཆོག་ཁྱོད་འཇིག་རྟེན་ཀུན་ལ་བརྩེ། །ཁྱོད་ཀྱི་རྡོ་རྗེ་གསུམ་ལས་བསྐྱེད་གྱུར་པ། །ལེགས་བྱས་བསོད་ནམས་དཔག་མེད་ཀྱིས་འཕངས་ཏེ། །མྱང་འདས་རྩེ་མོར་ཕྱིན་པའི་དམ་པ་མཆོག །རྩོད་མེད་མཁས་པའི་དབང་པོ་ཀུན་ལ་གྲགས། །བཀྲ་ཤིས་དགེ་མཚན་དཔལ་གྱིས་མངོན་མཐོ་བ། །ས་ཡི་མཆོག་གྱུར་ས་སོགས་དཀར་མདངས་སྐྱ། །ཆོ་འབྲང་མཆོག་གྱུར་མ་རིག་ལས་འཁོན་ཏེ། །སྤང་བྱའི་གཡུལ་ལས་རྒྱལ་བར་འཁྲུངས་ལ་འདུད། །སྔོན་གནས་དྲན་ཞིང་བྱིས་པའི་སྤྱོད་པ་སྤངས། །འདོད་ལྷས་ཞལ་བསྟན་རྒྱུད་སྡེ་རྒྱ་མཚོ་ཡི། །དྲང་ངེས་དོན་ལ་བློ་རྒྱས་བཅུ་བདུན་ཚེ། །གདྒཱ་ཚུན་ལ་ཡོངས་སུ་གྲགས་ལ་འདུད། །དུས་གཅིག་གསུང་ངག་སྟོན་ཚེ་ནམ་མཁའ་ལ། །མཆོད་ཚོགས་དབུས་ན་འཇམ་དཔལ་བིརྺ་པ། །སྤྱན་རས་གཟིགས་དབང་མཐོང་སྣང་གསུམ་བསྟན་ནས། །བཅུ་དགུ་དག་པའི་སྣང་བར་གྱུར་ལ་འདུད། །མནལ་ཚེ་འོད་གསལ་དག་གི་མཉམ་པར་འཇོག །མཐུ་སྟོབས་དབང་ཕྱུག་ཡི་དམ་གང་རུང་ལ། །ཉིན་མཚན་གང་ཡང་ཐེ་ཚོམ་གཅོད་མཛད་པས། །རིག་པའི་གནས་ལྔ་མཐའ་རུ་ཕྱིན་ལ་འདུད། །གང་གི་ཀུན་སྤྱོད་ཉེས་པའི་དྲི་མ་བྲལ། །ལོག་སྨྲའི་མཐའ་སྤངས་བདེན་དོན་གསུང་བ་པོ། །སྤྲོས་པ་མེད་ཐུགས་སྟོང་ཉིད་སྙིང་པོ་ཅན། །ས་གསུམ་སྙན་པར་གྲགས་པ་ཁྱོད་ལ་འདུད། སྒྲ་ཚད་ཕ་རོལ་ཕྱིན་དང་གསང་སྔགས་སོགས། །གཟིགས་པ་ཙམ་གྱིས་ཚིག་དང་དོན་བཅས་པར། །ལེགས་དགོངས་གཞན་ལ་ཕན་པ་ལྷུར་ལེན་པའི། །མཁྱེན་པའི་སྤྱན་རས་གསལ་བ་ཁྱོད་ལ་འདུད། །གཡེལ་བ་མེད་པར་འཆད་རྩོད་རྩོམ་པ་དང༌། །རིམ་གཉིས་རྣལ་འབྱོར་རྒྱུན་ཆད་མེད་པ་ཡི། །རྗེས་ཐོབ་སྒྱུ་མར་མཁྱེན་ནས་སེམས་ཅན་ལ། །སྦྱིན་པ་རྣམ་བཞིས་ཚིམ་མཛད་ཁྱོད་ལ་འདུད། །བླ་ཆེན་འདོད་ལྷ་ཀུན་ལས་ཆོས་རྣམས་ནོས། །དབུས་གཙང་མཁས་རྣམས་བསྟེན་ནས་སྦྱང་ཚུལ་བསྟན། །བསྟན་པའི་སྲོག་ཤིང་ཆེན་པོར་རྩ་བདུན་ལ། །འཛམ་གླིང་ཡོངས་སུ་གྲགས་པ་ཁྱོད་ལ་འདུད། །པོ་ཏ་ལ་དང་དཔལ་རི་ཨུ་རྒྱན་དུ། །ཉིན་ཕྱེད་ཙམ་གྱིས་ལེགས་འཁོར་མཁའ་འགྲོ་དང༌། །དཔའ་བོའི་ཚོགས་དང་སྤྱོད་པའི་བརྟུལ་ཞུགས་སྤྱད། །རྣམ་འཕྲུལ་དུ་མས་ཉེར་གནས་ཡི་རང་འདུད། །དབང་དུས་དཀྱིལ་འཁོར་གཙོ་དང་དབྱེར་མེད་པས། །ཟབ་མོའི་དོན་གསུང་གནས་དང་མཁའ་ཀུན་ལ། །འོད་དང་འོད་ཟེར་རོལ་མོའི་སྒྲ་བསྒྲགས་པས། །བདག་ཡིད་ཏིང་འཛིན་སྒོ་མང་ཕྱེ་ལ་འདུད། །རྡོ་རྗེ་འཆང་དང་འཇམ་མགོན་དབྱེར་མེད་པའི། །བླ་མ་མཆོག་དང་དམ་པ་ཁྱོད་ཉིད་ལ། །ཁྱད་པར་འགའ་ཡང་བདག་གིས་ཡོད་མ་ཤེས། །དེ་སླད་བྱང་ཆུབ་བར་དུ་བདག་སྐྱབས་མཆི། །ཁྱེད་ཀྱི་ཡོན་ཏན་དཔག་ཡས་སངས་རྒྱས་དང༌། །བྱང་སེམས་ཆེན་པོ་རྣམས་དང་དབྱེར་མེད་ན། །བདག་འདྲས་བསྐལ་བར་བརྗོད་པ་ག་ལ་ལང༌། །དེ་ལྟར་དེ་འདྲའི་སྐྱེས་ཆེན་ཁྱེད་ལ་འདུད། །ཆུང་ངུའི་དུས་ནས་ཁྱེད་ཀྱི་ཐུགས་རྗེས་བསྐྱངས། །རྨད་བྱུང་ཟབ་མོའི་ལམ་རྣམས་རྗེས་སུ་བསྟན། །འདི་དང་ཕྱི་མ་ཕན་བདེའི་ས་ལ་བཀོད། །ཚད་མེད་བཀའ་དྲིན་ཡང་ཡང་དྲན་པར་གྱུར། །གཉེན་གྱི་འབྲེལ་བས་ཁྱེད་ལ་དད་མིན་ཏེ། །ངེས་པར་སངས་རྒྱས་ཡིན་པའི་ངེས་ཤེས་ཀྱིས། །ཁྱེད་ལ་ཅུང་ཟད་བསྟོད་པ་འདི་བགྱིས་པའི། །དགེ་བས་བླ་མའི་ཞབས་དྲུང་སྐྱེ་བར་ཤོག །ཀྱེ་མ་བླ་མ་བཞུགས་པའི་ཞབས་དྲུང་དུ། །ཆོས་ཀྱི་བཀའ་དྲིན་ནོད་པའི་སྐལ་བས་དབེན། །སྐྱབས་མེད་བདག་ལ་ཐུགས་རྗེ་ཆེན་པོ་ཡིས། །ཡང་དག་རྟོགས་པའི་བློ་གྲོས་བསྐྱེད་དུ་གསོལ།།  །།ཡང་སྨྲས་པ། ཚངས་པར་སྤྱོད་པའི་དགེ་བསྙེན་ཚུལ་འཛིན་པ། །བསོད་ནམས་དཔག་མེད་ལྡན་པའི་དབང་ཕྱུག་གིས། །ཤེས་བྱ་མ་ལུས་གཟིགས་པའི་རྩེ་མོར་ཕྱིན། །བློ་ཆེན་སྨྲ་བའི་དཔལ་ལ་མགོས་ཕྱག་འཚལ། །གཡོ་མེད་ཕྱག་རྒྱ་ཆེ་ལ་རོལ་པའི་ཐུགས། །མདོ་རྒྱུད་མན་ངག་ཆར་རྒྱུན་མི་འཆད་གསུང༌། །འཛུམ་མཛེས་མདངས་གསལ་ལྡན་པའི་སྐུ་མངའ་བ། །འགྲོ་བའི་སྐྱབས་གཅིག་བླ་མའི་ཞབས་ལ་འདུད། །རྒྱ་ཆེན་ཆོས་ཀྱི་སྒོ་རྣམས་མཁྱེན་པའི་མཐུས། །ཤེས་ལྡན་སློབ་མའི་སྒོ་གསུམ་ཚིམ་པར་མཛད། །མཁས་པའི་མཁས་པས་རྩོད་པར་མི་བཟོད་ཀྱང༌། །དྲེགས་པའི་ཉེས་པ་བྲལ་ལ་བདག་ཕྱག་འཚལ། །དམ་པའི་གནས་སུ་ཆུ་ཕོ་ཁྱི་ལོ་ལ། །སྐུ་བལྟམས་ཞིང་འདིར་དོན་མཛད་ཞེ་གཅིག་པ། །ཆུ་ཕོ་སྟག་གི་སྨལ་པོའི་བཅུ་གཅིག་ཚེ། །བདེ་བ་ཅན་དུ་གཤེགས་ལ་མགོས་ཕྱག་འཚལ། །འཇིག་རྟེན་ཀུན་གྱི་མིག་གཅིག་བླ་མ་ལ། །ཅུང་ཟད་བསྟོད་འདི་དཔལ་ལྡན་ས་སྐྱ་རུ། །དགེ་བསྙེན་གྲགས་པ་རྒྱལ་མཚན་བདག་གིས་བསྡེབས། །དགེ་བས་འགྲོ་ཀུན་བྱང་ཆུབ་མྱུར་ཐོབ་ཤོག །ཅེས་པ་སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ་ལ་བསྟོད་པ་གོང་འོག་གཉིས་རྗེ་བཙུན་རིན་པོ་ཆེས་མཛད་པའོ།། ༄༅། །«བླ་མ་ས་སྐྱ་པ་ཆེན་པོའི་རྣམ་ཐར་བཞུགས།།» ༄༅། །ཨོཾ་སྭ་སྟི་སིདྡྷཾ། བླ་མ་དམ་པ་རྣམས་ལ་གུས་པས་ཕྱག་འཚལ་ལོ། །སེམས་ཅན་ཐམས་ཅད་ཀྱི་སྟོན་པ་སྐུ་གསུམ་གྱི་བདག་ཉིད་ཅན་གྱིས་འགྲོ་བ་མ་ལུས་པ་ཐུགས་རྗེའི་ལྕགས་ཀྱུས་བཟུང་ནས་མྱ་ངན་ལས་འདས་པའི་སར་གཞག་པའི་ཕྱིར་འཇིག་རྟེན་གྱི་ཁམས་རབ་འབྱམས་རྒྱ་མཚོ་ཐམས་ཅད་དུ་ཐེག་པ་ཆེན་པོ་ལ་སོགས་པའི་ཆོས་ཀྱི་སྒོ་དུ་མ་དང་སྤྲུལ་པ་དུ་མས་འགྲོ་བ་རྣམས་འདྲེན་པར་མཛད་དོ། །དེ་ལས་བྱེ་བྲག་ཏུ་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པ་ཞེས་བྱ་བའི་སའི་ཆ་ལས་མི་མཇེད་འཇིག་རྟེན་གྱི་ཁམས་དེ་ལ་དབུས་ཀྱི་གླིང་ཆེན་པོ་བཞི་པོ་ཞེས་བྱ་བ་ལས་འཛམ་བུའི་གླིང་གངས་ཀྱི་ཡུལ་དང་ཤམྦྷ་ལའི་ཡུལ་ལས་ལྷོ་ཕྱོགས་སུ་འཕགས་པའི་ཡུལ་སྤྲུལ་པའི་སྐུ་མངོན་པར་རྫོགས་པར་སངས་རྒྱས་པའི་སའི་ཆ་རྡོ་རྗེའི་གདན་ལས་བྱང་ཕྱོགས་སུ་བོད་ཀྱི་ཡུལ་ཁ་བ་ཅན་གྱི་ལྗོངས་སའི་ཆ་མཐོ་ཞིང་གངས་ཀྱི་ཕྲེང་བས་ཡོངས་སུ་བསྐོར་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དུ་མས་རྗེས་སུ་བཟུང་ཞིང་ཡོངས་སུ་གང་བ་འདི་ནི་རྒྱལ་བའི་ཡུམ་ལ་སོགས་པ་མདོ་སྡེའི་དབང་པོ་དུ་མ་ལས་ལུང་བསྟན་པར་གྱུར་ཀྱི་སྟོན་པ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་ཞིག་ཏུ་དམ་པའི་ཆོས་ཀྱི་སྣང་བ་མེད་པ་ལས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་རྗེའི་སྟོབས་ཀྱིས་ལྷ་ཐོ་ཐོ་རི་སྙན་ཅན་ལ་སོགས་པའི་རྒྱལ་པོ་དང༌། བློན་པོ་དང༌། སྒྲ་སྒྱུར་ཆེན་པོ་སམྦྷོ་ཊ་དང༌། བྲམ་ཟེ་ཨཱ་ནནྡ་ལ་སོགས་པ་བྱོན་ཏེ་བོད་ཀྱི་ཡུལ་དུ་དམ་པའི་ཆོས་རྒྱས་པར་མཛད་ནས་མདོངས་པར་གྱུར་པའི་སྐལ་བ་དམན་པ་རྣམས་ཀྱི་མ་རིག་པའི་ལིང་ཏོག་བསལ་ནས་དུས་ལས་ཡོངས་སུ་འདས་པར་གྱུར་ཏོ། །དེ་ནས་ཡང་དམ་པའི་ཆོས་ཅུང་ཟད་ནུབ་པར་གྱུར་ཀྱང་རེ་ཞིག་ན་གདུལ་བྱ་ཅུང་ཟད་སྐལ་བ་དང་ལྡན་པ་དེ་དག་སྨིན་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའི་སྤྲུལ་པར་གྱུར་པ་སྒྱུར་བྱེད་ཀྱི་དམ་པར་གྱུར་པ་བྱང་ཆུབ་སེམས་དཔའ་ཆེན་པོ་རིན་ཆེན་བཟང་པོ་དང༌། བླ་མ་ཆེན་པོ་ཤཱཀྱ་ཡེ་ཤེས་ཞེས་བྱ་བ་དང༌། ལོ་ཙཱ་བ་འགོས་ལྷས་བཙས་ཞེས་བྱ་བ་ལ་སོགས་པ་དུ་མ་བྱོན་ནས་ཆོས་ཀྱི་སྒོ་དུ་མ་བསྒྱུར་ཞིང་བསྟན་པས་འགྲོ་བ་དུ་མ་སྨིན་པར་མཛད་ནས་ཡང་དུས་ལས་འདས་པར་གྱུར་པའི་ཚེ་ཡང་འོས་སུ་གྱུར་པའི་སྐྱེ་བོ་འདུལ་བ་འདི་ནི་ཁ་བ་ཅན་གྱི་སའི་ཆ་འདི་དུམ་བུ་གསུམ་གནས་པ་ལས། བར་གྱི་ཆ་རུ་བཞིའི་ས་ལས་རུ་ལག་གཙང་སྟོང་གྲོམ་པའི་ཡུལ་གྱི་སྟོད་དུ་སྐུ་འཁྲུངས་པའི་བླ་མ་ཆེན་པོ་ས་སྐྱ་པ་ཞེས་གནས་ལས་མཚན་དུ་གྲགས་པ་འདི་ནི་ངེས་པར་རྡོ་རྗེ་འཆང་ཆེན་པོ་ཡིན་ཀྱང་སྐལ་བར་ལྡན་པའི་སེམས་ཅན་གདུལ་བའི་ཕྱིར་ཐ་མལ་པའི་གཟུགས་བཟུང་བ་འདི་ལྟ་བུའི་བླ་མ་ཆེན་པོ་དེའི་ཡོན་ཏན་ཅུང་ཟད་ཅིག་བརྗོད་པར་བྱའི། འདི་ལ་དད་པ་དང་ལྡན་པའི་སྐྱེ་བོ་རྣམས་རྣ་བླགས་ཏེ་ཉོན་ཅིག འདི་ལྟར་བྱང་ཆུབ་སེམས་དཔའ་སྦྱིན་པའི་དཔལ་འདིའི་རིགས་ཀྱི་ཡོན་ཏན་གྱི་དབང་དུ་བྱས་ན་དགེ་བའི་བཤེས་གཉེན་བརྒྱུད་པའི་རིགས་སུ་གྱུར་པ་ཡིན་ཏེ། དེའང་བོད་ཀྱི་དཔལ་འཕྲུལ་གྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ་སྒྲ་སྒྱུར་གྱི་ལོ་ཙཱ་བ་སད་མི་མི་བདུན་ཞེས་བྱ་བ་ལས་གཞོན་གསུམ་གྱི་ནང་ནས་མཁས་པར་བྱེད་པ་འཁོན་ཀླུའི་དབང་པོ་ཞེས་བྱ་བ་ཡིན་ནོ། །དེའི་གཅུང་པོ་ཕལ་པ་ཅིག་ལ་སྲས་ཡོན་ཏན་གྱིས་ཕྱུག་པ་རྡོ་རྗེ་རིན་པོ་ཆེ་ཞེས་བྱ་བ་ཞིག་བྱུང་ངོ༌། །དེའི་སྲས་ཤེས་རབ་ཡོན་ཏན་ཞེས་བྱ་བ། དེའི་སྲས་ཤེས་རབ་ཡོན་ཏན་འབྱུང་གནས་ཞེས་བྱ་བ། དེའི་སྲས་ཚུལ་ཁྲིམས་རྒྱལ་པོ་ཞེས་བྱ་བ། དེའི་སྲས་རྡོ་རྗེ་གཙུག་ཏོར་ཞེས་བྱ་བ། དེའི་སྲས་དགེ་སྐྱབས་ཞེས་བྱ་བ། དེའི་སྲས་དགེ་མཐོང་ཞེས་བྱ་བ། དེའི་སྲས་བལ་པོ་ཞེས་བྱ་བ། དེའི་སྲས་ཤཱཀྱ་བློ་གྲོས་ཞེས་བྱ་སྟེ། དེ་དག་ཐམས་ཅད་ཀྱང་ཕ་རོལ་ཏུ་ཕྱིན་པའི་གཞུང་ལུགས་དང༌། རྡོ་རྗེ་ཐེག་པའི་གསང་བ་སྡེ་དྲུག་ལེ་ལག་དང་བདུན་ཕྲ་མོ་ཉི་ཤུ་རྩ་གཅིག་གཙོ་བོར་བཟུང་ནས་སྤྱོད་པ་དེ་དག་གི་གདམས་པ་དགོས་ཀྱི་ཆོས་དྲུག་ཅེས་བྱ་བའི་མན་ངག་དང་ལྡན་ཞེས་ཡང་དག་གྲུབ་པ་དང་རྡོ་རྗེ་ཕུར་པའི་ཡི་དམ་གྱི་སྒོ་ནས་དངོས་གྲུབ་ཀྱི་རིམ་པ་ཐོབ་པ་དག་ཀྱང་ཡིན་ནོ། །ཤཱཀྱ་བློ་གྲོས་དེ་ལ་སྲས་གཉིས་ཏེ། གཅེན་པོ་ཤེས་རབ་ཚུལ་ཁྲིམས་ཞེས་བྱ་བ་ནི་ཡབ་མེས་ཀྱི་ཆོས་དེ་དག་གིས་རྒྱུད་སྦྱངས་ཤིང་རྡོ་རྗེ་ཕུར་པའི་སྒོ་ནས་དངོས་གྲུབ་བརྙེས་ནས་མཐུ་དང་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་ཚངས་པར་སྤྱོད་པའི་བརྟུལ་ཞུགས་འཛིན་པས་མཛེས་པར་བྱས་པ་ཡིན་ནོ། །དེའི་གཅུང་དགེ་བའི་བཤེས་གཉེན་དཀོན་མཆོག་རྒྱལ་པོ་ཞེས་བྱ་བ་ནི་ཡབ་མེས་ཀྱི་ཆོས་ལ་མན་ངག་དང་སྒྲུབ་ཐབས་ཕྲ་མོ་ཙམ་གྱིས་ཚིམ་པར་བྱས་ནས། གསང་སྔགས་ཕྱི་འགྱུར་ལ་ཐུགས་སྤྲོ་བར་གྱུར་ཏེ་གཅེན་པོས་ཀྱང་བསྐུལ་ནས་རྩོད་པའི་དུས་ཀྱི་རྡོ་རྗེ་འཆང་ཆེན་པོ་འབྲོག་མི་ཤཱཀྱ་ཡེ་ཤེས་ཞེས་བྱ་བའི་སྤྱན་སྔར་བྱོན་ནས་དད་ཅིང་གུས་པས་ལོ་དུ་མར་དགེས་པའི་རྡོ་རྗེ་རྒྱུད་གསུམ་བསྟན་བཅོས་དུ་མ་དང་བཅས་པ་མན་ངག་དུ་མས་མཛེས་པར་བྱས་པ་གསན་ནས། སླར་ཡང་སྒྲ་སྒྱུར་གྱི་ལོ་ཙཱ་བ་འགོས་ཁུག་པ་ལྷས་བཙས་ཞེས་བྱ་བ་ལས་དཔལ་གསང་བ་འདུས་པ་འཕགས་པ་ཡབ་སྲས་ཀྱི་དགོངས་པ་བཀའ་དང་བསྟན་བཅོས་མན་ངག་དང་བཅས་པ་དག་ཀྱང་གསན། ཡང་ཨཽ་ཌྱན་པཎྜི་ཏ་རྣལ་འབྱོར་གྱི་དབང་ཕྱུག་དཔལ་ཤེས་རབ་གསང་བ་ཞེས་བྱ་བ་ལ་དགེས་པ་རྡོ་རྗེ་ཐིག་ལེའི་རྒྱུད་ལྔ་བསྟན་བཅོས་དུ་མ་དང་མན་ངག་གིས་བརྒྱན་པ་དག་ཀྱང་གསན། ཡང་དགེ་བཤེས་མལ་ལོ་ཙཱ་བ་ལ་དཔལ་བདེ་མཆོག་རྩ་རྒྱུད་ཀུན་ཏུ་སྤྱོད་པ་དང་བཅས་པ་སྒྲུབ་པའི་ཐབས་དུ་མ་མན་ངག་དུ་མ་དང་བཅས་པ་དང་གྲུབ་པ་དང་སྙིང་པོའི་གཞུང་དང་མན་ངག་རྣམས་ཀྱང་གསན། དེ་དག་ལ་སོགས་པའི་ཆོས་ཀྱི་སྒོ་དུ་མས་ཕྱུག་པར་གྱུར་པའི་སྲས་ཡིན་པས་དགེ་བའི་བཤེས་གཉེན་གྱི་རིགས་སུ་གྱུར་པ་ཡིན་ནོ། །ཡང་བྱང་ཆུབ་སེམས་དཔའ་སྦྱིན་པའི་དཔལ་འདིའི་གཟུགས་ནི་འགྲོ་བ་ཐམས་ཅད་ཀྱི་ཡིད་དུ་འོང་ཞིང་ཤིན་ཏུ་མཛེས་ཏེ་སྐྱོན་གང་ཡང་མེད་པས་དུས་མཉམ་པའི་འགྲོ་བ་ཐམས་ཅད་ཀྱིས་འགྲན་པར་བྱ་བའི་འོས་མ་ཡིན་ནོ་ཞེས་ཀུན་ལ་གྲགས་པ་ཡིན་ནོ། །ད་ནི་འདིའི་ཡོན་ཏན་གྱི་ཕྱོགས་ཅུང་ཟད་བརྗོད་པར་བྱ་སྟེ། ཐོག་མ་ཉིད་ནས་ཞི་བ་དང༌། དུལ་བ་དང༌། ཤེས་རབ་དང༌། ཡིད་གཞུངས་པ་དང༌། སྙིང་རྗེ་ཆེན་པོ་དང༌། འཛུམ་པའི་བཞིན་དང༌། གསལ་བར་བརྡ་འཕྲོད་ཅིང་ང་ལོ་བདེ་བ་ལ་བརྩོན་འགྲུས་དང་རྟུལ་བ་དང་སྤོབས་པ་ཕུན་སུམ་ཚོགས་པ་དང་ལྡན་ཞིང་བླ་མ་དང་རྒན་པ་རྣམས་ལ་གུས་པ་དང་ལྡན་ལ། གཞོན་པ་དང་སྡུག་བསྔལ་བ་རྣམས་ལ་རབ་ཏུ་བྱམས་པའི་རང་བཞིན་ཅན་ཡིན་ནོ། །དེའང་ཐུན་མོང་གི་ཡོན་ཏན་ཀློག་དང་ཡིག་རྩིས་ལ་སོགས་པ་ལ་རབ་ཏུ་བྱང་ཞིང་འཇིག་རྟེན་དང་མཐུན་པའི་བསྟན་བཅོས་རྒྱལ་པོ་དང་བློན་པོའི་ལུགས་ལ་སོགས་པ་རྣམས་ལ་མཁས་ཤིང༌། སྐྱེས་པ་བརྟག་པ་དང༌། བུད་མེད་བརྟག་པ་དང༌། དུད་འགྲོ་བརྟག་པ་དང༌། ནོར་བུ་བརྟག་པ་ལ་སོགས་པ་དུ་མའི་སྒོ་ནས་འཇིག་རྟེན་པ་རྣམས་ཡིད་བདེ་བར་བྱེད་པའི་ངང་ཚུལ་ཅན་ཡིན་ནོ། །ཡང་ཐེག་པ་ཆེན་པོ་འཛིན་པའི་རྩ་བ་དང་ཡན་ལག་གི་ཉེས་པ་དང་ཉེས་བྱས་ཕྲ་མོས་ཀྱང་མ་གོས་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་འདི་ནི་ངེས་པར་བདག་པས་གཞན་གཅེས་ཀྱི་ཐུགས་མངའ་བའི་ཕྱིར་ཏེ། བྱང་ཆུབ་སེམས་དཔའ་འདི་ནི་བྱམས་པ་ཆེན་པོ་དང་དངོས་པོ་གང་ལ་ཡང་མངོན་པར་ཞེན་པ་ཐམས་ཅད་གཏོང་བའི་ཕྱིར་རོ། །ཡང་བྱང་ཆུབ་སེམས་དཔའ་འདིས་དགེ་བའི་བཤེས་གཉེན་ཇི་ཙམ་བསྟེན་ཅིང་ཆོས་ཇི་ཙམ་ཞིག་གསན་ཞེ་ན། རིགས་ཀྱི་ཡབ་དགེ་བའི་བཤེས་གཉེན་དཀོན་མཆོག་རྒྱལ་པོ་ཉིད་ལ་ཐོག་མ་ཁོ་ནར་སྨིན་པར་མཛད་ནས་སྔར་སྨོས་པའི་དགེ་བའི་བཤེས་གཉེན་དེའི་ཆོས་ཐམས་ཅད་གསན་ཞིང་ཅུང་ཟད་མ་ཚར་བ་དེའི་སློབ་མ་དག་ལའང་གསན་ནས་ཚར་བར་བྱས་པ་ཡིན་ནོ། །དེ་ནས་ཡང་བླ་མ་རྗེ་བཙུན་སྙིང་རྗེ་ཆེན་པོ་དང་ལྡན་པ་བ་རི་ལོ་ཙཱ་བ་རིན་ཆེན་གྲགས་པ་ཞེས་བྱ་བའི་ཞབས་དྲུང་དུ་ཉེ་བར་བསྙེན་ཅིང་ཕ་རོལ་ཏུ་ཕྱིན་པའི་གཞུང་ལུགས་ལ་འཕགས་པ་དཀོན་མཆོག་བརྩེགས་པ་དང་སངས་རྒྱས་ཕལ་པོ་ཆེའི་གཞུང་རབ་ཏུ་ཕྱེ་བ་དང་དེའི་མན་ངག་ཀྱང་གསན། བྱ་བའི་རྒྱུད་ལ་རྒྱུད་སྡེའི་དུམ་བུ་ཉིས་བརྒྱ་ཙམ་ཡན་ལག་དང་བཅས་པ་མན་ངག་ཟབ་མོས་བརྒྱན་པ་གསན། སྤྱོད་པའི་རྒྱུད་ལ་གཤིན་རྗེ་གཤེད་ཁྲོ་བོ་རྣམ་པར་རྒྱལ་བའི་རྒྱུད་ཡན་ལག་དང་བཅས་པ་གསན། རྣལ་འབྱོར་ཆེན་པོའི་རྒྱུད་ལ་དཔལ་གསང་བ་འདུས་པ་རྩ་བ་དང་བཤད་པའི་རྒྱུད་ལྔ་ལ་སློབ་དཔོན་འཕགས་པ་ཡབ་སྲས་ཀྱི་དགོངས་པ་དང་འབྲེལ་པ་དང་ཡན་ལག་ཕྲ་མོ་དང་བཅས་པ་དང༌། སངས་རྒྱས་ཡེ་ཤེས་ཞབས་ཀྱི་དགོངས་པ་འགྲེལ་པ་ཡན་ལག་ཕྲ་མོ་དང་བཅས་པ་རྣམས་དང༌། གཤིན་རྗེ་གཤེད་དགྲ་ནག་པོའི་རྒྱུད་གསུམ་དཔལ་འཛིན་གྱི་འགྲེལ་པ་ཡན་ལག་དང་བཅས་པ་རྣམས་དང༌། དགེས་པ་རྡོ་རྗེའི་རྒྱུད་གསུམ་ཡན་ལག་དང་བཅས་པ་རྣམས་དང༌། འཁོར་ལོ་བདེ་མཆོག་རྩ་བ་དང་བཤད་པའི་རྒྱུད་གསུམ་མ་ལུས་པ་ཡན་ལག་ཕྲ་མོ་ཅི་རིགས་པ་དང་བཅས་པ་རྣམས་དང༌། རྡོ་རྗེ་གདན་བཞིའི་འགྲེལ་པ་ཡན་ལག་དང་བཅས་པ་དང༌། སངས་རྒྱས་མཉམ་སྦྱོར་འགྲེལ་པ་ཡན་ལག་དང་བཅས་པ་རྣམས་དང༌། སྒྲུབ་ཐབས་བསྡུས་པ་དང༌། མན་ངག་ཕྲ་མོ་བརྗོད་ཀྱིས་མི་ལང་བ་གསན་ཞིང་ཁོང་དུ་ཆུད་པར་མཛད་པ་ཡིན་ནོ། །དེ་ནས་རོང་ངུར་སྨྲིག་ཏུ་བྲང་ཏི་དར་མ་སྙིང་པོ་ཞེས་བྱ་བའི་དྲུང་དུ་དགུང་ལོ་བཅུ་གསུམ་པས་མངོན་པ་ཚར་གཅིག་གིས་ཐུགས་སུ་ཆུད་པར་མཛད་ནས་བཤད་པ་ཡང་མཛད་པ་ཡིན་ནོ། །དེ་ནས་ཉང་སྟོད་བྱང་འཆད་ཅེས་བྱ་བའི་གཙུག་ལག་ཁང་དུ་བྲང་ཏིའི་ཟུར་ཆོས་པ་དགེ་བའི་བཤེས་གཉེན་ཁྱུང་ཞེས་བྱ་བའི་དྲུང་དུ་ཉེ་བར་བསྙེན་ཏེ་རྒྱས་པའི་བསྟན་བཅོས་བྱང་ཆུབ་སེམས་དཔའི་སའི་སྡོམ་གཉིས་ཕྲ་མོ་དང་བཅས་པ་གསན་ཏེ་ཁོང་དུ་ཆུད་པར་མཛད། དེ་ནས་ཉང་སྟོད་དུ་ཁྱུང་རིན་ཆེན་གྲགས་པ་ཞེས་བྱ་བ་དང༌། ཟུར་ཆོས་པ་དཔལ་མི་དིག་པ་ཞེས་བྱ་བ་ལས་ཚད་མ་ལ་སོགས་པ་མང་དུ་གསན་ནོ། །དེ་ནས་ཡང་གྲོམ་པ་གཡུ་རྩེ་འབྱིད་ཕུར་དགེ་བཤེས་མེའི་ལྷང་ཚེར་ཞེས་བྱ་བ་ལས་ཚད་མ་རྣམ་པར་ངེས་པ་དང༌། རིག་ཐིགས་ཀྱི་རྒྱ་ཆེར་འགྲེལ་པ་བམ་པོ་བཅོ་ལྔ་པ་དང༌། དབུ་མ་རང་རྒྱུད་ཤར་གསུམ་དུ་གྲགས་པ་དང་བཅས་པ་གསན་ཅིང་ཁོང་དུ་ཆུད་པར་མཛད་པ་ཡིན་ནོ། །དེ་ནས་ཡང་གཡས་རུའི་སྟག་རིས་ཀྱི་སའི་ཆ་སྒྱི་ཆུའི་གཙུག་ལག་ཁང་ཞེས་བྱ་བར་ཡོངས་ཀྱི་དགེ་བའི་བཤེས་གཉེན་སྒྱི་ཆུ་བ་ཞེས་བྱ་བའི་ཞབས་དྲུང་དུ་ཉེ་བར་བསྙེན་ཏེ་སྔར་ཉིད་ཀྱི་ཡབ་ལས་གསན་པའི་དགེས་པ་རྡོ་རྗེ་རྒྱུད་རྒྱས་པ་གསུམ་དང༌། རྒྱུད་ཆུང་གསུམ་འགྲེལ་པ་ཀུ་མུ་ཏི་དང༌། ཡན་ལག་ཕྲ་མོ་དུ་མ་དང་བཅས་པ་རྣམས་དང༌། དེའི་མན་ངག་དང་བཅས་པ་རྣམས་ཀྱང་གསན། ཡང་དགེ་བའི་བཤེས་གཉེན་དེ་ཉིད་ལ་བྲམ་ཟེ་ནག་པོའི་བཤད་སྲོལ་གྱི་དགེས་པ་རྡོ་རྗེ་བླ་མ་འགོས་ལས་བརྒྱུད་དེ་བླ་མ་མངའ་རིས་པ་ཉིད་ལ་གསན་པ་རྣལ་འབྱོར་རིན་པོ་ཆེ་སྦྱོར་བའི་ཕྲེང་བ་ཞེས་པའི་འགྲེལ་པ་ཡན་ལག་དུ་མ་དང་མན་ངག་ཏུ་བཅས་པ་རྣམས་ཀྱང་གསན། ཡང་བླ་མ་དེ་ཉིད་ལ་རྗེ་བཙུན་མེ་ཏྲཱི་བའི་སློབ་མ་རྗེ་བཙུན་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ལ་བླ་མ་དེ་ཉིད་ཀྱིས་ནོས་པའི་གྲུབ་པ་སྡེ་བཅོ་བརྒྱད་གྲུབ་པའི་ཁོངས་སུ་གཏོགས་པ་དུ་མ་དང་བཅས་པ། སྙིང་པོ་སྐོར་ཕྲ་མོ་དང་བཅས་པ་ཉི་ཤུ་རྩ་ལྔ་ཡན་ལག་དུ་མ་དང་བཅས་པ་ཤིན་ཏུ་ཟབ་པའི་མན་ངག་གིས་བརྒྱན་པ་རྣམས་ཁོང་དུ་ཆུད་པར་མཛད་དོ། །དེ་ཉིད་དུ་བླ་མ་འབྲོག་མིའི་བཤད་པའི་སྲོལ་གྱི་མ་ཧཱ་མཱ་ཡ་འགྲེལ་པ་གཉིས་ཡན་ལག་དང་བཅས་པ་དང༌། ཟླ་གསང་ཐིག་ལེའི་རྒྱུད་དང༌། སངས་རྒྱས་ཐོད་པའི་འགྲེལ་པ་ཡན་ལག་དང་བཅས་པ་རྣམས་ཀྱང་ཐུགས་སུ་ཆུད་པར་མཛད་པ་ཡིན་ནོ། །བླ་མ་དེ་ཉིད་ཀྱིས་མར་པ་ལྷོ་བྲག་པའི་སློབ་མ་མེས་སྟོན་ཚོན་པོ་ལས་ནོས་པའི་ཀྱེ་རྡོ་རྗེ་དང༌། གུར་དང༌། རྡོ་རྗེ་གདན་བཞི་དང༌། མ་ཧཱ་མཱ་ཡ་རྒྱུད་རྐྱང་པ་དང༌། རྒྱུད་བཞིའི་བཤད་པ་མན་ངག་དང་བཅས་པ་རྣམས་ཀྱང་གསན་ཅིང་ཁོང་དུ་ཆུད་པར་མཛད་དོ། །བླ་མ་མངའ་རིས་པའི་ལུགས་དབུ་མ་རང་རྒྱུད་ཤར་གསུམ་དང༌། བསླབ་བཏུས་སྤྱོད་འཇུག་དང་བཅས་པ་རྣམས་ཀྱང་གསན་ཅིང་ཁོང་དུ་ཆུད་པར་མཛད་དོ། །དེ་ནས་ཡང་གུང་ཐང་གནས་སར་གཙུག་ལག་ཁང་ཞེས་བྱ་བར་རྗེ་བཙུན་ནཱ་རོ་ཏ་པའི་ཐུགས་ཀྱི་སྲས་དཔལ་ཕ་ན་ཕིང་གུ་བ་ཞེས་བྱ་བའི་ཞབས་རྡུལ་ལ་རེག་པ་རྗེ་བཙུན་མལ་གྱོ་ལོ་ཙཱ་བ་ཞེས་བྱ་བའི་ཞབས་དྲུང་དུ་ཉེ་བར་བསྙེན་ཏེ་དཔལ་འཁོར་ལོ་སྡོམ་པའི་རྩ་བ་དང་བཤད་པའི་རྒྱུད་རྡོ་རྗེ་མཁའ་འགྲོ་དང༌། ཨ་བྷི་དྷ་ན་དང༌། ཧེ་རུ་ཀ་མངོན་འབྱུང་དང༌། ཀུན་ཏུ་སྤྱོད་པ་དང༌། སཾ་པུ་ཊ་དང༌། རྣལ་འབྱོར་མ་བཞི་ཁ་སྦྱོར་གྱི་རྒྱུད་དང༌། ཕག་མོ་མངོན་པར་འབྱུང་བ་དང༌། རྡོ་རྗེ་མཁའ་འགྲོ་དང༌། ཀུན་སྤྱོད་ཀྱི་འགྲེལ་པ་ལོ་ཧི་པའི་ཡན་ལག་ཕྲ་མོ་དང་བཅས་པ། རྡོ་རྗེ་དྲིལ་བུ་པ་ཡན་ལག་དང་བཅས་པ། ནག་པོའི་ཆོས་དྲུག་དང༌། རྡོ་རྗེ་རྣལ་འབྱོར་མ་མཁའ་སྤྱོད་རྩ་དབུ་མའི་མན་ངག་ཕྲ་མོ་དང་བཅས་པ་རྣམས་ཁོང་དུ་ཆུད་པར་མཛད་དེ། བླ་མ་ཕམ་ཐིང་པ་ཉིད་དང༌། བྷ་རོ་ཕྱག་རྡུམ་ལས་ནོས་པའི་གཤིན་རྗེ་གཤེད་ནག་པོ་རྒྱུད་གསུམ་འགྲེལ་པ་དང་རྒྱུད་རྐྱང་གི་ལུགས་གཉིས་གཉིས་མན་ངག་ཕྲ་མོ་དུ་མ་དང་བཅས་པ་གསན་ནས། ཡང་བླ་མ་དེ་ཉིད་ལ་ནཱ་རོ་པའི་གུར་དང་བྱང་ཆུབ་སེམས་དཔའི་འགྲེལ་པ་གསུམ་ཡན་ལག་དང་བཅས་པ་རྣམས་ཀྱང་གསན། ཡང་བླ་མ་དེ་ཉིད་ལ་ཇོ་བོ་རིན་ཆེན་བཟང་པོའི་སློབ་མ་བྲག་སྟེང་པ་ཡོན་ཏན་ཚུལ་ཁྲིམས་ལས་ནོས་པའི་དཔལ་བདེ་མཆོག་རྩ་བའི་རྒྱུད་སློབ་དཔོན་ཀཾ་ཀ་ན་རྒྱལ་བ་བཟང་པོའི་སྐོར་འགྲེལ་པ་གསུམ། དཀྱིལ་ཆོག་སྒྲུབ་ཐབས་བསྟོད་པ་དང་བཅས་པ་རྣམས་ཀྱང་གསན། ཡང་བརྒྱུད་པ་དེ་ཉིད་ལས་འོངས་པ་ནི་ངན་སོང་སྦྱོང་རྒྱུད་དང༌། རབ་གནས་ཀྱི་རྒྱུད་ལ་ཡན་ལག་བདུན་དང་བཅས་པ་རྣམས་དང༌། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ཆེ་ཆུང་གཉིས་དང༌། དཔལ་ནག་པོ་ཆེན་པོ་ལ་སོགས་པ་མན་ངག་ཕྲ་མོ་དུ་མ་དང་བཅས་པ་རྣམས་ཀྱང་གསན་ནོ། །ཡང་བླ་མ་དེ་ཉིད་ལ་ཇོ་བོ་རྗེ་ལྷ་གཅིག་གི་སློབ་མ་རོང་པ་འགར་དགེ་དང༌། དགེ་བཤེས་འཛོམ་གྱང་ཕུག་པ་ལས་ནོས་པ་དཔལ་བདེ་མཆོག་རྩ་བའི་རྒྱུད་དང་འགྲེལ་པ་སྒྲུབ་ཐབས་ཀྱི་གླེང་གཞི་དང་བཅས་པ་དང༌། ཨ་བྷི་དྷ་ན་ལོ་ཧི་པ་ཡན་ལག་དང་བཅས་པ་རྣམས་ཀྱང་གསན། མི་གཡོ་བ་དང་ཕྱག་ན་རྡོ་རྗེ་ལ་སོགས་པ་དང༌། སྒྲོལ་མའི་སྒྲུབ་ཐབས་ཡན་ལག་དུ་མ་དང་བཅས་པ་རྣམས་ཀྱང་གསན་ནོ། །ཡང་བླ་མ་དེ་ཉིད་ལ་ཇོ་བོ་མ་ཧཱ་ཛྙཱ་ན་དང་པ་ར་ཧེ་ཏ་ལས་ནོས་པའི་དཔལ་བདེ་མཆོག་སྡོམ་པ་འབྱུང་བ་དང༌། ཁ་ཆེའི་སློབ་དཔོན་བྲམ་ཟེ་རིན་ཆེན་རྡོ་རྗེས་མཛད་པའི་སྒྲུབ་ཐབས་ཡན་ལག་དང་བཅས་པ་རྣམས་ཀྱང་གསན་ནོ། །སློབ་དཔོན་འཕགས་པ་ཡབ་སྲས་ཀྱི་དབུ་མ་རིགས་པའི་ཚོགས་དང༌། མདོ་ཀུན་ལས་བཏུས་དང༌། བསྟོད་པའི་ཚོགས་རྣམས་ཀྱི་རྩ་བ་དང་འགྲེལ་པ་ཕྲ་མོ་དང་བཅས་པ་རྣམས་ཀྱང་གསན་ཅིང་ཁོང་དུ་ཆུད་པར་མཛད་དོ། །བླ་མ་དེ་ཉིད་ལས་ཡན་ལག་བརྒྱད་པ་ལ་སོགས་པའི་སྨན་དཔྱད་ཀྱི་གཞུང་ལུགས་དུ་མ་རྣམས་ཀྱང་གསན་ནོ། །དེ་ནས་ཡང་ལྷོ་སྟོད་དུ་བླ་མ་པུ་རོང་ལོ་ཆུང་གི་དྲུང་དུ་ཉེ་བར་བསྙེན་ཏེ། བླ་མ་བལ་པོ་བྷ་དནྟ་ལས་ནོས་པའི་དཔལ་བདེ་མཆོག་སྐོར་རྣམས་དང༌། བླ་མ་ཧང་དུ་དཀར་པོ་ལས་ནོས་པའི་རྣལ་འབྱོར་མའི་སྐོར་རྣམས་དང༌། བླ་མ་ཧང་དུ་དེ་ཉིད་ལས་ནོས་པའི་དཔལ་གསང་བ་འདུས་པའི་ཨརྒྷ་ལ་སོགས་པའི་ཆོས་གསུམ་ཡང་གསན། ཡང་བླ་མ་དེ་ཉིད་ཀྱིས་བླ་མ་རྒྱལ་པོའི་སྲས་ལས་ནོས་པའི་དཔལ་དུས་ཀྱི་འཁོར་ལོའི་ཡན་ལག་དང་བཅས་པ་དང༌། བྱ་བའི་རྒྱུད་ཀྱི་ཕྱོགས་འགའ་གསན་ཅིང་ཁོང་དུ་ཆུད་པར་བྱས་པ་ཡིན་ནོ། །དེ་ནས་ཡང་གྲོམ་པའི་སྟོད་ཀྱི་སྐྱེད་ལྷས་དགོན་པར་དགེ་བའི་བཤེས་གཉེན་གནམ་ཁའུ་པ་སྐུ་མཆེད་ཀྱི་དྲུང་དུ་ཉེ་བར་བསྙེན་ཏེ་ཆོས་མང་དུ་གསན་པ་ནི་འདི་ལྟ་སྟེ། བྱ་བའི་རྒྱུད་རིག་པ་མཆོག་དང༌། ལེགས་པར་གྲུབ་བ་དང༌། དཔུང་པ་བཟང་པོ་དང༌། ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་དང༌། གསང་བ་སྤྱི་རྒྱུད་དང༌། བསམ་གཏན་ཕྱི་མ་དང༌། དམ་ཚིག་གསུམ་བཀོད་པའི་རྒྱུད་དང༌། དེ་དག་གི་འགྲེལ་པ་ཡན་ལག་ཕྲ་མོ་དང་བཅས་པ་རྣམས་ཀྱང་གསན་ནོ། །སྤྱོད་པའི་རྒྱུད་ལ་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་དང༌། འགྲེལ་པ་ཡན་ལག་དང་བཅས་པ་རྣམས་ཀྱང་གསན་ནོ། །བྱ་བ་དང་སྤྱོད་པའི་རྒྱུད་གཉིས་ནི་དགེ་བའི་བཤེས་གཉེན་ལྷ་རིངས་ཞེས་བྱ་བ་ལས་ནོས་པ་ཡིན་ནོ། །ཡང་དགེ་བའི་བཤེས་གཉེན་དེ་ཉིད་ལས་རྣལ་འབྱོར་གྱི་རྒྱུད་ནོས་པ་ནི། འཕགས་པ་དེ་ཁོ་ན་ཉིད་འདུས་པའི་འགྲེལ་པ་དེ་ཉིད་སྣང་བ་ཞེས་བྱ་བ་སྟོང་ཕྲག་བཅོ་བརྒྱད་པ་དང༌། ཀོ་ས་ལའི་རྒྱན་ཞེས་བྱ་བ་སྟོང་ཕྲག་བཅུ་བཞི་པ་དང༌། དཔལ་མཆོག་དང་པོའི་འགྲེལ་པ་སྟོང་ཕྲག་ཉི་ཤུ་རྩ་ལྔ་པ་དང༌། རྒྱུད་རྐྱང་པའི་བཤད་པ་རྡོ་རྗེ་རྩེ་མོ་དང༌། ཁམས་གསུམ་རྣམ་པར་རྒྱལ་བ་དང༌། མགོན་པོ་ཀུན་སྣང་དང༌། ངན་སོང་སྦྱོང་རྒྱུད་རྣམས་ཡིན་ལ། ཐམས་ཅད་གསང་བ་ཞེས་བྱ་བའི་རྒྱུད་འགྲེལ་པ་དང་བཅས་པ་དང༌། དེ་ཉིད་འདུས་པའི་དོན་གྱི་འགྲེལ་པ་ཨ་བ་ཏཱ་ར་ཞེས་བྱ་བ་དང༌། བསྙེན་པ་དང་སྒྲུབ་པའི་གཞུང་རྡོ་རྗེ་འབྱུང་བ་དང༌། ཁམས་གསུམ་རྣམ་རྒྱལ་དང༌། གཙུག་ཏོར་དགུ་ལ་སོགས་པའི་གཞུང་ཕྲ་མོ་དུ་མ་དང་བཅས་པ་གསན་ཅིང་ཁོང་དུ་ཆུད་པར་བྱས་པ་ཡིན་ནོ། །ཡང་དགེ་བའི་བཤེས་གཉེན་དེ་ཉིད་ལས་རྣལ་འབྱོར་ཆེན་པོ་རྒྱུད་གསན་པ་ནི། སློབ་དཔོན་འཕགས་པ་ཡབ་སྲས་ཀྱི་དགོངས་པ་འགྲེལ་པ་སྒྲོན་མ་གསལ་བ་དང་བཅས་པ་དང༌། སློབ་དཔོན་འཕགས་པ་ཉིད་ཀྱིས་མཛད་པའི་རིམ་པ་ལྔ་པ་དང༌། མདོ་དང་བསྲེ་བ་དང༌། སློབ་དཔོན་ཨཱརྻ་དེ་ཝས་མཛད་པའི་སྤྱོད་པ་བསྡུས་པའི་སྒྲོན་མ་དང༌། བདག་བྱིན་གྱིས་བརླབ་པའི་རིམ་པ་དང༌། སེམས་ཀྱི་སྒྲིབ་སྦྱོང་དང༌། སློབ་དཔོན་ཀླུའི་བཤེས་གཉེན་གྱིས་མཛད་པའི་སྒྲུབ་པའི་ཐབས་ཀྱི་རྣམ་གཞག་དང༌། དཀྱིལ་འཁོར་གྱི་ཆོ་ག་ཉི་ཤུ་པ་དང༌། སློབ་དཔོན་ཟླ་གྲགས་ཀྱིས་མཛད་པའི་སྒྲོན་མ་གསལ་བ་དང༌། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ཞེས་བྱ་བ་རྣམས་ཀྱང་གསན་ནོ། །དཔལ་གསང་བ་འདུས་པ་ལ་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་མཛད་པའི་སྒྲུབ་ཐབས་ཀུན་ཏུ་བཟང་པོའི་འགྲེལ་པ་གསུམ་དང་བཅས་པ་དང༌། རྒྱུད་ཀྱི་འགྲེལ་པ་ལ་ཛ་ཡནྟ་དང༌། ཐ་ག་ན་ཞེས་བྱ་བ་དང༌། སྙིམ་པའི་མེ་ཏོག་ཅེས་བྱ་བ་ཆེ་ཆུང་གཉིས་དང༌། དཀྱིལ་འཁོར་གྱི་ཆོ་ག་བཞི་བརྒྱ་ལྔ་བཅུ་པ་རྩ་འགྲེལ་དང༌། མི་བསྐྱོད་རྡོ་རྗེ་ཞེས་བྱ་བའི་སྒྲུབ་ཐབས་དང༌། བསྟན་པའི་ནོར་རྫས་ཞེས་བྱ་བའི་སྒྲུབ་ཐབས་དང༌། སློབ་དཔོན་བསོད་སྙོམས་པས་མཛད་པའི་དཀྱིལ་འཁོར་གྱི་ཆོ་ག་ལ་སོགས་པ་དུ་མ་ཡང་གསན། མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་ཆེ་བ་དང༌། དེའི་དོན་བསྡུས་ཀྱི་འགྲེལ་པ་ལ་ཀུ་མུ་ཏི་ཀ་ཞེས་བྱ་བ་ཆུང་བ་དང༌། སྒེག་པའི་རྡོ་རྗེས་མཛད་པའི་འགྲེལ་པ་བར་པར་གྲགས་པ་དང༌། དེའི་བརྒྱུད་པ་ཟླ་བ་བཟང་པོ་དཔལ་གྱིས་མཛད་པའི་འགྲེལ་པ་དང༌། རྣམ་པར་རྟོག་པ་བདེ་བ་ཞེས་བྱ་བའི་འགྲེལ་པ་དང༌། འགྲེལ་པ་གོང་མ་དེ་དག་གི་ཡན་ལག་ཕྲ་མོ་རྣམས་ཀྱང་གསན་པ་ཡིན། ཡང་བླ་མ་དེ་ཉིད་ལས་ཕ་རོལ་ཏུ་ཕྱིན་པའི་གཞུང་ལུགས་གསན་པ་ནི། མངོན་པར་རྟོགས་པའི་རྒྱན་མ་གཏོགས་པ་བྱམས་པའི་ཆོས་བཞི་དང༌། བསླབ་པ་ཀུན་ལས་བཏུས་པ་དང༌། སྤྱོད་པ་ལ་འཇུག་པ་དང༌། མདོ་ཀུན་ལས་བཏུས་པ་དང༌། སྤྱོད་ཕྱོགས་ཕྲ་མོ་མང་དུ་གསན་ནོ། །ཡང་དགེ་བའི་བཤེས་གཉེན་རྡོག་ཅེས་བྱ་བ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཇོ་བོ་རྗེ་ལྷ་གཅིག་གི་ལུགས་དགེ་བཤེས་འབྲོམ་སྟོན་ཅན་ནམ་གོ་བ་ཞེས་བྱ་བ་ལས་ནོས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉི་ཁྲི་སྣང་བ་རྩ་འགྲེལ་དང༌། བརྒྱད་སྟོང་པ་རྩ་འགྲེལ་དང༌། མངོན་པར་རྟོགས་པའི་རྒྱན་རྩ་འགྲེལ་དང༌། སྡུག་པ་རྩ་འགྲེལ་དང༌། སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་བསྡུས་རྩ་འགྲེལ་དང༌། སློབ་དཔོན་ཤཱནྟི་པས་མཛད་པའི་གཞུང་ལུགས་མང་དུ་གསན་པ་ཡིན་ནོ། །དེ་ནས་ཡང་བླ་མ་ཆེན་པོ་འབྲོག་མི་ཉིད་ཀྱི་ཐུགས་ཀྱི་སྲས་རྗེ་མཁར་ཆུང་བའི་དྲུང་དུ་ཉེ་བར་བསྙེན་ཏེ། མན་ངག་ཅུང་ཟད་ཙམ་ནོས་ནས་བླ་མ་དེ་ཉིད་ཀྱི་ཐུགས་ཀྱི་སྲས་སག་ཐང་སྡིངས་ཀྱི་དགོན་པ་ན་བཞུགས་པའི་བླ་མ་རྗེ་དགོན་པ་བ་ཞེས་བྱ་བའི་དྲུང་དུ་ཉེ་བར་བསྙེན་ཏེ་མན་ངག་ལམ་སྐོར་དགུར་ཡོངས་སུ་གྲགས་པ་དང༌། མན་ངག་གི་སྐོར་ཕྲ་མོ་ཉི་ཤུ་རྩ་ལྔ་དང༌། དེ་རེ་རེ་ལའང་ཡན་ལག་གི་སྐོར་དུ་མ་དང་བཅས་པ་དང༌། མན་ངག་ཐམས་ཅད་ཀྱིའང་ཡིན་མོད་ཀྱི། གཙོ་བོར་རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པའི་གདམས་ངག་གི་རྒྱབ་བརྟེན་རྒྱུད་རྐྱང་པའི་བཤད་པ་ཤིན་ཏུ་ཟབ་པའི་ལུགས་དང༌། དཔལ་གསང་བ་འདུས་པ་རྩ་བའི་རྒྱུད་དང༌། སངས་རྒྱས་མཉམ་སྦྱོར་རྩ་བའི་རྒྱུད་དང༌། ཧེ་བཛྲ་རྩ་བའི་རྒྱུད་དང༌། དཔལ་བདེ་མཆོག་རྩ་བའི་རྒྱུད་དང༌། རྡོ་རྗེ་གདན་བཞི་རྩ་བའི་རྒྱུད་དང༌། མ་ཧཱ་མཱ་ཡ་རྩ་བའི་རྒྱུད་དང༌། མཚན་ཡང་དག་པར་བརྗོད་པ་ལ་ཤིན་ཏུ་ཟབ་པའི་བཤད་སྲོལ་དང་བཅས་པ་རྣམས་གསན་ཅིང་ཁོང་དུ་ཆུད་པར་མཛད་པ་ཡིན་ནོ། །ཡང་མདོ་ཁམས་ཀྱི་སའི་ཆ་འབྲི་ཀླུངས་སུ་སྐུ་འཁྲུངས་པའི་བླ་མ་ཀྱུ་ར་ཨ་སྐྱབས་ཞེས་བགྱི་བ་དེ་དཔལ་ས་སྐྱ་ཉིད་དུ་སྤྱན་དྲངས་ནས། སྔར་དགེ་བའི་བཤེས་གཉེན་བླ་མ་ཁའུ་པ་ལས་གསན་པའི་འཕགས་པ་ཡབ་སྲས་ཀྱི་དགོངས་པ་ལྷ་རྡོ་རྗེ་སྙིང་པོ་ཞེས་བྱ་བའི་ལུགས་རྣམས་ཀྱང་རྫོགས་པར་གསན། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱི་བརྒྱུད་པ་སྨན་པའི་ཞབས་ཞེས་བྱ་བའི་སྐོར་ལ། འཕགས་པ་འཇམ་དཔལ་ཉིད་ཀྱིས་གསུངས་པའི་ཞལ་གྱི་ལུང་ཞེས་བྱ་བ་དང༌། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་མཛད་པའི་ལུང་དང་མཐུན་པའི་ཆོས་བཅུ་བདུན་དང༌། རྒྱུད་ཀྱི་འགྲེལ་པ་རིན་པོ་ཆེའི་ལྗོན་ཤིང་ཞེས་བྱ་བ་དང༌། ཡང་འཇམ་དཔལ་གྱི་ཞལ་གྱི་ལུང་དང༌། མར་མེ་མཛད་བཟང་པོས་མཛད་པའི་དཀྱིལ་འཁོར་གྱི་ཆོ་ག་རྣམས་ལ་སློབ་དཔོན་སྨན་པའི་ཞབས་ཀྱིས་མཛད་པའི་འགྲེལ་པ་རེ་རེ་དང༌། སློབ་དཔོན་དེ་ཉིད་ཀྱི་དགོངས་པ་མ་ལུས་པ་ཚང་བ་དང༌། དངོས་གྲུབ་འབྱུང་བའི་གཏེར་ཞེས་བྱ་བ་གཞུང་དང་བཅས་པ་མ་ལུས་པ་ཐུགས་སུ་ཆུད་པར་མཛད་དོ། །ཡང་བླ་མ་དེ་ཉིད་ལ་དགེ་བཤེས་མགོས་གཞུངས་པ་ནས་བརྒྱུད་པའི་དགེས་པ་རྡོ་རྗེའི་འགྲེལ་པ་པདྨ་ཅན་ཞེས་བྱ་བ་དང༌། ནག་པོ་དྲན་པ་མ་ཞེས་བྱ་བ་དང༌། བྷ་ཝ་མ་ཞེས་བྱ་བ་དང༌། སློབ་དཔོན་ཤཱནྟི་པའི་མུ་ཏིག་ཕྲེང་བ་ཞེས་བྱ་བ་རྣམས་ཀྱང་གསན། དཔལ་རྡོ་རྗེ་གདན་བཞི་པ་ལ་བྷ་ཝ་པའི་འགྲེལ་པ་པདྨ་ཅན་ཞེས་བྱ་བ་ཡན་ལག་དང་བཅས་པ་རྣམས་ཀྱང་གསན། མ་ཧཱ་མཱ་ཡའི་འགྲེལ་པ་ལུགས་གཉིས་ཡན་ལག་དང་བཅས་པ་རྣམས་ཀྱང་གསན། དཔལ་རྡོ་རྗེ་བདུད་རྩི་འབྱུང་བ་ཞེས་བྱ་བའི་རྒྱུད་དང་འགྲེལ་པ་ཡན་ལག་དང་བཅས་པ་རྣམས་ཀྱང་གསན། སེམས་འཛིན་བརྒྱད་ཅུ་པ་ལ་སོགས་པའི་མན་ངག་དུ་མ་རྣམས་ཀྱང་གསན་ཅིང་ཁོང་དུ་ཆུད་པར་བྱས་པ་ཡིན་ནོ། །བལ་པོའི་པཎྜི་ཏ་པདྨ་ཤྲཱི་ཞེས་བྱ་བ་ལ་མཚན་ཡང་དག་པར་བརྗོད་པའི་དུས་ཀྱི་འཁོར་ལོའི་ལུགས་སུ་བཀྲལ་བ་དང་མན་ངག་དུ་མནོས་པའོ། །རྒྱ་གར་གྱི་རྣལ་འབྱོར་པ་བྷ་དྲ་རཱ་ཧུ་ལ་ཞེས་བྱ་བ་ལ་མན་ངག་གི་སྒོ་དུ་མ་ཡང་མནོས་སོ། །བལ་པོའི་པཎྜི་ཏ་ཛྙཱ་ན་བཛྲ་ཞེས་བྱ་བ་ལ་རྡོ་རྗེ་རྣལ་འབྱོར་མའི་ཆོས་དུ་མ་ཡང་ཐུགས་སུ་ཆུད་པར་མཛད་པ་ཡིན་ནོ། །བླ་མ་གོང་མ་དེ་དག་ལས་རྡོ་རྗེ་ཐེག་པ་ནོས་པ་གང་ཡིན་པ་དེ་དག་གི་རྗེས་སུ་བཟླས་པའི་ལུང་དང༌། སེམས་བསྐྱེད་དང༌། རིག་པ་གཏད་པའི་ཆོ་ག་དང༌། རྒྱུད་སྡེ་བཞིའི་དབང་བསྐུར་བ་དང༌། བྱིན་གྱིས་བརླབ་པ་དང་བཅས་སྒྲུབ་པའི་ལུང་དང༌། རྗེས་སུ་གནང་བའི་ལུང་དང་བཅས་པ་རྣམས་བརྒྱུད་པ་སོ་སོའི་ཆོ་ག་མ་དྲེས་ཤིང་གང་གི་ཡང་ཡན་ལག་མ་ཚང་བ་མེད་པའི་ཆོ་ག་ཐམས་ཅད་ནོས་ཤིང་ཐུགས་སུ་ཆུད་པར་བྱས་ནས། སྐལ་བ་དང་འཚམ་པའི་འགྲོ་བ་རྣམས་རྗེས་སུ་འཛིན་པར་མཛད་པ་ཡིན་ནོ། །གསང་སྔགས་རྡོ་རྗེ་ཐེག་པའི་སྒོ་ནས་ཏིང་ངེ་འཛིན་དང༌། རྫུ་འཕྲུལ་ལ་སོགས་པའི་སྒོ་ནས་ཡོན་ཏན་གྱི་ཚོགས་བསམ་གྱིས་མི་ཁྱབ་པ་མངའ་ཡང༌། འདིར་རེ་ཞིག་བརྗོད་པར་མི་བྱའོ། །ད་ལྟ་ནའང་མང་དུ་བརྗོད་པས་ཅི་ཞིག་བྱ། འདིས་ནི་འཕགས་པ་འཇམ་དཔལ་གྱི་ཞལ་མངོན་དུ་མཛད་དོ། །རྒྱུད་དང༌། མདོ་དང༌། མན་ངག་དུ་མ་གསན་ཅིང་ཐུགས་སུ་ཆུད་ནས་སེམས་ཅན་རྣམས་ལ་ཇི་ལྟར་རིགས་པར་སྟོན་པ་ཡིན་ནོ། །ཞེས་ཡིད་ཆེས་པའི་མི་ཞབས་དྲུང་དུ་ཡུན་རིང་དུ་བསྡད་པ་རྣམས་ཀྱིས་གཏམ་ཡང་དང་ཡང་དུ་ཐོས་ཤིང་ཡུན་རིང་དུ་ཞབས་དྲུང་དུ་བསྡད་ནས། ངེས་པའི་ཤེས་པ་ལན་མང་དུ་སྐྱེས་པ་དང༌། རྒྱུ་མཚན་གཞན་ཇི་ལྟར་གསུངས་པའི་ཆོས་ཐམས་ཅད་ལ་གཞུང་དང༌། ཡི་གེ་མི་འཛིན་པར་ཐུགས་ལས་འབྱུང་ཞིང༌། བསྙེལ་བ་མི་མངའ་བའི་ཕྱིར་ཤིན་ཏུ་ཡིད་ཆེས་པའི་གནས་སུ་རིག་པར་བྱའོ། །རྗེ་བཙུན་འཇམ་དཔལ་ལས་ཆོས་གསན་པ་འདི་ནི་སྐྱེ་བོ་ཕལ་ཆེར་ལ་གྲགས་པའི་ཕྱིར་བྲིས་པ་ཡིན་མོད་ཀྱི། སླར་ཡང་ཡིད་ཆེས་ཤིང་ངོ་མཚར་ཆེ་བའི་ལོ་རྒྱུས་གཉིས་ཡོད་མོད་ཀྱི། སྐབས་མ་ཡིན་པའི་ཕྱིར་རེ་ཞིག་བསྟན་པར་མི་བྱའོ། །དེ་ལྟར་གདུལ་བྱའི་སྐྱེ་བོ་ཕལ་པོ་ཆེ་དང༌། མཐུན་པར་གནང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་ཞིང་ལམ་རིམ་པ་གཉིས་ཀྱིས་མཛེས་པར་བྱས་ནས། བསྡུས་པའི་དངོས་པོ་བཞིས་སེམས་ཅན་གྱི་དོན་དགུང་ལོ་དྲུག་ཅུ་རྩ་བདུན་གྱི་བར་དུ་མཛད་པ་ཡིན་ནོ། །དེ་ནས་ཡང་རྟག་འཛིན་གྱི་སེམས་ཅན་གཞུག་པའི་ཕྱིར། སྟག་གི་ལོ་ཐ་སྐར་གྱི་ཟླ་བ་དཀར་པོའི་ཚེས་བཅུ་བཞིའི་ཚེ། དཔའ་བོ་དང༌། རྣལ་འབྱོར་མའི་ཚོགས་ཀྱིས་བསུས་ནས། སྐྱེ་བོ་ཐམས་ཅད་ཀྱིས་མཐུན་པར་སྣང་བ་རོལ་མོའི་སྒྲ་དང༌། དྲི་ཞིམ་པོའི་ཚོགས་དང༌། འཇའ་ཚོན་གྱི་འོད་ཀྱིས་གང་བར་བྱས་ནས། སྤྲུལ་པའི་སྐུ་བཞིའི་རྣམ་པས་གཅིག་ནི་བདེ་བ་ཅན་དུ་གཤེགས། གཉིས་པ་ནི་པོ་ཏ་ལའི་རིའི་རྩེ་མོར་གཤེགས། གསུམ་པ་ནི་ཨཽ་ཌྱན་དུ་གཤེགས། ངོ་བོ་ཉིད་བཞི་པ་ནི་བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གསེར་གྱི་མདོག་ཅན་དུ་གཤེགས་སོ། །ཞེས་སྤྱན་སྔ་ན་གནས་པ་ཕལ་ཆེར་གྱིས་གསལ་བར་རྟོགས་པ་ཡིན་ནོ། །གང་གི་ཚེ་པུར་ཞུགས་ལ་བཞིན་པའི་ཚེ། སྤྱན་སྔ་ན་བཞུགས་པ་ཐམས་ཅད་ལའང་ཡིད་མི་བདེ་བ་མེད་པ་དང༌། ཏིང་ངེ་འཛིན་དང་ལྡན་ཅིང༌། ཞལ་བཞི་པར་ནི་ཀུན་གྱིས་ལེགས་པར་རྟོགས་ཤིང་ཡིད་ཆེས་པར་མཐོང་ལ། ཁ་ཅིག་གིས་ནི་ཞལ་བརྒྱད་པར་མཐོང་ཞེས་ཟེར་བའི་གང་ཟག་གསུམ་དང༌། གཏམ་གྱི་ལོ་རྒྱུས་ཞིབ་ཏུ་བྱའོ། །ལོ་རྒྱུས་རྒྱ་ཆེན་པོ་དག་བསྒྲགས་པར་ག་ལ་ནུས། འདི་ཙམ་ཞིག་བསྒྲགས་པར་བྱས་པ་ཡིན་ནོ། །གསང་སྔགས་འཛིན་པ་གྲགས་པ་རྒྱལ་མཚན་ལ། །རྟག་སྡེ་རི་ཕུག་དགོན་པའི་དགེ་སློང་མཆོག །རྡོ་རྗེ་འཛིན་པ་བྱང་ཆུབ་ཤེས་རབ་ཀྱིས། །མང་དུ་གསོལ་བ་བཏབ་ངོར་གུས་བྲིས་ལས། །བྱུང་བའི་དགེ་བའི་རྩ་བ་གང་ཐོབ་པས། །འགྲོ་བ་འདི་ཀུན་བླ་མ་ཆེན་པོ་ཡིས། །ངེས་པར་བཟུང་ནས་རྡོ་རྗེ་འཆང་བ་ཡི། །ཞབས་ཀྱི་པདྨོ་སྤྱི་བོས་ལེན་པར་ཤོག །བླ་མ་ཆེན་པོའི་སྐུ་ཆེ་བའི་ལོ་རྒྱུས་ངེས་པར་བསྒྲགས་པ་འདི་ཡོངས་སུ་རྫོགས་སོ།།  «༄༅། །ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྙིང་པོའི་གཟུངས།།» ༄༅། །ན་མོ་དྷརྨཱ་ཀཱ་ཡ། སཾ་བྷོ་ག་ཀཱ་ཡ། ནིར་མ་ན་ཀཱ་ཡ། ཏདྱ་ཐཱ། དཱ་ན་པཱ་ར་མི་ཏ། ཤཱི་ལ་པཱ་ར་མི་ཏ། ཀྵཱནྟི་པཱ་ར་མི་ཏ། བཱིརྻ་པཱ་ར་མི་ཏ། དྷྱ་ན་པཱ་ར་མི་ཏ། པྲ་ཛྙཱ་པཱ་ར་མི་ཏ། སརྦ་དྷརྨ་ཤཱུ་ནྱ་ཏཱ་སྭཱ་ཧཱ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*