བརྟག་པ་གཉིས་པའི་རྣམ་པར་བཤད་པ་མ་དག་པ་རྣམས་འཇོམས་པར་བྱེད་པའི་རྣམ་འགྲེལ་དག་ལྡན། ༢

དེའི་ངོ་བོ་ལ་རྟག་ཏུ་བཞུགས་སོ་ཞེས་མཚོན་པའི་ཕྱིར་བདག་མེད་པའི་རོ་མནན་པ་ཡིན་ནོ། །ཚིག་གི་དོན་ལྷག་མ་རྣམས་ནི་གོ་སླའོ། །ལྷའི་ལེའུ་ཚིགས་སུ་བཅད་པ་ཉི་ཤུ་རྩ་བཞིའི་རྣམ་པར་འགྲེལ་པ་བསྟན་ཟིན་ཏོ།།  །།ད་ནི་ལེའུ་བཞི་པ་བཤད་པར་བྱ་སྟེ། དེ་ལ་ལེའུའི་འབྲེལ་ནི་དེ་ལྟར་ལྷར་བསྐྱེད་ཀྱང་ཡན་ལག་བཞི་པ་བསྒྲུབ་པ་ཆེན་པོ་དབང་མ་བསྐུར་ན་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་མི་ཐོབ་པས་དེ་ཐོབ་པར་བྱ་བའི་ཕྱིར་དབང་གི་ལེའུ་བསྟན་ནོ། །ནང་སྦས་དོན་གྱི་མཚམས་སྦྱོར་ནི། ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་ཉིད་ཀྱིས་མཚན་མ་དང་རྣམ་པར་རྟོག་པའི་དྲི་མ་འཁྲུད་པའི་ཕྱིར་དབང་གི་ལེའུ་བཤད་དོ། །དེའང་ཡེ་ཤེས་སེམས་དཔའི་ཐུགས་ཀའི་འོད་ཀྱིས་དབང་བསྐུར་གྱི་ལྷ་སྤྱན་དྲང་བ་ནི། སྐུ་གསུམ་གྱི་རང་བཞིན་ནམ་ཁམས་གསུམ་ན་སེམས་ཅན་གྱི་དོན་མཛད་པའི་སངས་རྒྱས་ཐམས་ཅད་ཅེས་བྱ་བ་ནི་དེ་བཞིན་གཤེགས་པ་ལྔ་དང༌། ཡུམ་བཞི་དང༌། ལྷ་མོ་དྲུག་དང༌། བྱང་ཆུབ་སེམས་དཔའ་བརྒྱད་དང༌། ཁྲོ་བོ་བཅུ་སྟེ་དེ་དག་གི་སྤྲུལ་པ་བསམ་གྱིས་མི་ཁྱབ་པའོ། །དེ་དག་ལ་མཆོད་པ་དང་བསྟོད་པ་བྱས་ཏེ། ཨ་བྷི་ཥིཉྩནྟུ་མཱྃ་སརྦ་ཏ་ཐཱ་ག་ཏ་ཞེས་གསོལ་བ་གདབ་བོ། །ཧེ་རུ་ཀ་ཡི་གཟུགས་ཀྱིས་ཞེས་བྱ་བ་ནི་རྒྱུད་འདི་མཁའ་འགྲོ་མ་བདེ་མཆོག་གི་རྒྱུད་ཡིན་པས་རྒྱུད་འདིར་ལྷ་ཁྲོ་ཆགས་ཀྱི་སྐུའི་རྣམ་པ་འདི་གཙོ་བོར་གྱུར་ཞེས་བྱ་བའི་དོན་ཏོ། །བུམ་པས་དབང་བསྐུར་ཞེས་བྱ་བ་ནི། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །གསང་གསུམ་གནས་ལས་བྱུང་བ་ཡི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པའི། །རྡོ་རྗེའི་དབང་བསྐུར་ཆེན་པོ་སྦྱིན། །ཨོཾ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཞེས་གསུངས་པས་སོ། །ལྷ་མོས་ནི་མཆོད་པའོ། །རིག་མས་ནི་གླུའོ། །བྱང་ཆུབ་སེམས་དཔས་ནི་བཀྲ་ཤིས་སོ། །ཁྲོ་བོས་ནི་བགེགས་སྐྲོད་པའོ། །ཆུ་ལྷག་མ་ཡར་ལུད་པ་ལས་རང་གི་རིགས་ཀྱི་བདག་པོར་འགྱུར་རོ་ཞེས་བྱ་བ་ནི་གཙོ་བོ་ཡབ་ཡུམ་ལ་ངོ་བོ་ཉིད་ལ་ངོ་བོ་ཉིད་ཀྱི་རྒྱ། རང་གི་རིགས་ཀྱི་བདག་པོ་མི་བསྐྱོད་པ་ཡིན་ལ། ལྷག་མ་རྣམས་ཀྱི་དབུ་རྒྱན་ནི་ཕྱི་མའི་ལེའུ་བཞི་པར་འཆད་དོ། །ཡན་ལག་བཞི་པ་འདིས་ཧེ་རུ་ཀ་རྫོགས་པ་ཉིད་དེ། བསྐྱེད་པའི་རིམ་པའི་མངོན་པར་རྟོགས་པའི་ངོ་བོ་རྫོགས་པའོ། །ཐུན་གསུམ་ནི་ཉིན་ལན་གསུམ་མཚན་ལན་གསུམ་མམ། སྲོད་ཐོ་རངས་ཉི་མའི་གུང་དང་གསུམ་ལ་བྱ་སྟེ་ཐུན་གྱི་གྲངས་སོ། །ལངས་ཏེ་ལྷ་ཡི་གཟུགས་སུ་གཞག ཅེས་བྱ་བ་ནི་སྤྱོད་ལམ་སྟེ་རྣལ་འབྱོར་མའི་འཁོར་ལོ་སྙིང་གར་བསྡུས་ལ། བདག་དང་སྣང་བ་ཐམས་ཅད་ལྷའི་ངོ་བོས་ལོངས་སྤྱད་དེ། ཨ་བྷི་དྷ་ན་ལས། རང་གི་ལྷག་པའི་ལྷར་སྦྱོར་བས། །སེམས་ཅན་ཀུན་ལ་རབ་བརྟག་བྱ། །ཞེས་གསུངས་སོ། །ལེའུ་བཞི་པ་ཚིགས་སུ་བཅད་པ་དྲུག་གི་རྣམ་པར་འགྲེལ་པ་བསྟན་ཟིན་ཏོ།།  །།ད་ནི་དེ་ལྟར་བསྐྱེད་པའི་རིམ་པ་བསྟན་ནས། བསྐྱེད་པའི་རིམ་པའི་ལྷ་ཡེ་ཤེས་སུ་རྟོགས་པར་བྱ་བའི་དོན་དུ་རྫོགས་པའི་རིམ་པ་སྟོན་པ་ལེའུ་ལྔ་པ་བརྗོད་པར་བྱ་སྟེ། དེ་ལ་ལེའུའི་འབྲེལ་ནི། དེ་ལྟར་ལྷ་བསྐྱེད་ཅིང་དབང་བསྐུར་ཀྱང་དེ་ཁོ་ན་ཉིད་མ་རྟོགས་ན་མི་གྲོལ་བས་གྲོལ་བར་བྱ་བའི་ཕྱིར་དེ་ཁོ་ན་ཉིད་ཀྱི་ལེའུ་བསྟན། ནང་གི་འབྲེལ་ནི་བྱང་ཆུབ་ཀྱི་སེམས་དེ་མི་རྟོག་ཅིང་མི་བསླུ་བས་ན་དེ་ཁོ་ན་ཉིད་སྟོན་ཏོ། །ལེའུ་འདིའི་བརྗོད་བྱའི་དོན་ནི་ཐོག་མར་ཆོས་ཅན་ལ་ཆོས་ཉིད་ཀྱི་དོན་ནི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་ཡང་སྤྱི་ཙམ་ཡིན་ལ། སྦས་པའི་དོན་གཙོ་བོ་ཡིན་ཞིང༌། ཆོས་ཅན་དང་ཆོས་ཉིད་བསྲེས་པས་བསྐྱེད་རིམ་གྱིའང་ཞར་ལས་འབྱུང་བ་ཡིན་ནོ། །རྗོད་པར་བྱེད་པའི་སྒྲ་ནི་ཡན་ལག་གི་དོན་གཙོ་བོ་ཡིན་ལ། མ་ལ་སོགས་པ་སྒྲ་ཇི་བཞིན་མ་ཡིན་པས་བཤད་ན་བསྡུས་པའི་དོན་ཡིན་ཞིང་ཡི་གེའི་དོན་ཅུང་ཟད་ཙམ་འཇུག་གོ །མངོན་པར་རྟོགས་པ་ནི་ལྟ་བ་དང་ཡང་ཅུང་ཟད་ཙམ་འབྲེལ་ལ། བསྐྱེད་པའི་རིམ་པའི་ལྷ་ཡེ་ཤེས་སུ་རྟོགས་པར་བྱེད་པ་རྫོགས་པའི་རིམ་པ་ཡིན་པས། རྫོགས་པའི་རིམ་པ་དཀྱིལ་འཁོར་འཁོར་ལོའི་ངག་ཅུང་ཟད་ཅིག་བརྗོད་པར་བྱས་ལ། སྤྱིའི་ངག་ཞིབ་ཏུ་ནི་ལེའུ་བརྒྱད་པའམ། ཕྱི་མའི་ལེའུ་བཞི་པར་བསྟན་པར་བྱ་སྟེ། གང་ལྟར་ན་ཡང་མངོན་པར་རྟོགས་པའི་སྟེང་དུ་ཞིབ་ཏུ་བརྗོད་ཟིན་ཏོ། །བཤད་པའི་རྒྱུད་ནི། རྡོ་རྗེ་གུར་གྱི་ལེའུ་གཉིས་པ། བཞི་པ། དྲུག་པ། དབང་དང་ཐུན་མོང་དུ་བདུན་པ། བརྒྱད་པ། བཅུ་བཞི་པ་སྟེ་ལེའུ་དྲུག ཁ་སྦྱོར་གྱི་བརྟག་པ་དང་པོའི་རབ་ཏུ་བྱེད་པ་དང་པོ། གཉིས་པའི་ཆ་དང༌། གསུམ་པ་དང་བཞི་པའི་ཆ། བརྟག་པ་གཉིས་པའི་གཉིས་པ། ལྔ་པའི་གཉིས་པའི་ཆ་རྣམས་ཀྱིས་བསྟན་ཏོ། །ལུས་རྣམ་པར་གཞག་པ་ནི་ཡེ་ཤེས་ཀྱི་རྒྱས་པར་བཤད་པའོ། །གཞུང་གི་ཐོག་མར་བཤད་པར་དམ་བཅའ་བ་ནི། དེ་ནས་དེ་ཁོ་ན་ཉིད་ཅེས་བྱ་བ་སྟེ། དེ་ཡང་རྒྱུ་རང་བཞིན་གྱིས་རྣམ་པར་དག་པས་སམ། ཐབས་འབྲས་བུ་འབྱིན་པ་ལས་མི་བསླུ་བས་སམ། འབྲས་བུ་གྲུབ་པ་ལས་མི་ཉམས་པས་སམ། ཐམས་ཅད་དུ་སྤྲོས་པ་དང་བྲལ་བས་ན་དེ་ཁོ་ན་ཉིད་དེ། དབུ་མ་རྩ་བ་ལས། གཞན་ལས་ཤེས་མིན་ཞི་བ་དང༌། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མིན། །དེ་ནི་དེ་ཉིད་མཚན་ཉིད་དོ། །ཞེས་གསུངས་སོ། །ལེའུའི་དོན་ལ་གསུམ་སྟེ། དེ་ཁོ་ན་ཉིད་ཀྱི་མཚན་ཉིད་དང༌། དེ་རྟོགས་པར་བྱེད་པའི་ཐབས་དང༌། དེ་ཁོ་ན་ཉིད་རྟོགས་པའི་ཕན་ཡོན་ནོ། །ཐབས་ལ་བཞི་སྟེ། ཐབས་ཀྱི་ངོ་བོ་ཉིད་རྣམ་པར་གཞག་པ་དང༌། དེ་གསང་སྟེ་བསྟེན་པར་གདམས་པ་དང༌། བསྟེན་པའི་འཐད་པ་དང༌། ཐབས་ལ་སོགས་པ་དོན་དམ་པར་མེད་ཀྱང་ཀུན་རྫོབ་ཏུ་རྣམ་པར་གཞག་པ་མི་འགལ་བར་བསྟན་པ་ཞེས་བྱ་བར་རྗེ་བླ་མ་རྣམས་ཐུན་མོང་དུ་གསུངས་མོད་ཀྱི། བསྡུས་དོན་དེས་གཞུང་གི་ཆ་དེ་ཁོ་ན་ཉིད་དུ་མི་རྟོག་པས་ན་དེ་རེ་ཞིག་གཞག་གོ །འདིར་སྦས་ཏེ་གསུངས་པ། བརྩེ་བའི་བསམ་པས་ཐུན་མོང་དུ་བརྗོད་པར་བྱ་སྟེ། དེ་ལ་གཉིས། དེ་ཁོ་ན་ཉིད་རྟོགས་པའི་ཐབས་དང༌། ཐབས་ལས་བྱུང་བ་གནས་སྐབས་ཀྱི་ཕན་ཡོན་ནོ། །དང་པོ་ལ་ལྔ་སྟེ། ཆོས་ཅན་ལ་ཆོས་ཉིད་ཀྱི་དེ་ཁོ་ན་ཉིད་དང༌། གདབ་བྱ་ལ་འདེབས་བྱེད་ཀྱི་དེ་ཁོ་ན་ཉིད་དང༌། སྦྱང་གཞི་དང་སྦྱོང་བྱེད་ཕན་ཚུན་རིགས་དང་རིགས་བདག་ཏུ་འགྱུར་བའི་དེ་ཁོ་ན་ཉིད་དང༌། མཚོན་བྱེད་ལ་མཚོན་བྱའི་དེ་ཁོ་ན་ཉིད་དང༌། ཕྱག་རྒྱ་དང་ཡེ་ཤེས་བསྲེ་བའི་དེ་ཁོ་ན་ཉིད་དོ། །དང་པོ་ནི་ཚིགས་སུ་བཅད་པ་ཕྱེད་དང་གཉིས་ཀྱིས་བསྟན་ཏེ། དེ་ལ་ངོ་བོས་ཞེས་བྱ་བ་ནི་གདོད་མ་ནས་མ་གྲུབ་པ་སྟེ། དེའང་སྐད་ཅིག་མས་འཇིག་པའི་ཕྱིར་དང༌། གློ་བུར་གྱི་རྐྱེན་ལ་རག་ལས་པའི་ཕྱིར་དང༌། འགགས་པ་སླར་མི་སྐྱེ་བའི་ཕྱིར་ཏེ། མདོ་སྡེ་རྒྱན་ལས། རང་དང་རང་གི་བདག་ཉིད་དུ། །མེད་ཕྱིར་རང་གི་ངོ་བོ་ལ། །མི་གནས་ཕྱིར་དང་འཛིན་བཞིན་ཏེ། །མེད་ཕྱིར་ངོ་བོ་ཉིད་མེད་འདོད། །ཅེས་གསུངས་པ་ལྟ་བུའོ། །གལ་ཏེ་གདོད་མ་ནས་མ་གྲུབ་ན་ཀུན་རྫོབ་ཏུ་སྣང་བ་ཇི་ལྟར་འཐད་ཅེ་ན། དེ་ནི་རྒྱུ་དང་རྐྱེན་ལས་བྱུང་བ་སྟེ། རྒྱུ་དང་རྐྱེན་ལས་བྱུང་བ་ཡི། །རང་བཞིན་བྱས་པ་ཅན་དུ་འགྱུར། །ངོ་བོ་ཉིད་ནི་བཅོས་མིན་དང༌། །གཞན་ལ་ལྟོས་པ་མེད་པ་ཡིན། །ཞེས་དབུ་མ་ལས་གསུངས་སོ། །དེས་ན་རྒྱུ་རྐྱེན་ལས་བྱུང་བ་ཉིད་རྟེན་འབྲེལ་ཡིན་ལ། དེ་ཉིད་རང་བཞིན་མེད་པ་ཡིན་ཏེ། རྟེན་ཅིང་འབྲེལ་འབྱུང་གང་ཡིན་པ། །དེ་ཉིད་སྟོང་པ་ཉིད་དུ་བཤད། །ཅེས་སོ། །གལ་ཏེ་སྟོང་པ་དེ་ཉིད་ངོ་བོ་ཉིད་མ་ཡིན་ནམ་སྙམ་ན་དེ་ལྟར་མི་རུང་སྟེ། གཟུགས་ཉིད་ཀྱང་མེད་ན་དེའི་རང་བཞིན་སྟོང་པའོ་ཞེས་བྱ་བ་ག་ལ་འགྲུབ། དེས་ན། གལ་ཏེ་མི་སྟོང་ཅུང་ཟད་ཡོད། །སྟོང་པའང་ཅུང་ཟད་ཡོད་པར་འགྱུར། །མི་སྟོང་ཅུང་ཟད་མེད་པས་ན། །སྟོང་པ་ཡོད་པར་ག་ལ་འགྱུར། །ཞེས་དབུ་མ་ལས་སོ། །དེས་ན་བཅོམ་ལྡན་འདས་མ་ལས། གང་ལ་རང་བཞིན་མེད་པ་དེ་ནི་བརྗོད་དུ་མེད་པའོ་ཞེས་བཀའ་སྩལ་ཏོ། །ཡང་དེ་ཉིད་ལས། གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ་ཞེས་གསུངས་སོ། །དེས་ན་ངོ་བོས་མེད་ཅེས་བྱ་བ་འདིས་བདེན་པ་གཉིས་ཅིག་ཅར་དུ་བསྟན་ཏོ། །དེ་ལྟར་ཡུལ་མེད་པས་ཡུལ་ཅན་མེད་པའམ། རིགས་པའི་ཚུལ་དེ་ཉིད་ཀྱིས་ལྟ་བའང་མེད་ཅེས་བྱ་བ་སྟེ། མིག་མེད་ཅེས་བྱ་བའི་དོན་ཏོ། །དེ་ལྟར་ན་གཟུགས་ཀྱི་ཕུང་པོས་བསྡུས་པ་སྐྱེ་མཆེད་བཅུ་དང༌། ཁམས་བཅུ་ངོ་བོས་མེད་པ་ནི་རེག་པ་པོའང་མེད་ཅེས་བྱ་བ་ཡན་ཆད་ཀྱིས་བསྟན་ཏོ། །སེམས་མེད་ཅེས་བྱ་བ་ནི་རྣམ་པར་ཤེས་པའི་ཕུང་པོས་བསྡུས་པ་རྣམ་ཤེས་ཚོགས་དྲུག་དང༌། ཉོན་མོངས་པ་ཅན་གྱི་ཡིད་དང༌། ཀུན་གཞིའི་རྣམ་པར་ཤེས་པ་རྣམས་སོ། །རྣལ་འབྱོར་སྤྱོད་པ་པའི་དབུ་མ་པ་རྣམས་ནི་ཚོགས་དྲུག་པོ་ཙམ་ལ་འདོད་དོ། །སེམས་ལས་བྱུང་བའང་ངོ་བོས་མེད། །ཅེས་བྱ་བ་ནི་ཆོས་ཀྱི་ཁམས་དང༌། ཆོས་ཀྱི་སྐྱེ་མཆེད་དང༌། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་ཀྱི་ཕུང་པོའང་དེ་བཞིན་དུ་བལྟ་བར་བྱ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་ཆོས་ཅན་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་ཆོས་ཉིད་དེ་བཞིན་ཉིད་དུ་བྱིན་གྱིས་བརླབས་ནས་ཤེས་བྱ་ཐམས་ཅད་ཉམས་སུ་བླང་བར་བྱའོ། །ད་ནི་དེ་ལྟ་བུའི་ཡེ་ཤེས་དེ་ཕ་རོལ་ཏུ་ཕྱིན་པས་དུས་རིང་པོ་ལས་མི་རྟོགས་པས་ལམ་དམན་པ་ཡིན་ལ། རྡོ་རྗེ་ཐེག་པ་པས་མྱུར་དུ་རྟོགས་ཏེ། དེའི་ནང་ནས་ཀྱང་ཕྱག་རྒྱའི་ཡེ་ཤེས་ཀྱིས་དཔེའི་ཡེ་ཤེས་ལ་བརྟེན་ནས་དོན་གྱི་ཡེ་ཤེས་མྱུར་དུ་རྟོགས་པས་ན། སྤྱི་དོན་གཉིས་པ་གདབ་བྱ་ལ་འདེབས་བྱེད་ཀྱི་དེ་ཁོ་ན་ཉིད་སྟོན་ཏོ། །དེ་ལ་དྲུག་ལས། དང་པོ་གདབ་བྱ་ནི་ཚིགས་སུ་བཅད་པ་གཅིག་སྟེ། དེ་ཡང་སྒྲ་ཇི་བཞིན་པའི་དབང་དུ་བྱས་ན་ཕྱག་རྒྱ་རིགས་བཅུ་དྲུག་སྟེ་མ་ལ་སོགས་པ་བརྒྱད་ནི་ཕྱི་མའི་ལེའུ་ལྔ་པ་ལས་འབྱུང་ངོ༌། །གར་མ་ལ་སོགས་པ་བརྒྱད་ནི་སཾ་པུ་ཊའི་བརྟག་པ་དང་པོ་དངོས་ལས་འབྱུང་སྟེ། འདིར་ལྔ་ལས་མ་གསུངས་པ་ནི་རིགས་ལ་དགོངས་པ་སྟེ། སཾ་པུ་ཊ་ལས་འབྱུང་བའི་རྒྱལ་རིགས་མ་ནི་གདོལ་པ་མོ་དང་འདྲ་བ་རིན་ཆེན་འབྱུང་ལྡན་གྱི་རིགས། རྗེ་རིགས་མ་ནི་ཚོས་མ་དང་འདྲ་བ་དོན་ཡོད་གྲུབ་པའི་རིགས། དམངས་མོ་ནི་གཡུང་མོ་དང་འདྲ་བ་མི་བསྐྱོད་པའི་རིགས་ཡིན་ནོ། །སྒྲ་ཇི་བཞིན་མ་ཡིན་པའི་དབང་དུ་བྱས་ན་ཡེ་ཤེས་ཐིག་ལེ་ལས། མ་ནི་སྐྱེ་གཉིས་དེ་བཞིན་གཤེགས། །བུ་མོ་གཡུང་མོར་བརྗོད་པ་ཡིན། །མནའ་མ་གདོལ་པ་མོར་ཤེས་བྱ། །སྲིང་མོ་གར་མར་བརྗོད་པ་ཉིད། །སྲིང་མོའི་བུ་མོ་ཚོས་མར་བརྗོད། །ཞང་པོའི་ཆུང་མ་རྗེའུ་མོ་ཉིད། །མ་ཡི་སྤུན་ནི་རྒྱལ་རིགས་ཏེ། །སྒྱུག་མོ་དམངས་མོར་ཤེས་པར་བྱ། །ཞེས་གསུངས་ཏེ། མནའ་མ་དང་ཕའི་སྲིང་མོ་ནི་འདྲ་བ་ཉིད་ཡིན་ནོ། །དབང་ལ་སྦྱར་ན་བྲམ་ཟེ་མོ་ལ་སོགས་པའི་ཕྱག་རྒྱ་བརྒྱད་པོ་རེ་རེའི་སྟེང་ན་ཡོན་ཏན་བརྒྱད་བརྒྱད་ཡོད་དེ། བྲམ་ཟེ་མོ་ལྟ་བུ་ཅིག་གསང་དབང་གི་རྟེན་དུ་གྱུར་ན་མར་གདགས་ལ། ཤེས་རབ་ཡེ་ཤེས་ཀྱི་རྟེན་དུ་གྱུར་ན་སྲིང་མོར་གདགས་པ་ལ་སོགས་པ་ནི་ཕྱི་མའི་ལེའུ་ལྔ་པར་འཆད་པར་འགྱུར་རོ། །ཡོན་ཏན་གྱི་ལྡོག་པས་ཕྱེ་ན་ཕྱག་རྒྱ་རེ་རེའི་སྟེང་ན་ཡོན་ཏན་བཅུ་དྲུག་བཅུ་དྲུག་དང་ལྡན་ཏེ། ལེའུ་འདི་ཉིད་ཀྱི་མཇུག་ཏུ་བརྗོད་པར་བྱའོ། །གཉིས་པ་ཇི་ལྟར་བསྟེན་པའི་ཚུལ་ནི། ཐབས་དང་ཞེས་བྱ་བ་སྟེ། འདུ་ཤེས་སུམ་ལྡན་གྱི་ཐབས་ཀྱིས་སོ། །ཇི་ལྟར་བྱེ་བར་ཞེས་བྱ་སྟེ། སོ་སོའི་སྐྱེ་བོ་རྣམས་ཀྱིས་ཚོར་བ་ནི་བྱེ་བ་སྟེ་ལྟུང་བ་བདུན་པར་འགྱུར་རོ། །ཡང་ན་བྱང་ཆུབ་ཀྱི་སེམས་ཉམས་པ་ནི་བྱེ་བ་སྟེ། གསང་བ་གྲུབ་པ་ལས། དངོས་གྲུབ་ཀུན་གྱི་རྟེན་གྱུར་པ། །བྱང་ཆུབ་སེམས་ནི་ཉམས་གྱུར་ན། །རྣམ་ཤེས་ཕུང་པོ་བརྒྱལ་གྱུར་ནས། །མ་སྨད་དངོས་གྲུབ་ག་ལ་ཡོད། །ཅེས་བྱ་བས་སོ། །ཡང་ན་ཀུན་ནས་དཀྲིས་པའི་བསམ་པས་ནི་བྱེ་བ་སྟེ། ཕོ་ཉ་རལ་གྲིའི་སོ་འདྲ་བས། །ཞེན་པར་གྱུར་ནས་སྤང་བར་བྱ། །ཞེས་མངོན་བརྗོད་བླ་མ་ལས་སོ། །དེས་ན་དེ་ལྟར་མི་འགྱུར་བར་འབད་ཅེས་བྱ་བའོ། །དེ་ལྟར་མ་བྱས་པའི་ཉེས་པ་ནི་མ་གསང་ཞེས་བྱ་བ་ལ་སོགས་པའོ། །གསུམ་པ་དེ་བསྟེན་པའི་འཐད་པ་ནི་ཕྱག་རྒྱ་དེ་དག་ཐར་པའི་རྒྱུར་འགྱུར་བ་སྟེ། ཕྱག་རྒྱ་ལ་བརྟེན་ནས་མཚོན་བྱེད་དཔེའི་ཡེ་ཤེས་སྐྱེ་ལ། དེ་ལ་བརྟེན་ནས་མཚོན་བྱ་དོན་གྱི་ཡེ་ཤེས་སྐྱེ་བར་འགྱུར་བའི་ཕྱིར་རོ། །དེས་ན་དེ་དག་ཕྱག་རྒྱ་ཡིན་ཏེ་རྡོ་རྗེ་ཞེས་བྱ་བ་ནི་རིགས་ལྔའམ། གཉིས་སུ་མེད་པའི་ཡེ་ཤེས་སམ་སྒྲུབ་པ་པོ་སྟེ་འདེབས་བྱེད་རྣམས་ཡིན་ལ། གདབ་བྱ་ནི་ཕྱག་རྒྱ་རྣམས་ཡིན་ནོ། །དེས་ན་ཕྱག་རྒྱ་ཞེས་བྱ་བ་འདི་ལ་སྤྱིའི་དོན་བཞིར་འགྱུར་ཏེ། གདབ་པར་བྱ་ཞིང་བཏབ་པའི་དོན་གྱིས་ན་ཕྱག་རྒྱ་དང༌། འདེབས་པའི་དོན་གྱིས་ན་ཕྱག་རྒྱ་དང༌། མཚོན་པར་བྱེད་པས་ན་ཕྱག་རྒྱ་དང༌། མི་འདའ་བར་བྱེད་པའི་དོན་གྱིས་ན་ཕྱག་རྒྱའོ། །དང་པོ་ནི་འཇིག་རྟེན་ན་ལ་ཅའམ་འཇིམ་པ་ལ་སོགས་པ་གང་ཡང་རུང་བ་ལ་སེང་གེ་ལ་སོགས་པའི་གཟུགས་བརྙན་འབུར་དུ་བཀོད་པ་ཡོ་བྱད་གང་ཡང་རུང་བ་ལ་བཏབ་པ་ན་རྒྱ་བཏབ་ཅེས་བརྗོད་པ་ལྟར། འདིར་ཡང་དེ་བཞིན་གཤེགས་པ་ལྔས་རྒྱས་བཏབ་པ་ན་བསྐྱེད་པའི་རིམ་པའི་ལྷ་མོ་གཽ་རཱི་ལ་སོགས་པ་ལ་ཡང་ཕྱག་རྒྱ་ཞེས་བརྗོད་ལ། རྫོགས་པའི་དཀྱིལ་འཁོར་འཁོར་ལོའི་བྲམ་ཟེ་མོ་ལ་སོགས་པ་ལ་ཡང་ཕྱག་རྒྱ་ཞེས་བརྗོད་པ་ཡིན་ནོ། །གཉིས་པ་འདེབས་པར་བྱེད་པས་ན་ཕྱག་རྒྱ་ཡང་འཇིག་རྟེན་ན་རྭའི་སྐོལ་ཕོར་ལ་སོགས་པ་ལ་སེང་གེ་ལ་སོགས་པའི་གཟུགས་བརྙན་བརྐོས་པ་ལ་ཅ་ལ་སོགས་པ་ལ་འདེབས་པ་དེ་དག་ལ་ཡང་རྒྱ་ཞེས་བརྗོད་པ་ལྟར་འདིར་མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་ལྔས་བྲམ་ཟེ་མོ་དང༌། གཽ་རཱི་ལ་སོགས་པ་ལ་འདེབས་པར་བྱེད་པས་ན། དེ་བཞིན་གཤེགས་པ་ལྔ་ལ་ཡང་ཕྱག་རྒྱ་ཞེས་བརྗོད་པ་ཡིན་ནོ། །གསུམ་པ་མཚོན་པར་བྱེད་པས་ན་ཕྱག་རྒྱ་ཡང་འཇིག་རྟེན་ན་ཉོ་ཚོང་བའི་ལག་པས་གྲངས་མཚོན་པ་དང༌། རྒྱའི་བྱེ་བྲག་གིས་བདག་པོའི་བྱེ་བྲག་མཚོན་པ་ལྟར་འདིར་ཡང་ཉོན་མོངས་པ་ལྔ་དང༌། འབྱུང་བ་ལྔ་དང༌། ཕུང་པོ་ལྔས་དེ་བཞིན་གཤེགས་པ་ལྔ་དང༌། ཡེ་ཤེས་ལྔ་དང༌། ལྷ་མོ་ལྔ་ལ་སོགས་པ་མཚོན་པ་ཡིན་ནོ། །བཞི་པ་མི་འདའ་བར་བྱེད་པས་ཕྱག་རྒྱ་ཡང་འཇིག་རྟེན་ན་རྒྱལ་པོའི་བཀའ་རྟགས་ཀྱི་ཕྱག་རྒྱས་ཇི་ལྟར་བཏབ་པ་དེ་ལས་སྐྱེ་བོ་ཕལ་པ་རྣམས་ཀྱིས་འདའ་བར་མི་ནུས་པ་ལྟར་འདིར་ཡང་དེ་བཞིན་གཤེགས་པ་ལྔ་དང་ཡེ་ཤེས་ལྔས་རྒྱས་བཏབ་པའི་རིགས་དེས་དེའི་ངོ་བོ་ལས་འདའ་བར་མི་ནུས་ཏེ། ཕྱག་རྒྱ་རྣམས་ལ་བརྟེན་ནས་རིགས་ལྔའི་ཡེ་ཤེས་སྐྱེད་པ་ལས་མི་འདའ་བའི་ཕྱིར་རོ། །བཞི་པ་འདེབས་བྱེད་ཀྱི་རིགས་ཀྱི་བདག་པོ་ནི་ལྔ་སྟེ། རྣམ་པར་རྟོག་པས་མི་ཕྱེད་པས་ན་རྡོ་རྗེའོ། །སྲིད་པའི་ཉེས་པས་མ་གོས་པས་ན་པདྨའོ། །ཕྲིན་ལས་སྣ་ཚོགས་མཛད་པས་ན་ལས་སོ། །དེ་བཞིན་ཉིད་ཀྱི་ངོ་བོར་གྱུར་པས་ན་དེ་བཞིན་གཤེགས་པའོ། །དགོས་འདོད་འབྱུང་བས་ན་རིན་པོ་ཆེའོ། །དེ་ལྟར་བདག་པོ་ལྔ་ཡིན་པས་ན་དེའི་རིགས་སམ་རྒྱུ་ལྔ་ཞེས་བྱའོ། །ལྔ་པ་གདབ་བྱ་དང་འདེབས་བྱེད་ཕན་ཚུན་མཚོན་པ་ནི། རྡོ་རྗེའི་ཕྱག་རྒྱ་གཡུང་མོ་ཉིད། །ཅེས་བྱ་བ་ལ་སོགས་པའོ། །དྲུག་པ་གདབ་བྱ་དང་འདེབས་བྱེད་རོ་གཅིག་པར་བྱ་བ་ནི། འདི་རྣམས་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། འདེབས་བྱེད་རྣམས་དེ་བཞིན་ཉིད་དུ་གཤེགས་པ་ནི་ཆོས་ཀྱི་སྐུ་ཡིན་ལ། ཐུགས་རྗེ་ཆེན་པོས་དེ་བཞིན་ཉིད་ལས་གཤེགས་པ་ནི་གཟུགས་ཀྱི་སྐུ་གཉིས་ཡིན་ནོ། །གདབ་བྱ་ཕྱག་རྒྱ་དང་ཡེ་ཤེས་ཀྱང་དེ་ཉིད་ཡིན་ཏེ། ཕྱག་རྒྱ་ལས་ཡེ་ཤེས་གཤེགས་པ་ནི་གཟུགས་ཀྱི་སྐུ་དང་ཆོས་མཐུན་ལ། ཕྱག་རྒྱའང་ཡེ་ཤེས་ཀྱི་ངོ་བོར་གཤེགས་པ་ནི་ཆོས་ཀྱི་སྐུ་དང་ཆོས་མཐུན་ནོ། །སྤྱི་དོན་གསུམ་པ་སྦྱང་གཞི་དང་སྦྱོང་བྱེད་ཕན་ཚུན་རིགས་དང་རིགས་བདག་ཏུ་འགྱུར་བའི་དེ་ཁོ་ན་ཉིད་ལ་གསུམ་ལས། དང་པོ་འབྲས་བུ་རིགས་བདག་གི་གྲངས་བསྟན་པ་ནི། རིགས་ནི་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་སྟེ། ཡེ་ཤེས་ལྔ་དང༌། དེའི་ཆོས་ཉིད་གུད་དུ་བྱས་ན་རིགས་དྲུག་དང༌། ཆོས་ཉིད་སྤྱིར་བཏང་ན་ལྔ་དང༌། ཡོན་ཏན་དང་ཕྲིན་ལས་བསྡུས་ན་སྐུ་གསུང་ཐུགས་གསུམ་དང༌། ཡང་དག་པར་ན་ཐུགས་ཀྱི་བདག་པོ་རིགས་གཅིག་ཉིད་ཡིན་ནོ། །གཉིས་པ་སྦྱང་གཞི་ནི། རིགས་ནི་འབྱུང་བ་ལྔ་རྣམས་དང༌། །ཕུང་པོ་ལྔ་ཡི་རང་བཞིན་གྱིས། །ཞེས་བྱ་སྟེ། འབྱུང་བ་ལྔ་དང༌། བདུད་རྩི་ལྔ་དང༌། ཉོན་མོངས་པ་ལྔ་དང༌། ཕུང་པོ་ལྔ་སྟེ་སྦྱང་གཞིའོ། །གསུམ་པ་དེ་དག་ཕུན་ཚུན་རིགས་དང་རིགས་བདག་ཏུ་འགྱུར་བ་ནི། རིགས་དང་བགྲང་བྱ་ཞེས་པ་སྟེ། སྤྱིར་དུ་ན་རྒྱུ་ལ་འབྲས་བུའི་རིགས་སུ་བཞག་པའང་ཡོད་དེ་བུད་ཤིང་ལ་མེའི་རིགས་སམ། འཇིམ་པ་ལ་བུམ་པའི་རིགས་སམ། སྨན་ལ་སྲོག་ཅེས་བརྗོད་པ་བཞིན་དུ། གཟུགས་དང་གཏི་མུག་དང་སའི་ཁམས་ལ་རྣམ་པར་སྣང་མཛད་ཅེས་བྱ་བ་ལ་སོགས་པར་གདགས་ཏེ། རྒྱུ་ཕུང་པོ་ལྔ་ལ་སོགས་པ་སྦྱངས་པས་འབྲས་བུའི་རིགས་ལྔ་འགྲུབ་པའི་ཕྱིར་རོ། །ཡང་འབྲས་བུ་ལ་རྒྱུའི་རིགས་སུ་གཞག་པའང་ཡོད་དེ། བུམ་པ་ལ་འཇིམ་པའི་རིགས་སམ། མེ་ལ་བུད་ཤིང་གི་རིགས་ཏེ། མེ་འདི་ནི་ཙནྡན་ནོ། །སེང་ལྡེང་ངོ་ཞེས་བརྗོད་པ་བཞིན་དུ་དེ་བཞིན་གཤེགས་པ་རིགས་ལྔ་ལ་ཡང་ཉོན་མོངས་པ་དང་ཕུང་པོ་ལ་སོགས་པའི་མིང་གིས་བཏགས་པ་ལྟ་བུ་སྟེ། སངས་རྒྱས་ཀྱང་དེ་དག་སྦྱངས་བ་ལས་བྱུང་བས་ན་རྒྱུའི་མིང་འབྲས་བུ་ལ་བཏགས་པའོ། །དེ་བཞིན་དུ་བརྟེན་པ་ལ་རྟེན་གྱི་རིགས་སུ་གཞག་པ་ཡོད་དེ། རྒྱལ་པོས་བཏང་བའི་ཕོ་ཉ་ལ་རྒྱལ་པོའི་སྐྱེས་བུ་ཞེས་ཟེར་བ་དང༌། ཡང་རྟེན་ལ་བརྟེན་པའི་རིགས་སུ་གཞག་པ་ཡོད་དེ། རྒྱལ་པོ་ཉིད་ཀྱང་གྲོང་པའི་རིགས་ཞེས་བྱ་བ་ལྟ་བུ་དང༌། དེ་བཞིན་དུ་སྤྱི་ལ་བྱེ་བྲག་གི་རིགས་སུ་གཞག་པ་དང༌། བྱེ་བྲག་ལ་སྤྱིའི་རིགས་སུ་གཞག་པ་ལ་སོགས་པ་སྣ་ཚོགས་པ་ཡོད་པ་བཞིན་སངས་རྒྱས་རྣམས་ལའང་ཉོན་མོངས་པའི་རིགས་སུ་གཞག་པ་དང༌། ཉོན་མོངས་པའང་སངས་རྒྱས་ཀྱི་རིགས་སུ་འཇོག་སྟེ། གང་གིས་ཡོངས་སུ་འཛིན་པ་པོ་ནི་རིགས་ཀྱི་བདག་པོ་ཡིན་ལ། དེ་ཡོངས་སུ་བཟུང་བ་ནི་རིགས་ཡིན་ཏེ། རྡོ་རྗེ་རྩེ་མོ་ལས། མགོན་དེས་ཡོངས་སུ་བཟུང་བ་ལ། །དེ་ཡི་རིགས་ཀྱི་དཀྱིལ་འཁོར་ཡིན། །ཞེས་གསུངས་ཏེ། མདོར་ན་ཕན་ཚུན་འབྲེལ་ཏེ་མི་སླུ་བ་དེ་ནི་རིགས་དང་རིགས་བདག་ཡིན་ནོ། །སྤྱིར་ཡང་རྒྱུད་གསུམ་པོ་སོ་སོའི་རིགས་དང་རིགས་བདག་གི་དབང་དུ་བྱས་ཏེ་རྣམ་པར་གཞག་ན། རྒྱུ་ལ་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པ་ཆོས་ཅན་དང་ཆོས་ཉིད་ཀྱི་ཚུལ་གྱིས་རིགས་དང་རིགས་བདག་ཏུ་རྣམ་པར་གཞག་ལ། འབྲས་བུའི་སྐབས་སུ་ནི་གཟུགས་སྐུ་དང་ཆོས་སྐུ་རྒྱུ་དང་འབྲས་བུའང་ཕན་ཚུན་རིགས་དང་རིགས་བདག་ཏུ་བརྩི་ཞིང༌། ཐབས་ཀྱི་རྒྱུད་དུ་ནི་རྒྱུ་ལ་ཇི་ལྟར་གནས་པ་བཞིན་དང་འབྲས་བུ་ལ་ཇི་ལྟར་ཐོབ་པ་བཞིན་རྣལ་འབྱོར་པས་འདྲ་བས་འདྲ་བ་ལམ་དུ་བྱས་ནས་བསྒོམ་པ་ཡིན་ཏེ། སྣང་བ་ལ་ལྟ་བ་དང་བསྐྱེད་རིམ་གྱིས་རིགས་དང་རིགས་བདག་ཏུ་བྱས། བསྐྱེད་པ་དང་རྫོགས་པ་ལའང་ཕན་ཚུན་ཡེ་ཤེས་ཀྱིས་རིགས་དང་རིགས་བདག་ཏུ་བྱིན་གྱིས་རློབ་པ་ཡིན་ནོ། །འདིའི་དོན་རྒྱས་པར་ཕྱི་མའི་ལེའུ་བཞི་པ་རིགས་བདག་གི་སྐབས་སུའང་འཆད་པར་འགྱུར་རོ། །སྤྱི་དོན་བཞི་པ་མཚོན་བྱེད་ལ་མཚོན་བྱའི་དེ་ཁོ་ན་ཉིད་ནི་མཚོན་བྱེད་ཅེས་བྱ་བ་བསྒོམས་པའི་ཡེ་ཤེས་དེ་ཉིད་མཚོན་བྱ་འབྲས་བུ་སངས་རྒྱས་ཀྱི་ཡེ་ཤེས་དང༌། དཔེའི་ཚུལ་དུ་བསྲེ་བར་བྱེད་པ་ཡིན་ཏེ། དེ་ལ་བཞི་ལས། ཉམས་སྣང་བ་དང་སྟོང་པ་ཟུང་འཇུག་ཏུ་བསྲེ་བ་ནི། འབྲས་བུ་སྐུ་གསུམ་གྱི་ཡེ་ཤེས་དབྱེར་མེད་དུ་བྱ་བ་སྟེ། སྒོམ་པ་པོ་མེད་ཅེས་བྱ་བ་ཚིག་རྐང་པ་གཉིས་ཀྱིས་སྟོང་པ་ཆོས་སྐུའི་ཉམས། སྔགས་དང་ལྷ་ནི་ཡང་དག་གནས། །ཞེས་བྱ་བ་ནི་སྣང་བ་གཟུགས་སྐུའི་ཉམས། སྤྲོས་པ་མེད་པའི་རང་བཞིན་ལས། །ཞེས་བྱ་བ་ནི་ཡེ་ཤེས་ཟུང་འཇུག་གི་ཉམས་སོ། །གཉིས་པ་དེ་བཞིན་གཤེགས་པ་རིགས་ལྔའི་མཚན་དོན་དང་ཡེ་ཤེས་བསྲེ་བ་ནི། རྣམ་སྣང་ཞེས་བྱ་བ་ལ་སོགས་པ་མིང་དོན་བཅུའོ། །དེ་ལ་རྣལ་འབྱོར་པའི་རྒྱུད་ལས་སྐྱེས་པའི་གཉིས་སུ་མེད་པའི་ཡེ་ཤེས་མཚོན་བྱེད་དེས་མཚོན་བྱ་སངས་རྒྱས་རྣམ་པར་སྣང་མཛད་ལ་སོགས་པ་མཚོན་ནུས་ཏེ། ཆོས་ཐམས་ཅད་གཟུགས་བརྙན་ཙམ་དུ་གསལ་བར་སྣང་བས་རྣམ་པར་སྣང་མཛད་དོ། །རྣམ་པར་རྟོག་པས་མི་བསྒུལ་བས་མི་བསྐྱོད་པའོ། །སེམས་ཅན་གྱི་དོན་འབྲས་བུ་དང་བཅས་པས་ན་དོན་ཡོད་པའོ། །སངས་རྒྱས་ཀྱི་ཡོན་ཏན་གྱི་འབྱུང་གནས་ཡིན་པས་ན་རིན་ཆེན་ནོ། །སྤྲོས་པ་དང་བྲལ་བས་དཔག་མེད་ཅེས་བྱ་བའོ། །ཐམས་ཅད་དེས་བསྡུས་པས་ན་སེམས་དཔའོ། །ཚངས་པ་ལ་སོགས་པའི་མཚན་ཉིད་ཀྱི་རྣམ་གྲངས་ཀྱིས་ཡོན་ཏན་གྱི་ཁྱད་པར་གཞན་མཚོན་པ་ནི། ཚངས་པ་སྒྲིབ་བྲལ་ཞེས་བྱ་བ་ལ་སོགས་པ་སྟེ། དཔེའི་ཡེ་ཤེས་ཀྱི་ཉམས་ལ་རྟོགས་པ་མ་ལུས་པ་དང་བྲལ་བ་ནི་རྣམ་པར་རྟོག་པ་ཟད་པ་སྟེ། མྱ་ངན་ལས་འདས་པ་དང་ཐར་པ་དང་ཚངས་པ་སྟེ་དེ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་རྣམ་པར་སྣང་མཛད་དོ། །འཇུག་ཕྱིར་ནི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་ནི་ཆོས་ཐམས་ཅད་ཀྱི་ངོ་བོས་བཞུགས་པས་ན་ཁྱབ་འཇུག་ནི་མི་བསྐྱོད་པའོ། །རྟག་ཏུ་དགེ་བ་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཏེ་སེམས་ཅན་གྱི་དོན་ལ་དགེ་བར་བྱེད་པས་ན་ཞི་བ་ནི་དོན་ཡོད་གྲུབ་པའོ། །ཐམས་ཅད་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་དེས་ཆོས་ཀུན་མཉམ་པ་ཉིད་དུ་རྟོགས་པས་ཐམས་ཅད་དེ་རིན་ཆེན་འབྱུང་ལྡན་ནོ། །སོ་སོར་རྟོག་པའི་ཡེ་ཤེས་དེས་དམ་པའི་བདེ་བ་སྟེ་ཟག་མེད་ཀྱི་བདེ་བ་རྟོགས་པ་ནི་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཡིན་པས་དེ་ཉིད་དེ་འོད་དཔག་མེད་དོ། །ཟག་པ་མེད་པའི་བདེ་བ་རྟོགས་པ་ལས་ལོགས་སུ་སངས་རྒྱས་མེད་པས་སངས་རྒྱས་ཏེ་རིགས་ཐམས་ཅད་བསྡུས་པ་རྡོ་རྗེ་སེམས་དཔའ་ཞེས་བྱ་བའོ། །དེ་ལྟ་བུའི་སངས་རྒྱས་ཀྱི་ཡེ་ཤེས་ཉིད་དཔེའི་ཚུལ་དུ་རྣལ་འབྱོར་པ་ལ་སྣང་བའི་དོན་ཏོ། །གསུམ་པ་ཡེ་ཤེས་ལྷར་བསྒྲུབ་པའི་དོན་ནི། ལུས་ལས་བྱུང་ཞིང་བདེ་བ་ཆེན་པོ་དང་ལྡན་པས་ན་ལྷ་ཞེས་བྱ་སྟེ། ཁ་སྦྱོར་ལས། གང་ཚེ་ལས་ཀྱི་ལུས་བཅོམ་པ། །དེ་ཚེ་ལྷ་རུ་འགྱུར་བ་ཡིན། །ཞེས་གསུངས་སོ། །བཞི་པ་འབྲས་བུ་དང་ཡེ་ཤེས་ཀྱང་བཅོམ་ལྡན་འདས་ཀྱི་ངོ་བོར་བསྲེ་བ་ནི། མཚོན་བྱ་བཅོམ་ལྡན་འདས་ལ་སྤངས་པ་དང་ཡེ་ཤེས་ཇི་ལྟར་མངའ་བ་བཞིན། མཚོན་བྱེད་དཔེའི་ཡེ་ཤེས་ཀྱི་དུས་སུའང་དེ་དང་འདྲ་བར་སྐྱེ་བར་འགྱུར་རོ། །སྤྱི་དོན་ལྔ་པ་ཕྱག་རྒྱ་དང་ཡེ་ཤེས་བསྲེ་བའི་དེ་ཁོ་ན་ཉིད་ནི། གང་ཕྱིར་སྐྱེ་འགྲོ་བསྐྱེད་པའི་ཕྱིར། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་ཕྱེད་དང་བཞིས་བསྟན་ཏེ། དེ་ལ་འདིར་རེ་རེ་ལ་ཡང་ཕྱག་རྒྱ་ཡེ་ཤེས་སུ་བསྒྲུབ་པ་དང༌། ཡེ་ཤེས་ཕྱག་རྒྱར་བསྒྲུབ་པ་གཉིས་སོ། །དེ་ལ་ཡོ་ཥི་ཏི་ཞེས་བརྗོད་ན་མའམ་སྐྱེ་འགྲོ་སྐྱེད་པ་གཉིས་ཀ་ལ་འཇུག་སྟེ། བདག་གི་རྒྱུད་ལ་ཡེ་ཤེས་སྐྱེས་པའི་ཚེ་སྣང་བའི་དངོས་པོ་སྐྱེ་འགྲོ་ཐམས་ཅད་ཡེ་ཤེས་སུ་བསྐྱེད་པའི་ཕྱིར་ཡེ་ཤེས་ལ་མ་ཞེས་བྱའི། ཕྱི་རོལ་གྱི་ཕྱག་རྒྱ་ནི་མ་ཡིན་པས་ཕྱག་རྒྱ་ཡེ་ཤེས་སུ་བསྒྲུབ་པ་ཡིན་ནོ། །དེ་ལྟ་བུའི་ཡེ་ཤེས་དེའང་རྟེན་ཕྱག་རྒྱ་ལ་བརྟེན་ནས་སྐྱེ་བའི་ཕྱིར་བྲམ་ཟེ་མོ་ལ་སོགས་པ་བརྒྱད་པོ་དག་གི་ཕྱག་རྒྱ་གང་ཡང་རུང་བ་ཅིག་ལ་ཡང་མ་ཞེས་གདགས་ཏེ། ཡེ་ཤེས་ཕྱག་རྒྱར་བསྒྲུབ་པའོ། །དེ་བཞིན་དུ་ཕྱག་རྒྱ་རེ་རེ་ལ་ཡང་ཡོན་ཏན་བཅུ་དྲུག་བཅུ་དྲུག་འབྱུང་ལ། ཡེ་ཤེས་དང་ཕྱག་རྒྱ་གཉིས་ཀྱི་ངོས་ནས་རེ་རེའི་སྟེང་དུ་ཡོན་ཏན་སུམ་ཅུ་སོ་གཉིས་གཉིས་ཀྱང་འབྱུང་བ་ཡིན་ནོ། །དེ་བཞིན་དུ་འོག་མ་རྣམས་ཀྱི་རེ་རེའི་སྟེང་དུའང་ཞིབ་ཏུ་རྟོགས་པར་བྱའོ། །མིང་དོན་ཅུང་ཟད་ཙམ་རེ་བརྗོད་ན། བྷ་ག་ནི་སྲིང་མོའམ་སྐལ་བ་སྟོན་པ་སྟེ། འབྲས་བུའི་སྐལ་བ་སྟོན་པའི་ཕྱིར་ཡེ་ཤེས་སམ་ཕྱག་རྒྱ་གང་ཡང་རུང་བ་སྲིང་མོའོ། །དེ་བཞིན་དུ་དུ་ཧི་ཏཱ་ནི་བུ་མོའམ་ཡོན་ཏན་འཇོ་བ་སྟེ། གསུམ་པོ་དེ་ནི་གཞུང་ན་བཞུགས་སོ། །དེ་གསུམ་གྱིས་ཡོན་ཏན་གྱི་གཉེན་རྩིས་བྱས་ལ་ཤེས་པར་བྱ་སྟེ། ལྷན་སྐྱེས་ཀྱི་སྐལ་བ་སྟོན་པ་ལས་ཡེ་ཤེས་ཆེར་འཕེལ་བ་ནི་སྲིང་མོའི་བུ་མོའོ། །སྐྱེ་འགྲོ་ཡེ་ཤེས་སུ་སྐྱེད་པར་བྱེད་པའི་གྲོགས་སུ་གྱུར་པ་ནི་ཞང་པོའི་ཆུང་མ་དང་མའི་སྤུན་ནོ། །སྐལ་བ་སྟོན་པའི་ཡེ་ཤེས་ཀྱི་རྒྱུར་གྱུར་པ་ནི་སྒྱུག་མོའམ་ཕའི་སྲིང་མོའོ། །དེ་བཞིན་དུ་རྣམ་པར་རྟོག་པ་ཐམས་ཅད་ཡེ་ཤེས་ཀྱི་ངོ་བོར་སྒྱུར་བས་ཡེ་ཤེས་ཐམས་ཅད་ཚོས་མའམ་ཕྱག་རྒྱ་ཐམས་ཅད་ཚོས་མའོ། །དེ་བཞིན་དུ་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོའི་ཡེ་ཤེས་གཡོ་ཞིང་འཕེལ་བར་བྱེད་པའི་ཕྱིར་གར་མ་དང༌། རྣམ་པར་རྟོག་པས་ཡེ་ཤེས་ལ་རེག་པར་མི་ནུས་པའི་ཕྱིར་གཡུང་མོ་ཞེས་བྱ་བ་གསུམ་ནི་གཞུང་ན་བཞུགས་ལ། རྣམ་པར་རྟོག་པ་ལ་ཡེ་ཤེས་ཕར་མི་རེག་པ་ནི་བྲམ་ཟེ་མོ་དང༌། རྒྱལ་རིགས་མ་དང༌། རྗེའུའི་རིགས་མ་ཡིན་ལ། རྣམ་རྟོག་ཡེ་ཤེས་ལ་མི་རེག་པ་ནི་དམངས་མོ་ཡིན་ཞིང༌། རྣམ་པར་རྟོག་པ་ཐམས་ཅད་གསོད་པས་ཡེ་ཤེས་དང༌། དེ་སྐྱེད་པར་བྱེད་པའི་ཕྱག་རྒྱ་ཐམས་ཅད་ཀྱང་གདོལ་པ་མོ་ཡིན་ནོ། །དེ་ལྟར་བསྒོམས་པ་ལས་བྱུང་བའི་གནས་སྐབས་ཀྱི་ཕན་ཡོན་ནི་ལྔ་སྟེ། བཞི་ནི་རྟོགས་པར་སླ་ལ། བཟའ་བའི་དེ་ཁོ་ན་ཉིད་ནི། ཕ་གསང་དབང་གི་བླ་མའམ། བདེ་བ་ཆེན་པོའི་འཁོར་ལོ་ན་ཡོད་པ་དེ་རང་གིས་བཟའ་ཞེས་བྱ་བ་ནི་ཤེས་རབ་ཡེ་ཤེས་སམ། ལྟེ་བའི་གནས་སུ་ཉམས་སུ་མྱོང་བར་བྱ་ཞེས་བྱ་བའི་དོན་ཏོ། །བདེ་བ་གང་གིས་འཆི་བ་ཞེས་བྱ་བ་ནི་ཐ་མལ་པ་རྣམས་འཆི་བའི་ཚེ་རྩ་མདུད་རྣམས་གྲོལ་ནས་བདེ་སྟོང་གི་ཉམས་དཔེའི་ཡེ་ཤེས་དེ་སྐྱེ་བར་འགྱུར་ལ། དེ་ངོ་ཤེས་ན་གྲོལ་བ་ལས་མ་ཤེས་ན་འཁོར་བར་འཁྱམ་པར་འགྱུར་རོ། །དེ་ཡི་བདེ་བ་བསམ་གཏན་བརྗོད། །ཅེས་བྱ་བ་ནི་རྣལ་འབྱོར་པས་ཡེ་ཤེས་ཆེན་པོ་ད་ལྟར་ཉམས་སུ་མྱོང་བར་བྱས་ལ་འཆི་བ་མེད་པ་བསྒྲུབ་པར་བྱ། །ཞེས་བྱ་བའི་དོན་ཏོ། །ལེའུ་ལྔ་པ་ཚིགས་སུ་བཅད་པ་སུམ་ཅུའི་རྣམ་པར་འགྲེལ་པ་བསྟན་ཟིན་ཏོ།།  །།ད་ནི་དེ་ལྟར་ལེའུ་གསུམ་གྱིས་རིམ་པ་གཉིས་བསྟན་ནས། ལེའུ་དྲུག་པ་སྤྱོད་པ་བསྟན་པར་བྱ་སྟེ། དེ་ལ་ལེའུའི་འབྲེལ་ལས་ཕྱི་དོན་གྱི་མཚམས་སྦྱོར་ནི། དེ་ལྟར་རིམ་པ་གཉིས་ལ་གནས་པའི་རྣལ་འབྱོར་པས་དྲོད་ཐོབ་ནས། རང་གི་སེམས་ཀྱི་བརྟན་གཡོ་བརྟག་པའི་ཕྱིར་སྤྱོད་པ་སྟོན་ཏོ། །སྦས་དོན་གྱི་མཚམས་སྦྱོར་ནི་ལྷན་སྐྱེས་ཀྱི་རྟེན་བྱང་ཆུབ་ཀྱི་སེམས་གཡོ་ཞིང་རྒྱུ་བས་ན་སྤྱོད་པའོ། །ལེའུ་འདིའི་བརྗོད་པར་བྱ་བའི་དོན་ནི། ལྷའི་རྣལ་འབྱོར་ལ་སོགས་པ་བསྐྱེད་པ་ལྟར་སྣང་ཡང༌། འདི་དག་ཐམས་ཅད་རྫོགས་པའི་རིམ་པའི་དེ་ཁོ་ན་ཉིད་ཐོབ་པའི་ལམ་གྱི་ཡན་ལག་ཏུ་གྱུར་པའི་ཕྱིར་སྦས་པའི་དོན་ནོ། །རྗོད་བྱེད་ཀྱི་སྒྲ་ནི་ཡན་ལག་གི་དོན་གཙོ་བོར་གྱུར་པ་ཡིན་གྱི། ཡི་གེ་དང་བསྡུས་དོན་ཡང་ཅུང་ཟད་ཙམ་རེ་འཇུག་གོ །མངོན་པར་རྟོགས་པ་ནི་སྤྱོད་པ་ཡིན་ལ་སྤྱོད་པ་བྱེད་པ་ལ་དྲོད་ཐོབ་དགོས་པས་དྲོད་ཀྱི་ཆོས་དྲུག་དང༌། དེས་སྤྱོད་པ་བྱེད་པ་ལ་སྤྱོད་པའི་ཆོས་དྲུག་ནི་མངོན་པར་རྟོགས་པར་བལྟ་བར་བྱའོ། །བཤད་པའི་རྒྱུད་ནི་རྡོ་རྗེ་གུར་གྱི་ལེའུ་བཅུ་པ་ལས་ཅུང་ཟད་གསུངས་ལ། ཁ་སྦྱོར་གྱི་བརྟག་པ་ལྔ་པའི་རབ་ཏུ་བྱེད་པ་གསུམ་པ་དང༌། བཞི་པས་རབ་ཏུ་རྒྱས་པར་འཆད་དོ། །ལུས་རྣམ་པར་གཞག་པ་ནི། དོན་བྱེད་རྣམ་མང་ཞེས་པ་དང༌། བརྡ་ཆེན་གྱི་ཕྱོགས་གཅིག་གི་ཡན་ལག་རྒྱས་པར་བཤད་པའོ། །གཞུང་ལ་གསུམ་ལས། དང་པོ་བཤད་པར་དམ་བཅའ་བ་ནི། དེ་ནས་གཞན་ཡང་རབ་བཤད་བྱ། །སྤྱོད་པ་ཞེས་བྱ་བ་ལ་ལུས་ངག་གི་ཀུན་ཏུ་སྤྱོད་པའོ། །དེ་ལ་ཉན་ཐོས་དང་ཕ་རོལ་ཏུ་ཕྱིན་པ་དང་བསྐྱེད་པའི་རིམ་པའི་ཐུན་མཚམས་ཀྱི་བྱ་བ་ལ་ཡང་སྤྱོད་པ་ཞེས་འཇུག་མོད། འདི་ནི་དེ་ལྟ་མ་ཡིན་ཏེ། སོ་སོ་སྐྱེ་བོ་རྣམ་རྟོག་དང་བཅས་པའི་སྤྱོད་པ་བླང་དོར་དང་བཅས་པ་ལས་ཕ་རོལ་དུ་སོན་པ། དམན་པ་རྣམས་ཀྱིས་མོས་པར་བྱ་བ་ཙམ་ཡང་དཀའ་སྟེ། ཕ་རོལ་ཕྱིན་མཆོག་ཉིད་ཅེས་གསུངས་སོ། །ལེའུའི་དོན་ལ་མདོར་བསྟན་པ་དང༌། རྒྱས་པར་བཤད་པ་ལས། དང་པོ་ལ་ལྔ་ལས། ཐོག་མར་དགོས་པ་ནི། གང་གིས་ཞེས་གསུངས་ཏེ། འཆད་པར་འགྱུར་བའི་སྤྱོད་པ་གང་གིས་སོ། །དངོས་གྲུབ་ཀྱི་མཐའ་ནི་དེ་ཁོ་ན་ཉིད་དེ། མཐར་ཐུག་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ས་བཅུ་གསུམ་པར་འགྲོ་བ་ནི་དེར་བགྲོད་པར་བྱ་བའོ། །ཇི་ལྟར་བགྲོད་པར་བྱ་ན། ཀྱེ་ཡི་རྡོ་རྗེའི་དངོས་གྲུབ་རྒྱུས། །ཞེས་སྨོས་ཏེ། ཚེ་འདི་ལ་དངོས་གྲུབ་མཐོང་བ་ནི་གནས་ལ་སོགས་པ་དབང་དུ་འདུས་པ་ལས་ཡིན་ལ། དེའི་རྒྱུ་ནི་རྣལ་འབྱོར་མ་ཡིན་ཞིང༌། དེ་དབང་དུ་འདུ་བའི་རྒྱུ་ནི་སྤྱོད་པ་སྟེ། དེ་བས་ན་རྒྱུའི་ཕྱིར་ཞེས་བྱ་བའོ། །གཉིས་པ་སྤྱོད་པ་བྱེད་པའི་རྟེན་གྱི་གང་ཟག་ནི་སྒོམ་པ་པོ་སྟེ། རྣལ་འབྱོར་པ་དེ་ཁོ་ན་ཉིད་རྟོགས་པའི་རྒྱལ་སྲས་སོ། །གསུམ་པ་སྤྱོད་པ་དངོས་ཀྱི་རྒྱན་ནི་རྣ་ཆ་ལ་སོགས་པའོ། །སྟག་ལྤགས་ནི་སྒྲ་ཇི་བཞིན་པའམ། ཡང་ན་བྱཱ་གྷྲ་སྟེ་གཟུང་འཛིན་སྤངས་པ་ལྷན་སྐྱེས་ཀྱི་སྟག་སྟེ་གཅེར་བུའོ། །བཟའ་བ་མི་འཆི་ནི་བདུད་རྩི། བཅུའི་ཕྱེད་ནི་ལྔའོ། །བཞི་པ་ལྷའི་རྣལ་འབྱོར་ལ་ཧེ་རུ་ཀ་ནི་བསྐྱེད་པ་དང་རྫོགས་པའི་རིམ་པ་ཟུང་དུ་འཇུག་པའི་བདག་ཉིད་ཅན་ཏེ་འཆད་པར་འགྱུར་བའོ། །ཁ་དོག་ལྔ་ནི་ཝརྞ་སྟེ་དེའི་རིགས་སམ་སྔོན་པོ་ལ་སོགས་པ་ལྔ་སྟེ། བསྐྱེད་པའི་རིམ་པ་རྣམ་པ་ཅན་གྱི་རྣལ་འབྱོར་རོ། །ལྔ་པ་གྲོགས་ནི་རིགས་ལྔ་ལ་སོགས་པ་སྟེ་མི་རྟོག་པ་སྐྱེད་པར་གཅིག་གོ །རྒྱས་པར་བཤད་པ་ལ་ལྔ་ལས། དང་པོ་གང་ཟག་ནི་ཤིང་གཅིག་ཅེས་བྱ་བ་ལ་སོགས་པ་སྟེ། འདི་ལ་གང་དུ་སྒོམ་པའི་གནས་ལ་སྦྱར་བ་དང༌། གང་སྒོམ་པའི་རྣལ་འབྱོར་ལ་སྦྱར་བའི་བཤད་པ་གཉིས་ལས། དང་པོ་ནི། ཤིང་གཅིག་ཅེས་བྱ་བ་གཅིག་གི་གྲིབ་མ་གཅིག་ལ་མི་འཕོག་པའོ། །དུར་ཁྲོད་ནི་རོ་གནས་པའོ། །མ་མོའི་ཁྱིམ་ནི་ཚངས་མ་ལ་སོགས་པའི་མ་མོ་བདུན་གྱི་གནས་སོ། །མཚན་མོ་ནི་ནུབ་མོ་སྟེ་རྣམ་རྟོག་གི་འདུ་འཕྲོ་ཉུང་བའོ། །དབེན་པ་ནི་རི་སུལ་ལ་སོགས་པ་སྐྱེ་བོ་མེད་པའོ། །བས་མཐའ་ནི་ལམ་རིང་བའམ་ཆུ་གླིང་ལ་སོགས་པའོ། །དེ་ལྟ་བུའི་གནས་སུ་མཚན་མོ་བསྒོམ་ཞེས་བྱ་བའོ། །གཉིས་པ་གང་བསྒོམ་ན་རང་བྱིན་གྱིས་བརླབ་པའི་རིམ་པ་བསྒོམ་པའོ། །དེ་ཇི་ལྟ་བུ་ཞེ་ན། ཤིང་ཞེས་བྱ་བ་སྨོས་ཏེ། ཤིང་དང་འདྲ་བས་ན་ཤིང་སྟེ། ཇི་ལྟར་ཤིང་ལ་ལོ་མ་དང་མེ་ཏོག་དང་འབྲས་བུ་འབྱུང་བ་ལྟར་ཡེ་ཤེས་དེ་ལའང་ལོ་མ་དང་འདྲ་བ་ཞི་སོགས། མེ་ཏོག་དང་འདྲ་བ་གྲུབ་ཆེན། འབྲས་བུ་དང་འདྲ་བ་མཆོག་འབྱུང་བས་སོ། །ཡེ་ཤེས་དེ་རྣམ་པར་རྟོག་པ་མེད་པས་ན་གཅིག་གོ །དུར་ཁྲོད་ནི་དབུགས་རྒྱུ་བས་རང་གི་ལུས་སོ། །ཡང་ན་རོ་གནས་ཏེ་སྲོག་སོང་བའམ་འགགས་པའོ། །མ་མོ་ནི་རྣལ་འབྱོར་མ་བཅོ་ལྔའི་རང་བཞིན་གི་རྩའོ། །མཚན་མོ་ནི་འདོད་ཆགས་ལ་སོགས་པའི་རྒྱུ་འདྲུལ་འགགས་པའོ། །ཡང་ན་མཚན་མོ་ནི་ཤེས་རབ་སྟེ་སྟོང་པའོ། །དབེན་པ་ནི་གཏུམ་མོའི་མེ་ལས་ཐག་རིང་བ་སྟེ་སྤྱི་བོ་བདེ་ཆེན་ནོ། །བས་མཐའ་ནི་འཁོར་ལོ་གསུམ་གྱི་མཐའ་ལྟེ་བའོ། །བསྒོམ་པ་ནི་གསལ་སྟོང་ངམ་བདེ་སྟོང་ཟུང་དུ་ཆུད་པའོ། །བསྒོམ་དེས་ཅུང་ཟད་དྲོད་ཐོབ་པ་སྟེ་དྲོད་རབ་འབྲིང་གསུམ་པོའོ། །དེ་ཐོབ་ནས་འགྲུབ་འགྱུར་འདོད་ཡོད་ན་སྟེ། ཚེ་འདི་ཉིད་ལ་མཆོག་གི་དངོས་གྲུབ་འགྲུབ་པར་འདོད་ན་སྤྱོད་པ་འདི་སྤྱད་པར་བྱའོ་ཞེས་བྱ་བ་སྟེ་འདིས་ནི་དགོས་པའང་འགྲུབ་བོ། །གཉིས་པ་གྲོགས་ནི་ཤིན་ཏུ་ཞེས་བྱ་བ་ལ་སོགས་པ་སྟེ། དེའང་སྤྱིར་རབ་རྟོགས་པ་མཉམ་པའོ། །འབྲིང་ལུང་བསྟན་པའོ། །ཐ་མ་ནུས་པས་བཀུག་པའོ། །ལྷག་མ་གོ་སླའོ། །གསུམ་པ་དང་བཞི་པ་རྒྱན་དང་རྣལ་འབྱོར་གོ་སླ་ལ། ལྔ་པ་སྤྱོད་པ་དངོས་ལ་གཉིས་ཏེ། གླུ་གར་ལ་སོགས་པ་དགོས་པ་དང་བཅས་པ་དང༌། དམ་ཚིག་དང་སྡོམ་པའི་ཚུལ་གྱིས་སྤྱོད་པ་ཇི་ལྟར་བྱ་བའོ། །དང་པོ་ལ་བཞི་ལས་གཞན་ནི་རྟོགས་པར་སླ་ལ། དེ་དག་ཐམས་ཅད་དགོས་པ་དང་ལྡན་པར་འགྱུར་བའི་ཚུལ་ནི་རྡོ་རྗེ་ཐོད་པའི་ཞེས་བྱ་བ་ལ་སོགས་པ་སྟེ། ཅི་དེ་དག་ཐམས་ཅད་དེ་ལྟར་བྱས་པས་འགྲུབ་པར་འགྱུར་རམ་ཞེ་ན། མ་ཡིན་ཏེ་རྡོ་རྗེ་ཐོད་པའི་སྤྱོད་པ་དགོས་སོ། །རྡོ་རྗེ་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །ཀ་པཱ་ལ་ནི་སུ་ཀ་སྟེ་བདེ་བའོ། །པཱ་ལ་ནི་སྐྱོང་བ་སྟེ་བདེ་སྟོང་ཟུང་དུ་ཆུད་པ་དང་ལྡན་པས་བསྐྱངས་ན་བཟླས་བསྒོམ་དུ་འགྱུར་བ་ཡིན་ཞེས་བྱ་བར་དགོངས་སོ། །དམ་ཚིག་དང་སྡོམ་པའི་ཚུལ་གྱིས་སྤྱོད་པ་ཇི་ལྟར་སྤྱད་པ་ལ་དྲུག་ལས། དང་པོ་སྤང་བྱ་གཙོ་བོར་གྱུར་པའི་དམ་ཚིག་ནི། བརྐམ་དང་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ཁོ་ན་ཉིད་ཀྱི་རྟོགས་པའི་འགལ་རྐྱེན་དུ་གྱུར་པ་རྣམས་སོ། །གཉིད་ཀྱི་ཤུགས་ལས་སྒྲིབ་པ་ལྔ་པོ་གཞན་ཡང་ཤེས་པར་བྱ་སྟེ། སྙོམ་དང་གཉིད་དང་འགྱོད་པ་དང༌། །རྒོད་དང་ཐེ་ཚོམ་ཞེས་བྱ་བ། །སྒྲིབ་པ་ལྔ་པོ་སངས་རྒྱས་དང༌། །བྱང་ཆུབ་སེམས་དཔའ་མི་བཞེད་དོ། །ཞེས་གསང་བ་གྲུབ་པ་ལས་སོ། །གཉིས་པ་ནི་ལུས་ཀྱི་སྦྱིན་པ་ཞེས་བྱ་བ་ལ་སོགས་པ་སྟེ། དེའང་ལུས་བྱིན་ནས་བདེན་པའི་སྟོབས་འགྲུབ་ན་སྐལ་ལྡན་ཏེ་སྦྱིན་པར་བྱའོ། །མི་འགྲུབ་ན་སྐལ་མིན་ཏེ་མི་སྦྱིན་ནོ། །གཞན་ལ་སྦྱར་ན་ཕན་ཐོགས་ན་སྦྱིན་ལ། མི་ཐོགས་ན་མི་སྦྱིན་ཏེ། དམ་པའི་ཆོས་ནི་སྤྱོད་པའི་ལུས། །ཕྲན་ཚོགས་ཕྱིར་ནི་གཏང་མི་བྱ། །ཞེས་གསུངས་པས་སོ། །གསུམ་པ་གོ་སླའོ། །བཞི་པ་ནི་དངོས་གྲུབ་ཅེས་བྱ་བ་ལ་སོགས་པ་སྟེ། ཅི་གལ་ཏེ་གཉིས་ཀྱི་སྤྱོད་པ་ཐམས་ཅད་སྤོང་ན་བླ་མ་ལའང་ཕྱག་མི་བྱའམ་ཞེ་ན་མ་ཡིན་ཏེ་བླ་མ་ལ་ཕྱག་བྱ་སྟེ། ཡང་དག་པའི་ཡེ་ཤེས་ཀྱི་སྣང་བ་སྐྱེད་པར་མཛད་ཅིང༌། མནར་མེད་པར་སྐྱེ་བ་སྤོང་བར་མཛད་པའི་རྒྱུའི་ཕྱིར་གྲུབ་པ་ཐོབ་པ་དེས་བླ་མ་ལ་མངོན་དུ་ཕྱག་འཚལ་ལོ། །དེ་ལྟར་རྡོ་རྗེ་གུར་ལས་ཀྱང༌། སློབ་དཔོན་སྟོན་པར་གྱུར་པ་ནི། །སངས་རྒྱས་ཀུན་གྱིས་ཕྱག་མཛད་པ། །བདག་ཅག་རྣམས་ཀྱི་ཕ་དང་མ། །འདི་ཉིད་ཡིད་ལ་བསམ་པར་བྱ། །ཞེས་སོ། །ཡང་གསུངས་པ། སློབ་མ་གང་ཞིག་གྲུབ་བརྙེས་ནའང༌། །ཁེངས་པས་བླ་མར་ཕྱག་མི་བྱ། །སྨད་ཅིང་དམན་པའི་ལས་བྱས་ཏེ། །ངེས་པར་ངན་འགྲོར་འགྲོ་བར་འགྱུར། །ཞེས་སོ། །ལྔ་པ་ནི། བསླབ་དང་དབང་ལས་རྣམ་པར་གྲོལ། །ཞེས་བྱ་བ་ལ་སོགས་པ་སྟེ། འདི་རྣམས་ལ་དངོས་པོར་ཞེན་པའམ། མཆོག་ཏུ་འཛིན་པའམ། དེ་ཁོ་ན་ཉིད་ཀྱི་རྟོགས་པའི་འགལ་རྐྱེན་དུ་འགྲོ་ན་མི་བྱ་བ་ཡིན་གྱི། རྟག་འཛིན་ལྟར་གཏན་སྤང་བ་ནི་མ་ཡིན་ཏེ། སློབ་དཔོན་ཨཱརྻ་དེ་ཝས། བདག་བྱིན་བརླབ་པའི་རིམ་གནས་པས། །མཆོད་རྟེན་རྣམས་ལ་ཕྱག་མི་བྱ། །བདག་བྱིན་བརླབ་པའི་རིམ་ཉིད་ཀྱི། །ཡང་ན་ཀུན་ལ་ཕྱག་བྱའོ། །ཞེས་གསུངས་པ་ལྟ་བུའོ། །དེ་ནི་བསླབ་བྱ་ལ་གཙོར་མི་གཟུང་བའོ། །ཡང་གང་ཟག་ལ་གཙོར་མི་གཟུང་བ་ནི། ངེས་པར་ཞེས་བྱ་བ་སྟེ། དེ་ཁོ་ན་ཉིད་ལས་གཞན་པའི་མཆོག་མེད་པའི་ཕྱིར་རོ། །སྙིང་རྗེའི་བཏུང་བས་བཟི་བར་བྱ་ཞིང་ཆང་གི་བཏུང་བས་མྱོས་པར་མི་བྱའོ། །ཡང་ན་དཔལ་ལྡན་བིརྺ་པ་བཞིན་ཇི་ཙམ་གསོལ་ཡང་མི་བཟི་བའི་ཚེ་བཏུང་ངོ༌། །དེས་ན། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །ཞེས་བྱ་བ་ལ་སོགས་པ་སྟེ། ཐེག་པ་ཆེན་པོ་འདི་ལས་ནི་སྙིང་རྗེ་གཙོ་བོར་གྱུར་པ་ཡིན་པའི་ཕྱིར་རོ། །ལེའུ་དྲུག་པ་ཚིགས་སུ་བཅད་པ་ཉི་ཤུ་རྩ་བདུན་གྱི་རྣམ་པར་བཤད་པ་བསྟན་ཟིན་ཏོ།།  །།ད་ནི་ལེའུ་བདུན་པ་བརྗོད་པར་བྱ་སྟེ། འདི་ལ་སློབ་དཔོན་སྦྱང་དཀའ་ཟླ་བས་ནི་ལེའུ་ཀུན་གྱི་འབྲེལ་འཇིག་རྟེན་གྱི་རྒྱལ་ཚབ་ཀྱི་ལུགས་མཛད་དེ། དེའང་གང་གིས་བྱེད་པའི་རྒྱལ་པོ་དང༌། དེས་བྱ་བའི་ལས་དང༌། ལས་ལས་གྲུབ་པའི་འབྲས་བུ་གསུམ་ལས། དང་པོ་ནི་རྒྱལ་པོ་ནི་ཟླ་བ་བཟང་པོ་ལ་སོགས་པའི་རིགས་སུ་གྲུབ་པ་དང༌། གུ་དིག་ལ་སོགས་པའི་སྐྱོན་མེད་པའི་ལུས་སུ་གྲུབ་པ་དང༌། རིག་བྱེད་ལས་བྱུང་བའི་ཆོ་གས་རྒྱལ་ཚབ་ཏུ་དབང་བསྐུར་བ་སྟེ་ཆོས་གསུམ་དང་ལྡན་པའི་རྒྱལ་པོའོ། །གཉིས་པ་དེས་གཞན་གྱི་ཡུལ་འཁོར་བདག་གིར་བྱེད་པ་ན་ཡན་ལག་ལྔ་དགོས་ཏེ། ལྷན་ཅིག་པ་དང་སྒྲུབ་ཐབས་དང༌། །ཡུལ་དང་དུས་ཀྱི་ཆ་དག་དང༌། །སྲིད་ལས་ཉམས་པ་བསྲུང་བ་སྟེ། །སྔགས་ཀྱི་ཡན་ལག་ལྔ་རུ་འདོད། །ཅེས་བྱ་བ་ལ། རང་གཞན་དུ་འགྲོ་བའི་ཚེ་རང་གི་ཡུལ་འཁོར་བསྲུང་བ་ནི་སྲིད་ཀྱི་ཡན་ལག་གོ །རྟ་ལ་སོགས་པ་ངལ་དུབ་ལས་དབུགས་འབྱིན་ཅིང་འགྲོ་བ་ནི་སྒྲུབ་ཐབས་བཞོན་པའི་ཡན་ལག་གོ །བློན་པོ་ལ་སོགས་པའི་གྲོགས་ཡན་ལག་ལྔ་དང་བཅས་པ་ནི་གྲོགས་ལྷན་ཅིག་པའི་ཡན་ལག་གོ །དེ་ལ་གྲོས་ཀྱིས་འཚོ་བ་ནི་ཡིད་བདེ་བ་གྲོས་ཀྱི་ཡན་ལག་གོ །གཟའ་སྐར་ལ་སོགས་པ་བདག་འཕེལ་ཞིང་ཕ་རོལ་འགྲིབ་པ་ནི་དུས་ཀྱི་ཡན་ལག་གོ །དེ་རྣམས་དང་ལྡན་པས་མི་མཐུན་པའི་ཕྱོགས་བཅོམ་པ་ན་གསུམ་པ་གཡུལ་གྱི་འབྲས་བུ་གསུམ་སྟེ། ས་དང་གྲོགས་དང་ནོར་དག་སྟེ། །གཡུལ་གྱི་འབྲས་བུ་གསུམ་པོ་ཉིད། །གང་ཚེ་འདིར་ནི་འབྱུང་འགྱུར་བ། །དེ་ཚེ་གཡུལ་དུ་འཇུག་པར་བྱ། །ཞེས་སོ། །དེ་བཞིན་དུ་འདིར་ཡང་རྣལ་འབྱོར་པ་རིགས་སུ་གྲུབ་པ་ནི་རྫོགས་པའི་རིམ་པ་ལ་གནས་པ་ལེའུ་ལྔ་པའོ། །ལུས་ནི་བསྐྱེད་པའི་རིམ་པ་ལ་གནས་པ་ལེའུ་གསུམ་པའོ། །དབང་བསྐུར་བ་ནི་དྲོད་ཐོབ་པའོ། །ཡང་ན་རིགས་སུ་གྲུབ་པ་ནི་སྙིང་རྗེ་དང་ཤེས་རབ་ཀྱི་སྒོ་ནས་ཐེག་པ་ཆེན་པོའི་རིགས་སུ་གྲུབ་པའོ། །ལུས་ནི་མཚན་ཉིད་དང་ལྡན་པའི་རྡོ་རྗེའི་ལུས་སྐྱོན་མེད་དེ་ལེའུ་དང་པོ་ལས་སོ། །དབང་བསྐུར་བ་ནི་ལེའུ་བཅུ་པ་ལས་འཆད་པར་འགྱུར་རོ། །སྤྱོད་པ་བྱེད་པ་ལ་ཐོག་མར་སྲིད་བཙལ་བ་ནི་དེ་ཁོ་ན་ཉིད་ཀྱི་ལེའུ་ལ་སོགས་པ་རྫོགས་པའི་རིམ་པ་རྟོགས་པའི་ལྟ་བ་སྟེ། འདི་མེད་ན་མངོན་པར་ཞེན་པའི་དུག་གིས་ཡུལ་འཕྲོག་པར་འགྱུར་རོ། །ཐ་མལ་གྱི་རྣམ་པར་རྟོག་པ་ལས་དབུགས་འབྱིན་པས་ན་སྒྲུབ་ཐབས་ལེའུ་གསུམ་པ་དང་བཞི་པའོ། །ཡིད་བདེ་བར་བྱེད་པ་ནི་རྣམ་པར་རྟོག་པ་ལས་ཡིད་སྐྱོབ་པས་སམ། དངོས་གྲུབ་སྣ་ཚོགས་ཀྱིས་སྐྱོ་བ་སེལ་བར་བྱེད་པས་ན་སྔགས་ཀྱི་ཡན་ལག་ལེའུ་གཉིས་པའོ། །ལྷན་ཅིག་པ་གྲོགས་ནི་ལེའུ་དྲུག་པ་ལས་ཀྱང་གསུངས་ལ། བདུན་པ་འདི་ལས་ཀྱང་འབྱུང་ངོ༌། །དུས་རྩ་རླུང་ཐིག་ལེ་ཐམས་ཅད་དབུ་མར་འཇུག་པའི་དུས་ཤེས་པ་ནི་ལེའུ་དང་པོ་དང་དྲུག་པ་ལས་འབྱུང་ངོ༌། །དེ་ལྟར་ཡན་ལག་ལྔས་མི་མཐུན་པའི་ཕྱོགས་བཅོམ་པ་ན་གཡུལ་གྱི་འབྲས་བུ་ས་དང་གྲོགས་དང་ནོར་ཐོབ་པ་ནི་ལེའུ་བདུན་པའོ། །དེ་ལྟར་ཡན་ལག་ལྔའི་སྤྱོད་པས་འབྲས་བུ་གྲུབ་པར་བྱེད་པ་ལ་ཡན་ལག་ལྔ་འཚོགས་པར་བྱེད་པའི་ཐབས་རིགས་དང་འབྲས་བུ་དང་རྗེས་སུ་མཐུན་པའི་བསྒོམ་པ་ནི་ལེའུ་བརྒྱད་པ་དང་དགུ་པའོ། །ཡན་ལག་ལྔ་འཚོགས་པའི་རྟགས་ནི་ལེའུ་བཅུ་གཅིག་པའོ། །དེ་བས་ན་ལེའུ་བདུན་པ་འདི་ལས་གྲོགས་དང་འབྲས་བུ་སྟེ་ཡན་ལག་གཉིས་འབྱུང་ངོ༌། །དེ་ལ་འབྲས་བུ་ནི་ནང་གི་ཡུལ། གྲོགས་རྩ། ནོར་དགའ་བ་དབང་དུ་བྱས་པས་ས་བཅུ་གཉིས་ཀྱི་རྟོགས་པ་སྐྱེའོ་ཞེས་བྱ་བའི་དོན་ཏོ། །འགྲེལ་པ་ཀུ་མུ་ཏའི་དགོངས་པས་ལེའུའི་འབྲེལ་འདིས་རྒྱུད་གོང་འོག་ཐམས་ཅད་ཀྱི་ལེའུའི་འབྲེལ་ཤེས་པར་བྱའོ། །འདིར་རྗེ་བཙུན་ག་ཡ་དྷ་རའི་གསུང་གིས་གོང་དུ་བསྟན་པ་ལྟར་རྣམ་པ་གཉིས་ཀྱིས་ལེ་འབྲེལ་བརྩི་ཞིང་བརྗོད་པར་བྱ་སྟེ། དེ་ལྟར་སྤྱོད་པ་བྱེད་པ་ལ་གྲོགས་དགོས་ལ་གྲོགས་ངོ་ཤེས་པར་བྱ་བའི་ཕྱིར་བརྡ་དང༌། ཕྱི་དང་ནང་གི་ཡུལ་བགྲོད་པས་ས་རྣམས་ཀྱི་རྟོགས་པ་བསྐྱེད་པའི་ཕྱིར་ལེའུ་བདུན་པ་བསྟན་ཏོ། །ནང་དོན་ནི་བྱང་ཆུབ་ཀྱི་སེམས་གཡོ་ཞིང་རྒྱུ་བ་དེས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སེམས་གཉུག་མ་མཚོན་པར་བྱེད་པའི་ཕྱིར་བརྡའོ། །དེ་ལྟ་བུའི་ལེའུ་འདིའི་རྒྱུད་བཤད་ཐབས་ཀྱི་མན་ངག་ལ་སོགས་པ་ནི་གནས་སྐབས་ཀྱི་བྱེ་བྲག་གིས་གཉིས་སུ་འགྱུར་ཏེ། ལས་དང་པོ་པ་དང་བརྟན་པ་ཐོབ་པ་གཉིས་ཚོགས་ཀྱི་འཁོར་ལོ་བྱེད་པའི་དུས་སུའང་བརྡ་ལ་སོགས་པ་འདི་དག་དགོས་པས་བསྐྱེད་པའི་རིམ་པ་སྤྱིའི་དོན་ཡིན་ལ། གཙོར་སྤྱོད་པ་དང་འབྲེལ་བས་ན་སྦས་པ་དང་གནས་སྐབས་ཀྱི་མཐར་ཐུག་ཀྱང་ཡིན་ནོ། །རྗོད་བྱེད་ཀྱི་སྒྲ་ནི་བསྡུས་པའི་དོན་གྱི་མན་ངག་གཙོ་བོ་ཡིན་ལ། ཡན་ལག་དང་ཡི་གེའང་ཅི་རིགས་པ་འཇུག་གོ །མངོན་པར་རྟོགས་པ་ནི་ལས་དང་པོ་པའི་ཚོགས་ཀྱི་འཁོར་ལོའི་དབང་དུ་བྱས་ན་དུས་ཁྱད་པར་ཅན་གྱི་བཟའ་བའི་དམ་ཚིག་ཡིན་ལ། དྲོད་ཆེན་པོ་ཐོབ་པའི་གང་ཟག་དང་འབྲེལ་ན་ཀུན་ཏུ་བཟང་པོའི་སྤྱོད་པས་ཕྱི་ནང་གི་ཡུལ་བགྲོད་པའི་སྤྱོད་པ་དང་གནས་སྐབས་ཀྱི་འབྲས་བུ་ས་བཅུ་གཉིས་དང་འབྲེལ་ལོ། །བཤད་པའི་རྒྱུད་ནི་ལས་དང་པོ་པའི་ཚོགས་ཀྱི་འཁོར་ལོའི་དབང་དུ་བྱས་ན་རྡོ་རྗེ་གུར་གྱི་ལེའུ་གཉིས་པ་དང་བརྒྱད་པ་དང་བཅུ་བཞི་པ། ཁ་སྦྱོར་གྱི་དགུ་པའི་རབ་བྱེད་འོག་མ་གསུམ་གྱིས་འཆད་དོ། །སྤྱོད་པ་དང་འབྲས་བུ་ལྟར་ན་རྡོ་རྗེ་གུར་གྱི་ལེའུ་བཅུ་པ་དང༌། བཅུ་བཞི་པ་དང༌། ཁ་སྦྱོར་གྱི་ལྔ་པའི་རབ་ཏུ་བྱེད་པ་འོག་མ་གཉིས་དང་འབྲེལ་ལ། གང་ལྟར་ཡང་བཞི་པའི་རབ་བྱེད་བཞི་པ་དང༌། ལྔ་པའི་རབ་བྱེད་དང་པོས་འཆད་པ་ཡིན་ནོ། །ལུས་རྣམ་པར་གཞག་པ་ནི་བརྡ་ཆེན་གྱི་ཡན་ལག་རྒྱས་པར་བཤད་པའོ། །གཞུང་གི་དོན་ལ་གསུམ་ལས། ཐོག་མར་བཤད་པ་དམ་བཅའ་བ་ནི་ཙྪོ་མ་ཞེས་བྱ་བ་བརྡ་ཡིན་ལ། དེ་ཡང་ལུས་སམ་ངག་གི་བརྡ་སྟེ་བརྡ་ཤེས་ཤིང་དམ་ཚིག་དང་ལྡན་པ་ནང་གིས་ནི་གོ་ལ་མི་ཤེས་པ་རྣམས་ཐེ་ཚོམ་གྱི་ཡུལ་དུ་འགྱུར་བ་ཡིན་ནོ། །ལེའུའི་དོན་དངོས་ལ་བཞི་སྟེ། བརྡ་དངོས་དང༌། བརྡས་མཚོན་པའི་གྲོགས་དང་འདུ་བའི་གནས་དང༌། འདུ་བའི་དུས་དང༌། འདུས་པའི་བྱ་བའོ། །དང་པོ་ལ་ལྔ་ལས། བརྡའི་དགོས་པ་ནི། གང་གིས་སྤུན་དང་ཞེས་བྱ་བ་ལ་སོགས་པ་སྟེ། སྐྱེས་པའམ་བུད་མེད་ནང་གིས་གོ་ན་ནི་རྡོ་རྗེ་སྤུན་ཡིན་ལ་རྟེན་མི་མཐུན་པས་ཕན་ཚུན་གོ་ན་ནི་རྡོ་རྗེ་མིང་སྲིང་དུ་ཤེས་པར་བྱེད་པའོ། །གཉིས་པ་བརྡའི་དོན་སྟོན་པ་ནི་བསྙུན་གྱི་ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པ་ཡིན་ལ། དངོས་ཀྱི་དོན་མི་སྟོན་ཡང་ཕྱག་རྒྱ་དང་དེའི་ལན་དུ་གྱུར་པ་ནི། གང་ཞིག་སྲིན་ལག་ཅེས་བྱ་བ་ལ་སོགས་པ་ཡིན་ནོ། །དེས་དམ་ཚིག་དང་ལྡན་པ་དང་མི་ལྡན་པ་བརྟག་པ་ནི། ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པའོ། །དམ་ཚིག་དང་ལྡན་པས་འདུ་བའི་ཕྱག་རྒྱ་ནི། དེ་ལ་རྣལ་འབྱོར་མས་ཞེས་བྱ་བ་ལ་སོགས་པ་ཡིན་ལ། ཕྲེང་བ་མངོན་པར་བཏང་བ་ནི་མི་འདའ་བར་བྱེད་པའི་རྟགས་ཡིན་ནོ། །ཚིག་གི་དོན་རྣམས་ལ་ཕྱི་རོལ་དུ་རྣལ་འབྱོར་མ་དང་འདུ་བའི་བརྡ་རྣམས་ནི་གཞུང་ཡི་གེ་ཇི་ལྟ་བ་བཞིན་ཤེས་པར་བྱ་ལ། ནང་དོན་དུ་དཀྱིལ་འཁོར་འཁོར་ལོའི་ཐབས་ཀྱིས་དགའ་བ་བཞི་རྒྱུད་ལ་སྐྱེད་པར་བྱེད་པ་སྟེ། དེའང་གཡོན་པའི་མཐེ་བོང་བཅངས་པ་ནི་ཐབས་ཤེས་རབ་ཀྱི་སྙོམས་འཇུག་ཡིན་ལ། སོར་མོ་བཞི་ནི་མཛུབ་མོ་ནས་རིམ་པ་བཞིན་དགའ་བ་བཞི་ཡིན་ཞིང༌། ནུ་མ་ནི་འོ་འཛིན་ཏེ་བྱང་ཆུབ་ཀྱི་སེམས་འཛིན་པས་གསང་བའི་རྡོ་རྗེ་ཡིན་ནོ། །རྐང་མཐིལ་ནི་པ་ཏ་ལ་སྟེ། པ། པདྨ་ནི་དབང་གི་གནས། ཏ། བིསྟཱ་ར་བདེ་བ་རྒྱས་པ། ལ། ལ་ཏི་གྲིཧྣ་ནི་ལེན་ཅིང་འཛིན་པ་སྟེ་བྱང་ཆུབ་ཀྱི་སེམས་འཆིང་བའོ། །ཚིག་གི་དོན་གཞན་རྣམས་ནི་རྟོགས་པར་སླའོ། །བརྡས་མཚོན་པའི་རྣལ་འབྱོར་མ་རྣམས་དང་འདུ་བའི་གནས་ལ་གཉིས་ལས་ཐོག་མར་མདོར་བསྟན་པ་ནི། ཀྱེ་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ཡིན་ལ། དེ་ལ་ས་རྣམས་བགྲོད་པའི་ཚུལ་ནི། ས་རྣམས་འགྲུབ་པའི་རྒྱུ་གང་ཡིན་པ་དང༌། རྟོགས་པའི་ཁྱད་པར་དང༌། གྲུབ་པའི་རྟགས་དང༌། མིང་གི་དོན་ཞེས་བྱ་བ་བཞིས་ཤེས་པར་བྱས་ལ། འདིར་ཞིབ་ཏུ་བསྙད་པར་བྱ་སྟེ་རྒྱུད་ཀྱི་མངོན་པར་རྟོགས་པར་བལྟ་བར་བྱའོ། །འདིར་གནས་ལ་སོགས་པ་བཅུ་གཉིས་པོ་ས་བཅུ་གཉིས་ཡིན་པས་མིང་དོན་བསྲེ་བའི་ལུང་དང་ཅུང་ཟད་སྦྱར་ན། ཁ་སྦྱོར་ལས། གནས་ནི་རབ་ཏུ་དགའ་བའི་ས། །དེ་བཞིན་ཉེ་གནས་དྲི་མ་མེད། །ཞིང་ནི་འོད་བྱེད་ཤེས་པར་བྱ། །ཉེ་བའི་ཞིང་ནི་འོད་འཕྲོ་ཅན། །ཚནྡོ་མངོན་དུ་གྱུར་པར་ངེས། །ཉེ་བའི་ཚནྡོ་སྦྱང་དཀའ་བ། །འདུ་བ་རིང་དུ་སོང་བ་སྟེ། །ཉེ་བའི་འདུ་བ་མི་གཡོ་བ། །དུར་ཁྲོད་ལེགས་པའི་བློ་གྲོས་ཉིད། །ཉེ་བའི་དུར་ཁྲོད་ཆོས་ཀྱི་སྤྲིན། །ཕ་རོལ་ཕྱིན་བཅུའི་ས་རྣམས་ལ། །རྣལ་འབྱོར་མ་ཡི་ཀླ་ཀློའི་སྐད། །པུ་ལ་སོགས་པ་ཅི་གསུངས་པ། །ཕྱི་དང་ནང་དུ་བསམ་པར་བྱ། །ཞེས་པས་ས་བཅུ་དང༌། ཡང་རྒྱུད་རྒྱས་པའི་ལུང་ཀུ་མུ་ཏ་ལས་འབྱུང་བ། འཐུང་གཅོད་དཔེ་མེད་ཡེ་ཤེས་ཏེ། །ཉེ་བའི་འཐུང་གཅོད་ཡེ་ཤེས་ཆེ། །ཞེས་འབྱུང་ལ། དེ་ཉིད་ཨ་བྷི་དྷ་ན་ལས། རབ་ཏུ་དགའ་དང་དྲི་མ་མེད། །འོད་བྱེད་པ་དང་འོད་འཕྲོ་བ། །སྦྱང་དཀའ་བ་དང་མངོན་དུ་གྱུར། །རིང་དུ་སོང་དང་མི་གཡོ་བ། །ལེགས་པའི་བློ་གྲོས་ཆོས་ཀྱི་སྤྲིན། །དཔེ་མེད་པ་དང་ཡེ་ཤེས་ལྡན། །རྡོ་རྗེའི་ས་ནི་བཅུ་གསུམ་པ། །ཞེས་འབྱུང་ལ། དགོངས་པ་ལུང་སྟོན་པ་ལས་ཀྱང༌། སངས་རྒྱས་རྣམས་ཀྱིས་གང་བརྟེན་པའི། །སར་གྱུར་དེ་ནི་བཅུ་གསུམ་པ། །ཞེས་འབྱུང་སྟེ། དེ་ལྟར་ན་ས་བཅུ་གཉིས་ནི་གནས་སྐབས་ཀྱི་འབྲས་བུ་ཡིན་ལ། ས་བཅུ་གསུམ་པ་ནི་རྡོ་རྗེ་འཛིན་པ་སངས་རྒྱས་ཀྱི་ས་ཡིན་ནོ། །འདི་དག་ལའང་སྤང་བྱ་སྤངས་པའི་ཁྱད་པར་དང༌། ཐོབ་བྱ་ཐོབ་པའི་ཁྱད་པར་རྣམས་ཀྱང་བརྗོད་དགོས་ཏེ་རྒྱུད་ཀྱི་མངོན་པར་རྟོགས་པ་ནས་འབྱུང་ངོ༌། །གནས་མདོར་བསྟན་པའི་སྒོ་ནས་ས་རྣམས་ཀྱི་རང་བཞིན་བསྟན་ཟིན་ཏོ། །གནས་རྒྱས་པར་བཤད་པ་འདི་ནི་འོག་ཏུ་རླུང་གི་དཀྱིལ་འཁོར་ནས་ཚངས་པའི་འཇིག་རྟེན་གྱི་བར་ལ་ཡང་ཡུལ་སུམ་ཅུ་རྩ་གཉིས་པོ་འདི་དག་ཡོད་ལ། སངས་རྒྱས་འབྱུང་བའི་གནས་ཀྱི་གཙོ་བོ་ཡིན་པས་འཛམ་བུའི་གླིང་འདི་ཉིད་ནའང་འདི་དག་ཡོད་དེ། གང་ན་གང་ཡོད་པ་ནི་གཞུང་གི་སྟེང་དུ་ཤེས་པར་ནུས་ཏེ་སྤྱི་དོན་གྱི་བཤད་པའོ། །ཡུལ་དེ་དག་རང་གི་ལུས་ལ་ཡང་གནས་ཏེ། དེ་ལ་ལུས་ཀྱི་ཆ་ཤས་གང་ན་གང་ཡོད་པ་རྣམས་རྩ་བའི་རྒྱུད་འདིར་ནི་ཡུལ་རྣམས་ཀྱི་མིང་ཙམ་ལས་ནང་གི་གནས་ཀྱང་མ་གསུངས་ལ། བླ་མ་ལ་མ་ལྟོས་པར་རང་དགར་འཇུག་པ་དགག་པའི་ཕྱིར་མི་གསལ་ཞིང་འཁྲུགས་པའི་ཚུལ་དུ་ཡང་གསུངས་པས་དེ་གསལ་བར་བྱ་བ་ནི་བཤད་པའི་རྒྱུད་གཉིས་ཀྱི་དགོངས་པ་ཁ་བསྐངས་ཏེ་འཁྲུགས་བསྡེབས་ལ་རིམ་པ་བཞིན་དུ་བསྟན་ཏོ། །དེའང་ཁ་སྦྱོར་གྱིས་དཔལ་བདེ་མཆོག་དང་མཐུན་པར་སྤྱི་བོ་དང་སྤྱི་གཙུག་དང་རྣ་བ་གཡས་པ་དང་ལྟག་པ་བཞི་ནི་པུལླཱི་ར་མཱ་ལ་ཡ་དང་ཛཱ་ལནྡྷ་ར་དང་ཨོ་ཌྱཱ་ན་དང་ཨརྦུ་ད་སྟེ་གནས་ཡིན་ནོ་ཞེས་བྱ་བ་ནས། མཐེ་བོང་ཀཱ་མ་རཱུ་དང་པུས་མོ་ནི་ཀུ་ལུ་ཏ་སྟེ་ཉེ་བའི་དུར་ཁྲོད་ཀྱི་བར་དུ་གསུངས་ལ། སྙིང་གའི་རྩ་འདབ་བརྒྱད་ནི་འཐུང་གཅོད་དང་ཉེ་བའི་འཐུང་གཅོད་དུ་ཤུགས་ཀྱིས་བསྟན་ཏེ། དེ་དག་ཐམས་ཅད་ཀྱང་རྒྱུད་ཀྱི་མངོན་པར་རྟོགས་པ་དང་བདག་མེད་མའི་བསྟོད་པར་ཞིབ་ཏུ་བརྗོད་ཟིན་ཏོ། །ཕྱག་རྒྱ་ཆེན་པོ་ཐིག་ལེའི་དགོངས་པས་ཡུལ་ཉི་ཤུ་རྩ་བརྒྱད་དེ་དེའང་ཨོ་ཌྱཱན་སྤྱི་བོ། ཛཱ་ལནྡྷ་ར་སྤྱི་གཙུག ཀོ་ལ་གི་རི་པུལླཱི་ར་མཱ་ལ་ཡ་མཚོག་མ། ཀཱ་མ་རཱུ་པ་སྨིན་ཕྲག་སྟེ་གནས་སོ། །མཱ་ལ་བ་སྣ་རྩེ། སིནྡྷཱུ་མིག་གཉིས། ན་ག་ར་རྣ་བ་གཉིས། སིངྒ་ལ་ལྕགས་པའི་བྲང་སྟེ་ཁ་ཡིན་ཏེ་ཉི་བའི་གནས་སོ། །མུམྨུ་ནི་ཀོས་ཀོ དེ་ཝཱི་ཀོ་ཊ་མགྲིན་པ་སྟེ་ཞིང༌། ཀུ་ལུ་ཏ་རྒྱབ་ཀྱི་ཚིགས་པ། ཨརྦུ་ད་ནུ་མ་གཉིས་ཏེ་ཉེ་བའི་ཞིང༌། ཧ་རི་ཀེ་ལ་སྙིང་ག གོ་དཱ་བ་རཱི་ཏ་བ་སྟེ་ཚནྡོ་ཧའོ། །ལཾ་པ་ཀ་གསང་བའི་ནང༌། ཀཱཉྩི་རྟགས་ཀྱི་དབུས་ཏེ་ཉེ་བའི་ཚནྡོ་ཧའོ། །བྱེད་པའི་བྲང་ནི་རྟགས་ཀྱི་རྩེ་མོ། གསེར་གླིང་ནི་གཞུང་ཁ་སྟེ་འདུ་བའོ། །ཀོངྐ་ན་ནི་བརླ་གཉིས། བིནྡྷ་ནི་པུས་མོ་གཉིས་ཏེ་ཉེ་བའི་འདུ་བའོ། །ཡི་དྭགས་འདུས་པ་སྟེ་རབ་སོང་དགེ་འདུན་ནི་བྱིན་པ་གཉིས། རྒྱ་མཚོའི་འགྲམ་ནི་རཱ་མེ་ཤྭ་རི་སྟེ་རྐང་པའི་བོལ་གཉིས་ཏེ་དུར་ཁྲོད་དོ། །ཙ་རི་ཏྲ་ནི་སོར་མོ་རྣམས། གཞོན་ནུའི་གྲོང་ནི་མཐེ་བོ་གཉིས་ཏེ་ཉེ་བའི་དུར་ཁྲོད་དོ། །གྲོང་ཁྱེར་ཞེས་བྱ་བ་ཁ་ཆེ་སྟེ་ཕྲག་པ་གཉིས། གྲོང་མཐའ་ཞེས་བྱ་བ་མོན་ཡུལ་ནི་རྐང་མཐིལ་གཉིས་ཏེ་འཐུང་གཅོད་དོ། །ཧི་མ་ལ་ཡ་ནི་བལ་པོར་གཏོགས་པའི་བོད་དེ་ལྟག་པའོ། །ཀོ་ས་ལ་ནི་ཀརྞ་ཌ་སྐེད་པ་སྟེ་ཉེ་བའི་འཐུང་གཅོད་དོ། །དེ་ལྟར་ན་འཐུང་གཅོད་དང་ཉེ་བའི་འཐུང་གཅོད་གཉིས་ལ་ཡུལ་བཞི་བཞིར་བྱེད་པའི་གཉིས་གཉིས་ཏེ་བཞི་མ་ཚང་བས་ན་ལན་ཚྭ་རྒྱ་མཚོའི་འགྲམ་དང་སཽ་རཱཥྚ་གཉིས་འཐུང་གཅོད་ཀྱི་ཁ་བསྐང་བྱ། ཀ་ལིངྒ་དང་སྐྱེད་ཚལ་རྭ་བ་རྫིང་བུའི་འགྲམ་གཉིས་ནི་གནས་གཅིག་སྟེ་ཉེ་བའི་འཐུང་གཅོད་ཀྱི་ཁ་སྐོང་གི་ཡུལ་དུ་བྱས་པས་ཡུལ་སུམ་ཅུ་སོ་གཉིས་སུ་ཁ་བསྐངས་ཏེ་དེས་ས་བཅུ་གཉིས་འགྲུབ་པ་ཡིན་ནོ། །ཡུལ་ཕྱི་མ་བཞི་པོ་དེ་ནི་སྙིང་གའི་ཕྱོགས་ཀྱི་རྩ་བཞི་ཡིན་ནོ་ཞེས་གསུང་ངོ༌། །དེ་ལྟར་ན་བདེ་མཆོག་དང་འདི་གཉིས་མི་མཐུན་པར་སྣང་ངོ་སྙམ་ན་འགལ་བ་མེད་དེ་རྩ་རྣམས་ཀྱི་རྩ་བ་དང་འབྲས་བུ་སྨིན་ཚུལ་ལ་དགོངས་པ་ཡིན་ཏེ། རྐང་པའི་བོལ་ལ་བསྐུ་མཉེ་བྱས་ན་མིག་བདེ་བར་འགྱུར་བའི་ཕྱིར་བོལ་སིནྡྷུ་ར་བཤད་པ་དང་མིག་སིནྡྷུ་ར་བཤད་པ་ལྟ་བུའམ། ལྟེ་བར་བསྐུ་མཉེ་བྱས་ན་རྣ་བ་བདེ་བར་འགྱུར་བའི་ཕྱིར་གོ་དཱ་བ་རི་ལྟེ་བའམ་རྣ་བ་གཡོན་པ་ལ་བཤད་པ་ལ་སོགས་པ་ལྟ་བུ་ཡིན་པས་རྒྱུད་གཉིས་པོའང་དགོངས་པ་མཐུན་པར་ཤེས་པར་བྱའོ། །འདུ་བའི་གནས་ཕྱི་དང་ནང་གི་བཤད་པ་བསྟན་ཟིན་ཏོ། །ཕྱི་དང་ནང་གི་འདུ་བའི་དུས་ནི་རྣལ་འབྱོར་མ་དང་ཚོགས་ཀྱི་འཁོར་ལོ་ལ་འདུ་བའི་དུས་ཉིན་བར་བཤད་པར་བྱ་སྟེ། ཡི་དྭགས་ཁྱད་པར་དུ་རྒྱུ་བ་ཉི་ཤུ་དགུ། ཟླ་ཕྱེད་ནི་ཉ་དང་གནམ་སྟོང་གཉིས། བཅུ་བཞི་ནི་ཡར་ངོ་འབའ་ཞིག་གོ །བརྒྱད་པ་ནི་ཡར་ངོ་མར་ངོ་གཉིས་ཀའིའོ། །ནང་དོན་དུ་རྣལ་འབྱོར་མ་ནི་རྩ། ལེགས་འདུ་བ་ནི་དེར་རླུང་དང་བྱང་ཆུབ་ཀྱི་སེམས། ཡེ་ཤེས་ནི་དཔའ་བོ་སྟེ་ཉིན་མོ། མི་རྟོག་པ་ནི་རྣལ་འབྱོར་མ་སྟེ་མཚན་མོའོ། །ཡང་ཉིན་པར་ནི་དྷོའུ་སྟེ་དྷོའུ་སྭ་རྒ་ནི་མཐོ་རིས། དྷོའུ་སུ་ཁ་ནི་བདེ་བ། དྷོའུ་སཾ་ག་ནི་སྨོད་པ་སྟེ་མཐོ་རིས་ཀྱི་བདེ་བ་ལ་སྨོད་པ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ། །ཡི་དྭགས་ནི་པྲེ་ཏ་སྟེ། དེ་ཕྲལ་ན་པྲ་ཨེ་ཏ་སྟེ་སྲོག་རབ་ཏུ་སོང་བའོ། །དེ་ནི་རྣམ་རྟོག་རབ་ཏུ་སོང་བས་ལྷན་སྐྱེས་སོ། །ཟླ་ཕྱེད་དང་བཅུ་བཞི་ནི་ཟླ་བ་ཡོངས་སུ་རྫོགས་པ་དང༌། ཆ་གཅིག་གིས་མ་རྫོགས་པ་ལྟར་ལྷན་སྐྱེས་ཀྱི་དགའ་བྲལ་དང་ལྷན་སྐྱེས་ཀྱི་ལྷན་སྐྱེས་སོ། །བརྒྱད་པ་ནི་ཐབས་ཤེས་རབ་ཀྱི་བྱང་ཆུབ་ཀྱི་སེམས་འབྱུང་བ་བཞི་བཞིས་གང་བའོ། །འདུས་པའི་བྱ་བ་ལ་བཟའ་བ་ལ་སོགས་པའི་བྱ་བ་ནི་ཕྱི་ནང་གཉིས་ལས་ཕྱི་ནི། རྒྱལ་མཚན་ནི་རྐུན་པོ་གསད་ཤིང་ལ་བཙུགས་པ། མཚོན་བསྣུན་ནི་དཔའ་བོ་གཡུལ་དུ་བསད་པ། ལན་བདུན་པ་ནི་སྐྱེ་བ་བདུན་པ། ཡང་ན་སྙིང་རྗེ་ཆེན་པོས་གདུག་པ་ཅན་བསྒྲལ་བའི་ཤ་ལས་ཚོགས་ཀྱི་འཁོར་ལོ་བྱ་བ་ཡིན་ནོ། །གདུག་པ་ཅན་བསྒྲལ་ན་སྙིང་རྗེ་སྤང་བར་མི་འགྱུར་རམ་ཞེ་ན་མི་འགྱུར་ཏེ། དེ་ཉིད་འདུས་པ་ལས། མ་རུངས་པ་རྣམས་གདུལ་བ་དང༌། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །སེམས་ཅན་ཐམས་ཅད་བསད་ན་ཡང༌། །སྡིག་གིས་ཉེས་པར་མི་འགྱུར་རོ། །ཞེས་བྱ་བ་དང༌། སྤྱོད་འཇུག་ལས་ཀྱང༌། ཐུགས་རྗེ་མངའ་བ་རིང་གཟིགས་པས། །བཀག་པ་རྣམས་ཀྱང་དེ་ལ་གནང༌། །ཞེས་འབྱུང་བ་ཡིན་ནོ། །ནང་དོན་དུ་ན་བྱང་ཆུབ་ཀྱི་སེམས་མི་ཉམས་པ་རྒྱལ་མཚན་ལྟར་སྟེང་དུ་བཅིངས་པའོ། །རྣམ་རྟོག་བསད་པས་ན་མཚོན་བསྣུན་ནོ། །ཡང་ན་སྙོམས་པར་འཇུག་པ་ཉིད་ལ་ཡང་མཚོན་བསྣུན་ཞེས་བྱའོ། །ལན་བདུན་པ་ནི་བདུད་རྩི་ལྔ་དང་དགའ་བྲལ་དང་ལྷན་སྐྱེས་སོ། །སྙིང་རྗེ་ནི་ཀཱ་རུ་ཎ་སྟེ། ཀ སུ་ཀ་ན་བདེ་བ། རུ། རུ་ཙ་ན་སྡུག་བསྔལ་གཅོད་པ་སྟེ་བདེ་སྟོང་ངོ༌། །གདུག་པ་ཅན་ཐམས་ཅད་ནི་རྣམ་རྟོག་ཟད་པར་བྱེད་པའོ། །ཆོ་གའི་གཙོ་བོ་ནི་ཏིང་ངེ་འཛིན་གྱིས་ཡིན་ནོ། །རྣལ་འབྱོར་གཉིས་ལ་བརྟེན་ཏེ་བྱ་བའི་ལས་འདི་ནི་ཕྱི་དོན་དུ་སྦྱར་ན་ཚོགས་ཀྱི་འཁོར་ལོའི་དུས་སུ་ལྷའི་ང་རྒྱལ་བརྟན་པོ་དང་ལྡན་པས་བྱ་བ་ཡིན་ལ། སྦས་པ་ལྟར་ན་སྤྱོད་པའི་དུས་སུ་ལྷུན་གྱིས་གྲུབ་པའི་ཚུལ་གྱིས་འབྱུང་བ་ཡིན་ནོ། །ཚིག་གི་དོན་ནི་འདྲ་བས་ན་ཤེས་པར་སླའོ། །ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཞེས་བྱ་བ་ལ་སོགས་པ་ལ་ཤྲཱི་ནི་གཉིས་འཛིན་གྱི་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་ཏེ་རྣམ་པར་ཐར་བའི་སྒོ་མངོན་པར་འདུས་མ་བྱས་པ་ཡིན་ནོ། །ཧེ་ནི་ཧེ་ཏུ་ཤཱུ་ནྱ་ཏཱ་སྟེ་རྒྱུ་དང་འབྲས་བུ་དང་གཟུང་འཛིན་ལ་སོགས་པ་ཐམས་ཅད་ཀྱིས་སྟོང་པས་ན་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དོ། །རུ་ནི་རཱུ་པ་ཀ་ཏ་ཤཱུ་ནྱ་ཏཱ་སྟེ་ཚོགས་པ་ཐམས་ཅད་དང་བྲལ་བ་འབྲས་བུར་ངེས་པ་མེད་པ་སྟེ་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པའོ། །ཀ་ནི་ཀ་ན་ཀུ་ཙི་ཏ་ཏིཥྛ་སྟེ་བར་དུ་རང་གི་ངོ་བོ་གནས་པ་མེད་པས་རྣམ་པར་ཐར་པའི་སྒོ་འབྲས་བུ་ལ་སྨོན་པ་མེད་པའོ། །ཇི་ལྟར་བཟའ་བའི་ཚུལ་ལས་ཕྱི་དོན་དུ་ན་རྡོ་རྗེ་ནི་སྟེང་དུ་བསྒོམ་པ། ཐོད་པ་ནི་དེའི་འོག་ཏུ་སྟེ་རླུང་མེའི་སྟེང་དུ། སྦྱོར་བ་ནི་སྦར་བ་དང་བསྐོལ་བ་དང་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲང་བའི་ཚུལ། སྐྱེ་བོའི་ཤ་ནི་ཤ་ལྔ་དང་བདུད་རྩི་ལྔ་སྟེ་བྱིན་རླབས་ཀྱི་ཆོ་ག་རྒྱས་པར་བཤད་དོ། །བཟའ་བ་ནི་བྱིན་གྱིས་བརླབས་པའི་གཏོར་མ་དང་བདུད་རྩི་དང་ཁ་ཟས་སོ། །དེ་ལྟར་ཟོས་ན་སེམས་ཅན་ཏེ་ཕྱི་དང་ནང་གི་དཔའ་བོ་དང་རྣལ་འབྱོར་མ་དབང་དུ་འགྱུར་རོ། །ནང་དོན་དུ་ན་རྡོ་རྗེ་ནི་སྟོང་པའམ་ཐབས། ཐོད་པ་ནི་བདེ་བ་སྐྱོང་བ་སྟེ་བདེ་བ་ནི་ཡེ་ཤེས་སམ་ཤེས་རབ། སྦྱོར་བ་ནི་ཐབས་ཤེས་རབ་སྙོམས་པར་འཇུག་པའོ། །རྡོ་རྗེ་ནི་འཁོར་ལོ་གོང་མ་རྣམས། ཐོད་པ་ནི་ལྟེ་བ། སྦྱོར་བ་ནི་འབར་འཛག་གོ །དེའང་སངས་རྒྱས་ཐོད་པ་ལས། རྡོ་རྗེ་སངས་རྒྱས་ཞེས་སུ་གསུངས། །ཐོད་པ་གསང་བ་ཡང་དག་བཤད། །སྦྱོར་བ་གསང་བར་གནས་དེ་ཡི། །སྣ་ཚོགས་བྱེད་པ་ངོ་མཚར་ཆེ། །ཞེས་གསུངས་སོ། །སྐྱེ་བོའི་ཤ་ནི་རྣམ་པར་རྟོག་པ་སྟེ་དེ་ཟོས་ན་གཉིས་སུ་མེད་པའི་ཡེ་ཤེས་སུ་འགྱུར་རོ། །ལེའུ་བདུན་པ་ཚིགས་སུ་བཅད་པ་སུམ་ཅུའི་རྣམ་པར་བཤད་པའོ།།  །།ད་ནི་ལེའུ་བརྒྱད་པ་བཤད་པར་བྱ་སྟེ། དེ་ལ་ཡང་ལེའུ་སྔ་ཕྱི་མཚམས་སྦྱར་ན་དེ་ལྟར་བརྡས་མཚོན་པའི་གྲོགས་རྡོ་རྗེ་རྣལ་འབྱོར་མ་ནི་འདི་ནས་འབྱུང་བའི་བཅོ་ལྔ་པོ་ཡིན་ལ། དེ་དང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉེ་བའི་རྒྱུ་བསྒོམ་པའི་ཕྱིར་དེའི་རྗེས་ལ་ལེའུ་བརྒྱད་པ་འབྱུང་ངོ༌། །སྦས་དོན་ལྟར་ན་རྩ་རྣམས་ལྷ་མོ་བཅོ་ལྔའི་ངོ་བོར་རྣམ་པར་དག་པའི་ཕྱིར་ལེའུ་བརྒྱད་པའོ། །འདིའི་བརྗོད་བྱའི་དོན་ནི་འདི་ལྟར་རྟོགས་པར་བྱ་སྟེ། ལམ་གྱི་གཙོ་བོ་མཆོག་གི་དངོས་གྲུབ་ཀྱི་མངོན་པར་རྟོགས་པ་ལྔ་རིམ་པ་བཞིན་འབྱུང་བའི་དབང་དུ་བྱས་ན་ལེའུ་དང་པོས་ལྟ་བ་བསྟན། ལེའུ་གཉིས་པས་ལམ་གྱི་གྲོགས་ཙམ་ཡིན་པས་མི་བསྔོ། གསུམ་པ་དང་བཞི་པས་བསྐྱེད་རིམ། ལྔ་པས་རྫོགས་རིམ། དེ་ལྟར་རིམ་པ་གཉིས་ལ་བརྟེན་པས་དྲོད་ཐོབ་ནས་དྲུག་པ་དང་བདུན་པས་སྤྱོད་པ་སྤྱད་ནས། བརྒྱད་པ་འདི་ཉེ་རྒྱུ་སྟོན་པའི་གཞུང་དུ་སྦྱོར་ཏེ། རྣལ་འབྱོར་མ་བཅོ་ལྔས་ནི་ཕྱིའི་ཡུལ་སུམ་ཅུ་སོ་གཉིས་ན་གནས་པའི་གྲོགས་ངོས་བཟུང་ནས། ནམ་མཁའི་ཁམས་ནི་པདྨ་ལ། །ཞེས་པ་མན་ཆད་ཀྱིས་དེ་ལ་བརྟེན་པའི་ཉེ་རྒྱུ་བསྒོམས་ནས་ལེའུ་དགུ་པས་སྤང་བྱ་ཐམས་ཅད་དག་པར་བྱས་ཏེ། ལེའུ་བཅུ་པ་དང་བཅུ་གཅིག་པས་ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་རྒྱལ་ཚབ་ཏུ་དབང་བསྐུར་ཏེ་རྟགས་མདོར་བསྡུས་བསྟན་ནས། ལེའུ་དང་པོའི་ཚུལ་དུ་མངོན་པར་རྫོགས་པར་འཚང་རྒྱ་བ་ཡིན་ནོ། །དེ་ལྟ་ན་ལེའུ་བརྒྱད་པ་རིལ་གྱིས་ཉེ་རྒྱུ་སྟོན་པའི་ཕྱིར་བརྗོད་བྱ་སྦས་པ། རྗོད་བྱེད་ཡན་ལག་ཡི་གེ་བསྡུས་དོན་གསུམ་ཀ མངོན་པར་རྟོགས་པ་ཉེ་བའི་རྒྱུ། བཤད་པའི་རྒྱུད་རྡོ་རྗེ་གུར་གྱི་ལེའུ་བཅོ་ལྔ་པ་ནས་ཉེ་རྒྱུ་འབྱུང་ལ། ཁ་སྦྱོར་གྱི་དགུ་པའི་དང་པོ་དང་བཅུ་པའི་དང་པོ་གཉིས་ལས་ཀྱང་འབྱུང་བ་ཡིན་ནོ། །དེ་ལྟར་ན་ལེའུ་འདིས་ཉེ་བའི་རྒྱུ་སྟོན་པའི་བཤད་པ་ནི་དེ་ཙམ་ཞིག་གིས་ཤེས་པར་ནུས་སོ། །དེ་ལྟ་བུའི་ཉེ་རྒྱུ་དང་འབྲས་བུའི་རྣམ་འཕྲུལ་དེ་ཉིད་ལས་དང་པོ་པས་ད་ལྟ་ཉམས་སུ་ལེན་ཏེ་གསང་སྔགས་འབྲས་བུ་ལམ་དུ་བྱེད་པའི་ཕྱིར་རོ། །དེ་ལྟར་ན་ལེའུ་འདི་དུམ་བུ་གསུམ་དུ་གནས་པ་ལས། ཐོག་མར་བསྐྱེད་རིམ་གྱི་གཞུང་གི་བརྗོད་བྱའི་དོན་བསྐྱེད་རིམ་སྤྱི། རྗོད་བྱེད་ནི་ཡན་ལག་གི་དོན། སྐུ་མདོག་གི་སྐབས་སུ་ཡི་གེའི་དོན་ཅུང་ཟད་ཀྱང་འཇུག་མངོན་པར་རྟོགས་པ་ནི་རྫོགས་པའི་རྟེན་བསྐྱེད་པའི་རིམ་པ། བཤད་པའི་རྒྱུད་ནི་རྡོ་རྗེ་གུར་གྱི་ལེའུ་བཞི་པ་དང་བཅུ་གཉིས་པ་གཙོ་ཆེ་ལ་བསྐྱེད་རིམ་སྟོན་པའི་ལེའུ་བཅུ་ཀས་ཀྱང་ཅི་རིགས་པར་ཕན་འདོགས་ལ། ཁ་སྦྱོར་གྱི་རབ་བྱེད་དྲུག་གིས་བསྐྱེད་རིམ་སྟོན་པ་ལས་འདི་ནི་གསུམ་པའི་གསུམ་པ་ནས་འབྱུང་ངོ༌། །ལུས་རྣམ་པར་གཞག་པ་ནི། ཇི་ལྟར་རིགས་པར་རྣལ་འབྱོར་མའི། །བསྐྱེད་དང་གནས་དང་བྱེད་རྒྱུ་དང༌། །ཞེས་བྱ་བའི་རྒྱས་པར་བཤད་པའོ། །གཞུང་གི་དོན་ལས་དང་པོ་བཤད་པར་དམ་བཅའ་བ་ནི། རྣལ་འབྱོར་མ་ཡི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ལྷ་མོའི་དཀྱིལ་འཁོར་དུ་སྤྲུལ་པ་སྟེ། རྡོ་རྗེ་རྩེ་མོ་ལས། སངས་རྒྱས་སྐུ་ཡང་བུད་མེད་གཟུགས་ཅན་དུ། །སེམས་ཅན་ཁམས་ནི་གདུལ་ཕྱིར་ཡང་དག་བསྟན། །བུད་མེད་གཟུགས་ཀྱང་ཆོས་ཉིད་དག་པ་སྟེ། །སངས་རྒྱས་ཀུན་གྱི་རིགས་སུ་གནས་པར་འགྱུར། །ཞེས་གསུངས་སོ། །གཞུང་གི་དོན་ལ་གཉིས་ལས། དང་པོ་མདོར་བསྟན་པ་ནི། ནམ་མཁའི་ཁམས་སུ་བྷ་ག་བསམ། །ཞེས་བྱ་བ་ཤློ་ཀ་གཅིག་ཡིན་ལ། ལྷག་མས་རྒྱས་པར་བཤད་པ་ཡིན་ནོ། །དེ་ལ་རེ་ཞིག་མངོན་པར་རྟོགས་པའི་རིམ་པ་མདོ་ཙམ་བརྗོད་ན། ཚོགས་ཀྱི་ཞིང་མདུན་གྱི་ནམ་མཁར་སྤྱན་དྲང་ཞིང་མཆོད་པ་ཚད་མེད་པ་བཞི་བསྒོམ་པ། སྟོང་པ་ཉིད་བསྒོམ་པ། སྲུང་བའི་འཁོར་ལོ་དུར་ཁྲོད་བརྒྱད་དང་བཅས་པ་བསྒོམ་པ་ནི་གོང་གི་ལེའུ་གསུམ་པས་ཁ་བསྐངས་ལ། ཡན་ལག་བདུན་བྱ་བ་དང་སྟོང་པ་ཉིད་བསྒོམ་པའི་སྔགས་ནི་རྡོ་རྗེ་གུར་ལེའུ་བཅུ་གཉིས་པ་ལས་འབྱུང་ལ། དེ་དག་གི་གོ་རིམ་ངེས་པའི་རྒྱུ་མཚན་ཡང་རྡོ་རྗེ་གུར་ལས། བླ་མ་སངས་རྒྱས་རྣམ་མཆོད་ཅིང༌། །བདུན་པོ་ཡོངས་སུ་དག་པར་བྱ། །ཞེས་བྱ་བ་དང༌། བླ་མ་སངས་རྒྱས་མཆོད་པ་དང༌། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་བྱ་བ་ལ་སོགས་པ་བདུན་པོ་རྣམ་པར་དག་པ་གསུངས་ནས། ཚངས་པའི་གནས་ནི་བཞི་པོ་ཡིས། །སེམས་ཀྱི་ངལ་ནི་བསོ་བར་བྱ། །ཕྱི་ནས་བྱང་ཆུབ་སེམས་གནས་ཏེ། །དེ་རྗེས་བསྲུང་བའི་དམ་ཚིག་གོ །ཞེས་གསུངས་སོ། །དེ་ལྟར་སྲུང་བའི་འཁོར་ལོའི་དབུས་སུ་ཆོས་ཀྱི་འབྱུང་གནས་ཀྱི་ནང་དུ་རླུང་ནས་རིམ་པས་བསྒོམས་པའི་འབྱུང་བ་རིམ་བརྩེགས་ལ་བར་དོའི་ཤེས་པ་ཞུགས་པ་ལས་གཞལ་ཡས་ཁང་གདན་དང་བཅས་པ་བསྒོམ་པར་བྱའོ། །དེར་མངོན་པར་བྱང་ཆུབ་པ་ཚན་པ་བཅོ་ལྔ་ལས་ལྷ་མོ་བཅོ་ལྔ་བསྐྱེད་པ་གསལ་གདབ་སྟེ། དེ་ནི་ལེའུ་འདི་ཉིད་ལས་འབྱུང་ངོ༌། །དེ་ནས་ཕྱི་མའི་གསུམ་པ་དང་རྡོ་རྗེ་གུར་ནས་འབྱུང་བ་ལྟར་སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང་ཡེ་ཤེས་འཁོར་ལོ་དགུག་གཞུག་བྱའོ། །དེ་ནས་དབང་བསྐུར་བ་ནི་གུར་ལས་ཀྱང་འབྱུང་ལ། འདི་ཉིད་ཀྱི་ལེའུ་བཞི་པ་ནས་འབྱུང་བས་དབང་བསྐུར་ལ་ཕྱི་མའི་ལེའུ་བཞི་པ་ནས་འབྱུང་བའི་རིགས་ཀྱི་བདག་པོའི་རྒྱས་གདབ་བོ། །དེ་ནས་རྡོ་རྗེ་གུར་ནས་འབྱུང་བའི་མཆོད་བསྟོད་བདུད་རྩི་མྱང་བ་བྱས་ལ། འདི་ཉིད་ནས་འབྱུང་བའི་ཁ་དོག་གི་སྒོ་ནས་ཞེན་པ་སྤངས་ཏེ་ལེའུ་དགུ་པས་དག་པ་རྗེས་སུ་དྲན་པར་བྱས་ནས་རྫོགས་རིམ་མམ་བཟླས་པའམ་སྤྱོད་ལམ་གྱི་རྣལ་འབྱོར་ལ་འཇུག་པར་བྱའོ། །འདི་ནི་མདོར་བསྡུས་པ་ཙམ་སྟེ་ལས་དང་པོ་པ་ལ་ཕན་གདགས་པར་བྱ་བའི་ཕྱིར་མངོན་པར་རྟོགས་པ་ཞིབ་ཏུའང་བཤད་པར་བྱའོ། །ད་ནི་རྒྱས་པར་བཤད་པ་ལས། འཁོར་ལོ་ས་དང་ཆུ་ནི་སྔོན། །ཞེས་བྱ་བ་ལ་སོགས་པ་ལ་འདིར་རླུང་ནས་མས་རིམ་དུ་བསྒོམ་པར་བྱའོ། །དེ་ལྟ་ན་སློབ་དཔོན་པདྨ་བ་དང་ཌོམྦི་པས་ས་ནས་སྒོམ་པ་དང་མི་འགལ་ལམ་སྙམ་ན་མི་འགལ་ཏེ། དེ་དག་ནི་བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར་དང་འཁོར་ལོ་བཞིའི་གོ་རིམ་ལ་དགོངས་པ་ཡིན་ཏེ། འདི་ཉིད་ཀྱི་ལེའུ་བཅུ་པ་ལས། རེག་པ་སྲ་བའི་བག་ཆགས་ཀྱིས། །ས་ནི་དེ་ལས་སྐྱེ་བར་འགྱུར། །བྱང་སེམས་གཤེར་བའི་རྣམ་པ་ཡིས། །ཆུ་ཡི་ཁམས་ནི་འབྱུང་བར་འགྱུར། །བསྐྱོད་པ་ལས་ནི་དྲོད་སྐྱེ་སྟེ། །འགྲོ་བས་རླུང་དུ་རབ་ཏུ་གྲགས། །ཞེས་འབྱུང་བ་དང༌། ཡང་ལྟེ་བ་ས། སྙིང་ག་ནི་ཆུ། མགྲིན་པ་མེ། སྤྱི་བོ་རླུང་གི་རང་བཞིན་ཡིན་པའི་ཕྱིར་རོ། །རླུང་ནས་བསྒོམ་པ་ནི་ཕྱི་རོལ་གྱི་འབྱུང་བ་རླུང་ནས་རིམ་གྱིས་ཆགས་པ་དང༌། ལུས་ཀྱི་དཀྱིལ་འཁོར་ལ་དགོངས་ཏེ་ཁ་སྦྱོར་ལས། རྐང་པའི་མཐིལ་དུ་རྩོམ་ཆེན་རླུང༌། །གཞུང་ཡི་དབྱིབས་སུ་ཡང་དག་གནས། །སུམ་མདོར་ཡང་ནི་མེ་ཡིན་ཏེ། །གྲུ་གསུམ་འབར་བའི་དབྱིབས་སུ་གནས། །ལྟོ་བར་ཡང་ནི་ཆུ་ཡིན་ཏེ། །ཟླུམ་པོའི་གཟུགས་སུ་ཡང་དག་གནས། །སྙིང་གར་ཡང་ནི་ས་ཉིད་དེ། །ཀུན་ནས་གྲུ་བཞི་པ་ཉིད་དོ། །ཞེས་འབྱུང་ངོ༌། །དེ་དག་ནི་ཡན་ལག་ཙམ་ཡིན་ལ་གཙོ་བོར་ས་ནས་བསྒོམ་པ་ནི་སྦྱང་གཞི་ལུས་གྲུབ་པའི་མངལ་གྱི་སྔོན་འགྲོ་སྦྱོང་བས་དྲི་མ་ཆུང་ལ། རླུང་ནས་བསྒོམ་པ་ནི་མངལ་གྱི་དངོས་གཞི་སྦྱོང་བས་ན་ཅུང་ཟད་ཟབ་སྟེ། ཕྱག་རྒྱ་ཆེན་པོ་ཐིག་ལེ་ལས། རྣམ་ཤེས་ལས་ནི་སྐྱེས་པ་རླུང༌། །དེ་ལས་མེ་ནི་འབྱུང་བར་འགྱུར། །དེ་ལས་སྐྱེས་པ་ཆུ་ཡིན་ཏེ། །དེ་ལས་དབང་ཆེན་འབྱུང་བར་འགྱུར། །དེ་ལས་ཕུང་པོ་འབྱུང་བར་འགྱུར། །དེ་ལས་སྐྱེ་མཆེད་འབྱུང་བར་འགྱུར། །དེ་ལས་རྣམ་ཤེས་སྐྱེ་འགྱུར་ཏེ། །དེ་ལས་ཡེ་ཤེས་སྐྱེ་བར་འགྱུར། །བརྒྱ་རྩ་བརྒྱད་ཀྱི་སྦྱོར་བས་སོ། །ཞེས་གསུངས་པ་ཡིན་ནོ། །གང་ལྟར་ཡང་འདྲ་བར་སྣང་བས་ན་སྦྱང་གཞི་གཙོ་ཆེ་ཆུང་ཅུང་ཟད་ཡོད་ཀྱང་ས་ནས་རིམ་གྱིས་བསྒོམས་པས་བཏུབ་མོད་སྙམ་ན། རྡོ་རྗེ་གུར་ལས། ནམ་མཁའི་ཁམས་ཀྱི་དབུས་གནས་པར། །རྡོ་རྗེའི་དཀྱིལ་འཁོར་བསྒོམ་པར་བྱ། །རྡོ་རྗེའི་དཀྱིལ་འཁོར་སྟེང་དུ་ཡང༌། །གསལ་བའི་དཀྱིལ་འཁོར་བསྒོམ་པར་བྱ། །གསལ་བའི་དཀྱིལ་འཁོར་དབུས་གནས་པར། །ཆུ་ཡི་དཀྱིལ་འཁོར་བསྒོམ་པར་བྱ། །ཆུ་ཡི་དཀྱིལ་འཁོར་སྟེང་དུ་ནི། །བརྟུལ་ཞུགས་ཅན་གྱིས་དབང་ཆེན་བསྒོམ། །ཞེས་འབྱུང་བ་ཡིན་ནོ། །འཕར་མ་གཉིས་སུ་འོང་བའི་རྒྱུ་མཚན་ནི་ནང་མས་ཟེ་འབྲུ་སྟེ་རྩ་དབུ་མ་མཚོན་ལ། ཆོས་ཀྱི་འབྱུང་གནས་ཀྱི་བྷ་གས་ནི་ཕྱིའི་འཕར་མ་མཚོན་ཏེ་གསང་བ་ཆོས་ཀྱི་དཀྱིལ་འཁོར་དང་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྲེ་བའི་དགོས་པའོ། །བརྟེན་པ་ལྷ་བསྐྱེད་པ་ལ་ལྔ་སྟེ། མངོན་པར་བྱང་ཆུབ་པ་ལྔ་ལས་ལྷ་རྣམས་བསྐྱེད་པའི་ཚུལ་དང༌། ཕྱོགས་གང་དུ་ལྷ་མོ་གང་དགོད་པ་དང༌། ལྷ་མོ་རྣམས་ཀྱི་མཚན་ཉིད་དང༌། དེ་ལྟར་བསྒོམས་པའི་ཕན་ཡོན་དང༌། ཁ་དོག་གི་སྒོ་ནས་ཞེན་པ་སྤང་བར་བྱ་བའི་ཕྱིར་རྒྱལ་བ་དྲུག་གི་བདག་ཉིད་ཡན་ལག་དྲུག་ཏུ་བསྒོམ་པའོ། །དང་པོ་ལ་ཡང་ལྔ་ལས། ཐོག་མ་ལྷ་མོ་རྣམས་ཀྱི་མངོན་པར་བྱང་ཆུབ་པའི་ཚུལ་ནི་དེའི་སྟེང་དུ་ཞེས་བྱ་བ་ལ་སོགས་པ་སྟེ། འདི་འཆད་པ་ནི་སྤྱིའི་དོན་དང༌། ཡན་ལག་གི་དོན་གཉིས་ལས། དང་པོ་ལ་གསུམ་སྟེ། གང་བསྒོམ་པའི་དོན་དང༌། ཇི་ལྟར་བསྒོམ་པའི་ཚུལ་དང༌། དེ་ལྟར་བསྒོམ་པའི་འཐད་པའོ། །དང་པོ་ནི་མངོན་པར་བྱང་ཆུབ་པ་ལྔ་སྟེ། དེའང་གདན་རྣམས་ཀྱི་སྟེང་དུ་ཨཱ་ལི་ཕྲག་གཉིས་སྐར་མའི་རྣམ་པ་ལྟ་བུ་ཚན་པ་བཅོ་ལྔ་ཕྲག་གཉིས་བསམ་སྟེ། སུམ་ཅུ་རྩ་གཉིས་པོ་དེ་ནི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་སུ་མོས་པ་བྱའོ། །དེ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་བཅོ་ལྔ་དུས་གཅིག་ཏུ་བསྐྱེད་དེ་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །ཡང་ཟླ་བའི་སྟེང་དུ་ཀཱ་ལི་སོ་བཞིའི་སྟེང་དུ་ཡ་ར་ལ་ཝ་ཌ་ཌྷ་དྲུག་བསྣན་པས་བཞི་བཅུ། དེ་ཕྲག་གཉིས་མར་མེའི་རྣམ་པ་དང་འདྲ་བ་བརྒྱད་ཅུ་པོ་དཔེ་བྱད་བཟང་པོ་བརྒྱད་ཅུའོ། །དེ་ལས་ཉི་མ་བཅོ་ལྔ་སྟེ་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་དག་གི་བར་རྣམས་སུ་ཨོཾ་ལ་སོགས་པ་ས་བོན་བཅོ་ལྔ་ལས་ཕྱག་མཚན་གྲི་གུག་ས་བོན་གྱིས་མཚན་པ་བཅོ་ལྔ་སྟེ་སོ་སོར་རྟོག་པའི་ཡེ་ཤེས་སོ། །སོ་སོའི་ས་བོན་ཕྱག་མཚན་དང་ཟླ་བ་ཉི་མ་འདྲེས་པ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་སོ། །དེ་ལས་ལྷ་མོ་བཅོ་ལྔའི་སྐུ་དུས་གཅིག་ཏུ་བསྐྱེད་དེ་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་སུ་མོས་པ་བྱའོ། །གཉིས་པ་ཇི་ལྟར་བསྒོམ་པའི་ཚུལ་ནི། ཁ་ཅིག་འདི་སྐད་དུ། གལ་ཏེ་ཟླ་བ་ལ་སོགས་པ་དེ་དག་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་ཡིན་ནས་བསྒོམ་མམ་མིན་ཡང་བསྒོམ། དང་པོ་ལྟར་ན་གྲུབ་ཟིན་པ་ལ་བསྒྲུབ་པར་འགྱུར་ལ། གཉིས་པ་ལྟར་ན་སྤྲང་པོས་རྒྱལ་པོར་རློམ་པ་ལྟར་བསྒོམས་ཀྱང་མི་འགྲུབ་བོ་སྙམ་ན་ཡིན་ནས་བསྒོམ་པ་ལ། འདི་ལ་ཡང་འབྲས་བུ་དངོས་ཡིན་པ་དང་ཆོས་ཉིད་དམ་རྣམ་པ་ཡིན་པ་གཉིས་ལས་འདི་ནི་ཆོས་ཉིད་དམ་རྣམ་པ་ཡིན་ལ་དེའང་ཚུལ་འདི་ལྟར་བསྒོམ་སྟེ་རྣམ་པ་ཟླ་བར་བསྒོམས་པས་བསྒོམ་སླ་བས་རྣམ་པ་ལམ་དུ་བྱེད་པ་ཞེས་བྱ། རྣམ་པ་དེ་ཉིད་ལ་དོན་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པར་མོས་པ་བྱས་པས་ལན་ཅིག་དེ་འཐོབ་པར་འགྱུར་བས་མོས་པ་ལམ་དུ་བྱེད་པ་སྟེ། ཟླ་བ་མེ་ལོང་ཡེ་ཤེས་ལྡན། །ཞེས་འབྱུང་ངོ༌། །དེའང་སངས་རྒྱས་ལ་མངའ་བའི་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔ་ནི་འདི་ཉིད་ཡིན་སྙམ་དུ་འབྲས་བུ་ད་ལྟ་ཉིད་ནས་བསྒོམས་པས་འབྲས་བུ་ལམ་དུ་བྱེད་པའོ། །དེས་བདག་གི་རྒྱུད་ལ་ཚོགས་བསོག་ཅིང་སྒྲིབ་པ་བདག་པའི་རྟེན་འབྲེལ་དུ་འགྱུར་བས་ན་བྱིན་རླབས་ལམ་དུ་བྱེད་པའོ། །དེ་བས་ན་རྣམ་པ་དེ་ལ་ངོ་བོར་ཞེན་པས་ན་ཞེན་པས་འཇུག་པའི་ལམ། ཐབས་དེས་དེ་བཞིན་གཤེགས་པའི་ཐུགས་རྗེས་མི་སླུ་བས་འབྲེལ་པས་མི་བསླུ་བའི་ལམ་ཞེས་བྱའོ། །གསུམ་པ་དེ་ལྟར་བསྒོམ་པའི་འཐད་པ་ནི་མངོན་པར་བྱང་ཆུབ་པ་ལྔ་ལས་མངོན་བྱང་དང་པོའི་དབང་དུ་བྱས་ན་ཅིའི་ཕྱིར་མེ་ལོང་ལྟ་བུ་ཞེས་བྱ། ཅིའི་ཕྱིར་རྣམ་པ་ཟླ་བར་བསྒོམ། ཅིའི་ཕྱིར་རྒྱུ་ཨཱ་ལི་ལས་བསྐྱེད། ཅིའི་ཕྱིར་ཁ་དོག་དཀར་པོར་བསྒོམ་པའམ་འོད་ཟེར་དཀར་པོ་འཕྲོ་བ་ཡིན་ཞེ་ན། དང་པོ་ནི་ཆོས་ཐམས་ཅད་གཟུགས་བརྙན་གྱི་ཚུལ་གྱིས་སྣང་བས་མེ་ལོང་དང་འདྲ་བས་མེ་ལོང་ལྟ་བུ་སྟེ། ཡེ་ཤེས་གྲུབ་པ་ལས། ཇི་ལྟར་གཟུགས་བརྙན་མེ་ལོང་ལ། །རང་ཉིད་ངེས་པར་སྣང་བ་བཞིན། །དེ་བཞིན་ཆོས་སྐུའི་ཡེ་ཤེས་ནི། །སྣང་བས་མེ་ལོང་ཞེས་བྱའོ། །ཞེས་སོ། །དེ་ཉིད་གཟུགས་ཀྱི་ཕུང་པོ་དང་ཀུན་གཞི་དག་པའི་བདག་ཉིད་དོ། །གཉིས་པ་དེ་ཟླ་བ་ཁོ་ནར་བསྒོམ་པ་ནི་ཟླ་བ་དང་འདྲ་བའི་ཕྱིར་ཏེ། རྡོ་རྗེ་རྩེ་མོ་དང་ཁ་སྦྱོར་ལས། ཡིད་གཉིས་ཀུན་ལས་རྣམ་གྲོལ་བ། །རྣམ་པར་རྟོག་པའི་རབ་རིབ་འཕྲོག །ཉོན་མོངས་དྲི་མ་ཀུན་ལས་འདས། །ཟླ་མཚུངས་སེམས་ནི་ཟླ་བ་ཉིད། །ཅེས་དྲི་མ་དང་བྲལ་བར་འདྲ་བས་སོ། །གསུམ་པ་དེ་ཨཱ་ལི་ལས་བསྐྱེད་པ་ནི་དེ་ཉིད་སྐུའི་རྣམ་པར་བྱུང་བ་ན་མཚན་གྱི་རྣམ་པ་ཡིན་པས་ཏེ། སངས་རྒྱས་ཀུན་གྱི་ཡོན་ཏན་འདིར། །ཨ་སོགས་གཟུགས་ཀྱིས་འཇུག་པར་འགྱུར། །ཞེས་སོ། །བཞི་པ་ཟླ་བ་འོད་དཀར་པོར་བསྒོམ་པ་ནི། ཡེ་ཤེས་དེ་རང་བཞིན་གྱིས་རྣམ་པར་རྟོག་པ་དང་བྲལ་བས་སོ། །ཡང་མངོན་བྱང་གཉིས་པ་འདི་ལ་བཞི་ལས། །དང་པོ་ཅིའི་ཕྱིར་མཉམ་པ་ཉིད་ཡིན་ཞེ་ན། ཡེ་ཤེས་གང་གིས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པ་སྟེ། དེ་བཞིན་གཤེགས་ཀུན་ཡེ་ཤེས་ཏེ། །རང་གི་དང་ནི་འགྲོ་བའི་ཡང༌། །དངོས་ཉིད་གཅིག་པར་ཐུགས་ཆུད་པས། །མཉམ་ཉིད་ཡེ་ཤེས་ཞེས་བྱའོ། །ཞེས་སོ། །ཡེ་ཤེས་དེ་ནི་ཚོར་བའི་ཕུང་པོ་དང་ཉོན་མོངས་པ་ཅན་གྱི་ཡིད་རྣམ་པར་དག་པའི་བདག་ཉིད་ཀྱི་ཕྱིར་རོ། །གཉིས་པ་དེ་ཉི་མར་བསྒོམ་པ་ནི་ཉི་མ་དང་འདྲ་བའི་ཕྱིར་ཏེ། ཉི་མས་མུན་པ་ཐམས་ཅད་མཉམ་པར་འཇོམས་པས་སམ། ཡང་ན་ཡེ་ཤེས་དེ་སེམས་ཅན་ལ་ཆགས་པས་སེམས་ཅན་འཛིན་ཏེ། སྙིང་རྗེས་གདུག་པ་ཡང་དག་དབྱུང༌། །སེམས་ཅན་རྗེས་སུ་འཛིན་པ་པོ། །དགེ་བའི་ཆོས་ཀྱིས་ཡང་དག་གང༌། །ཉོན་མོངས་ཐམས་ཅད་ངེས་པར་གནོན། །ཞེའོ། །གསུམ་པ་ཉི་མའི་འོད་དམར་པོར་བསྒོམ་པ་ནི། ཡེ་ཤེས་དེ་སེམས་ཅན་ལ་རྗེས་སུ་ཆགས་པའོ། །བཞི་པ་ཀཱ་ལིས་མཚན་པ་ནི་ཡེ་ཤེས་དེ་སྐུའི་རྣམ་པར་འབྱུང་བ་ན་དཔེ་བྱད་བརྒྱད་ཅུར་འགྱུར་བས་ཀཱ་ལི་ལས་བསྐྱེད་དེ། སངས་རྒྱས་ཡོན་ཏན་ཀ་སོགས་ཀྱི། །རྣལ་འབྱོར་གྱིས་ནི་འཇུག་པར་འགྱུར། །ཞེས་སོ། །འོག་མ་གསུམ་ལ་གཉིས་གཉིས་ལས་དང་པོ་མངོན་བྱང་གསུམ་པ་སོ་སོར་རྟོག་པའི་ཡེ་ཤེས་ནི། རང་བཞིན་གྱིས་འོད་གསལ་བས་ཤེས་བྱ་ཐམས་ཅད་མ་འདྲེས་པར་མཁྱེན་པ་སྟེ། གདོད་ནས་དག་ཅིང་དྲི་མ་མེད། །རང་བཞིན་གྱིས་ནི་འོད་གསལ་བ། །ཕན་ཚུན་ཁྱབ་པའི་ཡེ་ཤེས་པས། །སོ་སོར་རྟོག་པ་ཅན་ཞེས་བཤད། །ཅེས་སོ། །དེ་ཉིད་འདུ་ཤེས་ཀྱི་ཕུང་པོ་དང་ཡིད་ཀྱི་རྣམ་པར་ཤེས་པའི་བདག་ཉིད་ཅན་ནོ། །གཉིས་པ་དེ་ཕྱག་མཚན་དུ་བསྒོམ་པའང་འདྲ་བའི་ཕྱིར་ཏེ། བྱང་ཆུབ་སྤྱོད་དང་དེ་བཞིན་ས། །ཡེ་ཤེས་དག་པ་ཟག་པ་མེད། །དེ་ཕྱིར་དཀྱིལ་འཁོར་ནང་གནས་པ། །དེ་ཡི་རང་གི་ཕྱག་མཚན་བརྟག །ཅེས་སོ། །མངོན་བྱང་བཞི་པ་བྱ་བ་ནན་ཏན་ནི། སངས་རྒྱས་ཐམས་ཅད་ཀྱི་མཛད་པ་རོ་གཅིག་པ་སྟེ། ཀུན་ཏུ་ཀུན་ནས་སངས་རྒྱས་ཀྱི། །སངས་རྒྱས་མཛད་པ་ལ་འཇུག་པ། །སངས་རྒྱས་ཐམས་ཅད་མཛད་གཅིག་པས། །བྱ་བ་གྲུབ་པ་ཞེས་བཤད་དོ། །ཞེས་སོ། །དེ་ཉིད་འདུ་བྱེད་ཀྱི་ཕུང་པོ་དང་སྒོ་ལྔའི་རྣམ་ཤེས་ཀྱི་བདག་ཉིད་དོ། །གཉིས་པོ་དེ་འདྲེས་པར་བསྒོམ་པའང་དེ་འདིར་གཅིག་ཏུ་གྱུར་པ་དང་འདྲ་བས་སོ། །མངོན་བྱང་ལྔ་པ་ཆོས་ཀྱི་དབྱིངས་ལ་ཆོས་ནི་ཕུང་པོ་ལྔའི་བདག་ཉིད་མ། སྒྲིབ་པ་ཐམས་ཅད་ཀྱི་བདག་ཉིད་དོ། །དེ་དག་གི་དབྱིངས་ནི་རྒྱུའོ། །དེ་གང་ཞེ་ན་རྣམ་པར་དག་པ་སྟེ་སྤྲོས་པ་དང་བྲལ་བའོ། །ཡང་ན་ཆོས་ནི་སངས་རྒྱས་ཀྱི་ཆོས་སོ། །དབྱིངས་ནི་རྒྱུའོ། །དེ་སྒྲིབ་པ་ཐམས་ཅད་ལས་གྲོལ་བ་སྟེ། གང་ཚེ་ཉོན་མོངས་ཤེས་བྱའི་སྒྲིབ། །ཐམས་ཅད་ལས་གྲོལ་དེ་ཡི་ཚེ། །རྣལ་འབྱོར་པ་མཆོག་རྡོ་རྗེ་ཅན། །ཤིན་ཏུ་རྣམ་དག་ཅེས་བཤད་དོ། །དེ་ཉིད་རྣམ་ཤེས་ཀྱི་ཕུང་པོ་དང་བྱང་ཆུབ་ཀྱི་སེམས་ཀྱི་བདག་ཉིད་དོ། །གཉིས་པ་དེ་སྐུ་རྫོགས་པ་དང་མཐུན་ཏེ་སངས་རྒྱས་ཀྱི་ཡེ་ཤེས་ཐམས་ཅད་ཡོངས་སུ་རྫོགས་པ་དང་འདྲ་བས་སོ། །དེ་ལྟར་ན་མངོན་པར་བྱང་ཆུབ་པ་ལྔ་པོ་འདི་སྦྱང་གཞི་ལམ་དང་འབྲས་བུ་དང་བཅས་པ་གོ་བར་བྱའོ། །ཡེ་ཤེས་ཀྱི་ངེས་ཚིག་ནི་འཕགས་པ་བྱམས་པས་བཤད་པ་ལ་སོགས་པའང་འདི་དང་དོན་འདྲའོ། །འདིར་བྲིས་པ་ནི་སངས་རྒྱས་ཀྱི་སའི་དགོངས་པ་དང་ཡེ་ཤེས་གྲུབ་པ་ལས་གསུངས་པ་དང༌། རྡོ་རྗེ་རྩེ་མོ་དང་ཁ་སྦྱོར་ལས་གསུངས་པ་ཡིན་ནོ། །ཚིག་གི་དོན་ལ། དང་པོར་ཨཱ་ལི་ཀཱ་ལི་སྤངས་པའི་མངོན་བྱང་དང༌། མ་སྤངས་པའི་དང༌། ཡེ་ཤེས་ཀྱི་མིང་དང་གསུམ་སྟེ་ཚིག་དོན་དངོས་རྟོགས་པར་སླའོ། །དེ་ལྟར་སྦྱང་གཞི་དང་སྦྱོང་བྱེད་ལམ་དང་འབྲས་བུའི་དབྱེ་བས་ལྷ་མོ་རྣམས་མངོན་པར་བྱང་ཆུབ་པ་ལྔ་ལས་བསྐྱེད་པར་གོ་ནས་འདི་སྙམ་དུ་རྟོག་སྟེ། ཅི་ལྷ་མོ་རྣམས་ཀྱི་མངོན་པར་བྱང་ཆུབ་པ་ལྔ་པོ་འདི་ཉིད་ལྟར་ཡབ་ཀྱི་མངོན་པར་བྱང་ཆུབ་པའང་དེར་ངེས་སམ་སྙམ་ན་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཨཱ་ལི་ཀཱ་ལི་མཉམ་སྦྱོར་བ། །ཞེས་སྨོས་སོ། །འདི་ལ་སྤྱིའི་དོན་གསུམ་སྟེ། མི་འདྲ་བའི་ཁྱད་པར་དང༌། དེའི་དགོས་པ་དང༌། འདིར་འབྱུང་བའི་རྒྱུ་མཚན་ནོ། །དང་པོ་ནི་མངོན་བྱང་ལྔ་ཀ་མི་འདྲ་བ་ལས་དང་པོ་ཨཱ་ལི་ལས་ཟླ་བའི་དཀྱིལ་འཁོར་ཟུར་གསུམ་པ་ཨཱ་ལིས་མཚན་པ་ཡིན་པས་དང་པོ་མི་འདྲ་སྟེ། དཔལ་ཁ་སྦྱོར་ལས། གྲུ་གསུམ་རྒྱ་ཆེན་རང་བཞིན་ཅན། །སངས་རྒྱས་ཀུན་གྱི་ཡོན་ཏན་གནས། །འདི་ཡང་ཨ་སོགས་གཟུགས་ཀྱིས་ནི། །སངས་རྒྱས་ཡོན་ཏན་འཇུག་པར་འགྱུར། །ཤེལ་དང་ཟླ་བ་ལྟ་བུར་ནི། །དེ་ཡི་སྟེང་དུ་འཇུག་པར་འགྱུར། །ཞེས་བྱ་བ་དང༌། གྲུ་གསུམ་དུ་བསྒོམ་པའང༌། དེ་ལ་ཟླ་བའི་དཀྱིལ་འཁོར་ནི། །གྲུ་གསུམ་ཉིད་དུ་བསྒོམ་པར་བྱ། །ཞེས་སོ། །གཉིས་པའང་མི་འདྲ་སྟེ། ཀཱ་ལི་བརྒྱད་ཅུ་ལས་མཉམ་སྦྱོར་བ་སྟེ། དེ་ཡང་ཟླ་བ་གྲུ་གསུམ་ཀཱ་ལིས་བརྒྱན་པའོ། །ཡང་གསུངས་པ། ཟླ་བའི་སྟེང་དུ་ཡང་ཟླ་བ། །བྱང་ཆུབ་ཟླ་བ་གཉིས་པ་ཅན། །སངས་རྒྱས་ཡོན་ཏན་ཀ་སོགས་ཀྱིས། །སྐར་མདའ་འདིར་ཡང་འཇུག་པར་འགྱུར། །ཞེས་སོ། །གསུམ་པའང་མི་འདྲ་སྟེ། དེ་ལྟ་བུའི་ཟླ་བ་གཉིས་ནི་རྡོ་རྗེ་སེམས་དཔའ་ཉིད་ཀྱི་གདན་ཏེ་བསྐྱེད་པའི་གཞིའོ། །དེའི་སྟེང་དུ། ཡི་གེ་ལས་བྱུང་གོང་བུ་ལ། །ཧཱུྃ་ཕཊ་རྣམ་པ་འདོད་མི་བྱ་སྟེ། ཧཱུྃ་ལས་བྱུང་པའི་རྡོ་རྗེ་རྩེ་ལྔ་པ་དཀར་པོ་ཧཱུྃ་གིས་མ་མཚན་པའོ། །དེ་ལྟར་ཡང༌། བྱང་ཆུབ་སྤྱོད་པ་བླ་ན་མེད། །དེ་ཡིས་ནི་རྟོགས་པ་སྟེ། །ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །རྡོ་རྗེ་ངེས་པར་བརྟག་པར་བྱ། །ཞེས་སོ། །བཞི་པའང་མི་འདྲ་སྟེ། དེ་ལས་འོད་སྤྲོ་བ་དང་བསྡུ་བ་བྱས་པ་ལས་གཅིག་ཏུ་གྱུར་པའོ། །ཡང་གསུངས་པ། རྡོ་རྗེ་སེམས་དཔའི་རྡོ་རྗེ་ནི། །རྩེ་མོ་ལྔ་པ་འོད་ཟེར་ཅན། །ཞེས་བྱ་བ་དང༌། འདིས་ནི་སྔགས་ཀྱི་རྣལ་འབྱོར་གྱིས། །སྤྲོ་བ་དང་ནི་བསྡུ་བ་བྱ། །ཞེས་སོ། །ལྔ་པའང་མི་འདྲ་སྟེ། སེམས་དཔའི་གཟུགས་བརྙན་ལས་བྱུང་བའི། །དཀྱིལ་འཁོར་བདག་པོ་རྣམ་པར་བསྒོམ། །ཕྱག་མཚན་ཞལ་སོགས་གོང་མ་བཞིན། །ཟླ་བ་ཆུ་ཤེལ་ནོར་བུའི་འོད། །ཅེས་བྱ་སྟེ། སྐུ་མདོག་དཀར་པོ་ཞལ་བརྒྱད་ཕྱག་བཅུ་དྲུག་པ་སྟེ། ཡང་གསུངས་པ། རྡོ་རྗེ་ཡོངས་གྱུར་དེ་མ་ཐག །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །ཟླ་བའི་ཁ་དོག་མཉམ་འོད་ཀྱི། །རྡོ་རྗེ་སེམས་དཔའ་བསམ་པར་བྱ། །ཞེས་གསུངས་པ་ལྟ་བུའོ། །དེ་ལྟ་བུའི་མངོན་པར་བྱང་ཆུབ་པ་ལྔ་པོ་དེ་ནི་འདི་ཡིན་ཏེ། སེམས་སོ་སོར་རྟོག་པ་དང༌། དེ་གསལ་བར་བྱེད་པ་དང༌། དེ་བརྟན་པར་བྱེད་པ་དང༌། ཤིན་ཏུ་བརྟན་པར་བྱེད་པ་དང༌། རྡོ་རྗེའི་སྐུར་གྱུར་པའོ། །དེ་ནི་ཡེ་ཤེས་ལྔར་འགྱུར་རོ་ཞེས་བྱ་བར་དགོངས་པའོ། །གཉིས་པ་དེ་ལྟར་བསྒོམ་པའི་དགོས་པ་ནི། འདིས་གསང་བའི་དབང་མཚོན་ལ། ལྷ་མོ་རྣམས་ཀྱིས་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་མཚོན་ཏོ། །དེ་ལ་གསང་དབང་གི་དུས་སུ་སློབ་མ་ལ་རྣམ་པར་རྟོག་པའི་གྲྭ་ཟུར་དང་བཅས་པས་ཟུར་གསུམ་མོ། །ཤེས་རབ་ཡེ་ཤེས་ཀྱི་དུས་སུ་མི་རྟོག་པས་ཟླུམ་པོའོ། །གསང་དབང་ལ་གཉིས་ཀའི་བྱང་ཆུབ་ཀྱི་སེམས་དཀར་བ་དང་ལྡན་པས་ན་གཉིས་ཀ་ཟླ་བའོ། །ཤེས་རབ་ཡེ་ཤེས་ཀྱི་ཤེས་རབ་ལ་ཉི་མ་ལྟར་དམར་ཞིང༌། ཐབས་ལ་དཀར་བས་ན་ཟླ་བ་དང་ཉི་མའོ། །གསང་དབང་གི་བྱང་ཆུབ་ཀྱི་སེམས་ནི། ཐུ་བོ་སྲིན་ལག་དག་གིས་ནི། །སློབ་མའི་ཁར་ནི་ལྟུང་བར་བྱ། །ཞེས་འབྱུང་བས་ན་མི་འགེགས་པས་ཧཱུྃ་ཕཊ་མེད་པའོ། །ཤེས་རབ་ཡེ་ཤེས་འགེགས་པས་ན་ས་བོན་ཡོད་པའོ། །གསང་དབང་ལ་ཐིག་ལེ་སྤྲོ་བས་ན་འོད་སྤྲོ་བའོ། །ཤེས་རབ་ཡེ་ཤེས་འཛིན་པས་ན་འོད་མི་སྤྲོ་བའོ། །གསང་དབང་གི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ལ་བརྟན་པས་སམ། རང་བཞིན་བརྒྱད་ཅུའི་རྟོག་པའི་དྲི་མ་དང་བྲལ་བས་དཀར་བའོ། །ཤེས་རབ་ཡེ་ཤེས་ཀྱི་བདེ་བ་ནི་བདེ་བ་གནག་ཅིང་ཞེས་བྱ་བ་ལ་སོགས་པས་དཀར་བ་མ་ཡིན་པའོ་ཞེས་བྱ་བ་ལ་དགོངས་སོ་ཞེས་བླ་མ་ས་ཆེན་གསུང་ངོ༌། །གཞན་ཡང་འདི་ལ་དངོས་པོའི་གནས་ལུགས་སམ། འབྲས་བུའི་རྒྱུད་ཀྱི་དབང་དུ་བྱས་པའམ། རྒྱུའི་རྒྱུད་ལ་སྦྱར་བའམ། དེ་ལས་གཞན་ལ་སྦྱར་བ་ལ་སོགས་པ་དགོངས་པ་མང་སྟེ། དབྱིངས་དང་ཡེ་ཤེས་རྒྱས་གདབ་ཕྱིར། །རང་བཞིན་གྱིས་དག་རྒྱུ་འབྲས་ཕྱིར། །ཐིག་ལེའི་རིམ་ཕྱིར་ལུས་སེམས་ཕྱིར། །དབང་ཕྱིར་དགོས་པ་བསམ་ཡས་ཕྱིར། །ཞེས་བྱ་བ་སྟེ། བླ་མ་རྗེ་བཙུན་རེ་ཞིག་སྐབས་འདིར་མི་གསུང་བསམ་མི་བྲིའོ། །ཡང་གསུམ་པ་སྐབས་འདིར་འབྱུང་བའི་རྒྱུ་མཚན་ཅི་ཡིན་སྙམ་ན། སྐབས་འདིར་ལྷའི་སྐྱེད་ཆོག་སྟོན་པའི་སྐབས་ཡིན་ལ། དེ་ལ་ལྷ་མོ་རྣམས་དང་ཐུན་མོང་དུ་བསྟན་ནས། རྒྱུ་རྡོ་རྗེ་སེམས་དཔའ་བསྐྱེད་པ་ཡང་དེ་དང་མཚུངས་སམ་ཞེས་རྟོག་ན། དེ་དང་མི་མཚུངས་པ་ཡང་ཡོད་དོ་ཞེས་བསྟན་པའི་ཕྱིར་འདིར་བསྟན་ཏོ། །དེ་བས་ན་ཕྱི་མའི་ལྔ་པ་ལས། བདག་གི་འཁོར་ལོ་ཁྱོད་གསུངས་ན། །ཁྱོད་ཀྱི་དཀྱིལ་འཁོར་ཇི་ལྟར་ལགས། །ཞེས་ཞུ་བའང་རིགས་ལ། ཞུས་པའི་ལན་གྱི་སྐབས་སུའང་ཚོགས་གཉིས་བསག་པ་དང་སྲུང་འཁོར་ལེའུ་གསུམ་པར་གསུངས་པ་དང༌། གཞལ་ཡས་ཁང་གི་རྒྱུ་འབྱུང་བ་རིམ་བརྩེགས་ལ་སོགས་པ་ནས་མངོན་པར་བྱང་ཆུབ་པའི་བར་འདིར་གསུངས་པ་འདིས་ཤེས་པས་ན་གཞལ་ཡས་ཁང་གི་ཁྱད་པར་ཙམ་དང༌། ལྷན་ཅིག་སྐྱེས་དགའི་རང་བཞིན་ལས། །དེ་ལ་དབུས་སུ་ང་ཡོད་དེ། །ཞེས་ལྷའི་རྣམ་པ་ཙམ་ལས་བསྐྱེད་པ་རྒྱས་པར་མ་གསུངས་པས་ན་རིགས་པ་འདིས་འདིར་ཤེས་པར་ནུས་སོ། །འོ་ན་སློབ་དཔོན་སྦྱང་དཀའ་ཟླ་བས་ཡན་ལག་དྲུག་པར། བདུན་གྱི་བདུན་པ་མཉམ་ཉིད་ལྡན། །ཞེས་མི་མཉམ་པར་སྦྱོར་བའི་མངོན་པར་བྱང་ཆུབ་པ་གསུངས་པ་ཇི་ལྟར་དྲང་ཞེ་ན། བདེན་མོད་ཀྱི། སློབ་དཔོན་གྱིས་རིགས་བསྡུས་པའི་སྒྲུབ་ཐབས་སུ་འདི་ཉིད་གསུངས་ལ། ཡན་ལག་དྲུག་པར་ནི་ཐུན་མོང་གི་ཆོ་ག་ལ་དགོངས་ཏེ་བསྟན་པའོ། །དེས་ན་ཉམས་སུ་བླང་བར་འདོད་པས་ཆོ་ག་ཐ་དད་བླ་མའི་གསུང་བཞིན་དུ་བྱའོ། །འདི་ལ་སློབ་དཔོན་ཤཱནྟི་པ་དང་དམ་ཚིག་རྡོ་རྗེ་བས་བདག་མེད་མའི་མངོན་པར་བྱང་ཆུབ་པ་ཉིད་མཇུག་བསྡུས་ཏེ་འཆད་ན། ཧཱུྃ་ཕཊ་མི་འདོད་པ་ནི་ཨྃ་ལས་དགོངས་པའོ། །དཀྱིལ་འཁོར་བདག་པོ་ནི་བདག་མོར་བསྒྱུར་རོ། །གོང་མ་བཞིན་ནི་ཆོས་ཀྱི་བརྡས་འཆད་པར་འགྱུར་བའམ། དམ་ཚིག་རྡོ་རྗེས་ལུ་གུ་རྒྱུད་མ་བཞིན་དུའོ་ཞེས་འཆད་དོ། །ཟླ་བ་ཆུ་ཤེལ་ནོར་བུའི་འོད་ནི་གདན་གྱི་ཟླ་བ་དང་འོད་ཅེས་འཆད་དོ། །དེ་ནི་ཡང་དག་པ་མ་ཡིན་ཏེ་གཞུང་དང་ཡང་འགལ་ལ། དོན་དང་ཡང་འགལ་ལོ། །དང་པོ་ནི་ཉི་ཟླ་ཁ་སྦྱར་ནི་མི་མཉམ་པ་ཡིན་པས་མཉམ་སྦྱོར་བ་ཞེས་བྱ་བ་དང་འགལ་ལ། བདག་པོ་བདག་མོར་བསྒྱུར་ན་ཧ་ཅང་ཐལ་ཞིང༌། ཕྱག་མཚན་ཞལ་སོགས་གོང་མ་བཞིན། །ཞེས་བརྗོད་ན་ཁྱད་པར་དུ་ཟླ་བའི་འོད་ཅེས་སྨོས་པ་དོན་མེད་ལ། ཟླ་བའི་གདན་ཡང་མི་རིགས་ཏེ་འདི་དག་ནི་ཁྲོ་མོ་ཡིན་ལ། ཁྲོ་བོ་ཁྲོ་མོ་རྣམས་ནི། འབར་བའི་ཕྲེང་བ་འཁྲིགས་པའི་འོད། །ཅེས་བྱ་བ་ཉི་མར་བཤད་པ་དང་འགལ་བར་འགྱུར་རོ། །གཉིས་པ་དོན་དང་ཡང་འགལ་ཏེ། སྔར་མ་བཤད་པའི་མངོན་བྱང་མེད་ཅིང་བཤད་པ་ཉིད་འཆད་ན་ཟློས་པར་འགྱུར་ལ། སྦྱང་གཞི་དང་སྦྱོང་བྱེད་འཆོལ་བར་ཡང་འགྱུར་རོ། །ཡང་སློབ་དཔོན་པདྨ་བ་དང༌། ནག་པོ་སྤྱོད་པ་བ་དང༌། བྷ་ཝ་པ་རྣམས་ནི་རྒྱུ་རྡོ་རྗེ་འཛིན་པར་འཆད་ལ། དེའང་བདག་མེད་མ་དང་འབྲེལ་པར་འཆད་དེ། རྡོ་རྗེ་གུར་ལས། བྷྲཱུྃ་ལས་གནས་ནི་བསམས་ནས་སུ། །རྣམ་པ་ལྔ་ནི་རབ་བརྟག་བྱ། །ཡེ་ཤེས་ལྔ་ལས་བྱུང་བ་ཡི། །སེམས་དཔའི་གཟུགས་བརྙན་བསྒོམ་པར་བྱ། །རྡོ་རྗེ་སེམས་དཔའ་ལས་བྱུང་བའི། །རིག་མའི་སྐྱེས་བུ་བསྒོམ་པར་བྱ། །ཞེས་གསུངས་པས་སོ་ཞེ་ན། དེ་ནི་མ་ཡིན་ཏེ། རིག་མའི་སྐྱེས་བུ་ཞེས་པ་ཉིད་ཀྱང་ཡབ་ཡིན་ལ། གཞན་ཡང་ལྷ་མོ་རྣམས་ཀྱི་མངོན་པར་བྱང་ཆུབ་པ་རྫོགས་ཟིན་པའི་ཕྱིར་དང༌། ཕྱི་མའི་ལྔ་པ་ལས་མངོན་པར་བྱང་ཆུབ་པ་མ་བསྟན་པའི་ཕྱིར་རོ། །དེས་ན་སྔར་བཤད་པ་ཉིད་བླང་བར་རིགས་སོ། །ཐབས་དང་ཤེས་རབ་ཀྱི་རང་བཞིན་ལས་ཐམས་ཅད་རྫོགས་པར་བསྟན་པ་ནི། རྗེ་བཙུན་རྒྱུ་རྡོ་རྗེ་འཛིན་པའི་འཁོར་བསྐྱེད་པ་སྟེ་ཞིབ་ཏུ་འོག་ལེའུ་ལྔ་པར་བཤད་པར་བྱའོ། །ཐབས་དང་ཞེས་བྱ་བ་ལ་སོགས་པའི་ཚིག་དོན་གོ་སླའོ། །འོ་ན་ཟླ་བ་དང་ཉི་མ་ལས་ཐམས་ཅད་བསྐྱེད་པར་འདྲ་ན། ས་བོན་དང་ཕྱག་མཚན་ཡང་འདྲའམ་ཞེ་ན། མི་འདྲའོ་ཞེས་བསྟན་པའི་ཕྱིར་འདི་ལས་ཞེས་སྨོས་ཏེ། བདག་མེད་མའི་ས་བོན་འདི་ལས་སོ། །འཁོར་གྱི་དཀར་མོ་ལ་སོགས་པ་སོ་སོ་སྟེ་ཝརྞ་ཞེས་ཡི་གེ་སོ་སོའོ། །ཡང་ན་རྒྱུ་རྡོ་རྗེ་འཆང་དཀར་པོ་འདི་ལས་དེའི་འཁོར་དཀར་མོ་ལ་སོགས་པ་ཁ་དོག་སོ་སོ་སྟེ་ནག་མོ་ལ་སོགས་པའོ། །ཡང་ན་བདག་མེད་མའི་དཀྱིལ་འཁོར་འདི་ནི་ནག་མོ་ཡིན་ལ། རྗེ་བཙུན་གྱིས་སོ་སོ་ཞེས་དགོངས་སོ། །དཀར་མོ་དང་པོར་སྨོས་པ་ནི་ཚོར་བའི་ཕུང་པོའི་ཕྱིར་ཏེ། བརྗོད་བྱའི་གཙོ་བོ་ལྷན་སྐྱེས་ཀྱང་མྱོང་བྱ་ཡིན་པས་ན་ཚོར་བར་འགྱུར་བས་ཞེས་དགོངས་སོ། །ཡང་ན་ཡབ་ཀྱི་ཕྱོགས་ནི་ཕྱིའི་དཀར་མོའོ། །ཕྱོགས་གང་དང་གང་དུ་དགོད་པ་ལ་སོགས་པ་ནི་གོ་སླའོ། །འདིས་ནི་འཁོར་ལོ་རྣམས་བསྒོམས་ན། །ཞེས་བྱ་བ་ནི་ཆོ་ག་འདིས་ནི་སྟེ། བསྙེན་བསྒྲུབ་བཞི་ཚང་བ་དང་ཡན་ལག་བཞི་ཚང་བས་ཞེས་བྱ་བའོ། །དེ་ལྟར་དམ་ཚིག་སེམས་དཔའ་བསྐྱེད་ནས། ཆོ་ག་ལྷག་མ་རྣམས་གོང་འོག་དང་རྡོ་རྗེ་གུར་གྱིས་ཁ་བསྐང་བར་བྱ་སྟེ་སེམས་དཔའ་སུམ་བརྩེགས་སུ་བསྒོམ། སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ། ཡེ་ཤེས་འཁོར་ལོ་དགུག་གཞུག་བྱ། དབང་བསྐུར་ནས་རིགས་ཀྱི་བདག་པོའི་རྒྱས་གདབ། མཆོད་བསྟོད་བདུད་རྩི་མྱང༌། ཁ་དོག་གི་ཞེན་པ་སྤང༌། རྫོགས་རིམ་བསྒོམ། དག་པ་རྗེས་དྲན་བྱ། བཟླས་པ་ལ་སོགས་པ་མཉམ་གཞག་ལས་ལངས་པའི་སྤྱོད་ལམ་རྣམས་བླ་མའི་མན་ངག་གིས་ཞིབ་ཏུ་རྟོགས་པར་བྱའོ། །དང་པོར་ནག་པོ་རབ་ཏུ་བསྒོམ། །ཞེས་བྱ་བ་ལ་སོགས་པ་ལ། ཁ་ཅིག་སྐྱེས་མཆེད་བྱིན་གྱིས་བརླབ་པའོ་ཞེས་ཟེར། ཁ་ཅིག་གྲུབ་པའི་རྟགས་སོ་ཞེས་ཟེར། ཁ་ཅིག་ཕྲིན་ལས་བསྒྲུབ་པའོ་ཞེས་ཟེར་ཡང་ཕྲིན་ལས་ཞར་བྱུང་ཡིན་མོད་ཀྱི། འདིར་གཙོ་བོར་ཁ་དོག་ལ་ཞེན་པ་སྤང་བ་དང༌། ལྷ་མོ་ཐམས་ཅད་རྒྱལ་བ་དྲུག་གི་བདག་ཉིད་དུ་ཤེས་པར་བྱ་བའི་ཕྱིར་བསྒོམ་པ་ཡིན་ནོ། །དྲུག་ལས་མི་བསྒོམ་པ་ཅི་ཞེ་ན། རྒྱལ་བ་དྲུག་ལས་མེད་པས་ཁ་དོག་དྲུག་བསྟན་གྱི། དེ་ལས་ཀྱང་རྣམ་རྟོག་འཕེལ་ན་ཁྲ་བོ་དང་སྣ་ཚོགས་སུའང་བསྒོམས་ལ། ཞེན་པ་དང་བྲལ་བའི་ཚེ་ལྷན་སྐྱེས་ལ་ངོ་སྤྲད་པ་ནི། དགའ་བྲལ་མཐར་ཡང་ཞེས་སྨོས་ཏེ། དེ་ལ་དགའ་བྲལ་གྱི་མཐའ་ནི་ལྷན་ཅིག་སྐྱེས་པ་སྟེ། དེའང་བློའི་ཡུལ་ཐམས་ཅད་ལས་བྲལ་བས་བསྒོམ་པར་བྱར་མེད་དེ། ཇི་སྲིད་བློ་ནི་འཕེལ་འགྱུར་བ། །དེ་སྲིད་བསྒོམ་པར་འགྱུར་བ་སྟེ། །གང་ཡང་བློ་ཡི་ཡུལ་མེད་པ། །ལྷན་ཅིག་སྐྱེས་དེ་ཇི་ལྟར་བསྒོམ། །ཞེས་བྱ་བ་ལྟ་བུའོ། །བསྐྱེད་པའི་རིམ་པ་བསྟན་ཟིན་ཏོ། །རིམ་པ་གཉིས་འབྲེལ་པ་ཅན་དུ་བསྟན་པའི་ཕྱིར། བསྐྱེད་པའི་རིམ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིའི་བརྗོད་བྱ་ནི་སྤྱི་དང་སྦས་པ། རྗོད་བྱེད་ཡན་ལག མངོན་པར་རྟོགས་པར་རིམ་པ་གཉིས་སྤྱི། བཤད་རྒྱུད་རྡོ་རྗེ་གུར་གྱི་བརྒྱད་པ་དང་བཅུ་བཞི་པ། སཾ་པུ་ཊའི་དང་པོ་དངོས་སོ། །ལུས་རྣམ་གཞག་ལྷ་རྣམས་དང་ཡེ་ཤེས་གཉིས་ཀའི་འོ། །འདི་ལ་དྲུག་སྟེ། རང་གི་ངོ་བོ་དང༌། རབ་ཏུ་དབྱེ་བ་དང༌། རིམ་པ་གཉིས་ཀྱི་ངེས་ཚིག་དང༌། བསྒོམ་ཚུལ་དང༌། འབྲེལ་པར་བསྒོམ་པའི་འཐད་པ་དང༌། དེས་གྲོལ་བའི་རྒྱུ་མཚན་ནོ། །དེ་ལྟར་དེ་དག་ཞིབ་ཏུ་བརྗོད་པར་བྱ་སྟེ། ཁོ་བོས་བྱས་པའི་མངོན་པར་རྟོགས་པར་བསྟན་པས་ན་དེར་བལྟ་བར་བྱའོ། །རིམ་པ་གཉིས་སྤྱིའི་ངག་བསྟན་ཟིན་ཏོ།།  །།ད་ནི་རྫོགས་པའི་རིམ་པ་བསྟན་པར་བྱ་སྟེ། འདིའི་བརྗོད་བྱ་སྦས་པ། རྗོད་བྱེད་ཡན་ལག མངོན་པར་རྟོགས་པ་རྫོགས་རིམ། བཤད་པའི་རྒྱུད་རྡོ་རྗེ་གུར་ལེའུ་གཉིས་པ། བཞི་པ། བརྒྱད་པ། བཅུ་བཞི་པ། སཾ་པུ་ཊའི་དང་པོའི་བཞི་པ་དང་གཉིས་པའི་གཉིས་པ་དང་སྦྱར། ལུས་རྣམ་གཞག་ཡེ་ཤེས་ཀྱི་རྒྱས་བཤད་ཡིན་ནོ། །དེ་ལ་སྤྱིར་རྫོགས་པའི་རིམ་པ་བསྒོམ་པའི་ཚུལ་ནི་ཐམས་ཅད་མཁྱེན་པས་རྒྱུད་སྡེ་རྣམས་སུ་བསམ་གྱིས་མི་ཁྱབ་པ་ཅིག་གསུངས་ཀྱང༌། རྒྱུད་འདིར། ལུས་ལ་ཡེ་ཤེས་ཆེན་པོ་གནས། །ཞེས་གསུངས་པ་དེ་ལ་རྟེན་ལུས་ལ་གནད་དུ་བསྣུན་པས་བརྟེན་པ་སེམས་ལ་གནད་དུ་བསྣུན་པ་ཞེས་བྱ་བ་ཐབས་ཟབ་མོ་འདི་གསུངས་སོ། །འདི་ལ་གཉིས་ཏེ། ལྷན་ཅིག་སྐྱེས་པའི་དོན་བསྒོམ་པ་དངོས་དང༌། དེ་གདོན་མི་ཟ་བར་སྒོམས་པར་གདམས་པའོ། །དང་པོ་ནི། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི་སྔར་བསྐྱེད་པའི་སྐབས་སུ་བསྟན་པའི་ཤློ་ཀ་གཅིག་པོ་དེ་རྫོགས་པའི་རིམ་པའི་མདོར་བསྟན་དུ་ཡང་འགྱུར་རོ་ཞེས་སྟོན་པ་ནི་ནམ་མཁའི་ཁམས་ནི་པདྨ་ལ་སྟེ། ཕྱག་རྒྱ་ལྔ་སྤྱན་ལ་སོགས་པ་བསྐྱེད་པའི་པདྨ་ནི་བུ་ག་ནམ་མཁའ་འོ། །བྷ་ག་ནི་རྟོག་པ་བཅོམ་ཞིང་བདེ་ཆེན་གྱི་སྐལ་བ་དང་ལྡན་པས་ཏེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ། །དབུས་སུ་རྣམ་པར་བསྒོམ་པར་བྱ། །ཞེས་བྱ་བ་ལ། དབུས་ནི་དེ་གཉིས་ཀྱི་དབུས་ཏེ་པདྨས་མཚོན་ནས་རྡོ་རྗེའང་སྟེ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ལ། དེ་ནས་ཡེ་ཤེས་མ་སྐྱེས་པ་དེའི་བར་ནི་དབུས་སུའོ། །དེར་བསྒོམ་པ་ཞེས་བྱ་བ་སྙོམས་འཇུག་སྟེ་བསྲུབ་པ་དང་སྲུབ་པའི་སྦྱོར་བ་ལ་སོགས་པ་བླ་མའི་མན་ངག་ཇི་ལྟ་བ་བཞིན་ནོ། །དེ་ལས་ཅི་འབྱུང་ན། སྔར་བསྟན་པའི་བྷ་ག་ཞེས་བྱ་བའོ། །དེ་ཉིད་ཆོས་བཞི་ལྡན་དུ་བསྟན་ཏེ། དེའང་རྟེན་ཞུ་བ་དང༌། བརྟེན་པ་བདེ་བ། ངོ་བོ་གསལ་བ། མི་རྟོག་པར་བསྟན་པའི་ཕྱིར་དེའི་བདེ་བ་ལ་སོགས་པ་སྟེ། ལྷ་ཞེས་བྱ་བ་བྱང་ཆུབ་སེམས། །ཇི་ལྟར་འབྱུང་བ་ཁུ་བ་ཡིན། །ཞེས་བྱ་བ་ནི་ཁུ་བའི་བདག་ཉིད་ཅན་ཏེ་རྟེན་ནོ། །དེ་ལས་བྱུང་བ་བརྟེན་པ་ཆོས་གསུམ་སྟེ། གཉིས་པ་ཁུ་བ་ལ་བརྟེན་ཏེ་བདེ་བ་འབྱུང་བ་སྟེ། དེ་ནི་དེའི་བདེ་བ་འཁོར་ལོར་བརྗོད་དེ། རྣམ་པར་རྟོག་པ་གཅོད་པ་ཉིད་ཀྱི་ཕྱིར་རམ། ཡང་ན་དཀྱིལ་འཁོར་གྱི་འཁོར་ལོར་སྣང་བ་ཉིད་ཀྱི་ཕྱིར་ཏེ་ཕྱི་མའི་གཉིས་པ་ལས་འཆད་དོ། །གསུམ་པ་བདེ་བ་དེ་ཉིད་རང་རིག་པ་གསལ་བའི་བདག་ཉིད་ཅན་དུ་སྐྱེ་བ་ནི་ཅི་རིགས་པར་ནི་རང་རིག་ཉིད་དེ། མ་འཁྲུལ་བ་ཉིད་ཀྱིས་ན་ཅི་རིགས་པའམ། རིམ་པ་ཇི་བཞིན་ཞེས་བྱ་བའོ། །བཞི་པ་དེ་ཉིད་རྣམ་པར་མི་རྟོག་པའི་བདག་ཉིད་ཅན་དུ་སྟོན་པ་ནི་སྔར་བསྟན་པའི་བྷ་ག་ཞེས་བྱ་བ་ཉིད་ཀྱིས་བསྟན་ཏོ། །དེ་ལྟར་ན་ཆོས་བཞི་པོ་སྟེ། རྟེན་དང་བརྟེན་པ་ཞུ་བདེའི་བདག་ཉིད་ཅན་འབྱུང་ཞེས་བྱ་བའི་དོན་ཏོ། །མདོར་བསྡུས་དཀྱིལ་འཁོར་གསུམ་མངོན་དུ་བྱེད་པའི་ཐབས་དང་བཅས་པ་སྟེ། ནམ་མཁའི་ཁམས་ཀྱིས་ལུས་ཀྱི་དཀྱིལ་འཁོར་དང་བྷ་གའི་དཀྱིལ་འཁོར་འཆད་དོ། །ཆོས་བཞི་པོས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་བསྒོམས་པས་དེ་མངོན་དུ་བྱེད་པའི་ཐབས་བསྟན་ཏོ། །དེ་དག་རྒྱས་པར་འཆད་པ་ལས། དང་པོར་བྷ་ག་ཞེས་བྱ་བ་ལ་སོགས་པས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་རྒྱས་པར་འཆད་དེ། དེ་ནི་ལྷན་སྐྱེས་ཀྱི་མཚན་ཉིད་ཅེས་བྱ་སྟེ། དེ་ནས་ནི་དེ་མངོན་དུ་འགྱུར་བའི་རྒྱུ་སྟེ་བསྒོམ་པ་ཞེས་བྱ་བའི་དོན་རྒྱས་པར་འཆད་དོ། །དེ་ནས་ཡེ་ཤེས་མངོན་དུ་བྱེད་པའི་ཐབས་ཉམས་སུ་བླང་བའི་ཚུལ་རྒྱས་པར་འཆད་དོ། །དང་པོ་ལ་གཉིས་ཏེ། ལྷན་ཅིག་སྐྱེས་པའི་དབྱེ་བ་དང༌། དེའི་བདག་ཉིད་དུ་གྱུར་པའི་དགའ་བའི་རབ་ཏུ་དབྱེ་བའོ། །དང་པོ་ནི། ལྷན་ཅིག་སྐྱེས་པ་རྣམ་པ་གཉིས། །ཞེས་སྨོས་ཏེ། དེ་ལ་སྤྱིར་ལྷན་སྐྱེས་ཞེས་བྱ་བའི་ངོ་བོ་ནི་ཟུང་འཇུག་བརྗོད་བྲལ་ཡིན་ལ། འདིར་རེས་རྟེན་གྱི་ངོས་ནས་ཞུ་བ་ལ་བཤད། རེས་དེའི་རྒྱུའི་ངོས་ནས་དགའ་བ་བཞིར་བཤད། རེས་རང་གི་ངོ་བོའི་ངོས་ནས་བཤད་པ་ལས། འདིར་རྟེན་གྱི་ངོས་ནས་བཤད་ན་སྔར་བསྟན་པའི་ཚུལ་གྱིས་ནི་ཞུ་བདེ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བུའི་ལྷན་ཅིག་སྐྱེས་པ་དེ་རྣམ་པ་བཞིར་དབྱེ་བ་བསྟན་པའི་ཕྱིར། རེ་ཞིག་ཅེས་བྱ་བ་ལ་སོགས་པ་སྟེ། དེ་ལྟ་བུའི་ཞུ་བདེ་དེ་ནི་ཐབས་དང་ཤེས་རབ་མ་གཏོགས་པར་ནི་མི་འབྱུང་ངོ༌། །དེ་བས་ན་གང་ཟག་གཉིས་ཀྱི་དབྱེ་བས་ལྷན་སྐྱེས་ཀྱང་ཐབས་ཀྱི་རྒྱུད་ལས་སྐྱེས་པ་དང༌། ཤེས་རབ་ཀྱི་རྒྱུད་ལས་སྐྱེས་པ་གཉིས་སུ་འགྱུར་རོ་ཞེས་བྱ་བར་དགོངས་སོ། །རང་གི་ངོ་བོ་དེའང་རྣམ་པ་གཉིས་ཏེ། ཀུན་རྫོབ་ཅེས་པ་རགས་ཤིང་རྟོགས་སླ་བའི་ཕྱིར་རམ། དེ་ལ་བརྟེན་ནས་རྟོགས་པའི་ཐབས་སུ་གྱུར་པའི་ཕྱིར་ཞུ་བའོ། །དོན་དམ་ནི་ཕྲ་ཞིང་རྟོགས་དཀའ་བའི་ཕྱིར་རམ། ཐབས་ལས་བྱུང་བའི་ཕྱིར་རམ། མྱོང་བས་དམ་པར་བྱས་པའི་ཕྱིར་དོན་དམ་སྟེ་བདེ་བའོ། །རེ་ཞིག་ཅེས་བྱ་བ་ལ་སོགས་པས་ནི་དེ་བས་ན་དབྱེ་བ་བཞི་ཞེས་བྱ་བར་དགོངས་སོ། །དོན་བསྡུས་པ་ནི་དེ་ཉིད་ཀྱི་ཕྱིར་ན་ཞེས་བྱ་བ་ལ་སོགས་པའོ། །ལྷན་ཅིག་སྐྱེས་པའི་དགའ་བ་ཉིད་ལ་དེ་ལྟར་བཞིར་དབྱེ་བའོ། །དེ་ལྟར་བཞིར་གང་ལས་དབྱེ་ཞེ་ན། སྐྱེ་མེད་རིམ་པའི་ཕྱོགས་ལས་ཞེས་བྱ་སྟེ། །རྫོགས་པའི་རིམ་པ་དངོས་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡིན་ལ་དེ་ལ་ནི་དབྱེ་བ་མེད་དོ། །ཕྱོགས་ཞེས་བྱ་བ་ནི་དེའི་ཁོངས་སུ་བསྡུ་བ་སྟེ། བསྐྱེད་པའི་ཕྱོགས་སུ་བསྡུ་བ་སྟེ་ཐབས་དང་ཤེས་རབ་ཀྱི་འདུ་འཕྲོ་ལས་བྱུང་བ་གང་ཡིན་པ་དེ་ལ་དབྱེ་ཞེས་བྱ་བར་དགོངས་སོ། །དེ་བས་ན་ལྷན་སྐྱེས་ཀྱི་དབྱེ་བ་འདི་བསྐྱེད་པའི་རིམ་པ་ལ་མེད་དོ་ཞེས་བྱ་བའོ། །དཔེ་ཁ་ཅིག་ལས། བསྐྱེད་པའི་རིམ་པའི་ཕྱོགས་ལས་ནི། །ཞེས་བྱ་བ་འབྱུང་ངོ༌། །དེའི་ལྟར་ན་ལྷན་སྐྱེས་ཀྱི་ཡེ་ཤེས་བསྐྱེད་པའི་ཕྱོགས་ཏེ་རྒྱུ་དགའ་བ་བཞི་ལས་དབྱེ་ཞེས་བྱའོ། །རྫོགས་པ་ལ་ནི་ལྷན་སྐྱེས་ཉིད་བཞི་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དེ་ལྟ་བུའི་ལྷན་སྐྱེས་ཉིད་གང་དུ་སྐྱེ་ཇི་ལྟ་བུ་ཞིག་སྐྱེ་ཞེ་ན། དེ་གསལ་བའི་ཕྱིར་དེའི་བདག་ཉིད་དུ་གྱུར་པའི་དགའ་བའི་དབྱེ་བ་བསྟན་པར་བྱའོ། །དེ་ལ་གཉིས་ཏེ། དགའ་བའི་དབྱེ་བ་དངོས་དང༌། ལྷན་སྐྱེས་བྱེ་བྲག་ཏུ་གཏན་ལ་དབབ་པའོ། །དང་པོ་ལ་བཞི་སྟེ། དཔེའི་སྒོ་ནས་གཏན་ལ་དབབ་པ་ནི། དགའ་བ་དང་པོ་ཞེས་བྱ་བ་ལ་སོགས་པ་སྟེ། འདིས་དེ་རྣམས་ལ་བརྟེན་ཏེ་ལྷན་སྐྱེས་རྟོགས་པར་བསྟན་ཏོ། །གཉིས་པ་ཉམས་སུ་མྱོང་བའི་སྒོ་ནས་གཏན་ལ་དབབ་པ་ནི། དགའ་བའི་བདེ་བ་ཅུང་ཟད་དེ། །ཞེས་བྱ་བ་ལ་སོགས་པ་སྟེ། འདིས་ལྷན་སྐྱེས་དེ་བདེ་སྟོང་ཟུང་དུ་ཆུད་པར་བསྟན་ཏོ། །གསུམ་པ་རྣམ་རྟོག་གི་སྒོ་ནས་གཞག་པ་ནི། དང་པོ་རེག་པར་འདོད་པ་དང༌། །ཞེས་བྱ་བ་ལ་སོགས་པ་སྟེ། འདིས་རྣམ་པར་མི་རྟོག་པར་བསྟན་ཏོ། །མཚན་ཉིད་ཀྱི་སྒོ་ནས་གཞག་པ་ནི། མཆོག་ཏུ་དགའ་བ་ཞེས་བྱ་བ་ལ་སོགས་པ་སྟེ། འདིས་ལྷན་སྐྱེས་མཐའ་ཐམས་ཅད་དང་བྲལ་བར་བསྟན་ཏོ། །དེ་ལྟར་དགའ་བ་གསུམ་ལས་མཆོག་ཏུ་གྱུར་པའི་ལྷན་སྐྱེས་ཉིད་གཏན་ལ་དབབ་པ་ནི། འདོད་ཆགས་མེད་ཅིང་ཞེས་བྱ་བ་ལ་སོགས་པ་སྟེ། དཔལ་ཁ་སྦྱོར་ལས་ཀྱང༌། འདོད་ཆགས་ཉིད་དང་ཆགས་བྲལ་དག །འདྲེས་པར་གྱུར་པ་རྙོག་པ་མེད། །དེ་བཞིན་ཆགས་དང་ཆགས་བྲལ་གྱིས། །སྐད་ཅིག་གཅིག་ལ་རོ་གཅིག་འགྱུར། །ཞེས་གསུངས་པ་ལྟ་བུ་སྟེ། སྤྲོས་པ་དང་བྲལ་བ་ཞེས་བྱ་བའི་དོན་ཏོ། །དེས་ན་ཡང་དག་དེ་ཉིད་སྣང་བ་པོ་སྟེ་དངོས་པོ་ཐམས་ཅད་ཀྱི་གནས་ལུགས་ཇི་ལྟ་བ་བཞིན་རྟོགས་པ་སངས་རྒྱས་ཀྱི་ཡེ་ཤེས་སུ་རྣལ་འབྱོར་པ་ལ་ངེས་པ་སྐྱེ་བའོ་ཞེས་བྱ་བའོ། །འདི་དག་གིས་ནི་སློབ་དཔོན་ཁ་ཅིག་དགའ་བ་གསུམ་པར་འདོད་པ་དང༌། རང་གི་ངོ་བོ་ཡེ་ཤེས་ལ་ལོག་པར་རྟོག་པའང་བསལ་ཏེ། རྒྱས་པར་བླ་མས་གསུང་བར་འགྱུར་རོ། །དེ་ལྟ་བུའི་ཡེ་ཤེས་དེ་མངོན་དུ་འགྱུར་བའི་ཐབས་ནི། གཞན་གྱིས་ཞེས་བྱ་བ་ལ་སོགས་པའོ། །དོན་ནི་ཅི་ལྷན་ཅིག་སྐྱེས་པ་དེ་ཚིག་གི་བསྟན་པ་ཙམ་གྱིས་རྟོགས་པ་ཡིན་ནམ་ཞེ་ན། གཞན་གྱིས་བརྗོད་པ་ཙམ་གྱིས་གང་དུའང་ནི་རྙེད་པ་མིན་ཏེ། དེ་བརྗོད་དུ་མི་ནུས་པའི་ཕྱིར་རོ། །བཤེས་པའི་སྤྲིང་ཡིག་ལས། དེ་འདི་ཡིན་ཞེས་དེ་ཉིད་ནི། །རྒྱལ་བ་ཡིས་ཀྱང་བརྗོད་མི་ནུས། །ཞེས་གསུངས་པ་ལྟ་བུའོ། །ཡང་ན་གཞན་གྱིས་བརྗོད་མིན་ཞེས་པ་འདིས་ཕ་རོལ་ཏུ་ཕྱིན་པའི་ཐེག་པས་མི་རྟོགས་པར་སྟོན་ཏེ། བདག་བྱིན་བརླབས་ལས། བསྐལ་པ་བྱེ་བ་མཐའ་ཡས་སུ། །ཐོས་པའི་ཕ་རོལ་སོན་གྱུར་ཀྱང༌། །བདག་བྱིན་བརླབ་ལས་ཕྱིར་ཕྱོགས་པས། །དེ་ཡིས་དེ་ཉིད་མཐོང་མི་འགྱུར། །ཞེས་གསུངས་པ་ལྟ་བུའོ། །འོ་ན་གང་ལས་རྟོགས་པར་ནུས་སྙམ་ན། བླ་མའི་དུས་ཐབས་བསྟེན་པ་དང༌། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་སྨོས་ཏེ། བླ་མ་ནི་བརྒྱུད་པ་བར་མ་ཆད་པ་ཡང་དག་པའི་གདམས་དག་དང་ལྡན་པ་ལས་རྟོགས་ཏེ། འཕགས་པ་ཀླུ་སྒྲུབ་ཀྱིས། རི་དབང་རྩེ་ལས་འགའ་ཞིག་ལྷུང་གྱུར་ན། །ལྟུང་བར་མི་འགྱུར་སྙམ་ཡང་ལྟུང་བར་འགྱུར། །བླ་མའི་དྲིན་གྱིས་ཕན་པའི་ལུང་ཐོབ་ན། །གྲོལ་བར་མི་འགྱུར་སྙམ་ཡང་གྲོལ་བར་འགྱུར། །ཞེས་བཤད་དོ། །དུས་ཞེས་པ་ནི་དབང་གི་དུས་སུ་བླ་མས་ཇི་ལྟར་ཆོ་ག་ལས་བྱུང་བ་བཞིན་གདམས་ངག་གནང་བ་སྟེ་རྩ་དང་སྐད་ཅིག་གི་དབྱེ་བ་ལ་སོགས་པ་རྣམས་སོ། །ཐབས་བསྟེན་པ་ཞེས་པ་ནི་བླ་མས་གནང་བ་ཙམ་གྱིས་མ་ཡིན་ཏེ། བླ་མས་ཇི་ལྟར་ལུང་ཕོག་པ་བཞིན་བྱང་ཆུབ་ཀྱི་སེམས་བསྒྲུབ་པའི་རིམ་གྲོ་དང་རླུང་ལ་སོགས་པ་ནས་སྐད་ཅིག་གི་དབྱེ་བའི་བར་ཉམས་སུ་བླང་བའོ། །དེའང་བདག་གི་བསོད་ནམས་ལས་ཤེས་བྱ་སྟེ། སྐྱེ་བ་སྔ་མ་ལ་གོམས་པའང་ཡིན་མོད་ཀྱི། འདིར་ནི་འོག་ཏུ་བཀག་པས་ན་གསང་སྔགས་ཀྱི་ལུགས་ཀྱིས་སྐྱེ་བ་འདི་ཉིད་ལ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང༌། མཆོད་པ་ལ་སོགས་པ་དང༌། འཁོར་བ་ཐམས་ཅད་རྩྭ་ལྟ་བུར་མཐོང་བ་དང༌། དམ་ཚིག་གི་ཚོགས་བསྐྱངས་པ་དང༌། བླ་མ་ལ་མི་ཕྱེད་པའི་དད་པ་དང༌། ལྷའི་འཁོར་ལོའི་རྣལ་འབྱོར་ལ་གནས་པ་དང༌། སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བ་དང༌། རྣམ་པར་མི་རྟོག་པ་ཉིད་ལ་དད་པ་བརྟན་པོ་ལ་གནས་པ་དང་ལྡན་ན་ཤེས་པར་འགྱུར་ཞེས་བྱའོ། །ད་ནི་དེ་ལྟར་གཞན་གྱིས་མི་རྟོགས་ཤིང་བླ་མའི་མན་ངག་ལ་སོགས་པས་རྟོགས་པའི་ཐབས་དེ་ཇི་ལྟར་བསྒོམ་ཞེ་ན། དམན་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་ལ་བཞི་སྟེ། གང་དག་ཇི་ལྟར་བསྒོམ་པ་དང༌། དེ་ལྟར་བསྒོམ་པའི་འཐད་པ་དང༌། བསྒོམ་པའི་དགོས་པ་དང༌། བསྒོམ་པའི་ཚུལ་ལོ། །དང་པོ་ནི། དམན་པ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་མདོར་བསྟན་ནས། ལྷག་མ་ཚིགས་བཅད་གསུམ་གྱིས་རྒྱས་པར་འཆད་དོ། །དེ་དག་གི་དོན་ནི་བདག་གིས་རྟོགས་པའི་ཡེ་ཤེས་ཀྱི་ཡུལ་ཐམས་ཅད་ལ་རྒྱས་བཏབ་ལ་བསྒོམ་པར་བྱ་ཞེས་བྱ་བའི་དོན་ཏོ། །གཉིས་པ་དེ་ལྟར་བསྒོམ་པའི་འཐད་པ་ནི། ང་ལས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་སྣང་བ་ཐམས་ཅད་ཐ་དད་ཅིག་ཡོད་ན་མི་འགྱུར་བ་ལས་ཐ་དད་མེད་པས་ཐམས་ཅད་ཡེ་ཤེས་ཀྱི་ངོ་བོར་གྱུར་པ་ནི་ང་ལས་བྱུང་བའི་ཕྱིར་དེ་རང་གི་སེམས་ལས་མ་གཏོགས་པའི་སྣང་བ་འགའ་ཡང་མེད་པ་ཡིན་ནོ། །དེ་བས་ན་རང་གི་སེམས་གཉིས་སུ་མེད་པའི་ཡེ་ཤེས་ཡིན་པས་སྣང་བ་ཐམས་ཅད་ཀྱང་དེའི་ངོ་བོར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གསུམ་པ་དེ་ལྟར་བསྒོམ་པའི་དགོས་པ་ནི། དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔ་མས་ནི་བསོད་ནམས་ཆུང་བས་ཀྱང་འགྲུབ་བར་བསྟན་ལ། ཕྱི་མས་ནི་གྲུབ་ནས་གོམས་པ་སླ་བར་བསྟན་ཏོ། །ལྷན་ཅིག་སྐྱེས་པས་ལྷན་ཅིག་སྐྱེས་པ་བསྒོམ་པའི་ཚུལ་བསྟན་ཟིན་ཏོ།།  །།ད་ནི་རང་བཞིན་ལྷན་སྐྱེས་དམིགས་མེད་བསྒོམ་པ་ནི། གང་ཕྱིར་ཡིད་ཀྱིས་མི་བསྒོམ་པར། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ལ་གསུམ་སྟེ། ཇི་ལྟར་བསྒོམ་པ་དངོས་དང༌། དེ་ཐམས་ཅད་ལ་ཁྱབ་པར་བསྟན་པ་དང༌། དེ་ལ་ཀླན་ཀ་སྤང་བའོ། །དང་པོ་ནི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་ནི་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་སྟེ་དེ་ཁོ་ན་ཉིད་ཀྱི་ལེའུར་བསྟན་ཟིན་ཏོ།།  །།དེ་ལ་སྒྲོ་འདོགས་བཅད་དེ་ཤེས་པ་ཙམ་གྱིས་མི་ཕན་ཏེ་བསྒོམ་དགོས་ལ། བསྒོམ་པ་དེའང་དེ་དང་འདྲ་བར་བསྒོམས་པས་རྟོགས་པར་འགྱུར་གྱི་མི་འདྲ་བས་ནི་མ་ཡིན་ནོ། །དེའང་དཔལ་ཁ་སྦྱོར་ལས། སྟོང་པ་བསྒོམ་པར་མི་བྱ་སྟེ། །སྟོང་མིན་བསྒོམ་པར་མི་བྱའོ། །སྟོང་པ་མི་སྤང་རྣལ་འབྱོར་པས། །སྟོང་མིན་ཡོངས་སུ་སྤང་མི་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་ལ། སློབ་དཔོན་ཀླུ་སྒྲུབ་ཀྱིས་ཀྱང༌། དམིགས་པ་མེད་པའི་སེམས་སུ་ནི། །གནས་པ་ནམ་མཁའི་མཚན་ཉིད་ཡིན། །ནམ་མཁའ་བསྒོམ་པ་དེ་ཉིད་ནི། །སྟོང་ཉིད་བསྒོམ་པར་བཞེད་པ་ཡིན། །ཞེས་གསུངས་སོ། །འདི་ལ་ལས་དང་པོ་པས་སློབ་དཔོན་ཀླུ་སྒྲུབ་ཀྱི་གསུང་བཞིན་དུ་ནམ་མཁའ་ལ་སེམས་གཟུང་བའམ་ཡུལ་ལ་ཡེ་ཤེས་ངོས་གཟུང་བའི་ཚུལ་གྱིས་བསླབ་སྟེ། སྐྱབས་སུ་འགྲོ་བ་དང༌། བྱང་ཆུབ་ཀྱི་སེམས་དང༌། བླ་མ་དང་ཡི་དམ་གྱི་ལྷ་བསྒོམ་པ་སྔོན་དུ་འགྲོ་བས་མེ་ཏོག་སྔོན་པོ་ལ་སོགས་པ་རྟེན་མི་འགྱུར་བ། ལུས་མི་འགུལ་བ། མིག་མི་འཛུམ་པ། ཡིད་འཛིན་པ་མེད་པ་སྟེ་ཡན་ལག་བཞི་དང་ལྡན་པས་བསྒོམས་ན་མི་རྟོག་པ་སྐྱེ་བར་འགྱུར་ལ། དེའང་ཡུལ་སྒྲ་ལ་སོགས་པ་གཞན་ལ་སྤོ་ཞིང་བསྒོམ་སྟེ། ཞི་གནས་སྐྱེས་ན་སྔར་བསྟན་པའི་ལྟ་བ་དང་བསྲེ་ཞིང་བསྒོམས་ན་རང་བྱུང་གི་ཡེ་ཤེས་སྐྱེ་བར་འགྱུར་རོ། །དེ་ལྟ་བུ་དེས་ནི་འགྲོ་བ་ཐམས་ཅད་དེའི་ངང་དུ་ཐིམ་པས་བསྒོམ་པར་བྱ་ཞེས་བྱ་སྟེ། ཁ་སྦྱོར་ལས། གཟུགས་རྣམས་སྣ་ཚོགས་ལྟ་བ་དང༌། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ནི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་དེ། དེས་ན་དོན་དམ་པར་བསྒོམ་དུ་མེད་པ་ཉིད་ཀུན་རྫོབ་ཏུ་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དེ་ལྟར་བསྒོམས་ཀྱང་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཤེས་པར་མི་འགྱུར་ཏེ། ཡུལ་དང་དེའི་ཆོས་ཉིད་ཐ་དད་དུ་ཡོད་དོ་སྙམ་པ་ལ། ཐ་དད་ཅིག་ཡོད་ན་ལྷ་དེ་ལྟར་འགྱུར་ཡང་སྣང་བ་སྣ་ཚོགས་ཀྱང་རང་ཉིད། དེའི་ཆོས་ཉིད་ཀྱང་རང་ཉིད་ཡིན་ནོ། །དེ་བས་ན་སྔར། ང་ལས་འགྲོ་བ་ཐམས་ཅད་བྱུང༌། །ཞེས་སྨྲས་སོ། །དེ་དངོས་པོ་ཐམས་ཅད་ལ་ཁྱབ་པར་བསྒོམ་པ་ནི། བརྟན་དང་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་རྩོད་པ་སྤང་བ་ནི་གལ་ཏེ་དེ་ལྟར་ན་རང་གི་སེམས་ཉིད་སྤྲོས་པ་དང་བྲལ་བར་བསྒོམ་པ་དེ་དངོས་པོ་ཐམས་ཅད་ཀྱི་དེ་ཉིད་ཡིན་ནས་བསྒོམ་མམ་མིན་ཡང་བསྒོམ། མིན་ན་ནི་སྤྲང་པོ་རྒྱལ་པོར་རློམ་པ་དང་འདྲ་ལ། ཡིན་ན་འབད་པ་མེད་པར་གྲོལ་བར་འགྱུར་རོ་ཞེ་ན། ཡིན་ནས་བསྒོམ་པས་སྐྱོན་དང་པོ་མེད་ལ། མིན་ནས་བསྒོམ་ཡང་མ་རྟོགས་པའི་ཕྱིར་སྐྱོན་གཉིས་པ་མེད་དོ་ཞེས་སྟོན་པ་ནི། དེ་རྣམས་དམ་པ་ཅིག་ཡོད་མིན། །ཞེས་བྱའོ། །དེ་རྟོགས་ན་གྲོལ་བར་འགྱུར་བ་ནི་རང་རིག་བདེ་བ་ཆེན་པོ་ཉིད་ཡིན་པའི་ཕྱིར། རང་རིག་ནས་ནི་བྱང་ཆུབ་ཐོབ་པར་འགྱུར། །ཞེས་བྱའོ། །ཡང༌། དེ་རྣམས་གཅིག་སྟེ་གཞན་ཡོད་མིན། །ཞེས་བྱ་བའི་གཞུང་དུ་སྣང་ན་རྒོལ་བ་ནི་སྔར་དང་འདྲ་ལ། ལན་ནི་དངོས་པོ་ཐམས་ཅད་ཀྱི་ཆོས་ཉིད་ནི་དེ་རང་ཡིན་ནོ་ཞེས་སྟོན་པའོ། །རང་རིག་བདེ་བ་ཆེན་པོ་ཉིད། །ཅེས་པ་ནི་དེ་ཉིད་ལས་ཆོས་ཉིད་གཞན་མེད་པའོ། །འོ་ན་འབད་པ་མེད་པར་གྲོལ་ལོ་ཞེ་ན། རང་རིག་ནས་ནི་བྱང་ཆུབ་འགྱུར། །ཞེས་བྱ་སྟེ། རྟོགས་ན་དེ་ལྟར་བདེན་ཡང༌། མ་རྟོགས་ན་མི་གྲོལ་བའོ། །དེས་ན་རྟོགས་པར་བྱ་བའི་ཕྱིར། །རང་རིག་ཕྱིར་ན་བསྒོམ་པ་ཉིད། །ཅེས་བྱའོ། །གལ་ཏེ་དེ་ལྟར་རང་རིག་ལས་གཞན་མ་ཡིན་ན་འཁོར་བར་འགྱུར་དུ་མི་རུང་ངོ་ཞེ་ན་འཁོར་བའི་རྩ་བ་ནི་ལས་ཡིན་ལ་ལས་དེ་ནི་རང་རིག་པ་ཉིད་ཀྱི་གནས་སྐབས་ཀྱི་རྣམ་འགྱུར་གྱིས་བྱེད་དོ་ཞེས་སྟོན་པ་ནི། རང་གིས་རིག་པའི་འགྱུར་བ་ལས། །མནན་པ་ལས་ནི་ལས་སྐྱེ་སྟེ། །ཞེས་གསུངས་ཏེ། དགེ་བ་དང་མི་དགེ་བའི་ལས་ནི་མཚན་མ་དང་རྣམ་པར་རྟོག་པས་བསྒྲིབས་ཤིང་མནན་པ་ལས་འབྱུང་བ་ཡིན་ཏེ། དེ་ལྟར་འཕགས་པས་ཀྱང༌། ཀུན་རྫོབ་ཉོན་མོངས་ལས་ལས་བྱུང༌། །ལས་ནི་སེམས་ལས་བྱུང་བ་ཡིན། །སེམས་ནི་བག་ཆགས་དག་གིས་བསགས། །བག་ཆགས་བྲལ་བ་བདེ་བ་ཡིན། །ཞེས་གསུངས་སོ། །དེས་ན་རང་རིག་པ་ཉིད་རྟོགས་པ་དང་མ་རྟོགས་པའི་ཁྱད་པར་གྱིས་འཁོར་འདས་གཉིས་ཀ་བྱེད་པས་ན་རང་གིས་འཕྲོག་ཅིང་སྟེ། དེའང་རང་རིག་ཉིད་རྟོགས་ན་མྱ་ངན་ལས་འདས་པ་བྱེད་པའོ། །མ་རྟོགས་ན་འཁོར་བ་བྱེད་པས་ན་རང་གིས་བྱེད་ཅེས་སོ། །དེས་ན། རང་རིག་རྒྱལ་པོ་རང་གཙོ་བོ། །ཞེས་བྱ་སྟེ། དེ་ལས་བྱེད་པ་པོ་གཞན་མེད། །ཅེས་བྱའོ། །སློབ་དཔོན་ཟླ་གྲགས་ཀྱིས་ཀྱང༌། རྟག་བདག་བྱེད་པོ་བཀག་པའི་ཕྱིར་ན་དེས། །ཀུན་རྫོབ་རྒྱལ་བས་སེམས་ཙམ་བྱེད་པོར་གསུངས། །ཞེས་བཤད་དོ། །དེ་བས་ན་སེམས་འཁོར་བ་དང་མྱ་ངན་ལས་འདས་པ་ཞེས་ག་ཡ་དྷ་ར་གསུང་སྟེ་ལུང་ནི་ཡི་གེ་མངས་པས་འཇིགས་པས་མ་བྲིས་སོ། །དེ་གདོན་མི་ཟ་བར་སྒོམས་པར་གདམས་པ་ལ་གསུམ་སྟེ། བསྒོམས་པའི་ཕན་ཡོན་གྱི་སྒོ་ནས་སྒོམས་པར་གདམས་པ་དང༌། མ་བསྒོམས་པའི་ཉེས་དམིགས་ཀྱི་སྒོ་ནས་སྒོམས་པར་གདམས་པ་དང༌། དེས་ན་རྒྱུན་མི་འཆད་པར་སྒོམས་པར་གདམས་པའོ། །དང་པོ་ལ་གཉིས་ཏེ། སྤང་བྱས་ཟིལ་གྱིས་མི་ནོན་པར་བསྟན་པ་དང༌། ཐོབ་བྱ་ཐོབ་པར་བསྟན་པའོ། །དེ་ལ་དང་པོ་ནི། འདོད་ཆགས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་དེ་ཁོ་ན་ཉིད་རྟོགས་པའི་ཚེ་སྤང་བྱ་ཉོན་མོངས་པ་རྣམས་ཇི་ལྟར་གནས་ཤེ་ན། སྤྱིར་ཉོན་མོངས་པ་དང༌། དེའི་རྒྱུ་རྣམ་པར་རྟོག་པ་དང༌། ཡེ་ཤེས་ཆེན་པོ་རྣམས་ཀྱང་རང་གི་སེམས་ཀྱི་ཆོས་ཉིད་ལས་གཞན་དུ་གྲུབ་པ་མེད་དོ། །དེས་ན་ཐོག་མར་ཉོན་མོངས་པ་རགས་པ་ཡེ་ཤེས་ཕྲ་མོས་འཇོམས་པའི་ཚེ་ཡང་ཉོན་མོངས་པ་ཉིད་ཀྱི་ཆ་ཡེ་ཤེས་ཉིད་དུ་གོ་བས་འཇོམས་པ་ཡིན་ལ། མཐར་ཉོན་མོངས་པ་ཆུང་ངུ་ཡེ་ཤེས་ཆེན་པོས་འཇོམས་པའི་ཚེ་ཡང་ཉོན་མོངས་པ་ཉིད་ཡེ་ཤེས་སུ་གནས་གྱུར་པ་ཡིན་ནོ། །དེའང་གནས་གྱུར་པའི་ཚུལ་ནི། འདོད་ཆགས་ནི་སོ་སོར་རྟོག་པའི་ཡེ་ཤེས། ཞེ་སྡང་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། གཏི་མུག་ནི་མེ་ལོང་ལྟ་བུའི་ཡེ་ཤེས། །ཕྲག་དོག་ནི་བྱ་བ་གྲུབ་པའི་ཡེ་ཤེས། ང་རྒྱལ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཁ་ཅིག་གནས་གྱུར་པ་འདི་ནི་མི་རིགས་ཏེ་སྐད་ཅིག་གོང་མ་གནས་མ་གྱུར་པ་དེ་ནི་ཕྱི་མར་འོངས་པ་མེད་ལ། ཕྱི་མ་ནི་ཡེ་ཤེས་ཉིད་ཡིན་པའི་ཕྱིར་རོ་ཞེས་ཟེར་བ་ནི་ཆོས་ཉིད་ལ་དགོངས་པ་ཡིན་ལ། ཡོན་ཏན་ཐོབ་པ་ལ་དམིགས་ན་གནས་གྱུར་ཅིས་ཀྱང་འབྱུང་སྟེ། འཕགས་པས་ཀྱང་ཆོས་ཀྱི་དབྱིངས་སུ་བསྟོད་པ་ལས། གནས་ནི་ཡོངས་སུ་གྱུར་པ་སྟེ། །ཆོས་ཀྱི་སྐུ་ཞེས་བཤད་པ་ཡིན། །ཞེས་གསུངས་སོ། །དེས་ན་རིམ་གྱིས་ཇེ་གསལ་ཇེ་གསལ་ཡེ་ཤེས་ཆེན་པོར་འགྱུར་བ་ཡིན་ཏེ། ལྕགས་ཀྱི་གོང་བུ་རབ་ཏུ་བསྲེགས་པས་མེའི་ཕུང་པོར་གྱུར་བ་ལྟ་བུའོ། །དེས་ན་ཉོན་མོངས་པ་སྤངས་ཀྱང་དྲི་མ་ལོགས་སུ་དོར་བར་བྱ་རྒྱུ་ནི་མེད་དེ། དེ་ཀུན་དེ་གནས་ཞེས་བྱའོ། །འོ་ན་ཉོན་མོངས་པ་དེ་དག་གསེབ་ན་སྦས་པ་ལྟ་བུར་ཡོད་དམ་ཞེ་ན། དེའང་མེད་དེ་ཉམས་དགའ་བར། །ཞེས་བྱ་བ་སྟེ་ཉོན་མོངས་པ་ཉིད་ཡེ་ཤེས་སུ་གྱུར་ཞེས་བྱ་བའི་དོན་ཡིན་ནོ། །བཅུ་དྲུག་ཆར་ཡང་མི་ཕོད་ཅེས་བྱ་བ་ནི་བསྒྲུན་པར་མི་བཟོད་ཅིང་ཆར་ཡང་བརྩི་བར་བྱར་མེད་པ་ལ་བཅུ་དྲུག་ཆ་ཞེས་འཇིག་རྟེན་པ་དང་སྒྲ་པའི་ལུགས་ལས་གྲགས་ཏེ་ཆ་ཕྲ་མོ་གཅིག་ད་དུང་ཡོད་དོ་ཞེས་བྱ་བ་ལྟ་བུ་ནི་མ་ཡིན་ནོ། །དེས་ན་ཉོན་མོངས་པ་སྤངས་པ་དང་ཡེ་ཤེས་ཐོབ་པའི་གནས་སྐབས་འདིའང་སྣང་བ་དང་མུན་པའམ་སྲང་མདའི་མཐོ་དམན་བཞིན་ཏེ་སྤང་བྱ་ཅུང་ཟད་ཡོད་པའི་ཚེའང་ཐོབ་བྱའི་ཆས་མ་གང་ལ། ཡེ་ཤེས་ཐམས་ཅད་རྫོགས་པའི་ཚེ་སྤང་བྱ་གཏན་ནས་མེད་པ་ཡིན་པར་ཤེས་པར་བྱའོ། །ཐོབ་བྱ་ཐོབ་པའི་ཕན་ཡོན་ནི། ཆོས་འབྱུང་ཞེས་བྱ་བ་ལ་སོགས་པ་སྟེ། ཆོས་ནི་ཟག་པ་མེད་པའི་རྣམ་པར་མི་རྟོག་པའོ། །དེ་གང་ལས་འབྱུང་བའི་གནས་ནི་པདྨའོ། །དེ་ལས་སྐྱེས་པའི་ཡེ་ཤེས་ཇི་ལྟ་བུ་ཞེ་ན། མཁའ་མཉམ་སྟེ་མི་རྟོག་པའོ། །དེ་གང་ལས་རྟོགས་ན་ལྷན་ཅིག་ཐབས་དང་བཅས་ཏེ་འདུ་ཤེས་གསུམ་དང་དགའ་བའི་དབྱེ་བ་ལ་སོགས་པའོ། །དེ་ལས་འབྲས་བུ་ནི་འཇིག་རྟེན་གསུམ་པོ་དེ་ལས་སྐྱེས་སྟེ་སྐུ་གསུམ་གྱི་བདག་ཉིད་དོ། །དེའི་རྒྱུ་མི་རྟོག་པ་འབའ་ཞིག་མ་ཡིན་ཏེ་ཟུང་དུ་ཆུད་པར་བསྟན་པ་ནི། ཐབས་དང་ཤེས་རབ་ཅེས་པའོ། །དེ་ཉིད་བཤད་པ་ནི། ཁུ་བའི་ཞེས་བྱ་བ་ལ་སོགས་པ་སྟེ་སྔར་བསྟན་པ་བཞིན་ནོ། །ཅི་དེ་ཉིད་བདེན་པར་ཡོད་དམ་སྙམ་པ་ལ། གཅིག་དང་དུ་མ་བྲལ་བ་དེ། །ཞེས་སོ། །དེ་དུས་ནམ་རྟོགས་སྙམ་པ་ལ། སྐད་ཅིག་ཅེས་བྱ་བ་ལ་སོགས་པའོ། །ཅི་ཞུ་བ་དེ་ཙམ་ཡེ་ཤེས་ཡིན་ནམ་སྙམ་པ་ལ་དེ་ནི་ཀུན་རྫོབ་ཀྱི་དབྱེ་བ་ཞེས་བྱ་བ་རྒྱུ་ཡིན་གྱི་ཡེ་ཤེས་ནི་རང་རིག་ཅེས་བྱ་བ་ལ་སོགས་པའོ། །འདིས་ནི་སྔར་གྱི་དབྱེ་བ་དེས་ནི་ཐབས་དང་བཅས་པ་ཞེས་བྱ་བ་རྒྱས་པར་བཤད་ལ། འདིས་ནི་མཁའ་མཉམ་ཞེས་བྱ་བ་རྒྱས་པར་བཤད་པར་འགྱུར་རོ། །དེ་གང་ལས་རྟོགས་ན་ངག་ལས་ནི་མི་རྟོགས་ཏེ་བླ་མའི་བྱིན་རླབས་ལས་རྟོགས་སོ་ཞེས་བྱ་བའི་དོན་ཏེ་བྱིན་རླབས་ནི་སྔ་མའི་ཐབས་སོ། །དེ་ལས་ཇི་ལྟ་བུ་ཞིག་བྱུང་ན་ཀུན་མཁྱེན་ཡེ་ཤེས་དེ་ལྟ་བུ་སྟེ་སངས་རྒྱས་ཀྱི་ཡེ་ཤེས་དང་འདྲ་བ་སྐྱེ་སྟེ་འདིས་ནི་དཔེའི་ཡེ་ཤེས་སུ་བསྟན་ཏོ། །དེ་ལྟ་བུའི་ཡེ་ཤེས་ཀྱི་མཚན་ཉིད་བརྟན་པའམ། ཡང་ན་ཡེ་ཤེས་ཉམས་སུ་བླངས་པ་ལས་མཐོང་བའི་ཆོས་ལ་གྲུབ་པའི་ཕན་ཡོན་ནི། ས་དང་ཞེས་བྱ་བ་ལ་སོགས་པ་སྟེ། རྣམ་པར་མི་རྟོག་པར་གྱུར་པ་ལས་འགར་ཡང་སྣང་བ་མེད་ཅེས་བྱ་བའམ། ཡང་ན་རྫུ་འཕྲུལ་ནུས་པ་ལའང་ཁ་ཅིག་གསུང་ངོ༌། །དེ་བས་ན་དེ་ལྟར་བསྒོམས་ན་ཕན་ཡོན་ཡོད་པས་སྒོམས་ཞེས་བྱ་བའི་དོན་ཏོ། །མ་བསྒོམས་ན་ཉེས་པ་ཡོད་པའི་སྒོ་ནས་རྒྱུད་ཀྱི་ཆེ་བ་བཤད་པ་ནི། ཐམས་ཅད་རིག་བྱེད་ཅེས་བྱ་བ་ཤློ་ཀ་གཉིས་ཏེ། རིག་བྱེད་ནི་བཞི་སྟེ། མུ་སྟེགས་བྱེད་ཀྱི་གྲུབ་པའི་མཐའ་ཐམས་ཅད་ཀྱི་རྩ་བའོ། །གྲུབ་མཐའ་ནི་ཉན་ཐོས་ཀྱི་ལམ་དང་འབྲས་བུར་བཅས་པས་ན་གྲུབ་མཐའ་འམ། ཡང་སྲིད་མཐར་གྲུབ་པས་ན་གྲུབ་མཐའོ། །ལས་རྒྱས་ནི་བྱ་སྤྱོད་དེ་དེ་ལས་སེམས་ཅན་དམན་པ་གཟུང་བའི་དོན་དུ་ཞི་བ་ལ་སོགས་པ་བསྟན་པ་སྟེ། དེ་དག་གིས་ཀྱང་སྲིད་པ་དག་པའི་དངོས་གྲུབ་མིན་ཏེ་སྐྱེ་བ་འདི་ལའོ། །འོ་ན་ཕ་རོལ་དུའམ་ཞེ་ན། ཡང་ནི་སྲིད་མཐར་སྐྱེ་སྟེ་ལམ་དེས་གཏན་མིན་ཞེས་བྱ་བའི་དོན་ཏོ། །སློབ་དཔོན་ཁ་ཅིག་སྲིད་པ་དག་འགྱུར་ནི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་སྟེ། དེས་སྲིད་པ་དག་ཀྱང་ཡང་ནི་སྲིད་མཐར་སྲིད་མཐར་སྐྱེ་སྟེ་ཡུན་རིང་དུ་འགོར་ཞེས་བྱ་བར་འཆད་དོ། །དེས་ན་ཀྱེའི་རྡོ་རྗེ་འདི་ཉིད་མཆོག་ཡིན་ཏེ་འདི་ལས་སྟོང་པ་དང་སྙིང་རྗེ་གཉིས་སུ་མེད་པའི་ལྷན་ཅིག་སྐྱེས་པ་གསལ་བར་བསྟན་པའི་ཕྱིར་རོ། །དེས་ན་གྲུབ་པར་འདོད་པས་རྒྱུན་མི་འཆད་པར་བསྒོམ་མོ་ཞེས་བསྟན་པ་ནི། ཆུ་བོའི་རྒྱུན་ཞེས་བྱ་བ་ལ་སོགས་པ་སྟེ། ཆུ་བོའི་རྒྱུན་ནི་བར་མ་ཆད་པ་ཡིན་ལ་མར་མེའི་རྩེ་མོ་ནི་གསལ་ཞིང་རྩེ་གཅིག་པ་ཡིན་ནོ། །དེའང་ལས་དང་པོ་པས་ནི་མཉམ་པར་གཞག་པ་གཙོ་ཆེ་ལ། རྗེས་སྤྱོད་ལ་མོས་པ་ཙམ་མོ། །ཕྱི་ནས་བརྟན་པར་གྱུར་ནས་བར་མ་ཆད་པའི་རྣལ་འབྱོར་ཏེ། བཤད་པའི་རྒྱུད་ལས། གཟུགས་རྣམས་སྣ་ཚོགས་བལྟ་བ་དང༌། །སྒྲ་ནི་རྒྱས་པར་མཉན་པ་དང༌། །སྨྲ་བ་དང་ནི་དགོད་པ་དང༌། །སྣ་ཚོགས་རོ་ནི་ཟ་བ་དང༌། །ལས་དེ་རྣམས་ནི་བྱེད་པ་ན། །སེམས་ནི་གཞན་དུ་མི་འགྲོ་བས། །དེ་ཉིད་རིག་པའི་རྣལ་འབྱོར་པས། །རྣལ་འབྱོར་རྒྱུད་ལ་སྐྱེ་བར་འགྱུར། །ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་སོ། །ལེའུ་བརྒྱད་པ་རྣལ་འབྱོར་མའི་འཁོར་ལོ་འདུ་པ་ཚིགས་སུ་བཅད་པ་ལྔ་བཅུ་རྩ་དྲུག་གི་རྣམ་པར་བཤད་པ་བསྟན་ཟིན་ཏོ།།  །།ད་ནི་ལེའུ་དགུ་པ་བཤད་པར་བྱ་སྟེ། དེའང་ལེའུའི་འབྲེལ་ནི་དེ་ལྟར་བསྐྱེད་པ་དང་རྫོགས་པར་ལྡན་པའི་རྣལ་འབྱོར་མའི་འཁོར་ལོ་བསྟན་ནས། དེའི་རྣམ་པར་དག་པ་བསྟན་པའི་ཕྱིར་ལེའུ་དགུ་པའོ། །སྦས་དོན་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེས་མི་མཐུན་པའི་ཕྱོགས་དག་པར་བྱེད་པའི་ཕྱིར་རོ། །ལེའུ་འདིའི་བརྗོད་པར་བྱ་བའི་དོན་ནི་དེ་བཞིན་ཉིད་ཀྱི་དག་པ་མོས་པར་བྱེད་པའི་ཆ་ནས་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་སྤྱི་ཡིན་ལ། ལྷ་སོ་སོའང་བསྐྱེད་པའི་རིམ་པ་སྤྱི་ཡིན་ཞིང༌། རང་རིག་པའི་དག་པ་ནི་ཐབས་ལས་བྱུང་བའི་ཡེ་ཤེས་ཏེ་སྦས་པ་ཡིན་ནོ། །རྗོད་བྱེད་ཀྱི་སྒྲ་ཡན་ལག་གི་དོན་གྱིས་འཆད་དོ། །མངོན་པར་རྟོགས་པ་ནི་ཐབས་ཀྱི་རྒྱུད་ལས་མཆོག་གི་དངོས་གྲུབ་སྒྲུབ་པ་དེ་ལས་དེ་བཞིན་ཉིད་ཀྱི་དག་པ་རྟོགས་པའི་ལྟ་བ། ལྷ་སོ་སོའི་དག་པ་བསྐྱེད་རིམ། རང་རིག་པའི་དག་པ་རྫོགས་རིམ་མོ། །གསུམ་ཀའང་སྦྱང་གཞི་དང་སྦྱོང་བྱེད་བློའི་ཡུལ་དུ་ཤེས་པར་བྱེད་པའི་སྒྲོ་འདོགས་གཅོད་པའི་སྒོ་ནས་ལྟ་བ་འབའ་ཞིག་ཏུའང་འགྱུར་རོ། །བཤད་པའི་རྒྱུད་ནི་རྡོ་རྗེ་གུར་གྱི་ལེའུ་དྲུག་པ་དང་བཅུ་བཞི་པའི་ཆ་ཤས་ལས་ཀྱང་ཅུང་ཟད་འབྱུང་ལ། ཁ་སྦྱོར་གྱི་དང་པོའི་དང་པོ་ལས་དེ་བཞིན་ཉིད་ཀྱི་དག་པ། གཉིས་པའི་གཉིས་པ་དང་ལྔ་པའི་གཉིས་པ་ལས་གསལ་བར་འཆད་དོ། །ལུས་རྣམ་པར་གཞག་པ་ནི་བཅུ་དྲུག་པོ་ཀུན་གྱི་ཤུགས་ལས་ཤེས་སོ་ཞེས་ཀྱང་གསུང་མོད། ཡེ་ཤེས་དང་ལྷ་རྣམས་ཇི་ལྟར་འབྱུང་བའི་ཡན་ལག་རྒྱས་པར་བཤད་པ་ཡིན་ནོ། །གཞུང་དོན་ལ་དང་པོར་བཤད་པར་དམ་བཅའ་བ་ནི། མཆོག་ཏུ་རྣམ་པར་དག་པ་ཞེས་བྱ་བ་སྟེ། དེའང་སྐྱོན་མེད་པའམ། དྲི་མ་སྦྱོང་བར་བྱེད་པའམ། མཆོག་ཏུ་གྱུར་པ་ལ་བརྗོད་པར་བྱ་སྟེ། དང་པོ་ནི་རང་བཞིན་གྱིས་སྐྱོན་མེད་ཅིང་དྲི་མ་དང་བྲལ་བས་ན་རྒྱུའི་རྒྱུད་ལ་འཇུག གཉིས་པ་ནི་གློ་བུར་གྱི་དྲི་མ་སྦྱོང་བར་བྱེད་པས་ཐབས་ཀྱི་རྒྱུད་ལ་འཇུག གསུམ་པ་ནི་དྲི་མ་ཤིན་ཏུ་རྣམ་པར་དག་པའི་མཆོག་ཏུ་གྱུར་པས་འབྲས་བུའི་རྒྱུད་ལ་འཇུག་གོ །གཞུང་གི་དོན་ལ་སྤྱིའི་དོན་དང༌། ཡན་ལག་གི་དོན་གཉིས་ལས། དང་པོ་ལ་གཉིས་ཏེ། རྒྱུད་གསུམ་རང་བཞིན་གྱིས་དག་པའི་ཚུལ་དང༌། དེ་ཉིད་དག་པ་གསུམ་གྱིས་དག་པའི་ཚུལ་ལོ། །དང་པོ་ནི་རྒྱུའི་རྒྱུད་རང་བཞིན་གྱིས་དག་པས་སོལ་བ་ལ་དཀར་པོའི་ནུས་པ་མེད་པ་ལྟར་སྦྱང་དུ་མི་རུང་བ་མ་ཡིན་པ་དང༌། ཐབས་རྒྱུད་རང་བཞིན་གྱིས་དག་པས་མུ་སྟེགས་བྱེད་ཀྱི་ལམ་ལྟར་སྦྱོང་བར་མི་ནུས་པ་མ་ཡིན་པ་དང༌། འབྲས་བུ་རང་བཞིན་གྱིས་དག་པས་ལུས་ཀྱི་དྲི་མ་བཀྲུས་པ་ལྟར་སླར་ལྡོག་པ་མ་ཡིན་པས་ན་རྒྱུད་གསུམ་རང་བཞིན་གྱིས་དག་པ་ཡིན་ནོ། །གཉིས་པ་ནི་རྒྱུད་གསུམ་པོ་རེ་རེའང་དག་པ་གསུམ་གྱིས་དག་པ་ཡིན་ཏེ། དེའང་རྒྱུའི་རྒྱུད་ཀྱི་དེ་བཞིན་ཉིད་ཀྱི་དག་པ་ནི་ཆོས་ཐམས་ཅད་རང་གི་སེམས་ཡིན་ལ་སེམས་དེའང་རང་བཞིན་གྱིས་སྤྲོས་པ་དང་བྲལ་བའོ། །དེའང་གསལ་བའི་ཆ་ནི་རང་རིག་པའི་དག་པ་སྟེ་དེ་གཉིས་ནི་སེམས་རང་བཞིན་གྱིས་རྫོགས་པའི་སངས་རྒྱས་སོ། །ལུས་ཞལ་ཕྱག་གི་རྣམ་པར་གྲུབ་པ་ནི་ལྷ་སོ་སོའི་དག་པ་སྟེ་ལུས་རང་བཞིན་གྱིས་རྫོགས་པའི་སངས་རྒྱས་སོ། །རྒྱུའི་རྒྱུད་དེ་ལྟར་གནས་པའི་སྟོབས་ཀྱིས་ཐབས་ཀྱི་རྒྱུད་ཀྱང་དག་པ་གསུམ་སྟེ། ཆོས་ཐམས་ཅད་སྤྲོས་པ་དང་བྲལ་བའི་ཡུལ་དུ་བྱེད་པའི་ལྟ་བ་ནི་དེ་བཞིན་ཉིད་ཀྱི་དག་པ་སྟེ་འདིས་སྤང་བྱ་ཀུན་ཏུ་བརྟགས་པའི་དུག་ཞི་བར་བྱེད་དོ། །སྣང་བ་ཐམས་ཅད་ལྷའི་རང་བཞིན་དུ་ཤེས་པར་བྱས་ནས་ལྷ་ཡང་ཕྱག་གི་དག་པ་སྟོང་པ་ལ་སོགས་པས་བྱེ་བྲག་ཏུ་སྦྱངས་ཏེ་དེའང་དེ་བཞིན་ཉིད་ཀྱི་དག་པས་བྱིན་གྱིས་བརླབས་ནས་བསྒོམ་པ་ནི་ལྷ་སོ་སོའི་དག་པ་སྟེ་འདིས་ཀུན་ཏུ་རྟོགས་པའི་དུག་སྦྱོང་བར་བྱེད་དོ། །རྫོགས་རིམ་ལས་བྱུང་བའི་ཡེ་ཤེས་སྤོས་བྲལ་མངོན་དུ་གྱུར་པ་དེས་ལྷའང་བྱིན་གྱིས་བརླབས་ནས་བསྒོམ་པ་ནི་རང་རིག་པའི་དག་བ་སྟེ་འདིས་ལྷར་ཞེན་པའི་དུག་སྦྱོང་བར་བྱེད་དོ། །ཐབས་ཀྱི་རྒྱུད་དེ་ཉམས་སུ་བླངས་པས་འབྲས་བུའི་རྒྱུད་ཀྱང་དག་པ་གསུམ་དུ་འགྱུར་ཏེ། ངོ་བོ་ཉིད་ཀྱི་སྐུ་ནི་དེ་བཞིན་ཉིད་ཀྱི་དག་པ། གཟུགས་སྐུ་གཉིས་ནི་ལྷ་སོ་སོའི་དག་པ། ཆོས་ཀྱི་སྐུ་ནི་རང་རིག་པའི་དག་པའོ། །ཡང་ན་ཆོས་ཀྱི་སྐུ་ནི་དེ་བཞིན་ཉིད་ཀྱི་དག་པ། ལོངས་སྤྱོད་རྫོགས་པའི་སྐུ་ནི་རང་རིག་པའི་དག་པ། སྤྲུལ་པའི་སྐུ་ནི་ལྷ་སོ་སོའི་དག་པའོ། །སྤྱིའི་དོན་ཏོ། །ཡན་ལག་གི་དོན་ལ་གཉིས་ཏེ། དག་པ་གསུམ་མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ལ་གསུམ་ལས། དེ་བཞིན་ཉིད་ཀྱི་དག་པ་ནི། ངེས་པར་དངོས་པོ་ཐམས་ཅད་ཀྱི། །ཞེས་པ་ལ་སོགས་པ་སྟེ། ངེས་པར་ནི་མི་སླུ་བ་སྟེ་ལུང་དང་རིགས་པས་ལེགས་པར་བརྟགས་ན་ཞེས་བྱ་བའི་དོན་ཏོ། །དངོས་པོ་ནི་ཆོས་ཅན་དུ་གྱུར་བ་ཐམས་ཅད་དོ། །དེ་བཞིན་ཉིད་ཅེས་བྱ་བ་ནི་བརྗོད་པའི་མཐའ་ཐམས་ཅད་དང་བྲལ་བ་སྟེ་དེ་ལ་ཡང་མིང་གི་རྣམ་གྲངས་ནི་དབུས་མཐའ་ལས། སྟོང་པ་ཉིད་ནི་མདོར་བསྡུ་ན། །དེ་བཞིན་ཉིད་དང་ཡང་དག་མཐའ། །མཚན་མ་མེད་དང་དོན་དམ་དང༌། །ཆོས་ཀྱི་དབྱིངས་ནི་རྣམ་གྲངས་སོ། །གཞན་མིན་ཕྱིན་ཅི་ལོག་མ་ཡིན། །དེ་འགགས་འཕགས་པའི་སྤྱོད་ཡུལ་དང༌། །འཕགས་པའི་ཆོས་ཀྱི་རྒྱུ་ཡི་ཕྱིར། །རྣམ་གྲངས་དོན་དེ་གོ་རིམ་བཞིན། །ཞེས་གསུངས་སོ། །དེ་ལྟར་ན་དག་པ་དེས་ཆོས་ཅན་མ་དག་པ་ཞིག་དག་པར་བྱེད་དམ། དག་ཟིན་པ་ཅིག་དག་པར་བྱེད། དང་པོ་ལྟར་ན་སྦྱང་དུ་མི་བཏུབ་ལ། ཕྱི་མ་ལྟར་ན་སྦྱངས་པ་དོན་མེད་དོ་ཞེ་ན། རང་བཞིན་གྱིས་དག་ཀྱང་གློ་བུར་དུ་མ་དག་པ་ཅིག་དག་པར་བྱེད་དོ། །དབུས་མཐའ་ལས། ཀུན་ནས་ཉོན་མོངས་རྣམ་པར་དག །དེ་ནི་དྲི་བཅས་དྲི་མ་མེད། །ཆུ་ཁམས་གསེར་དང་ནམ་མཁའ་བཞིན། །དག་པ་བཞིན་དུ་དག་པར་འདོད། །ཅེས་གསུངས་སོ། །དེ་ལ་རྒྱུ་རྒྱུད་ཀྱི་དཔེ་རང་བཞིན་གྱིས་དག་ཀྱང་གློ་བུར་གྱི་དྲི་མའི་དཔེ་ནི་ཆུ་རྙོག་པ་དང་བཅས་པ་བཞིན་ནོ། །དེ་ལྟར་ན་ཆུ་ལ་རྙོག་པ་གློ་བུར་དུ་བྱུང་བ་བཞིན་སེམས་ལ་དྲི་མ་གློ་བུར་དུ་བྱུང་ན་མཐར་ལམ་གྱིས་དྲི་མ་སྦྱངས་བའི་དུས་ནའང་འབྱུང་བར་འགྱུར་ཏེ་གློ་བུར་བ་ཡིན་པའི་ཕྱིར་རོ། །དྲི་མ་དེ་ལྷན་ཅིག་སྐྱེས་པ་ཡིན་ནའང་སྦྱང་དུ་མི་བཏུབ་སྟེ་སེམས་དང་བདག་གཅིག་པ་ཡིན་པའི་ཕྱིར་རོ་ཞེ་ན། ལྷན་ཅིག་སྐྱེས་ཀྱང་སྦྱང་དུ་རུང་བའི་ཕྱིར་གློ་བུར་བ་ཞེས་བྱ་བའི་ཐ་སྙད་གདགས་ཏེ། ལྷན་ཅིག་སྐྱེས་པ་ཐབས་ཀྱིས་སྦྱོང་བ་ལམ་གྱི་དཔེ་ནི་གསེར་གྱི་གཡའ་སྦྱོང་བའི་དཔེ་གསེར་དང་གཡའ་ལྷན་ཅིག་སྐྱེས་ཀྱང་གཡའ་སྦྱང་དུ་རུང་བ་དང་མཚུངས་སོ། །དེ་ལྟར་ན་སྔར་ལེའུ་བརྒྱད་པར་དྲི་མའང་སེམས་ཀྱི་ཆོས་ཉིད་ཡིན་པའི་ཕྱིར་སྤང་དུ་མེད་དོ་ཞེས་གསུངས་པ་དང་མི་འགལ་ལམ་ཞེ་ན་མི་འགལ་ཏེ་དྲི་མ་དེ་ཉིད་ཡེ་ཤེས་སུ་འགྱུར་བ་འབྲས་བུའི་དཔེ་ནི་ནམ་མཁའ་ལ་སྤྲིན་དེངས་པ་ན་སྤྲིན་ནམ་མཁའ་ཉིད་དུ་གྱུར་པའི་དཔེས་བསྟན་ཏོ། །ཕྱི་ནས་རེ་རེའི་དབྱེ་བ་ཡིས། །ཞེས་བྱ་བ་ནི་ལྷ་སོ་སོའི་དག་པ་སྟེ་སྦྱང་གཞི་རེ་རེ་ལ་སྦྱོང་བྱེད་ལྷ་རེ་རེར་ཤེས་པས་སྦྱོང་བའོ། །དག་པ་བསྒོམ་པའི་འཐད་པ་ནི། །རང་བཞིན་གྱིས་ནི་རྣམ་པར་དག །ཉོན་མོངས་ཤེས་བྱའི་སྒྲིབ་སྦྱང་བྱ། །ཞེས་བྱ་བ་སྟེ། གློ་བུར་བ་འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་སྒྲིབ་པ་དང༌། ཉོན་མོངས་པ་ཅན་མ་ཡིན་པ་ཐ་མལ་པར་བརྟགས་པ་ནི་ཤེས་བྱའི་སྒྲིབ་པ་སྟེ། རྒྱུད་བླ་མ་ལས། སེར་སྣ་ལ་སོགས་ཉོན་མོངས་གང༌། །དེ་ནི་ཉོན་མོངས་སྒྲིབ་པར་འདོད། །འཁོར་གསུམ་རྣམ་པར་རྟོག་པ་གང༌། །དེ་ནི་ཤེས་བྱའི་སྒྲིབ་པར་འདོད། །ཅེས་གསུངས་སོ། །དེ་ལ་སྒྲིབ་པ་གཉིས་ཇི་ལྟར་སྤོང་ཞེ་ན། འཕགས་པ་ཉན་ཐོས་རྣམས་ནི་ཉོན་མོངས་པའི་སྒྲིབ་པ་མཐོང་བས་སྤང་བར་བྱ་བ་དང་བསྒོམས་པས་སྤང་བར་བྱ་བ་ནི་མཐོང་བསྒོམ་གྱི་ལམ་གྱིས་སྤོང་ལ། ཤེས་བྱའི་སྒྲིབ་པ་ནི་བསྒོམ་ལམ་གྱི་མཇུག་ཏུ་མཐར་ཕྱིན་གྱི་ལམ་གྱིས་སྤོང་ངོ་ཞེས་འདོད་ལ། མི་མཁས་པ་དག་དེ་ཉིད་ཐེག་པ་ཆེན་པོ་ལའང་སྦྱོར་ཏེ་དེ་ནི་མ་ཡིན་ཏེ་ཉོན་མོངས་པའི་སྒྲིབ་པ་སྔོན་དུ་སྤངས་ན་བྱང་ཆུབ་སེམས་དཔའ་རྣམས་མྱུར་དུ་རྒྱུན་ཞུགས་དང༌། ཕྱིར་འོང་བ་དང་ཕྱིར་མི་འོང་བ་དང་དགྲ་བཅོམ་པར་འགྱུར་བའི་ཕྱིར་སྔོན་དུ་ཉོན་མོངས་མི་སྤོང་བར་སྒྲིབ་པ་གཉིས་དུས་གཅིག་ན་སྤོང་བར་བྱེད་དོ། །དེའང་ཀུན་ལས་བཏུས་པ་ལས། བྱང་ཆུབ་སེམས་དཔའ་རྣམས་ནི་བདེན་བ་རྣམས་མངོན་པར་རྟོགས་པར་བྱས་ནས་ས་བཅུ་རྣམས་སུ་བསྒོམ་པའི་ལམ་ལ་ཤེས་བྱའི་སྒྲིབ་པའི་གཉེན་པོར་ལམ་བསྒོམ་གྱི། ཉོན་མོངས་པའི་སྒྲིབ་པའི་གཉེན་པོར་ནི་མ་ཡིན་ནོ། །དེ་བྱང་ཆུབ་ཐོབ་པ་ན་ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་ཅིག་ཅར་སྤོང་ངོ༌། །ཅིག་ཅར་དེ་བཞིན་གཤེགས་པ་དང་དགྲ་བཅོམ་པར་འགྱུར་རོ། །དེ་ཉོན་མོངས་པ་མ་སྤངས་སུ་ཟིན་ཀྱང་སྔགས་དང་སྨན་གྱིས་བསད་པའི་དུག་ལྟ་བུ་དང༌། དཔེར་ན་སྤང་བའི་དགྲ་བཅོམ་པ་ལྟར་ས་ཐམས་ཅད་དུ་ཉོན་མོངས་པའི་ཉེས་པ་སྐྱེ་བར་མི་འགྱུར་རོ་ཞེས་གསུངས་སོ། །དེས་ན་རྡོ་རྗེ་ཐེག་པ་འདིར་འབྲས་བུ་དང་མཚམས་སྦྱོར་བའི་དུས་སུ་ཉེ་བའི་རྒྱུ་བསྒོམ་པའི་གཏན་ཚིགས་ཀྱང་འདིས་འགྲུབ་བོ། །རང་རིག་བདག་ཉིད་ཅེས་བྱ་བ་ནི་རང་རིག་པའི་དག་པ་སྟེ། རྫོགས་རིམ་བསྒོམས་པ་ལས་བྱུང་བའི་ཡེ་ཤེས་ཀྱིས་ལྷ་བྱིན་གྱིས་བརླབས་ཏེ་བསྒོམ་པའི་དོན་ཏོ། །རྒྱས་པར་བཤད་པ་ལ་གསུམ་ལས། དེ་བཞིན་ཉིད་ཀྱི་དག་པ། དེ་ལ་ཡང་གསུམ་ལས། དང་པོ་རང་བཞིན་གྱིས་དག་པས་སྦྱང་དུ་རུང་བར་བསྟན་པ་ནི། ཡུལ་གྱི་དངོས་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཐམས་ཅད་རང་བཞིན་གྱིས་དག་པའི་ཚུལ་ནི་སྔར་བརྗོད་ཟིན་ཏོ། །འདི་ལྟར་འགྲོ་བ་སངས་རྒྱས་འགྱུར། །ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན་ཏེ། དེ་བཞིན་གཤེགས་པའི་གསང་བ་དམ་པའི་མདོ་ལས། དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་གསང་བ་རྣམས་གོ་རིམ་བཞིན་དུ་གཟུགས་དང་སྒྲ་དང་སེམས་ཀྱི་གཡོ་བ་ཐམས་ཅད་ཁྱབ་པར་རྗེས་སུ་འགྲོ་བའོ་ཞེས་གསུངས་པ་ལྟ་བུའོ། །གློ་བུར་གྱི་དྲི་མ་སྦྱང་དུ་ཡོད་པས་དག་པ་དོན་ཡོད་པར་བསྟན་པ་ནི། ཀྱེ་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པའོ། །དག་པས་དག་པར་བྱས་ནས་དེ་ཉིད་ཇི་ལྟར་བསྟན་པ་ནི། དག་པས་དུག་མེད་ཅེས་བྱ་བ་ལ་སོགས་པ་སྟེ། དེ་བཞིན་ཉིད་ཀྱི་དག་པ་ལྟ་བས་ཀུན་ཏུ་བརྟགས་པའི་དུག་མེད། ལྷས་ཀུན་རྟོག་གི་དུག་མེད། རང་རིག་པས་ལྷར་ཞེན་པའི་དུག་མེད་པར་བྱས་པའོ། །ལྷ་སོ་སོའི་དག་པ་ནི། གཟུགས་ཕུང་རྡོ་རྗེ་མ་ཞེས་བྱ་བ་ལ་སོགས་པའོ། །ཕྱག་གི་དག་པ་ཞེས་བྱ་བ་ལ་སོགས་པས་ནི་རྡོ་རྗེ་སེམས་དཔའི་རྣམ་པར་དག་པ་སྟེ་འཆད་པར་འགྱུར་བ་ལས་ཁྱད་པར་དུ་བྱ་བའི་ཕྱིར་རོ། །ཞེ་སྡང་ཞེས་བཤད་རྡོ་རྗེ་མ། །ཞེས་བྱ་བ་ལ་སོགས་པས་ལྷ་མོ་འདི་རྣམས་ཀྱིས་ཕུང་པོ་ལྔ་དང་ཉོན་མོངས་པ་ལྔ་དང་དྲུག་སྦྱོང་བར་བྱེད་དོ་ཞེས་བྱའོ། །དབང་པོའི་དག་པ་ནི་ཕྱི་མའི་གསུམ་པ་ལས་འཆད་པར་འགྱུར་རོ། །དེ་ལྟར་ན་དེ་དག་བསྐྱེད་པའི་རིམ་པའི་དག་པའོ། །རྫོགས་པའི་རིམ་པ་རང་རིག་པའི་དག་པ་བཤད་པའི་ཕྱིར་གང་དང་གང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕུང་པོ་ལ་སོགས་པ་འདི་རྣམས་ཀྱིས་ནི་འཇིག་རྟེན་པ་བཅིངས་ཏེ་མ་རྟོགས་པའི་ཕྱིར་རོ། །དེ་དང་དེས་ནི་འཆིང་བ་ལས་གྲོལ་ཏེ། འདི་དེ་བཞིན་ཉིད་དང་ལྷ་དང་རང་རིག་པའི་དག་པ་གསུམ་ཀ་ལ་སྦྱར་ནས་མཐར་རང་རིག་པའི་དག་པ་ལ་སྦྱར་ཏེ་རྫོགས་རིམ་གྱི་ཡེ་ཤེས་རྟོགས་ན་གྲོལ་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །ཡེ་ཤེས་དེ་ཅི་འདྲ་ན། དེ་ཕྱིར་དྲི་མེད་ཅེས་བྱ་བ་ལ་སོགས་པ་སྟེ་དག་པ་གསུམ་ཀ་ལ་སྦྱར་བར་བྱའོ། །འོ་ན་མཐོང་ཐོས་ལ་སྐུར་པ་བཏབ་པར་འགྱུར་རམ་སྙམ་པ་ལ། རང་བཞིན་དག་པའི་འགྲོ་ལ་འགྲོ་བར་ཤེས། །ཞེས་བྱ་སྟེ། རང་གི་སེམས་ཀྱི་རྣམ་འཕྲུལ་དུ་སྣང་སྟེ། ང་ལས་འགྲོ་བ་ཐམས་ཅད་བྱུང༌། །ཞེས་བྱ་བ་ལ་སོགས་པའོ། །ལེའུ་དགུ་པ་ཤླཽ་ཀ་ཉི་ཤུ་རྩ་གཉིས་ཀྱི་འགྲེལ་པ་བསྟན་ཟིན་ཏོ།།  །།ད་ནི་ལེའུ་བཅུ་པ་བཤད་པར་བྱ་སྟེ། དེ་ལ་ལེའུ་སྔ་ཕྱིའི་འབྲེལ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལུས་ལ་གནས་པ་དེ་ཐོབ་པར་བྱེད་པའི་ལམ་རིམ་པ་གཉིས་པོ་དེའང་དབང་མ་བསྐུར་བ་ལ་སྐལ་བ་མེད་པས་ན་དབང་བསྐུར་ལ་བསྟན་པར་བྱའོ། །ཞེས་བདག་མེད་མའི་དཀྱིལ་འཁོར་དག་པ་དང་བཅས་པར་སློབ་མ་དབང་བསྐུར་བར་བྱ་བའི་ཕྱིར་དང༌། སྦས་པ་ན་འདི་མི་སྦྱོར་བའམ། རྣམ་རྟོག་གི་དྲི་མ་འཁྲུད་པས་དབང་ངོ༌། །འདིའི་བརྗོད་བྱའི་དོན་ནི་བུམ་དབང་དང་འབྲེལ་པ་རྣམས་བསྐྱེད་པའི་རིམ་པ་སྤྱི་ཡིན་ལ། མཆོག་དབང་གསུམ་དང་འབྲེལ་པ་རྣམས་སྦས་པའི་དོན་ཡིན་ཞིང༌། དབང་གི་དོན་བསྒོམས་པས་འབྲས་བུ་འདི་ལྟ་བུ་འགྲུབ་བོ་ཞེས་ཞར་ལས་བྱུང་བ་མཐར་ཐུག་པར་ཡང་འགྱུར་རོ། །རྗོད་བྱེད་ཀྱི་སྒྲ་ཡན་ལག་གི་དོན་གཙོ་བོར་གྱུར་པ་གསུམ་ཀ་འཇུག་གོ །མངོན་པར་རྟོགས་པ་ནི་སྤྱིར་རྒྱུད་གསུམ་ཀ་དང་འབྲེལ་ཏེ་རྟེན་གྱི་གང་ཟག་རྗེས་སུ་གཟུང་བའི་ངོས་ནས་རྒྱུའི་རྒྱུད་ཡིན་ཏེ་ཐབས་ཀྱི་རྒྱུད་ཀྱི་དངོས་གཞི་རིམ་པ་གཉིས་ཡིན་པའི་ཕྱིར་རོ། །ཡང་རྒྱུའི་རྒྱུད་ནི་ལམ་ལ་མ་ཞུགས་པ་ཡིན་ལ། འདིས་སྨིན་བྱེད་ལམ་ཡིན་པས་གཙོར་ཐབས་ཀྱི་རྒྱུད་དུའང་འགྲོའོ། །ཡང་རྒྱལ་པོ་ཨིནྡྲ་བྷཱུ་ཏི་ལྟ་བུ་དབང་རྗེས་ལ་གྲོལ་བའི་དབང་དུ་བྱས་ནས་རྒྱུད་གསུམ་ཅིག་ཅར་པར་ཡང་འགྱུར་ལ། དབང་གི་དོན་གོམས་པས་འབྲས་བུ་གྲུབ་པའི་རྟགས་ནི་འབྲས་བུའི་རྒྱུད་དུ་འགྱུར་རོ། །གང་ལྟར་ཡང་འདིར་སློབ་དཔོན་གརྦྷ་རི་པས། རྒྱུ་རིགས་སྤང་བྱ་རྐྱེན་ལ་ལྟོས། །གང་ཟག་རྣམ་པ་བཞི་རུ་ངེས། །ཞེས་གསུངས་པའི་རྗེས་སུ་འབྲངས་ནས་དབང་ལེན་པ་དང་བླངས་པའི་རྟེན་གྱི་གང་ཟག་གོ །མདོར་ན་རྒྱུའི་རྒྱུད་སྔོན་དུ་འགྲོ་བ་སྨིན་བྱེད་དང་འབྲེལ་བས་རྒྱུའི་རྒྱུད་དང་དབང་གི་མངོན་པར་རྟོགས་པ་གཉིས་ཀ་བཤད་དགོས་ཏེ་རྒྱུད་ཀྱི་མངོན་རྟོགས་སུ་བརྗོད་ཟིན་ཏོ། །བཤད་པའི་རྒྱུད་ནི་རྡོ་རྗེ་གུར་ལས་སྤྱིར་རྒྱུའི་རྒྱུད་སྟོན་པའི་དབང་དུ་བྱས་ན་བཅུ་པ། བཅུ་གཅིག་པ། བཅུ་གཉིས་པ་དང་གསུམ་མ་གཏོགས་པ་ཐམས་ཅད་དང་འབྲེལ་ལ། དབང་བསྐུར་བ་སྟོན་པ་ལེའུ་གཉིས་པ། གསུམ་པ། བཞི་པ། ལྔ་པ། བདུན་པ། བརྒྱད་པ། དགུ་པ། བཅུ་བཞི་པ། བཅོ་ལྔ་པ་སྟེ་ལེའུ་དགུ་དང་འབྲེལ་ལོ། །ཁ་སྦྱོར་གྱི་གཉིས་པའི་དང་པོ་དང༌། གསུམ་པ་དངོས་དང༌། རྒྱུད་ཕྱི་མ་དང་བཅས་པས་འཆད་པར་བྱེད་དོ། །དེ་དག་ཏུ་མ་ཚང་བ་དེ་ཉིད་བསྡུས་པར་བལྟ་སྟེ། ཇི་ལྟར་དེ་ཉིད་བསྡུས་པ་ཡི། །དཀྱིལ་འཁོར་ཆོ་ག་དེ་བཞིན་བྱ། །ཞེས་འདི་ཉིད་ལས་འབྱུང་བས་སོ། །དེར་ཡང་མ་ཚང་བ་གསང་བ་སྤྱི་རྒྱུད་དུ་བལྟ་སྟེ། གང་དག་ཏུ་ནི་སློབ་དཔོན་གྱི། །ལས་ཀྱི་ཆོ་ག་རྣམ་མེད་པ། །དེ་ནི་སྤྱི་ཡི་རྒྱུད་དག་ལས། །གསུངས་པའི་ཆོ་ག་མཁས་པས་བསྟེན། །ཞེས་གསང་བ་སྤྱི་རྒྱུད་ལས་གསུངས་པའི་ཕྱིར་རོ། །ལུས་རྣམ་གཞག་འདི་ལ་མེད་པའམ་སློབ་མའི་དོན་བྱེད་པས་དོན་བྱེད་དང་འབྲེལ་ལོ། །ཚིག་གི་དོན་ཕལ་ཆེར་ནི་གོ་སླ་ལ། ཤེས་རབ་ཡེ་ཤེས་ཀྱི་དབང་གི་ཡེ་ཤེས་ནི་བརྗོད་བྱའི་གཙོ་བོ་ལྟ་བ་གཏན་ལ་འབེབས་པར་བྱེད་པའོ། །དེའི་ཡེ་ཤེས་དེ་ཇི་ལྟ་བུ་ཞེས་སྟོན་པ་ནི། རང་རིག་ཡེ་ཤེས་ཉིད་དུ་འགྱུར། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལ་བཞི་སྟེ། ཡེ་ཤེས་ཀྱི་མཚན་ཉིད་དང༌། དེ་རྟོགས་པའི་ཕྱིར་དགའ་བའི་དབྱེ་བ་དང༌། དེ་ལ་ཐེ་ཚོམ་བསལ་བ་དང༌། དབང་གི་དོན་བསྒོམས་པ་ལས་འབྲས་བུ་གྲུབ་པའི་རྟགས་དང་བཅས་པའོ། །དང་པོ་ལ་གཉིས་ཏེ། ངོ་བོ་ངོས་གཟུང་བ་དང༌། དེའི་ཁྱད་པར་རམ་མཚན་ཉིད་རྒྱས་པར་བཤད་པའོ། །དང་པོ་ནི་རང་རིག་ཡེ་ཤེས་ཉིད་དུ་འགྱུར་ཏེ། གཞན་གྱིས་རྟོགས་པ་མ་ཡིན་པ་སོ་སོ་རང་གིས་རིག་པའི་ཆོས་ཉིད་ཐོབ་བོ་ཞེས་བྱ་བའི་དོན་ཏོ། །དེའི་ཁྱད་པར་རམ་མཚན་ཉིད་ཇི་ལྟ་བུ་ཞེ་ན། མཚན་ཉིད་ལྔ་ལྡན་ཏེ། སྤྲོས་པ་དང་བྲལ་བ་དང༌། ཟུང་དུ་འཇུག་པ་དང༌། འཚོ་བར་བྱེད་པ་དང༌། སྐྱེ་མེད་ལས་མི་འགྱུར་བ་དང༌། ཐམས་ཅད་ཀྱི་བདག་ཉིད་དུ་བསྟན་པའོ། །དང་པོ་ནི། རང་གཞན་ཡང་དག་རིག་པ་སྤངས་ཏེ་གཉིས་འཛིན་གྱི་ཤེས་པ་ལས་གྲོལ་བའོ། །མཁའ་མཉམ་སྟེ་སྣང་བ་མེད་པའམ་ཐམས་ཅད་དུ་མ་ཐོགས་པའོ། །རྡུལ་བྲལ་ཏེ་ཉོན་མོངས་པའི་སྒྲིབ་པ་མེད་པའོ། །སྟོང་ཉིད་དེ་རྟོག་པ་ཐམས་ཅད་ལས་གྲོལ་བའོ། །ཟུང་དུ་ཆུད་པ་ནི་དངོས་དང་ཞེས་བྱ་བ་ལ་སོགས་པའོ། །སྲོག་ཆགས་རྣམས་ཀྱི་སྲོག་ནི་དེ་ཉམས་སུ་མྱོང་བའི་བདག་ཉིད་ཅན་ཡིན་པས་སོ། །སྐྱེ་མེད་ལས་མི་འགྱུར་བ་ནི་ཐོག་མཐའ་མེད་པའི་ཕྱིར་རོ། །ཐམས་ཅད་ཀྱི་བདག་ཉིད་དུ་བསྟན་པ་ནི་ཡེ་ཤེས་དེ་ལས་སྣང་གྲགས་ཀྱི་ཆོས་ཐམས་ཅད་ལོགས་ཤིག་ན་མེད་ཅེས་བྱ་བའི་དོན་ཏོ། །དེས་ན་ཡེ་ཤེས་ལ་དབྱེ་བ་མེད་ཅིང་ཐམས་ཅད་དེ་ལས་བྱུང་བ་དང་བདག་ཉིད་གཅིག་པས་ན་དེ་ཉིད་སྲོག་ཆགས་ཞེས་བྱ་བ་ལ་སོགས་པའོ། །དེས་ན་མ་རྟོགས་པ་རྣམས་ཀྱིས་གྲུབ་པའི་མཐའ་སྣ་ཚོགས་སུ་བརྟགས་པའང་དེ་ཉིད་དུ་སྟོན་པ་ནི། རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པའོ། །དེས་ན་དེ་ཉིད་འཁྲུལ་ན་མུ་སྟེགས་ཀྱི་གྲུབ་མཐའ་དུ་མར་ཡང་འགྱུར་ཏེ། སྐྱེས་བུ་ཞེས་བྱ་བ་ནི་བདག་ཤེས་རིག་གི་སྐྱེས་བུའམ། གྲངས་ཅན་ནམ། སུམ་ཅུ་པའམ། སེར་སྐྱ་པ་ནི་མིང་གི་རྣམ་གྲངས་སོ། །སྔོན་རབས་ནི་དང་པོ་ནས་ཡོད་པ་སྟེ་སྔོན་རབས་པ་དང༌། རྙིང་པ་བ་དང༌། རིག་བྱེད་པ་ལ་དབྱེ་ན་དབང་ཕྱུག་ཅེས་བྱ་བ་ལྷ་ཆེན་པོ་བ་དང༌། སྤྱོད་པ་བ་དང༌། གསང་བ་སྨྲ་བའོ། །དང་པོ་ལའང་ལྷ་གཅིག་ཡིན་པ། གསུམ་ཡིན་པ། བརྒྱད་ཡིན་པ། དེ་དག་གཅིག་ཏུ་འདུ་བའོ། །དེ་ལྟར་དེ་དག་རིག་བྱེད་པ་ཞེས་བྱ་བར་འདུའོ། །བདག་ཅེས་པ་ནི་བེམས་པོ་བདག་པ་དང༌། ཚིག་གི་དོན་དྲུག་པ་དང༌། འུག་པ་བ་དང༌། རྒྱལ་དཔོག་པ་དང༌། གཟིགས་ཟན་པ་ནི་མིང་གི་རྣམ་གྲངས་སོ། །གསོ་བ་དང་སེམས་ཅན་ནི། གསོ་བ་པ་དང༌། སེམས་ཅན་པ་དང༌། སྲོག་གི་སྡེ་ཚན་པ་དང༌། ཚིག་གི་དོན་དགུ་པ་དང༌། གཅེར་བུ་པ་དང༌། ཕྱོགས་ཀྱིས་གོས་ཅན་པ་དང༌། ནམ་མཁའི་གོས་ཅན་པ་ནི་རྣམ་གྲངས་སོ། །ཆད་པར་ལྟ་བ་དང༌། ཕུར་བུ་བ་དང༌། ཚུ་རོལ་མཛེས་པ་བ་དང༌། རྒྱང་འཕེན་པ་དང༌། ལྷའི་བླ་མ་པ་ནི་རྣམ་གྲངས་སོ། །དུས་ཞེས་བྱ་བ་ནི་དུས་རྒྱུར་སྨྲ་བ་སྟེ་ཆད་པ་བ་དང་ཕྱོགས་མཚུངས་སོ། །དེ་ལྟར་ན་ལོག་པར་ལྟ་བ་བསམ་གྱིས་མི་ཁྱབ་པ་ནི་སུམ་བརྒྱ་དྲུག་ཅུར་འདུ་ལ། དེའང་དྲུག་ཅུ་རྩ་གཉིས་སུ་འདུ་ལ། དེའང་འཇིག་ཚོགས་ལ་ལྟ་བ་ཉི་ཤུར་འདུ་ཞིང༌། དེའང་རྟོག་གི་སྡེ་ཚུགས་པ་འདིར་བསྟན་པ་ལྔར་འདུ་ལ། དེའང་རྟག་ཆད་གཉིས་སུ་འདུའོ། །དེའང་བདག་ཏུ་འཛིན་པ་ཞེས་བྱ་བ་གཅིག་ཏུ་འདུ་བ་ཡིན་ཏེ། སློབ་དཔོན་ཐོགས་མེད་ཀྱིས་མུ་སྟེགས་བྱེད་ཀྱི་ལྟ་བ་གང་ཇི་སྙེད་ཡོད་པ་དེ་ཐམས་ཅད་བདག་ཏུ་ལྟ་བར་འདུའོ་ཞེས་གསུངས་སོ། །མདོར་ན་དབང་གི་དུས་སུ་མྱོང་པའི་ཡེ་ཤེས་འཁོར་འདས་དབྱེར་མེད་ལ་ཇི་ལྟར་སྔར་ཐོས་བསམ་གྱི་དུས་སུ་མཚན་ཉིད་གསུམ་མམ། བདེན་པ་གཉིས་སམ། བསམ་གྱིས་མི་ཁྱབ་པ་ལ་སོགས་པར་གཏན་ལ་ཕབ་པ་སྔར་ལེའུ་དང་པོར་བསྟན་ལ། ཕྱི་མའི་བཞི་པར་ཡང་སྟོན་པར་འགྱུར་རོ། །དེ་ལྟ་བུའི་ཡེ་ཤེས་དེ་སློབ་མའི་སྤྱོད་ཡུལ་དུ་ནམ་སྐྱེ་སྙམ་ན་སྐད་ཅིག་བཞི་པར་སྐྱེ་ཞེས་སྟོན་པ་ནི། དང་པོར་དགའ་བ་ཞེས་བྱ་བ་ལ་སོགས་པ་སྟེ། འདིར་གསུམ་པར་འདོད་པའི་ལོག་རྟོག་སྤང་བ་དང༌། བཞི་པ་ལ་བརྩོད་པ་སྤང་བ་རྣམས་ཕྱི་མའི་གཉིས་པ་དང་གསུམ་པར་རྒྱས་པར་ཤེས་པར་བྱའོ། །རྡོ་རྗེ་སྙིང་པོས་ཞེས་བྱ་བ་ལ་སོགས་པས་ལྷན་སྐྱེས་ལ་རྩོད་པ་སྤང་བ་སྟོན་ཏེ་དོན་ནི་དགའ་བ་གསུམ་ལ་ལྷན་སྐྱེས་མེད་པར་ལེའུ་བརྒྱད་པར་གསུངས་ལ། འདིར་ཐམས་ཅད་ཀྱི་བདག་ཉིད་དུ་བཤད་པ་འགལ་བར་རྒོལ་བའོ། །ལན་ནི། བཅོམ་ལྡན་བཀའ་སྩལ་ཞེས་བྱ་བ་ལ་སོགས་པ་སྟེ། གྲུབ་ལུགས་ཀྱི་དབང་དུ་བྱས་ན་གང་གི་ངོ་བོར་ཡང་མ་གྲུབ་པས་དེས་ན་གྲོལ་བ་ཡིན་ལ། སྣང་ལུགས་ཀྱི་དབང་དུ་བྱས་ན་ཐམས་ཅད་དུ་སྣང་བས་དངོས་པོ་ཀུན་གྱི་གནས་ལུགས་སུ་གྲུབ་པས་འདི་ལ་འགལ་བ་ཅི་ཡོད་ཅེས་བྱ་བའི་དོན་ཏོ། །དབང་གི་དོན་བསྒོམས་པས་འབྲས་བུ་གྲུབ་པའི་རྟགས་དང་བཅས་པ་ནི། དང་པོ་སྤྲིན་ཞེས་བྱ་བ་ལ་སོགས་པ་སྟེ། རིམ་གྱིས་ཇེ་གསལ་ཇེ་གསལ་འགྱུར། །ཞེས་བྱ་བའི་དོན་ཏོ། །མཐར་ཕྱིན་པ་ལས་མི་ཕྱེད་པ་ཕྱག་རྒྱའི་དངོས་གྲུབ་ཏུ་འགྱུར་ཏེ་རྒྱུད་ཕྱི་མས་འཆད་པར་འགྱུར་རོ། །དབང་གི་དོན་རྒྱས་པར་འཆད་པ་ལས་ཕྱི་ནས་དེ་ཉིད་ཅེས་བྱ་བ་ཤློ་ཀ་གཅིག་ནི་ཚིག་གི་བཞི་པའི་དོན་ཏོ། །མཆོག་དགར་ཞེས་བྱ་བ་ཤློ་ཀ་གཉིས་ཀྱིས་ལྷན་སྐྱེས་དེ་སྒྲིབ་པ་ཐམས་ཅད་དང་བྲལ་བའི་མཚན་ཉིད་སྟོན་ཏོ། །རྡོ་རྗེ་སྙིང་པོས་ཞེས་བྱ་བ་ལ་སོགས་པས་ནི་རྩོད་པ་སྤང་བའི་སྒོ་ནས་ལྷན་སྐྱེས་ཀྱི་དབྱེ་བ་སྟོན་པར་བྱེད་དོ། །དེ་ལ་རྒོལ་བའི་དོན་ནི། ལྷན་ཅིག་སྐྱེས་པའི་ལུས་ནི་རང་བཞིན་གྱིས་རྣམ་པར་དག་པ་ཡིན་ལ། དེའི་རྒྱུ་ནི་སྙོམས་འཇུག་ལ་སོགས་པའི་སྤྲོས་པ་ཡིན་པས་རྒྱུ་འབྲས་མི་འདྲ་བར་མཐོང་ནས་འདྲི་བའོ། །ཅི་སླད་འབྱུང་བའི་བདག་ཉིད་ཅེས་བྱ་བ་ནི་རང་བཞིན་གྱིས་དག་པའི་རྒྱུ་ཅིའི་སླད་དུ་འབྱུང་བའི་བདག་ཉིད་ཀྱི་ལུས་ལ་བརྟེན་ཞེས་པའམ། ཡང་ན་རྒྱུ་ཇི་ལྟར་འབྱུང་བ་ཁུ་བ་ཡིན་ཞེས་བྱ་བ་དེ་ལའམ། ཡང་ན་ལྷན་ཅིག་སྐྱེས་པ་ཞེས་བྱ་བའི་སྒྲ་དེས་འབྱུང་བ་དང་ལྷན་ཅིག་ཅེས་བྱ་བར་གྲུབ་ན་ཇི་ལྟར་ན་བརྟེན་ཞེས་བྱ་བར་རྒོལ་བའོ། །ལན་ལ་འབྱུང་བ་ལ་བརྟེན་པའི་ལྷན་སྐྱེས་ཡང་ཡོད་དེ་དེ་དོན་དམ་མ་ཡིན་ནོ། །མ་བརྟེན་པའི་ལྷན་སྐྱེས་ཀྱང་ཡོད་དོ་ཞེས་གཉིས་སུ་དབྱེ་བ་མཛད་པ་ནི་ལན་གྱི་དོན་ཏོ། །དེ་ལ་ལྟོས་པའི་ལྷན་སྐྱེས་བསྟན་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟར་ལུས་ལ་བརྟེན་ནས་གནས་ན་འབྱུང་བ་དང་ལྷན་ཅིག་སྐྱེས་ཞེས་འདྲི་བ་ནི་ཀྱེ་ཞེས་བྱ་བ་ལ་སོགས་པའོ། །བརྟེན་པའི་ཚུལ་བསྟན་པ་ནི་བཅོམ་ལྡན་ཞེས་བྱ་བ་ལ་སོགས་པའོ། །དེའི་ཕྱིར་འབྱུང་བ་དང་ལྷན་ཅིག་སྐྱེས་པ་དེ་ལྷན་སྐྱེས་དངོས་མ་ཡིན་པར་བསྟན་པ་ནི། གང་ཕྱིར་འབྱུང་བ་ཆེ་བདེ་བ། །དེ་མིན་ཞེས་བྱ་སྟེ། ཡེ་ཤེས་གྲུབ་པ་ལས། དབང་པོ་གཉིས་བྱུང་བདེ་བ་ནི། །དེ་ཉིད་ཡིན་ཞེས་སྐྱེ་ངན་སྨྲའི། །དེ་ནི་བདེ་ཆེན་དེ་ཉིད་དུ། །རྒྱལ་བ་མཆོག་གིས་མ་གསུངས་སོ། །ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་སོ། །འོ་ན་ལྷན་ཅིག་སྐྱེས་ཞེས་ཅིའི་ཕྱིར་བྱ་ཞེ་ན། ལྷན་ཅིག་སྐྱེས་པས་ཏེ་ཞུ་བ་དང་བདེ་བའོ། །དེས་ན་བདེ་ཆེན་ཡེ་ཤེས་མིན། །ཞེས་བྱའོ། །འོ་ན་སྔར་ལན་གྲངས་དུ་མར་དེ་ལ་བསྔགས་པ་བརྗོད་པ་དང༌། ཡང་དག་ཡེ་ཤེས་སྣང་བ་པོ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་རྣམས་དོན་མེད་པར་མ་གྱུར་ཏམ་སྙམ་ན། དོན་ཡོད་པ་ཡིན་ཏེ། དེས་མཚོན་ནས་དོན་གྱི་ཡེ་ཤེས་རྟོགས་པའི་ཕྱིར་རོ། །དེ་བས་ན་དོན་དང་འདྲ་བས་རྣལ་འབྱོར་པ་ལ་དོན་དུ་ངེས་པ་སྐྱེ་བས་དོན་དང་ཐུན་མོང་དུ་བསྔགས་སོ། །འདིས་ནི་རློམ་སེམས་པའི་ལོག་པར་རྟོག་པ་རྩོལ་བ་ཀློད་པ་ལས་བྱུང་བའི་རྣམ་པར་མི་རྟོག་པར་གྱུར་པ་དང༌། ཙཎྜཱ་ལཱི་ལས་བྱུང་བའི་གསལ་སྟོང་གི་ཏིང་ངེ་འཛིན་ལ་ཡིད་ཆེས་པར་གྱུར་བ་དང༌། ལྷའི་རྣམ་པ་ལས་བྱུང་བ་ལ་སོགས་པ་སྟེ། མདོར་ན་ཏིང་ངེ་འཛིན་ལས་མྱོང་བའི་རྣམ་པ་དང༌། དེ་ཁོ་ན་ཉིད་དང་བྲལ་བའི་རྣམ་པ་ལ་དེ་ཁོ་ན་ཉིད་དུ་རྟོག་པ་ལ་སོགས་པ་མ་ལུས་པ་བསལ་བར་རིགས་པར་བྱའོ། །གཞན་ཡང་དོན་ཡིན་ན་གྲུབ་ཟིན་པས་དེ་ལས་གཞན་བཙལ་དུ་ཅི་ཡོད་ཅེས་བྱ་བ་ལ་སོགས་པའི་སྐྱོན་དུ་མར་འགྱུར་རོ། །རྒྱས་པར་གཞན་དུ་ཤེས་པར་བྱའོ། །འོ་ན་ལྷན་ཅིག་སྐྱེས་པ་དངོས་གང་ཡིན་ཞེ་ན། རང་བཞིན་ལྷན་ཅིག་སྐྱེས་ཞེས་བརྗོད། །ཅེས་སོ། །དེ་བས་ན་ལྷན་ཅིག་སྐྱེས་པ་གཉིས་ཡིན་ཏེ་དཔེ་དང་དོན་ཏོ། །དོན་ལ་ཇི་ལྟར་ན་ལྷན་ཅིག་སྐྱེས་ཤེ་ན། རང་བཞིན་གྱིས་ཏེ་གདོད་མ་ནས་ཡིན་གྱི་བརྟེན་ཏེ་བྱུང་བ་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ། །དེ་ཇི་ལྟ་བུ་ཞེ་ན། རྣམ་པ་ཐམས་ཅད་སྡོམ་པ་གཅིག །ཅེས་བྱ་བ་སྟེ། ཆོས་ཐམས་ཅད་མདོར་བསྡུས་པ་སྤྲོས་པ་ཐམས་ཅད་དང་བྲལ་བ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་དེ་ལྟ་བུ་ཐོབ་པའི་རྣལ་འབྱོར་པ་འདིའི་མཐར་ཐུག་པ་འདི་ཇི་ལྟ་བུ་ཡིན་ཏེ་ཇི་ལྟར་ན་ཟུང་དུ་འཇུག་པར་འགྱུར་སྙམ་ན། དེའི་ཐབས་ཤེས་རབ་བསྟན་པའི་ཕྱིར་ཕྱག་རྒྱ་སྟེ་དངོས་པོ་རྣམས་ལ་རྒྱས་འདེབས་པས་སོ། །དེ་ཉིད་རྒྱུ་དང་བྲལ་བ་རྟོག་པ་དང་བྲལ་ཏེ་ཤེས་རབ་བོ། །སྙིང་རྗེ་ནི་བརྩེ་བའི་བསམ་པ་ཅན་ཏེ་ཐབས་སོ། །དེས་ན་ཡོ་གི་སྟེ་ཤེས་རབ་ལ་སྙོམས་པར་འཇུག་པའི་ཕྱིར་རོ། །དེ་ལྟར་ན་དབྱེར་མི་ཕྱེད་པ་ཁ་སྦྱོར་ལས་གསུངས་པ། དམིགས་མེད་གནས་སུ་ཤེས་རབ་དང༌། །དམིགས་མེད་སྙིང་རྗེ་ཆེན་པོ་ཉིད། །བློ་དང་ལྷན་ཅིག་གཅིག་གྱུར་པས། །ནམ་མཁའ་ནམ་མཁའ་ཇི་ལྟ་བུ། །ཞེས་གསུངས་སོ། །དེ་ལྟ་བས་ན་མཚན་མ་དང་རྣམ་པར་མི་རྟོག་པར་གྱུར་ན་དམིགས་མེད་ཀྱི་སྙིང་རྗེ་སྟེ་སེམས་ཅན་གྱི་དོན་ངང་གིས་འབྱུང་བར་འགྱུར་རོ། །ཡང་གལ་ཏེ་རྫོགས་པའི་རིམ་པའི་རྣལ་འབྱོར་པ་འདིས་བཟླས་པ་ལ་སོགས་པ་ལ་འབད་པར་བྱ་མི་དགོས་སམ་ཞེ་ན། སྔགས་མེད་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟར་ན་དངོས་གྲུབ་འགྲུབ་པར་ག་ལ་འགྱུར་སྙམ་པ་ལ། དེ་ནི་སྔགས་བཟླས་ཞེས་བྱ་བ་ལ་སོགས་པས་ཕྱི་རོལ་གྱི་བཟླས་པ་ལ་སོགས་པ་མེད་ཀྱང་ནང་གི་ཡོད་པར་བསྟན་ཏོ། །དེས་ན་མདོར་བསྡུས་ནས་ནི། །སེམས་ནི་འདུས་པའི་གཟུགས་ཅན་ནོ། །ཞེས་བྱ་བའི་དོན་ཏོ། །ལེའུ་བཅུ་པ་ཚིགས་སུ་བཅད་པ་བཞི་བཅུ་རྩ་གསུམ་གྱི་རྣམ་པར་འགྲེལ་པ་བསྟན་ཟིན་ཏོ།།  །།དེ་ལྟར་བདག་མེད་མའི་དཀྱིལ་འཁོར་དག་པ་དང་བཅས་པ་དེར་སློབ་མ་དབང་བསྐུར་ནས་སློབ་དཔོན་གྱི་གནས་ཐོབ་པ་དེས་སེམས་ཅན་གཞུག་པའི་ཕྱིར་རོ། །སྦས་པ་མེད་པའམ་ཡེ་ཤེས་ལ་ལྟ་བས་ན་ལྟ་སྟངས་སོ། །འདིའི་བརྗོད་བྱའི་དོན་ནི་བསྐྱེད་པའི་རིམ་པ་སྤྱི་ཡིན་ལ། སྤྱོད་པ་དང་འབྲེལ་ན་སྦས་པའོ། །རྗོད་བྱེད་ཀྱི་སྒྲ་ནི་ཡན་ལག་གི་དོན་དང་ཡི་གེའི་དོན་གྱིས་འཆད་པར་བྱེད་དོ། །མངོན་པར་རྟོགས་པ་ནི་ཐབས་ཀྱི་རྒྱུད་ཡིན་ལ། དེའང་དམན་པ་ལ་མོས་པ་རྗེས་སུ་གཟུང་བའི་ཕྱིར་ལས་ཀྱི་ཚོགས་དང་གྲོགས་དམ་ཚིག་དང་སྡོམ་པ་གཉིས་དང་འབྲེལ་ལ། ཡང་ལྟ་སྟངས་འདི་དག་ཐམས་ཅད་སྤྱོད་པའི་ཡན་ལག་ཏུ་གྱུར་པའི་ཕྱིར་སྤྱོད་པར་ཡང་བསྡུའོ། །དེ་ལྟ་བུའི་ལྟ་སྟངས་ལ་གསུམ་སྟེ། གང་གིས་སྒྲུབ་པའི་གང་ཟག་དང༌། ཇི་ལྟར་བྱ་བའི་ལྟ་སྟངས་དང༌། དེ་ལྟར་བྱས་པའི་དགོས་པའོ། །དང་པོ་ནི་བསྐྱེད་པའི་རིམ་པ་མཐར་ཕྱིན་པ་སྟེ། དེ་ལའང་གསུམ་ལས། བསྐྱེད་པའི་རིམ་པའི་འབྲས་བུ་མཐར་ཕྱིན་པ་ནི་གཟུགས་ཀྱི་སྐུའོ། །གྲུབ་པ་མཐར་ཕྱིན་པ་ནི་འདིར་ས་དྲུག་པ་ཡིན་ལ། འཕགས་པ་ཀླུ་སྒྲུབ་ནི། དང་པོ་ལས་ཀྱི་སྦྱོར་བ་ཡིས། །ས་བརྒྱད་པ་ནི་ཐོབ་པར་འགྱུར། །ཞེས་ས་བརྒྱད་པ་ལ་བཞེད་ལ། གར་ལྟར་ཡང་ས་དང་འབྲས་བུའི་ས་མཚམས་འབྱེད་པ་ཡིན་མོད་ཀྱི་བསྐྱེད་པའི་རིམ་པས་ས་གོང་མ་མི་ཐོབ་པ་ནི་མ་ཡིན་ནོ། །དམིགས་པ་མཐར་ཕྱིན་པ་ནི་ལྷ་རགས་པའམ་ཕྲ་བ་ཇི་ལྟར་བསྒོམས་ཀྱང་བློའི་ཡུལ་དུ་གསལ་བ་ཡིན་ནོ། །དེ་ལྟར་བསྐྱེད་པའི་རིམ་པའི་མཐར་ཕྱིན་ཚུལ་གསུམ་ལས། ལྟ་སྟངས་འདི་ནི་བསྐྱེད་པའི་རིམ་པའི་དམིགས་པ་མཐར་ཕྱིན་པས་འགྲུབ་བོ། །གཉིས་པ་ཇི་ལྟར་བྱ་བའི་ལྟ་སྟངས་ལ་རྩ་བའི་ལྟ་སྟངས་དང༌། ཡན་ལག་གི་ལྟ་སྟངས་གཉིས་ལས། དང་པོ་ནི་འདི་ནས་འབྱུང་བའི་བཞི་པོ་ཡིན་ལ། ཕྱི་མ་ནི་བདུད་ཀྱི་སྡེ་འཇོམས་པ་ལ་སོགས་པ་གཞན་ནས་འབྱུང་བ་རྣམས་སོ། །གསུམ་པ་དགོས་པ་ནི་རང་གི་མཚན་མ་དང་རྣམ་པར་རྟོག་པ་སྤོང་བ་དང་གང་ཟག་གཞན་རྗེས་སུ་གཟུང་བའི་ཕྱིར་ཡིན་ནོ། །བཤད་པའི་རྒྱུད་ནི་གུར་གྱི་བདུན་པ་ནས་བཟའ་བའི་དམ་ཚིག བཅོ་ལྔ་པ་ནས་ཀུ་རུ་ཀུལླེ་ཁ་སྦྱོར་གྱི་བདུན་པའི་དང་པོས་འཆད་དོ། །ལུས་རྣམ་པར་གཞག་པ་ལྟ་སྟངས་སོ། །གཞུང་གི་དོན་ནི་ལྷའི་རྣལ་འབྱོར་ལ་གནས་པས་མིག་འབྲས་ཧཱུྃ་ལས་རྡོ་རྗེར་བྱིན་གྱིས་བརླབས་ཏེ། དེ་ལ་བསྒྲུབ་བྱའི་གཟུགས་བརྙན་ཤར་བར་བྱས་ལ་རླུང་དང་བསྟུན་ནས་བལྟས་ན་འགྲུབ་ཅེས་སྟོན་པ་ནི། མཉམ་པར་མ་རུངས་ཞེས་ཤློ་ཀ་གསུམ་མོ། །རློན་པའི་ཤིང་ཞེས་བྱ་བ་ནི་གྲུབ་ཚད་ཀྱི་ལྟས་བརྟག་པའོ། །ཟླ་དྲུག་ཅེས་བྱ་བ་ནི་ཁྱད་པར་གྱི་བསྙེན་སྒྲུབ་ཀྱི་དུས་སོ། །བསྒྲུབས་པའི་དགོས་པ་ནི། མཁས་པས་སེམས་ཅན་གཞུག་པར་བྱ། །ཞེས་བྱ་བའོ། །གསད་པའི་ལྟ་སྟངས་ཅིའི་ཕྱིར་མ་གསུངས་ཤེ་ན། གསད་པ་འདི་ལ་བྱ་བ་མིན། །ཞེས་བྱ་སྟེ་སངས་རྒྱས་ཀྱི་བསྟན་པ་ལ་སེམས་ཅན་གཞུག་པ་ལ་ལྟ་སྟངས་བཞི་པོ་ཉིད་ཀྱིས་འགྲུབ་པའི་ཕྱིར་རོ། །འོ་ན་རྒྱུད་གཞན་་་་    རྗེས་མ།>>

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*