༼ཆ༽
༄༅། །བླ་མ་རྒྱ་གར་བའི་ལོ་རྒྱུས་བཞུགས།།
༄༅། །བླ་མ་དམ་པའི་ཞབས་ལ་སྤྱི་བོས་ཕྱག་འཚལ་ལོ། །འདིའི་ལོ་རྒྱུས་ནི། རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པ་ཞེས་བྱ་བ་འདི་རྒྱལ་པོའི་རིགས་རྒྱལ་སྲིད་སྤངས་པ་ཅིག་ཡིན་པ་ལ། དཔལ་ནཱ་ལེནྡྲ་ན་སྤྱིར་སྡེ་བ་བཞི་ཡོད་པ་ལས། གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་མཁན་པོ་དྷརྨ་མི་ཏྲ་ཞེས་བྱ་བའམ། རྣམ་པར་རྒྱལ་བའི་ལྷ་ཞེས་བྱ་བ་ལས་རབ་ཏུ་བྱུང་སྟེ། མཚན་ཡང་ཤྲཱི་དྷརྨ་པཱ་ལ་ཞེས་བྱ་བར་བཏགས། མཁན་པོ་དེ་ཉིད་ཀྱིས་འཁོར་ལོ་བདེ་མཆོག་གི་གདམས་ངག་ཀྱང་གནང༌། སྤྱིར་ཡང་རང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པར་འགྱུར་ཏེ། དེ་ནས་མཁན་པོ་དེ་འདས་པ་དང༌། དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་པཎྜི་ཏ་ཐམས་ཅད་ཀྱི་མཁན་པོ་ཆེན་པོར་གྱུར་ཏོ། །དེ་ལྟར་གྱུར་ཀྱང་རང་ཉིད་ཀྱིས་བསྒྲུབ་པ་ནི་འཁོར་ལོ་བདེ་མཆོག་གི་རྣལ་འབྱོར་པ་ཡིན་ལ། སྒྲུབ་པ་ཡུན་རིང་དུ་མཛད་ཀྱང་རྟགས་སམ་དངོས་གྲུབ་ཏུ་ངེས་པ་གང་ཡང་མ་ཐོབ་ལ། སླར་མི་འཚམ་པ་དུ་མ་བྱུང་ནས་ཐུགས་མུག་སྟེ། ད་ཕན་ཆད་ཆོས་བརྩམ་པ་དང་འཆད་པ་དང་དགེ་འདུན་གྱི་བྱ་བ་ལས་ཡི་དམ་ལྷའི་སྒྲུབ་པ་མི་བྱེད་དོ་ཞེས་དམ་བཅས་ནས། དཔྱིད་ཟླ་ར་བ་ས་གའི་ཉི་ཤུ་གཉིས་ཀྱི་ནུབ་མོར་ཕྲེང་བ་འཆག་ཁང་དུ་བསྒྱུར་ནས་ཅི་བདེར་གནས་སོ། །དེའི་ནུབ་མོ་རྨི་ལམ་དུ་བདག་མེད་མ་ཐ་མལ་པའི་བུད་མེད་སྔོན་མོའི་གཟུགས་སུ་བྱོན་ཏེ། རིགས་ཀྱི་བུ་ཚུལ་བཞིན་མ་ཡིན་པའི་སྤྱོད་པ་དེ་ལྟ་དུ་བྱེད་པ་མ་ལེགས་པས་ཕྲེང་པ་ལོང་ལ་དྲི་བཟང་པོའི་ཆུས་ཁྲུས་ལ། བཤགས་སྡོམ་ལེགས་པར་གྱིས་ལ་སྒྲུབ་པ་ཚུལ་བཞིན་དུ་གྱིས་ཤིག ཁྱོད་ཀྱིས་ལས་བསགས་པའི་ལྷ་ང་ཡིན་པས་ངས་བྱིན་གྱིས་བརླབས་ཀྱི་ཁྱོད་ཀྱིས་དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར་རོ། །ཞེས་གསུངས་ནས་མི་སྣང་བར་གཤེགས་སོ། །དེ་ནས་མནལ་སད་དེ་འགྱོད་པ་སྐྱེས་པ་དང༌། སང་ཉི་ཤུ་གསུམ་གྱི་ཉིན་མོ་ཕྲེང་བ་བླངས་ཏེ་ལུང་བསྟན་པ་བཞིན་བྱས་པ་དང༌། དེའི་ནུབ་མོར་སྤྲུལ་པའི་སྐུ་ཡེ་ཤེས་ཀྱི་སྣང་བ་ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་གྱི་རྣམ་པར་བྱོན་ཏེ་དབང་བཞི་རྫོགས་པར་བསྐུར་བས་ས་དང་པོ་མཐོང་བའི་ལམ་གྱི་ཡེ་ཤེས་སྐྱེས། དེ་བཞིན་དུ་ཞག་བདུན་གྱི་མཐར་ཉི་ཤུ་དགུར་སོང་བའི་ནུབ་མོར་ས་དྲུག་གི་རྟོགས་པ་བྱུང་ངོ༌། །དེ་ལྟར་དབང་བཞི་རྫོགས་པར་བསྐུར་བས་དབང་གི་ཆུ་བོ་མ་ནུབ། ས་དང་པོ་ནས་ས་དྲུག་པ་ཚུན་ཆད་ཀྱི་རྟོགས་པ་སྐྱེས་པ་དང༌། བྱིན་རླབས་ཀྱི་རྒྱུད་མ་ཆད། སྔར་གྱི་རྟགས་སམ་དངོས་གྲུབ་ཏུ་ཚོར་བའི་ངེས་པ་གང་ཡང་མ་བྱུང་ལ། མི་འཚམ་པ་དུ་མ་བྱུང་བས་ཐུགས་མུག་པ་དེ་ཏིང་ངེ་འཛིན་གྱི་དྲོད་རྟགས་ཡིན་པར་འདུག་པ་ལ་ང་སྔར་དམ་པའི་གསུང་གིས་མ་བརྒྱན་པས་དེར་ངོ་མ་ཤེས་པ་དེ་ད་ལེགས་པར་རྟོགས་པས་ན་གདམས་ངག་གི་སརྒ་མ་ལོག་སྟེ། ད་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་དང་རྟོགས་པ་མཉམ་པའི་ངེས་ཤེས་ཁྱད་པར་ཅན་སྐྱེས་པས་མོས་གུས་ཀྱི་བསམ་པ་ཚིམ་པར་ནུས་པ་སྟེ། སྙན་བརྒྱུད་བཞིས་བྱིན་གྱིས་བརླབས་ཤིང༌། སྙན་བརྒྱུད་བཞིས་གདམས་པའོ། །དེ་ལྟར་རྟོགས་པ་དེ་སྐྱོང་ཞིང་རང་གི་བྲང་ཁང་ན་བཞུགས་པ་ན་རིམ་གྱིས་ཤ་དང་ཆང་ཁྱེར་ཏེ་འགྲོ་བ་ཡང་མཐོང་ནས་སྒོ་གསིང་ན་ཡར་བལྟས་པས། ལ་ལས་བུད་མེད་བཅོ་ལྔ་དང་ལྷན་ཅིག་གནས་པར་མཐོང༌། ལ་ལས་བརྒྱད་དང་ལྷན་ཅིག་གནས་པར་མཐོང༌། འགའ་ཞིག་གིས་མར་མེ་འབར་བ་བཅོ་ལྔར་མཐོང༌། ལ་ལས་མར་མེ་འབར་བ་བརྒྱད་དང་ལྷན་ཅིག་གནས་པར་མཐོང་སྟེ་ཀུན་ཐེ་ཚོམ་དུ་གྱུར་ཏོ། །དེ་ལྟར་གྱུར་ཀྱང་ཀུན་གྱི་མཁན་པོ་ཆེན་པོ་ཡིན་པས་གླེང་བ་དང་དབྱུང་བར་མ་ནུས་སོ། །དེའི་ཚེ་བསྟན་པ་ལ་སྨད་པའི་ཉེས་པ་སྤང་བའི་དོན་དུ་བདག་ཉིད་ངན་པར་ཁས་བླང་བར་བཞེད་ནས། རང་གི་བྲང་ཁང་ནས་འཐོན་ནས་ཆོས་གོས་དང་ལྷུང་བཟེད་ལ་སོགས་པ་དཀོན་མཆོག་གི་སྤྱན་སྔར་མཆོད་པ་ཕུལ་ཏེ་གཅེར་བུ་ཨ་མེ་བིརྺ་ཞེས་བརྗོད་ཅིང་ཧ་དེར་བྱོན་ཏེ། མེ་ཏོག་འཚོང་བ་རྣམས་ལས་བསླངས་ནས་ཕྲེང་བ་བརྒྱུས་ཏེ་མགོ་ལ་བཏགས། ལོ་མ་དང༌། ལ་ཕུག་འཚོང་བ་རྣམས་ལས་བསླངས་ནས་ལ་ལ་ཁར་བཅུག ལ་ལ་ལག་པས་ཚགས་བྱས་སོ། །དེ་ནས་ཆང་འཚོང་མ་དང་སྨད་འཚོང་མའི་ཁྱིམ་དུ་ཡང་བྱོན་པས་མི་ཐམས་ཅད་ཧ་ལས་པར་གྱུར་ནས། རྔ་དང་འཁར་རྔ་བརྡུངས་ཏེ་གནས་ནས་ཕྱུང་ཞིང་སླར་འོང་དུ་མི་གཞུག་པའི་ནང་ཁྲིམས་བཅས་སོ། །དེའི་ཚེ་གླུ་བླངས་པ་ནི་གུང་དུ་ཤེས་པར་བྱའོ། །དེ་ནས་སངས་རྒྱས་ཀྱི་བསྟན་པ་ལ་ཕན་པར་བྱ་བའི་ཕྱིར་དང༌། འཇིག་རྟེན་པ་རྣམས་མི་མོས་པ་བཟློག་པར་བྱ་བའི་ཕྱིར་དང༌། བདག་ཉིད་ངན་པར་ཁས་བླངས་ནས་ངན་པའི་རྟགས་གདོན་པར་བྱ་བའི་ཕྱིར་ཝཱ་རཱ་ཎ་སཱིར་འགྲོ་བའི་ལམ་གདྒཱའི་དྲུང་དུ་བྱོན་ནས་ང་ངན་པ་ཡིན་ན་ཁྱོད་ཀྱིས་ལམ་བྱིན་ཅིག་ཅེས་བརྗོད་པས་ཆུ་བོ་མར་སོང་བ་དང་ཡར་ལོག་པའི་མཚམས་སུ་ལམ་བྱུང་ངོ༌། །དེའི་ཚེ་གླུ་བླངས་པས་དགེ་འདུན་གྱིས་གྲུབ་པ་ཐོབ་པར་ཤེས་ནས་ཞབས་ལ་འཇུ་བ་ལ་སོགས་པས་བཟོད་པར་གསོལ་བ་དང༌། བཞུགས་པར་ཞུ་བ་ཕུལ་བས། བཟོད་པར་གནང་ཞིང་བཞུགས་པར་མ་གནང་ནས། ཝཱ་རཱ་ཎ་སཱིའི་ནགས་གསེབ་ཏུ་གོས་ལ་སོགས་པ་དང་བྲལ་བར་ཡུན་རིང་དུ་བཞུགས་པས་ཉི་ལྷགས་ཀྱིས་ཁྱེར་ནས་ཤིན་ཏུ་འཇིགས་པར་གྱུར་ནས། ལ་ལ་མུ་སྟེགས་པའི་རྣལ་འབྱོར་པ་ཡིན་ཟེར། ལ་ལ་སངས་རྒྱས་པའི་རྣལ་འབྱོར་པ་ཡིན་ཟེར་རོ། །དེའི་ཚེ་རྒྱལ་པོ་ན་རེ། འདི་མུ་སྟེགས་པ་ཡིན་ན་འོ་བརྒྱལ་བས་ནང་དུ་སྤྱན་དྲང་དགོས། སངས་རྒྱས་པ་ཡིན་ནཱ་ཝཱ་རཱ་ཎ་སཱིར་གནོད་པ་སྐྱེལ་དོགས་ཡོད་པས་རྟོགས་ཤིག་ཟེར་ནས་ཀུན་རྟོག་ཏུ་བཅུག་པས་མ་རྟོགས་ནས། རྒྱལ་པོའི་དྲུང་དུ་ཁྲིད་ལ་ཤོག་ཟེར་ཏེ་ཁྲིད་ནས་འོངས་པའི་ལམ་དུ་འབུ་དང༌། ཕྱེ་མ་ལེབ་ལ་སོགས་པའི་སྲོག་ཆགས་མང་པོ་ཁར་བཅུག་ཀྱང་མི་རྣམས་ངན་པ་ངན་པ་ཟེར། ཁ་ནས་སྦུར་ཀྱང་དེ་སྐད་ཟེར་བས། སློབ་དཔོན་གྱིས་སྲོག་ཆགས་མང་པོ་བསད་ཀྱང་ངན་པ་ངན་པ་ཟེར། སྲོག་ཆགས་མང་པོ་གསོས་ཀྱང་ངན་པ་ངན་པ་ཞེས། བདག་གི་སྤྱོད་པ་ཇི་ལྟར་བྱ་བ་མ་ཤེས་སོ་ཞེས་གསུངས་ཏེ། རྒྱལ་པོའི་དྲུང་དུ་བྱོན་པ་དང༌། རྒྱལ་པོས་གང་ཡིན་ཡང་དང་ཡང་དུ་དྲིས་པས། ལན་ཅི་ཡང་མ་བྱུང་བས། རྒྱལ་པོ་ན་རེ། འདི་ལ་དབང་ཕྱུག་ཆེན་པོའི་ཡོན་ཏན་ནམ་རྟགས་གང་ཡང་མི་འདུག་པས། རྐང་ལག་ལྕགས་སྒྲོག་གིས་སྡོམས་ལ་ཆུ་ལ་སྐྱུར་ཅིག་ཟེར་ནས། དེ་ལྟར་བྱས་ཏེ་བསྐྱུར་བས་ཡང་རྒྱལ་པོའི་དྲུང་དུ་བྱུང༌། ཡང་དང་ཡང་དུ་དེ་ལྟར་བྱས་པས་ལོག་གིན་བྱུང་སྟེ། དེ་ལྟ་བུའི་སྤྱོད་པས་འགྲོ་བ་རྣམས་རྡོ་རྗེའི་ཐེག་པ་ལ་བཀོད་དོ། །དེ་ནས་ལྷོ་ཕྱོགས་སུ་བི་མེ་ས་ར་འདུལ་དུ་གཤེགས་པའི་ལམ་ཁར་གདྒཱའི་འགྲམ་དུ་བྱོན་ཏེ་ཀོ་མཁན་ལ་སྒྲོལ་ཞེས་གསུངས་པས། རྔན་པ་སློངས་ཟེར་བས། ཁྱོད་ཚིམ་པར་བྱའི་ཞེས་གསུངས་ཏེ། ཆུ་བོ་འདི་དོན་དུ་གཉེར་བ་ཡོད་དམ་མེད་ཅེས་དྲིས། འདི་རེས་ཆེ་བར་དོན་དུ་གཉེར། རེས་ཆུང་བར་དོན་དུ་གཉེར་བས་ཆུང་བར་འདོད་ཅེས་བརྗོད་དོ། །དེ་ནས་སློབ་དཔོན་གྱིས་ཁྱོད་ལ་ཆུ་བོ་རང་སྦྱིན་གསུངས་ནས་སྡིགས་མཛུབ་མཛད་ནས་ཆུ་བོ་གྱེན་ལ་ལོག་པས། དེའི་ཚེ་གངྒཱའི་འགྲམ་ན་རྩྭ་ཁྱིམ་པ་མང་པོ་ཡོད་པ་དེ་རྣམས་ནུབ་ལ་ཁད་པར་སོང་བས་ཐམས་ཅད་འཇིགས་ཤིང་སྐྲག་པར་གྱུར་ཏེ། ཀོ་མཁན་གྱིས་འདིས་བྱས་ཞེས་བརྗོད་པས་ཐམས་ཅད་སྐྲག་ནས་ལ་ལས་ནི་ནོར་བུ། ལ་ལས་ནི་གསེར། ལ་ལས་ནི་དངུལ། ལ་ལས་ནི་བ་ལང༌། ལ་ལས་ནི་འབྲུ། ལ་ལས་ནི་མེ་ཏོག་གི་ཕྲེང་བ་ཕུལ་ཞིང་གསོལ་བ་བཏབ་བོ། །དེ་ནས་སེ་གོལ་གཏོགས་པས་ཆུ་བོ་སྔར་བཞིན་བབས་ཏེ་དེའི་ཚེ་གླུ་བླངས་སོ། །རྫས་རྣམས་ཀོ་མཁན་ལ་བྱིན་པས་མ་འདོད་པར་བོར་ནས་ཞབས་ལ་འཇུས་ནས་རྗེས་སུ་གཟུང་བར་ཞུས་པས་གནང་སྟེ་ཕྱི་བཞིན་འབྲངས་སོ། །རྫས་ནི་རྩྭ་ཁྱིམ་པ་རྣམས་རང་རང་གིས་ལོངས་སྤྱད་དོ། །དེ་ནས་ལྷོ་ཕྱོགས་བི་མེ་ས་ར་དང་ཉེ་བའི་གནས་ཌཱ་ཀི་ནཱི་ཏ་བ་ཞེས་བྱ་བར་ཆང་འཚོང་མ་ཞིག་གི་ཁྱིམ་དུ་བྱོན་ནས་དཔོན་གཡོག་གཉིས་ཀྱིས་ཆང་ཉོ་བྱས་པས། རིན་ཅི་ཡོད་ཟེར་ནས་ངེད་ངོམས་པར་གྱིས་དང་ཁྱོད་ཅི་འདོད་པ་སྦྱིན་གྱི་གསུངས་པས་ཡིད་མ་ཆེས་ཏེ་ཇི་ཙམ་ན་སྟེར་ཞེས་དྲིས་པས། ཉི་གྲིབ་ཀྱི་མཚམས་སུ་རི་མོ་རེ་མཛད་ནས་འདི་སོང་མ་ཐག་ཁྱོད་ལ་སྦྱིན་ནོ་ཞེས་གསུངས་ཏེ། ཉི་མ་རྟིང་པར་བཅུག་ནས་ཆང་རྣམས་ཟད་པ་དང་རིན་སློངས་བྱས་པས་ད་དུང་ཉི་མ་མ་སོང་གསུངས། དེ་བཞིན་དུ་ཡུལ་ཁམས་བཅོ་བརྒྱད་ཀྱི་ཆང་ཟད་པར་གསོལ་ལོ། །དེའི་ཚེ་རྒྱལ་པོའི་དབྱུ་གུ་དང་ཆུ་ཚོད་ལ་སོགས་པའི་རྩིས་ཐམས་ཅད་ཀྱང་འཁྲུགས། མི་རྣམས་ཀྱང་གཉིད་ཀྱིས་ར་རོ་བ་ལྟ་བུར་གྱུར། དེ་ནས་རྒྱལ་པོས་རྣལ་འབྱོར་པས་ནུས་པ་བསྟན་པར་ཐོས་ནས་ཉི་མ་གཏང་བར་ཞུས་པས། ང་ལ་ཆང་རིན་མེད་གསུངས་ཏེ་རྒྱལ་པོས་ཆང་འཚོང་མ་རྣམས་ལ་ཆང་རིན་བྱིན་པ་དང་མཚན་ཕྱེད་དུ་གྱུར་ཏོ། །དེའི་ཚེ་གླུ་བླངས་ཏེ་གྲགས་པ་ཉི་མ་དང་མཉམ་པར་གྱུར་ཏོ། །དེ་ནས་ལྷོ་ཕྱོགས་བི་མེ་ས་ར་ཞེས་བྱ་བར་དབང་ཕྱུག་ཆེན་པོའི་ལིངྒ་འཇིམ་པ་ལས་བྱས་པ་ཡོད། དེའི་གནས་ན་རལ་པ་ཅན་ལྔ་བརྒྱ་ཡོད་པའི་ཡུལ་དེ་དག་ཐམས་ཅད་ཕྱི་རོལ་པ་ཡིན་པས། དེ་རྣམས་སངས་རྒྱས་ཀྱི་བསྟན་པ་ལ་གཟུད་པར་བཞེད་ནས་དེར་བྱོན་ཏེ་དེའི་རྒྱལ་པོ་ལ་ལེགས་པར་སྦྱར་བའི་སྐད་ཀྱིས་བསྟོད་སྒྲ་མང་པོ་བཏང་བས་རྒྱལ་པོ་མཉེས་པས། རལ་པ་ཅན་ལྔ་བརྒྱའི་དཔོན་དུ་བཅུག་ནས་མཆོད་གནས་བྱས་ཏེ་རང་གིས་སྒྲུབ་པ་སྙིང་པོར་མཛད་ཅིང་བཞུགས་པའི་ཚེ་སློབ་དཔོན་གྱིས་བརྒྱད་སྟོང་པའི་པུསྟི་ལ་མེ་ཏོག་གི་ཕྲེང་བ་ཕུལ་བ་དང་ཕྱག་བྱེད་ཀྱི། དབང་ཕྱུག་ཆེན་པོའི་ལྷ་རྟེན་ལ་ཕྱག་མ་བྱས་པས་མི་ཐམས་ཅད་ཐེ་ཚོམ་དུ་གྱུར་ཏེ་རྒྱལ་པོ་ལ་སྨྲས་པས། རལ་པ་ཅན་ལྔ་བརྒྱའི་དཔོན་ཡིན་པ་ལེགས་པར་སྦྱར་བའི་སྐད་ལ་ཤིན་ཏུ་མཁས་པ་ཅིག་ལྷ་རྟེན་ལ་ཕྱག་མི་བྱེད་པ་མི་སྲིད་པས་ཁྱེད་རང་ཕྲག་དོག་བྱེད་པ་ཡིན་ཏེ་འོང་ཟེར་ནས་མ་ཉན། དེ་ནས་ཡང་དང་ཡང་དུ་བསྙད་པས་རྒྱལ་པོ་ཐེ་ཚོམ་དུ་གྱུར་ཏེ། མཆོད་གནས་རྣམས་སྤྱན་དྲངས་ནས་ཐམས་ཅད་ལྷ་རྟེན་ལ་ཕྱག་བྱེད་དགོས་ཟེར་ནས་གཞན་རྣམས་ཀྱིས་ཕྱག་བྱས་པས་སློབ་དཔོན་པུསྟི་ལ་ཕྱག་བྱེད་ཀྱིན་འདུག་པས། རྒྱལ་པོས་ལྷ་རྟེན་ལ་ཕྱག་གྱིས་བྱས་པས། ངས་འདི་ལ་ཕྱག་བྱར་མི་བཏུབ་སྟེ་ལྷ་འདིས་བདག་གི་ཕྱག་མི་ཐུབ་ཅེས་གསུངས་པས། རྒྱལ་པོ་ན་རེ་འདི་འདོད་པའི་ཁམས་ན་ཆེ་བ་ཡིན་པས་ཕྱག་འཚོལ་ཟེར། དེ་ནས་ལྷ་རྟེན་ལ་རྒྱལ་པོ་སྡིག་ཅན་གྱིས་བདག་ལ་མི་འཚལ་བའི་དབང་མེད་ཀྱི་ལྷ་ཁྱོད་བཟོད་པར་བཞེས་ཤིག་ཅེས་བརྗོད། ཐལ་མོ་གཡས་པ་དཔྲལ་བར་བཞག་ནས། ན་མོ་བུདྡྷ་ཡ་ཞེས་བརྗོད་པས་ལྷ་རྟེན་སུམ་ཆ་ཡན་ཆད་གས། མགྲིན་པར་བཞག་ནས། ན་མོ་དྷརྨཱ་ཡས་སུམ་གཉིས། སྙིང་གར་བཞག་ནས། ན་མོ་སཾ་གྷཱ་ཡས་ཐམས་ཅད་གས། དེར་ཕྱོགས་བཞི་ནས་ཕྱག་བྱས་པས་ལྷ་ཚལ་པ་བཞིར་གས་སོ། །དེ་ནས་རྒྱལ་པོ་འཁོར་དང་བཅས་པ་ཤིན་ཏུ་སྐྲག་པར་གྱུར་ནས་ཞབས་ལ་འཇུས་ཏེ་སླར་གསོལ་བ་བཏབ་པས། ཕྱག་གིས་ལིངྒ་བསྡུས་ཏེ་སྤྱི་བོར་ཐུགས་རྗེ་ཆེན་པོའི་སྐུ་རྡོ་ལས་བྱས་པའི་ནག་པོ་ཞིག་བཞག་ནས། འདི་ལ་ཕྱག་དང་མཆོད་པ་དང་བསྐོར་བ་གྱིས་ཤིག གལ་ཏེ་ཐུགས་རྗེ་ཆེན་པོའི་སྐུ་འདི་བསལ་བའམ་ཕྱག་དང་མཆོད་པ་མ་བྱས་ན་ལྷ་རྟེན་འཇིག་པར་འགྱུར་རོ་ཞེས་བསྒོས་ནས་ལྷོ་ཕྱོགས་སུ་གཤེགས་པ་དང༌། དེར་བཞུད་པའི་དུས་སུ་རལ་པ་ཅན་རྣམས་ཀྱི་ནང་ནས་གཅིག་ཕྱིར་འབྲངས་པ་སློབ་དཔོན་ནག་པོ་པའོ། །དེར་བཞུད་པའི་ལམ་ན་ཕྱི་རོལ་པའི་ལྷ་རྟེན་ཡོད་པ་ཐམས་ཅད་ཀྱང་བིརྺ་པས་བཤིག་གི་དོགས་ནས་རང་རང་གི་ལྷ་རྟེན་གྱི་སྤྱི་བོར་སངས་རྒྱས་ཀྱི་སྐུ་དང་མཆོད་རྟེན་ལ་སོགས་པ་བཞག་གོ །དེ་ལ་གཟིགས་པས་རང་གི་མིང་གིས་ཀྱང་སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་བྱས་པར་དགོངས་སོ། །དེ་ནས་ལྷོ་ཕྱོགས་ཀྱི་རྒྱུད་དེ་ཉིད་ན་ལྗོན་དམར་ལས་བྱས་པའི་དབང་ཕྱུག་ཆེན་པོའི་རྟེན་ཏཾ་པ་པྲ་ཏི་མ་བྱ་བ་ཅིག་ལ་མ་ཧེ་བརྒྱ་ཕྲག་རེ་ཙམ་བསད་ཅིང་མཆོད་པ་བྱེད་པ་ཅིག་ཡོད་པ་དེའི་རྐང་པ་ལ་རྡོག་པ་གཅིག་བརྒྱབ་ནས་ཕར་འདོང་གསུངས་པས་དེ་ལངས་ཏེ་ཕྱི་ལ་ཁྲིད་པ་དང༌། མུ་སྟེགས་པ་རྣམས་སྐྲག་སྟེ་གསོལ་བ་བཏབ་པ་དང༌། སློབ་དཔོན་གྱིས་མ་ཧེ་མི་གསོད་པར་འབྲས་ཆན་ལ་སོགས་པས་མཆོད་པ་བྱེད་ན་བཞག དེ་ལྟར་མི་བྱེད་ན་མི་འཇོག་གསུངས་པས། དེ་ལྟར་ཁས་བླངས་ཏེ་སྔར་གྱི་སར་གཞག་གོ །དེ་ནས་ཤར་ཕྱོགས་སུ་ས་ཧ་ཛ་དེ་ཝཱི་ཞེས་བྱ་བ་རང་བྱུང་གི་ཏྲི་ཤཱུ་ལ་དང༌། ལྷ་མོ་ཙནྟི་ཀའི་རང་བྱུང་གི་རྡོ་སྐུ་ཡོད་པ་ལ་ཕྱི་རོལ་པའི་རྣལ་འབྱོར་པ་རྣམས་ཀྱིས་མི་དེར་ཁྲིད་པས་རང་བྱུང་གི་ཏྲི་ཤཱུ་ལ་ལྐོག་མ་ལ་ཟུག་ནས་འཆི། དེའི་ཤ་ལས་ཚོགས་ཀྱི་འཁོར་ལོ་བྱེད་པ་ཡོད་པ་དེའི་སར་སློབ་དཔོན་དཔོན་གཡོག་གསུམ་གྱིས་བྱོན་པ་དང༌། རྣལ་འབྱོར་པ་རྣམས་ཟ་བར་འདོད་ནས་ཚོགས་ཁང་གི་ནང་དུ་བོས་པས་སློབ་དཔོན་གྱིས་གཡོག་པོ་ལ་དབུགས་ཕྱིར་རྒྱུར་མ་གཞུག་པར་ནང་དུ་སྡོམས་ལ་སྡོད་ཅིག་གསུངས་ནས། སློབ་དཔོན་ཉིད་ནང་དུ་བྱོན་པ་དང༌། རྣལ་འབྱོར་པ་དེ་རྣམས་ན་རེ། ཁྱོད་ཀྱི་གྲོགས་པོ་གཉིས་པོ་གར་སོང་ཟེར། ཕྱི་རོལ་ན་འདུག་གསུངས་པས། ཚུར་ཁུག་ཟེར། དེ་ཁྱེད་རང་ཁུག་གསུངས་པས། ཁོང་གིས་བོས་ནས་ཀྱང་སྐད་མེད་འཛུག་གུ་སུག་བྱས་པའི་ཤུལ་ན་ཚུར་དབུགས་ངན་སུ་སུ། དྲི་ཆེན་འབུར་འབུར་བྱུང་བས་འདི་རུལ་ནས་འདུག་ཟེར་ལོག་པ་དང༌། ཏྲི་ཤཱུ་ལ་དེ་འདར་ཡེད་ཡེད་འདུག་པ་དང༌། སློབ་དཔོན་གྱིས་ཐལ་མོ་གཅིག་བརྡབས་པས་དེ་ཕྱེ་མར་སིལ་གྱིས་སོང་ངོ༌། །དེ་ནས་ལྷ་མོ་ཙནྟི་ཀའི་སྐུ་དེ་པར་པར་འདུག་པ་ལ་སྤྱི་བོར་ཐལ་མོ་ཅིག་བརྒྱབ་སྟེ་མགོ་བོ་སྙིང་གའི་བར་དུ་བཅིངས། རྣ་བ་ནས་བཟུང་ནས་སྤྱི་བོར་མཆོད་རྟེན་ཞིག་བཞག་སྟེ་རྣལ་འབྱོར་པ་རྣམས་བརྒྱལ་བར་གྱུར་ཏོ། །དེ་ནས་བརྒྱལ་བ་སངས་པ་དང༌། རྣལ་འབྱོར་པ་རྣམས་ན་རེ། ཁྱེད་ནང་པ་སངས་རྒྱས་པ་སྙིང་རྗེ་ཆེ་བ་ཡིན་ན་འདི་ལྟ་བུ་བྱེད་པ་ཟེར་བ་ལ། སེམས་ཅན་བསད་པའི་ཤ་དང་ཁྲག་དྲོན་མོས་མཆོད་པ་མ་བྱེད་བྱས་པས། དེ་རྣམས་ཀྱིས་སློབ་དཔོན་གྱི་ཞབས་ལ་ཕྱག་འཚལ་ཞིང་སྐྱབས་སུ་སོང་ནས་སངས་རྒྱས་པའི་རྣལ་འབྱོར་པར་སོང་ངོ༌། །དེའི་ཚེ་ཀོ་མཁན་དེ་རྒྱུད་བྱིན་གྱིས་བརླབས་ཤིང་གདམས་ངག་རྫོགས་པར་བསྟན་ནས་བདག་ཉིད་དང་ནུས་པ་མཉམ་པར་གྱུར་ནས། ཤར་ཕྱོགས་ཀྱི་མུ་སྟེགས་ཀྱི་རྒྱལ་པོ་དེ་ཧ་ར་ཞེས་བྱ་བ་འདུལ་དུ་བཏང་ངོ༌། །དེའི་ཚེ་གྲུབ་ཐོབ་ཆེན་པོ་ནུས་པ་མཐར་ཐུག་པར་གྲགས་སོ། །ལྷོ་ཕྱོགས་ནས་འོངས་པའི་རལ་པ་ཅན་ཞིག་ཕྱིར་འབྲངས་ནས་འོངས་པ་དེ་དང་སློབ་དཔོན་གཉིས་ཀྱིས་ཁར་ས་པ་ཎིར་བྱོན་ནས་བསྐོར་བ་མང་དུ་མཛད་དེ། དང་པོ་རབ་ཏུ་བྱུང་བ་ནས་བཟུང་ནས་ས་ཧ་ཛ་དེ་ཝཱི་བཏུལ་བའི་བར་དུ་ངས་འདི་ལྟ་བུ་བྱས་ཞེས་ཐུགས་རྗེ་ཆེན་པོའི་སྤྱན་སྔར་སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་བྱས་པའི་རྟོགས་པ་ཕུལ་བ་དང༌། རིགས་ཀྱི་བུ་ཁྱོད་ཀྱི་ནུས་པས་ནི་རི་རབ་ཀྱང་ཐལ་བར་རློག་པར་ནུས་ཀྱི། སེམས་ཅན་ལས་སྣ་ཚོགས་པ་ཡིན་པས་སངས་རྒྱས་ཀྱིས་ཀྱང་གདུལ་བར་དཀའ་བའི་ཕྱིར་ཁྱོད་ཀྱིས་སེམས་ཅན་ལ་གནོད་པ་འདི་ལྟ་བུ་མ་བྱེད་པར་སྙིང་རྗེ་ཆེན་པོ་སྐྱེད་ཅིག་གསུང་ངོ༌། །དེ་ནས་སློབ་དཔོན་གྱིས་གཞན་མི་བྱེད། ནུབ་ཕྱོགས་ན་སོ་བ་ནཱ་ཐ་ན་རང་བྱུང་གི་རྡོ་ལ་དབང་ཕྱུག་ཆེན་པོའི་ལིངྒ་ཡོད་པ་དེ་ལ་དུས་རེ་ལ་ར་དང་མ་ཧེ་སྟོང་ཕྲག་རེ་རེ་བསད་ནས་མཆོད་པ་བྱེད་པས་སེམས་ཅན་དེ་རྣམས་ཀྱི་སྲོག་བསྐྱབ་པའི་ཕྱིར་དེ་འདུལ། དེ་ནས་ཐུགས་རྗེ་ཆེན་པོའི་བཀའ་བཞིན་བགྱིད་དོ་ཞེས་བརྗོད་པས། འོ་ན་རྟེན་མ་བཤིགས་པར་ཐབས་ལ་མཁས་པས་ཐུལ་གསུངས་ནས། དཔོན་གཡོག་གཉིས་སངས་རྒྱས་ཀྱི་རྟེན་མང་པོ་ལ་ཕྱག་དང་བསྐོར་བ་མཛད་དེ་ནུབ་ཕྱོགས་སུ་བྱོན་པ་དང༌། དབང་ཕྱུག་གིས་སློབ་དཔོན་བྱོན་པར་ཤེས་ཏེ་བྲམ་ཟེ་གཉིས་ཁྲི་སྙན་སཱ་ལེའི་པགས་པ་གཉིས་ཀྱིས་སྨད་དཀྲིས། ཚངས་རྟགས་རྩྭ་ཀུ་ཤ་རྣ་བའི་གོང་དུ་གཟིར་ཏེ་སྡུན་བསུར་འོངས་པ་དང་ཕྲད་དོ། །དེ་ནས་བྲམ་ཟེས་ལམ་བཀག་ནས་རྣལ་འབྱོར་པ་གར་འགྲོ་ཟེར། སོ་བ་ནཱ་ཐ་བརླག་པར་བྱེད་དུ་འགྲོ་གསུངས་པས། ཁྱེད་ནང་པ་སངས་རྒྱས་པ་སྙིང་རྗེ་དང་ལྡན་པ་ཡིན་ན་གནོད་པ་བྱས་ནས་ཅི་བྱེད་ཟེར། དེ་ཉིད་ཀྱི་ཕྱིར་འགྲོ་བ་ཡིན་ཏེ། དེ་ལ་དུས་རེ་ལ་མ་ཧེ་སྟོང་ཕྲག་རེ་ཙམ་གསོད་པས་དེ་དག་གི་སྲོག་བསྐྱབ་པར་བྱ་བའི་ཕྱིར་བརླག་པར་བྱེད་དོ་ཞེས་གསུངས་པས། དེ་འཇིག་རྟེན་པའི་ལྷ་ཤིན་ཏུ་ཆེ་བ་ཡིན་པས་དེ་ལྟར་ཅང་ནུས་སམ་ཟེར་ཏེ། མངོན་དུ་འགྱུར་གྱི་གསུངས་པས། ཤར་ཕྱོགས་སུ་སོང་ནས་མེད་ཟེར། གླིང་བཞི་གང་དུ་སོང་ཡང་རུང༌། ཚངས་པའི་འཇིག་རྟེན་དུ་སོང་ཡང་ཁོ་བོ་འགྲོ་སྟེ་བརླག་པར་བྱེད་ཅེས་གསུངས་སོ། །དེ་ནས་རང་གཟུགས་བསྟན་ཏེ་སློབ་དཔོན་གྱི་ཞབས་ལ་ཕྱག་འཚལ་ནས། དེ་ཉིད་བདག་ཡིན་པས་ཁྱེད་ཅི་གསུང་བ་བཞིན་བྱེད་དོ་ཟེར། སློབ་དཔོན་གྱིས་དང་པོ་སངས་རྒྱས་ཀྱི་སྐུ་བཞུགས་པའི་ལྷ་ཁང་ཞིག་བྱས་ཏེ་དེའི་འོག་ཏུ་ངའི་གཟུགས་བྱས་ཏེ་དགེ་འདུན་བརྒྱ་ཕྲག་གཅིག་གིས་འཚོ་བ་སྦྱོང་བ་དང་མཆོད་པ་བྱེད་པའི་དུས་སུ་དང་པོ་སངས་རྒྱས་ཀྱི་ལ། དེ་ནས་ངའི་གཟུགས་ལ་མཆོད་པ་བྱས་ཏེ། དེ་ནས་ཁྱོད་རང་གི་རྟེན་ལ་འབྲས་ཆན་དང་འཁུར་བའི་མཆོད་པས་ཚིམ་པར་བྱེད་ན་ཁྱོད་བརླག་པར་མི་བྱེད། དེ་ལྟར་མི་བྱེད་ན་ཁྱོད་བརླག་པར་བྱེད་གསུངས་པས། དེ་ལྟར་ཁས་བླངས་ཏེ་དེས་ཀྱང་སོ་བ་ནཱ་ཐ་གནས་ཀྱི་བར་དུ་དེ་ཉིད་དུ་ཁོའི་མཆོད་པ་བཞེས་ཤིང་བཞུགས་པར་ཞུས་སོ། །སློབ་མ་དེ་བདག་ཉིད་དང་རྟོགས་པ་ཅུང་ཟད་མ་མཉམ་པ་མཉམ་པར་རྒྱུད་བྱིན་གྱིས་བརླབས་ནས་རྡོ་རྗེའི་ཚིག་རྐང་གནང་སྟེ། ཤར་ཕྱོགས་སུ་སོང་ལ་རྡོ་རྗེ་ཐེག་པའི་སྒོ་ནས་སེམས་ཅན་ལ་ཕན་གདགས་པར་གྱིས་ཤིག་ཅེས་གསུངས་ནས་བཏང་ངོ༌། །སློབ་དཔོན་གྱིས་སོ་བ་ནཱ་ཐར་དེ་བཞིན་དུ་བྱ་བ་བྱས་ཏེ་འཛམ་བུའི་གླིང་དུ་བརྟུལ་ཞུགས་ཀྱི་སྤྱོད་པ་བྱེད་འཕྲོ་རེ་ཞིག་ཅུང་ཟད་བཅད་དེ་གཟུགས་དེ་ཉིད་ལ་ཐིམ་ཀྱང་ཟེར་ཏེ་གཟུགས་མ་ཡིན་ཏེ་སློབ་དཔོན་ཉིད་ཡིན་ཡང་ཟེར་ཏེ། ད་ལྟ་ཡང་དེ་ན་བཞུགས་ཏེ་ཇི་སྲིད་ཉི་ཟླ་གནས་ཀྱི་བར་དུ་བཞུགས་སོ་ཞེས་གྲགས་པ་དང༌། ཁ་ཅིག་ན་རེ་རྒྱ་གར་དབུས་ཀྱི་བི་རོ་པ་ཞེས་བྱ་བའི་མིང་གིས་གླང་པོ་ཆེ་ཉི་མ་འཆར་བ་ཞེས་བྱ་བ་བཏུལ་ཏེ་རྩོད་པའི་དུས་སུ་སེམས་ཅན་ལ་ཕན་འདོགས་སོ། །ང་ཡང་བི་མེ་ས་ར་སྡུད་པ་ལ་ཁོར་ཅིག་བྱོན་ཞེས་ཟེར་རོ། །དེ་ལྟ་བུའི་རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པས་བརྟུལ་ཞུགས་ཀྱི་སྒོ་ནས་སངས་རྒྱས་ཀྱི་བསྟན་པ་རྒྱས་ཏེ་མུ་སྟེགས་ཀྱི་མིང་མེད་པར་བྱས་སོ། །དེ་ལ་སྤྲུལ་པའི་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་ལྷ་མོ་བཅོ་ལྔས་དངོས་སུ་དབང་གི་ཆུ་བོ་མ་ནུབ་པ་ལ་སོགས་པ་གོང་དུ་སྨོས་པ་བཞིན་དུ་སྙན་བརྒྱུད་བཞིས་བྱིན་གྱིས་བརླབས་ཤིང་གདམས། དེ་བཞིན་དུ་སྦྱར་ཏེ་དེས་ཤར་ཕྱོགས་ཀྱི་ནག་པོ་པ་ལ། དེས་ཡུལ་དབུས་ཀྱི་རྣལ་འབྱོར་པ་ཆེན་པོ་ཌཱ་མ་རུ་པ་ལ། དེས་ཨ་ཝ་དྷཱུ་ཏཱི་པ་ཞེས་བྱ་བ་གཉིས་སྤངས་ཀྱི་སྤྱོད་པ་མཛད་པ་དེ་ལ། དེས་ཤར་ཕྱོགས་ཀྱི་རྒྱལ་པོའི་རིགས་ཡི་གེ་པ་ཀཱ་ཡ་སྟ་པའི་རིགས་བསྐྱེད་རིམ་ཅུང་ཟད་བརྟན་པ་སྤྲུལ་སྐུ་འགའ་མཐོང་བ། རྡོ་རྗེ་དྲིལ་བུ་ནམ་མཁའ་ལ་འཇོག་ནུས་ཤིང་གྲོང་འཇུག་དང་འཕོ་བ་ལ་ཐོགས་པ་མེད་པར་ནུས་པ་མངོན་དུ་མཛོད་པ་དེའི་མཚན་ནི་ཀཱ་ཡ་སྟ་པ་ག་ཡ་དྷ་རའོ། །དེས་རྗེ་བཙུན་མི་བསྐྱོད་རྡོ་རྗེ་ལ། དེས་ཞེ་སྡང་རྡོ་རྗེ་ལ། དེས་རོལ་པའི་རྡོ་རྗེ་ལ། དེས་མི་བསྐྱོད་རྡོ་རྗེ་ས་སྐྱ་པ་ཆེན་པོ་ལ། སྙན་བརྒྱུད་བཞིས་བྱིན་གྱིས་བརླབས་ཤིང་སྙན་བརྒྱུད་བཞིས་གདམས་པའོ། །རྣལ་འབྱོར་གྱི་དབང་ཕྱུག་གྲགས་པ་རྒྱལ་མཚན་གྱིས་དག་པར་བྱས་པའོ། །སཾ་གྷེ་ཕ་ལ་བིརྺ་ནི་བི་ར་ཙ་ཡུ། ས་ཌ་ཧཾ་ཀཾ་པཱི་ལླཱི་བིརྺ་ནི་ཀ་ཡུ། ནི་མ་ལ་ཙིཏྟ་གཾ་བྷི་ར་ག་རུ་པ། ཨ་ཨི་ཡ་ས་བི་རུ་པ་བཱ་ཧུ་བི་ར་ན་ནི། ཕ་ལི་བེ་བྷི་མ་ས་ར་ཏ་སི་ཡ་ཨ་ཡིཏྟ། སུ་ར་བེ་བྷ་ཝི་བིརྺ་ཨ་ཏིཏྟ་སནྡྷ། ཨུ་པ་ལ་ཧ་ར་ཡི་ན་ཚུ་པ་ཡི་པ་ནི། ཨ་ཨི་ཡ་པ་བི་རུ་པ་པཱ་ཧུ་བི་ར་ན་ནི། ས་རི་ལ་གདྒཱ་བྷ་ཏསྟ་ཨི་རུ་ཐ། ཨུཏྤ་ལ་ཧ་ར་ཡི་ན་ཚུ་བ་ཡི་པ་ནི། ནི་མ་ལ་ཙིཏྟ་གཾ་བྷི་རེ་ག་རུ་ལ། ཨ་ཨི་ཡ་ས་བི་རུ་པ་བཱ་ཧུ་བིར་ན་ནི། ལོ་ལོ་ཨི་མམྨ་བི་མ་ཀ་ར་དནྟ། ལོ་ལོའི་སུནྟི་ནི་མ་ཀ་ར་དནྟ། དོ་ཀ་རི་ཨ་ཚེའི་ཨཱ་དི་ཏྱ་བནྡྷ། ཨུཏྤ་ལ་ཧ་ཡི་ན་ཚུ་པ་ཡི་པ་ནི། དགེ་འདུན་གྱིས་བཟང་པོ་ཡིན་ནམ་མ་ཡིན་མ་བརྟགས་པར། །རྔ་བརྡུངས་འཁར་རྔ་བརྡུངས་ནས་ངན་པ་སྒྱུ་ཅན་ཞེས་བསྟན་པ། །ང་ཡི་དྲི་མ་མེད་པའི་སེམས་ནི་ཟླ་བ་ལྟ་བུར་རྟོགས་དཀའ་བ། །དེས་ན་བིརྺ་རིག་པ་མང་པོ་ཅན་ནོ། །འཇིགས་པའི་དབང་པོ་བཀས་ནས་གདན་དང་འཇིགས་པར་བྱེད་ཅིང༌། །བིརྺ་ཆང་འཐུང་ཉི་མ་རྟེང་པར་འཛུད་པར་བྱེད་པ། །དེ་ནི་ཨུཏྤ་ལ་བླངས་ནས་ཆུ་ཡིས་མ་གོས་པ། །དེས་ནི་བིརྺ་རིག་པ་མང་པོ་ཅན་ནོ། །གངྒ་བཀག་ནས་རྒྱུན་ལས་བཟློག་སྟེ་འབབ། །ཨུཏྤལ་བཏོན་ནས་ཆུ་ཡིས་མ་གོས་པ། །དྲི་མེད་སེམས་ནི་ཟབ་མོ་རྟོགས་པར་དཀའ། །དེས་ནི་བིརྺ་རིག་པ་མང་པོ་ཅན། །འཇིག་རྟེན་འཇིག་རྟེན་མུན་པར་མ་བྱེད་དང༌། །འཇིག་རྟེན་འཇིག་རྟེན་ཆང་ལ་ཐེ་ཚོམ་མ་བྱེད་དང༌། །དགེས་ན་ཡིད་ཀྱིས་ཉི་མ་རྟེང་པར་འཛུད། །ཨུཏྤལ་བླངས་ནས་ཆུ་ཡིས་མགོས་པ། །ཨི་ཐི།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply