༈ ས་སྐྱ་བཀའ་འབུམ་ལས་པོད་༼ཇ༽པ།
རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་གསུང་པོད་གཉིས་པ།
༄༅། །སརྦཏཐཱགཏཱནཱཾཝཱགོགུཧྱདྷརཀོབྷཊྚཱརཏྣཿཀཱིརྟིདྷྭཛསྱཔྲཝཙནཾཔུསྟཀོདྭིཏཱིཡཱབྷྱམཱརྻབཛྲཔཉྫརཱལངྐརནཱམབཱརྟིཀཱབིཛཧཱར།།
༄༅། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་གསང་བ་འཛིན་པ་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱི་གསུང་རབ་གླེགས་བམ་གཉིས་པ་ལས་འཕགས་པ་རྡོ་རྗེ་གུར་གྱི་རྒྱན་ཞེས་བྱ་བའི་རྣམ་འགྲེལ་བཞུགས།།
༄༅། །ཨོཾ་སྭ་སྟི་སིདྡྷཾ། ན་མོ་བཛྲ་ས་ཏྭཱ་ཡ། གང་གི་ཐུགས་ནི་ལྟ་བའི་རྒྱ་མཚོ་ལས་བརྒལ་བ། །ཐུགས་རྗེས་འགྲོ་བ་ཀུན་སྡུད་མཛད་སྤྱོད་མཐའ་ཡས་ཤིང༌། །རྒྱུད་དོན་གསུངས་པས་བདག་བློའི་མུན་པ་སེལ་མཛད་པ། །རྗེ་བཙུན་བླ་མ་རྡོ་རྗེ་འཆང་དེ་ལ་ཕྱག་འཚལ། །ནམ་མཁའི་རང་བཞིན་ནམ་མཁའི་ལམ་ལས་མཁའ་ཀུན་ཁྱབ་གྱུར་པ། །འགྲོ་བའི་རྒྱུད་ཀུན་ཉོན་མོངས་ལྔས་གཟིར་དེ་ལ་ཐུགས་བརྩེ་བའི། །རྡོ་རྗེ་སེམས་དཔའ་ཁྲོ་ཆགས་རྣམ་པ་ལྔ་ཡི་སྐུར་སྟོན་པ། །མཁའ་འགྲོ་མ་གཙོ་སྒྲིབ་ཀུན་དྲལ་མཛད་དེ་དག་རྣམས་ལ་འདུད། །བུད་མེད་ཀྱིས་འདུལ་འགྲོ་ཀུན་ལ་གཟིགས་ནས། །རྣམ་པར་མི་རྟོག་ཤེས་རབ་ཕ་རོལ་ཕྱིན། །རབ་ཏུ་གསལ་མཛད་སངས་རྒྱས་ཀུན་གྱི་ཡུམ། །བདག་མེད་མ་དཔལ་གཙོ་ལ་ཕྱག་འཚལ་ལོ། །ཧཱུྃ་མཛད་གཤིན་རྗེ་གཤེད་སོགས་འབྱུང་པོ་འདུལ་བས་བགེགས་བསལ་ཏེ། །འཇམ་པའི་དབྱངས་ཀྱིས་ཚིག་དོན་བློ་གྲོས་སྐྱེད་མཛད་འཇིག་རྟེན་མགོན། །སྒྲོལ་མ་ཙུནྡ་འོད་ཟེར་ཅན་དང་རྨུགས་འཛིན་ལ་སོགས་པས། །ཕུན་སུམ་ཚོགས་ཀུན་རྒྱུད་འདིར་མོས་ལ་གྲུབ་པར་མཛད་དུ་གསོལ། །འབུམ་ལྔའི་རྒྱུད་ཆེན་དོན་ཀུན་བསྡུས་རྒྱུད་རྡོ་རྗེའི་ཚིག །དངོས་གྲུབ་དུ་མའི་རང་བཞིན་ཡོན་ཏན་དང་ལྡན་ལུས། །བླ་མའི་གདམས་པའི་རྒྱན་གྱིས་གསལ་འགྱུར་དེ་བས་ན། །གུར་གྱི་རྒྱན་ཞེས་བྱ་བའི་འགྲེལ་པ་འདི་བགྱིའོ། །དེ་ལ་རྗེ་བཙུན་མཐུ་སྟོབས་ཀྱི་དབང་ཕྱུག་དང་དཔལ་ཌོཾ་བི་ཧེ་རུ་ཀའི་རྗེས་སུ་འབྲངས་ནས་རྒྱུད་སྡེ་གང་འཆད་ཀྱང་སྔོན་དུ་ཚུལ་བཞི་རྟོགས་ནས་འཇུག་པ་ཡིན་ཏེ། མདོ་རྒྱུད་ཐམས་ཅད་ཀྱི་གནས་ལུགས་རྟོགས་པར་བྱ་བའི་དོན་དུ་སྔོན་དུ་རྒྱུད་སྡེ་སྤྱིའི་རྣམ་པར་གཞག་པ་དང༌། རང་རང་གི་རྒྱུད་ངོས་གཟུང་བའི་དོན་དུ་མཚན་གྱི་དོན་བཤད་པ་དང༌། མཚན་དེ་དང་ལྡན་པའི་རྒྱུད་འཆད་པར་བྱེད་པའི་ཚུལ་བཤད་ཐབས་ཀྱི་མན་ངག་དང༌། བཤད་ཐབས་ཀྱི་མན་ངག་དེས་བཤད་པའི་རྒྱུད་དེ་ཉམས་སུ་བླང་བའི་ཐབས་རྒྱུད་ཀྱི་མངོན་པར་རྟོགས་པ་དང་བཞིའོ། །དང་པོ་གསུམ་ནི་བདག་གི་བླ་མས་ཕྱོགས་གཅིག་ཏུ་བྱས་པའི་བསྟན་བཅོས་མཛད་ཟིན་ལ། མངོན་པར་རྟོགས་པའང་བདག་ཉིད་ཀྱིས་སྦྱར་ཟིན་པས་དེ་དག་ཏུ་བལྟ་བར་བྱའོ། །འདིར་འཕགས་པ་མཁའ་འགྲོ་མ་རྡོ་རྗེ་གུར་ལེའུ་བཅོ་ལྔའི་བདག་ཉིད་ཤློ་ཀ་སྟོང་ཕྲག་གཅིག་དང་ཉི་ཤུ་རྩ་ལྔའི་ཚད་དུ་བཞུགས་པའི་གཞུང་འདི་ཤེས་རབ་ཀྱིས་རློམ་པའི་གང་ཟག་བླ་མ་མེད་པར་རང་དགར་འཇུག་པ་དགག་པའི་ཕྱིར་རྒྱུད་རབ་ཏུ་དཀྲུགས་ཏེ་གསུངས་པས་ན། ཐོག་མར་ལེའུ་གང་ནས་གང་འབྱུང་བ་བརྗོད་དགོས་ལ། དེ་དག་ཀྱང་འཁྲུགས་བསྡེབས་ནས་སྤྱིའི་རྗོད་བྱེད་ཀྱི་ཚོགས་གང་ཡིན་པ་དང༌། བརྗོད་བྱ་གང་ཟག་གི་རྒྱུད་ལ་རྒྱུད་གསུམ་རིམ་པ་ཅན་དུ་སྐྱེ་བའི་ཕྱིར་གང་ནས་གང་འབྱུང་བའི་སྡོམ་བརྗོད་དགོས་སོ། །དེ་དག་ཀྱང་གཟུང་བདེ་བའི་ཕྱིར་ཚིགས་སུ་བཅད་པས་བསྡུས་ཏེ་བརྗོད་ན། སྤྱི་སྡོམ་རྣམ་པ་གཉིས་ཡིན་ཏེ། །ལེའུ་གང་ནས་གང་འབྱུང་བ་དང༌། །གཉིས་པ་རྒྱུད་འདི་དཀྲུགས་མོད་ཀྱི། །བརྗོད་བྱ་བསྡེབས་ཏེ་བརྗོད་པའོ། །ལེའུ་དང་པོ་གླེང་གཞི་སྟེ། །རྒྱུད་ཀུན་གྱི་ནི་མདོར་བསྟན་ཡིན། །མཆོད་དང་དཀྱིལ་འཁོར་ཚད་དང་ནི། །སྤྱོད་ལམ་ཚོན་རྣམས་རིགས་ལྔས་ཕྱེ། །འབྱུང་པོ་འདུལ་དང་སྟོབས་པོ་ཆེ། །རྫོགས་པའི་རིམ་དང་སྟོབས་ཀྱིས་བསྒྲུབ། །འབུམ་ལྔའི་ཚད་དང་སངས་རྒྱས་གར། །དགོས་དང་བཅས་པས་གཉིས་པ་བསྟན། །གཏོར་མ་དང་ནི་མིང་གི་དབང༌། །གཉིས་ཀྱི་ལེའུ་གསུམ་པའོ། །རྒྱུད་གྲངས་རྒྱས་བསྡུས་དགོས་པར་བཅས། །སྒོམ་གནས་སྐུ་གསུང་ཐུགས་ཕྱག་རྒྱ། །ལྷ་མོའི་སྐུ་ཡི་ཕྱག་རྒྱ་དང༌། །མཁའ་འགྲོའི་སྒྲ་བསྒྲུབ་མ་རྒྱུད་ནི། །བསྡུས་པའི་དགོས་དང་བདག་མེད་མའི། །སྒྲུབ་ཐབས་སྔགས་བཅས་རིག་དབང་དང༌། །བསྐྱེད་རྫོགས་ཀུན་གྱི་རྣམ་གཞག་དང༌། །གྲུབ་པའི་རྟགས་དང་བཅས་པ་དང༌། །མི་བསྐྱོད་པ་ཡི་མངོན་རྟོགས་དང༌། །ཁྲོ་བཅུའི་ཆོ་གས་བཞི་པ་བསྡུས། །སེམས་དཔའ་སུམ་བརྩེགས་བསྒོམ་པ་དང༌། །རིགས་དང་མཐུན་པའི་མཆོད་པ་དང༌། །རིགས་ལྔ་རྒྱས་བསྡུས་དབྱེ་བ་དང༌། །རིགས་བསྡུས་པ་ཡི་རྣམ་གཞག་དང༌། །ཕྱག་མཚན་དག་པར་བཅས་པ་ཡིས། །ལེའུ་ལྔ་པ་བསྟན་པ་ཡིན། །རྗེས་དྲན་གསུམ་གྱིས་དམ་ཚིག་པ། །བསྐྱེད་དེ་ཕྱག་རྒྱ་བཞིས་གདབ་སྟེ། །དེས་ནི་ཆོས་སུ་བཤད་པ་ཡིན། །སེམས་དཔའ་སུམ་བརྩེགས་སྤྲོ་བསྡུ་དང༌། །བསམ་གཏན་དཀྱིལ་འཁོར་རྒྱ་ཁྱོན་དང༌། །ཡེ་ཤེས་འཁོར་ལོ་གཞུག་པ་དང༌། །ཕྲེང་བ་བཟླས་པའི་ཕན་ཡོན་དང༌། །རིམ་གཉིས་ཕན་ཡོན་དྲུག་པའོ། །ཡན་ལག་དྲུག་སྔགས་བཅས་པ་དང༌། །གཞལ་མེད་ཁང་བསྐྱེད་ལྷ་དགོད་དང༌། །དབང་བཞི་བཟའ་བའི་དམ་ཚིག་ནི། །ཕན་ཡོན་དང་བཅས་བདུན་པའོ། །གླུས་བསྐུལ་སྐུ་གསུང་སྐྱེ་མཆེད་དྲུག །བྱིན་རླབས་སྔགས་བཅས་རྩོད་སྤོང་བཅས། །རྡོ་རྗེ་སྒྲོལ་མ་ཕ་རོལ་ཕྱིན། །མཚན་ལྡན་བླ་མ་བསྟེན་པའི་ཐབས། །ནང་དང་ཕྱི་ཡི་སྦྱིན་སྲེག་དང༌། །ཐུན་མོང་མཆོག་གི་འབྲས་བུ་དང༌། །ཕྱག་རྒྱ་བསྒྲུབ་པའི་མཚན་ཉིད་དང༌། །རིགས་ལྔའི་བསྟོད་པ་བསྡུས་པ་དང༌། །དཀྱིལ་འཁོར་ཐིག་ཚོན་ས་ཆོག་དང༌། །སྦྱིན་སྲེག་གིས་ནི་བརྒྱད་པ་བསྡུས། །རབ་ཏུ་གནས་དང་དྲག་ཤུལ་བསྒྲུབ། །རིགས་བཞི་ཞལ་དང་སྐུ་མདོག་དང༌། །རིགས་དང་རྗེས་སུ་མཐུན་པའི་ཡོན། །རིགས་ལྔའི་སྔགས་དང་ཕན་ཡོན་བཅས། །དཀྱིལ་འཁོར་དབྱིབས་དང་གཙོ་བོའི་རྒྱན། །ཕྱག་རྒྱ་བསྟེན་ཚུལ་དགུ་པའོ། །སྤྱོད་པ་དང་ནི་སྐྱེ་མཆེད་དྲུག །བསྒོམས་པའི་ཕན་ཡོན་བཅུ་པའོ། །ལས་བཞིའི་ལྷ་དང་བསམ་པ་དང༌། །ཕྱག་རྒྱ་སྔགས་བཅས་བཅུ་གཅིག་པ། །སྒྲུབ་པའི་གནས་སུ་ཚོགས་གཉིས་བསགས། །ཚད་མེད་བཞི་དང་བཅས་པ་དང༌། །སྲུང་འཁོར་གཞལ་ཡས་མངོན་བྱང་ལྔ། །བདག་མེད་མ་ཡི་སྒྲུབ་ཐབས་དང༌། །སྐྱེ་མཆེད་སྐུ་གསུང་བྱིན་རླབས་དང༌། །ཡེ་ཤེས་དགུག་དང་དབང་བསྐུར་དང༌། །མཆོད་བསྟོད་བདུད་རྩི་མྱང་བ་དང༌། །བཟླས་པའི་མན་ངག་བཅུ་གཉིས་པ། །ཐབས་དང་ཤེས་རབ་རྒྱུད་ཀྱི་གྲངས། །རྒྱུད་སྡེ་སྤྱི་ཡི་དགོངས་པ་དང༌། །གཉིས་མེད་སངས་རྒྱས་བསྟན་པ་དང༌། །དེ་ལ་རྗེས་སུ་ཡི་རང་དང༌། །སྤྱོད་པ་དམ་ཚིག་བླ་མ་ནི། །མཉེས་བྱ་འཐད་བཅས་བཅུ་གསུམ་པ། །འབྲིང་གི་དངོས་གྲུབ་རི་ལུ་སོགས། །དངོས་གྲུབ་འབྱུང་བའི་འཐད་པ་དང༌། །གསང་བ་ཤེས་རབ་ཡེ་ཤེས་དང༌། །མངོན་སྤྱོད་ཁྲོ་བཅུའི་སྲུང་འཁོར་དང༌། །རྫོགས་རིམ་སངས་རྒྱས་ས་དང་ནི། །རིམ་གཉིས་རྒྱུ་བཅས་སངས་རྒྱས་ས། །འཇམ་དཔལ་རྫོགས་རིམ་ཅུང་ཟད་བཅས། །བདེ་གཤེགས་རྣམས་ཀྱི་བྱང་ཆུབ་སེམས། །དཀྱིལ་འཁོར་དང་འབྲེལ་མཚོན་ཆ་དང༌། །རོལ་མོ་བདུག་སྤོས་ཕྱག་རྒྱ་གར། །ཕྱི་ནང་སྦྱིན་སྲེག་ཉེ་རྒྱུ་དང༌། །རྐང་སྟབས་ལག་སྟབས་འདུག་སྟངས་དང༌། །བཞིན་གྱི་བསྒྱུར་ཚུལ་གླུ་དང་ནི། །མཆོད་པའི་བྱ་བས་བཅུ་བཞི་པའོ། །ཧེ་རུ་ཀ་གསུམ་ཀུར་ཀུལླེ། །གླེང་གཞི་ལས་རྒྱས་རྣལ་འབྱོར་བཅུ། །རྡོ་རྗེ་ནག་པོ་ཆེན་པོ་དང༌། །ཉེ་རྒྱུ་དབང་གི་རྐང་གྲངས་དང༌། །དམ་ཚིག་བདེ་གཤེགས་བསྟོད་པར་བཅས། །རྗེ་བཙུན་ཇི་ལྟར་བལྟ་བ་དང༌། །དེ་ལ་བསྐུལ་བའི་རིམ་པ་སྟེ། །རྒྱུན་ཀུན་གྱི་ནི་དོན་བསྡུས་པའོ། །ལེའུ་དང་པོ་གླེང་གཞི་ཡི། །ཚུལ་གྱིས་རྒྱུད་ཀུན་དོན་བསྡུས་ཡིན། །གཉིས་པ་དང་ནི་བཞི་པ་ཡིས། །བརྟག་པའི་གྲངས་དང་རྒྱས་བསྡུས་སོ། །བཅུ་གསུམ་རྒྱུད་གྲངས་བཅོ་ལྔ་པའི། །གླེང་གཞི་སྤྱི་ཡི་རྗོད་བྱེད་ཡིན། །དྲུག་པ་དང་ནི་བཅུ་གསུམ་པ། །བཅུ་བཞིའི་ཕྱོགས་གཅིག་རྒྱུ་རྒྱུད་ཡིན། །བརྒྱད་པ་དང་ནི་བཅུ་བཞི་པར། །སློབ་དཔོན་མཚན་ཉིད་ས་ཆོག་ཡིན། །བུམ་པ་སྟ་གོན་དགུ་པ་ལས། །གཉིས་དང་བརྒྱད་པས་ཐིག་དང་ཚོན། །གཉིས་དང་དགུ་པས་ཚད་དང་དབྱིབས། །གཉིས་ལྔ་བརྒྱད་དང་བཅུ་བཞི་པས། །དཀྱིལ་འཁོར་མཆོད་པའི་ཆོ་ག་ཡིན། །བཞི་པ་བདུན་པ་བཅུ་བཞི་པ། །བཅོ་ལྔ་པ་ཡིས་དབང་བསྟན་ལ། །བརྒྱད་པས་གསོལ་གདབ་དགུ་པས་ཡོན། །མདོར་ན་གཉིས་གསུམ་བཞི་དང་ལྔ། །བདུན་དང་བརྒྱད་དང་དགུ་པ་དང༌། །བཅུ་བཞི་པ་དང་བཅོ་ལྔ་སྟེ། །བརྒྱད་ཀྱི་ཆ་ཡིས་སྨིན་བྱེད་བསྟན། །དྲུག་དང་བཅུ་གསུམ་བཅུ་བཞི་པས། །ཐོག་མར་ལྟ་བ་བསྟན་པ་ཡིན། །བཞི་པ་དང་ནི་བཅུ་གཉིས་པས། །སྤྱི་དང་སོ་སོའི་གནས་བསྟན་ནོ། །བརྒྱད་པ་དང་ནི་བཅུ་བཞི་པས། །རིམ་གཉིས་སྤྱི་ཡི་མངོན་རྟོགས་བསྟན། །བསྐྱེད་རིམ་སྤྱི་ཡི་མངོན་རྟོགས་ནི། །ལེའུ་བཞི་པས་བསྟན་པ་ཡིན། །གཉིས་དང་ལྔ་དང་བཅུ་གཉིས་པས། །སྔོན་འགྲོ་ཚོགས་གཉིས་བསགས་པ་བསྟན། །བཞི་པ་བཅུ་གཉིས་བཅུ་བཞི་པས། །སྲུང་བའི་འཁོར་ལོ་བསྟན་པ་ཡིན། །ཡན་ལག་དྲུག་སྔགས་བཅས་པ་ནི། །ལེའུ་བདུན་པས་བསྟན་པ་ཡིན། །གཉིས་པ་ལྔ་པ་དྲུག་པ་དང༌། །བདུན་པ་བརྒྱད་པ་དགུ་པ་དང༌། །བཅུ་གཉིས་པ་ཡིས་གཞལ་ཡས་ཁང༌། །བཞི་པ་ལྔ་པ་དྲུག་བདུན་པ། །དགུ་པས་གཙོ་བོའི་མངོན་རྟོགས་བསྟན། །བཅོ་ལྔའི་ཆ་ཡིས་རྡོ་རྗེ་གསུམ། །བཞི་པ་བཅུ་གཉིས་རྗེ་བཙུན་མ། །སེམས་དཔའ་སུམ་བརྩེགས་ཕྱག་རྒྱ་བཞི། །ལྔ་པ་དང་ནི་དྲུག་པས་བསྟན། །གཉིས་དྲུག་དགུ་པ་བཅུ་གཉིས་པས། །ཡེ་ཤེས་སེམས་དཔའ་གཞུག་པ་བསྟན། །བཞི་བརྒྱད་དགུ་དང་བཅུ་བཅུ་གཉིས། །གནས་དགུ་བྱིན་གྱིས་བརླབ་པ་བསྟན། །དེ་དག་ཡན་ལག་གཉིས་པ་ཡིན། །དགུ་པ་དང་ནི་བཅུ་གཉིས་པས། །དབང་དང་བདུད་རྩི་མྱང་བ་ཡིན། །ལྔ་དགུ་བཅུ་གཉིས་བཅུ་བཞི་པས། །ལྔ་པ་མཆོད་པ་བསྟན་པ་ཡིན། །དགུ་པ་བཅུ་གཉིས་བཅོ་ལྔ་པས། །ཡན་ལག་དྲུག་པ་བསྟན་པ་ཡིན། །དེ་ལྟར་ལེའུ་བཅུ་གཉིས་ཀྱིས། །བསྐྱེད་པའི་རིམ་པ་བསྟན་པ་ཡིན། །གཉིས་པ་བཞི་པ་བཅུ་བཞི་པས། །རང་བྱིན་བརླབ་པའི་རིམ་པ་བསྟན། །གཉིས་དྲུག་བརྒྱད་པ་བཅུ་བཞི་པ། །བདུན་པའི་དབང་གི་ཆ་ཙམ་གྱིས། །དཀྱིལ་འཁོར་འཁོར་ལོ་བསྟན་པ་ཡིན། །ལེའུ་དྲུག་གིས་རྫོགས་རིམ་མོ། །དམིགས་མེད་ཕྱོགས་ཀྱི་རྫོགས་རིམ་ནི། །སྔར་གྱི་ལྟ་བས་བསྟན་པ་ཡིན། །གཉིས་དང་དགུ་པས་སྟོབས་བསྒྲུབ་སྟེ། །དྲོད་ནི་ཐོབ་པར་བྱེད་པའོ། །གྲུབ་རྟགས་ལེའུ་བཞི་པ་སྟེ། །སྤྱོད་པ་བཅུ་པས་ཉེ་རྒྱུ་ནི། །བཅུ་བཞི་བཅོ་ལྔས་བསྟན་པ་ཡིན། །བཞི་དྲུག་དགུ་པས་བཟླས་པ་བསྟན། །བརྒྱད་དང་བཅུ་གཅིག་བཅུ་བཞི་པས། །སྦྱིན་སྲེག་དགུ་པས་རབ་གནས་བསྟན། །གཏོར་མ་ལེའུ་གསུམ་པས་ཏེ། །གཉིས་དང་བཞི་པ་བརྒྱད་བཅུ་གཅིག །བཅུ་བཞི་བཅོ་ལྔས་ལས་ཚོགས་བསྟན། །གཉིས་པ་དང་ནི་ལྔ་པ་དང༌། །བདུན་པ་དང་ནི་བརྒྱད་པ་དང༌། །བཅུ་གསུམ་པ་དང་བཅུ་བཞི་པ། །བཅོ་ལྔ་པ་ཡིས་དམ་ཚིག་བསྟན། །བཞི་པ་དྲུག་པ་བརྒྱད་པ་དང༌། །བཅུ་བཞི་པ་ཡིས་འབྲས་བུའོ། །དེ་ལྟར་སྡོམ་ཚིག་རྣམ་གཉིས་ཀྱིས། །རྒྱུད་ཀུན་ཁོང་དུ་ཆུད་པར་ནུས། །ཞེས་བྱ་བས་ཤེས་པར་བྱའོ།། །།ད་ནི་རྒྱུད་ཀྱི་གཞུང་ལ་འཇུག་པར་བྱ་སྟེ། དེ་ལ་གསུམ། ལེའུ་དང་པོ་གླེང་གཞི་ཕུན་སུམ་ཚོགས་པའི་ཚུལ་གྱིས་རྒྱུད་ཀྱི་ལུས་མདོར་བསྟན་པ་དང༌། རྒྱུད་ཀྱི་ལུས་དངོས་དང༌། མཇུག་འཁོར་གྱིས་རྗེས་སུ་ཡི་རང་བའོ། །དེ་ལ་ལེའུ་དང་པོ་འདིའི་རྒྱུད་བཤད་ཐབས་ཀྱི་མན་ངག་ལས་བརྗོད་བྱ་སྤྱི་དང་སྦས་པ་དང་མཐར་ཐུག་གསུམ་གང་འཇུག་པ་རྗོད་བྱེད་ཀྱི་སྒྲ་ཡན་ལག་གི་དོན་གཙོ་བོ་ཡིན་ལ་ནམ་མཁའ་བེམས་བཅས་ལ་ཡི་གེ་དབྱིབས་མཐུན་ཅུང་ཟད་ཀྱང་འཇུག་ཅིང་གསང་བ་མཆོག་ལ་བསྡུས་པའི་དོན་ཅུང་ཟད་འཇུག་པས་གསུམ་ཀ་དང་འབྲེལ་ལོ། །མངོན་པར་རྟོགས་པ་ནི་རྒྱུད་གསུམ་ཀ་དང་འབྲེལ་ལ། བཤད་པའི་རྒྱུད་འདི་རྩ་བའི་རྒྱུད་གང་དུ་ཕན་འདོགས་ཤེ་ན། རྒྱུད་རྒྱས་པའི་གླེང་གཞི་ཕུན་སུམ་ཚོགས་པ་ལྔ་དོན་བསྡུས་པའི་ཚུལ་གྱིས་འཆད་ལ་རྒྱུད་བསྡུས་པ་འདིས་ནི་ཚིག་དོན་རྣམ་པར་ཕྱེ་བའི་ཚུལ་གྱིས་ཕན་འདོགས་སོ། །གཞུང་གི་དོན་ལ་ལྔ་སྟེ། གནས་ཕུན་སུམ་ཚོགས་པ་དང༌། དུས་དང༌། སྟོན་པ་དང༌། འཁོར་དང༌། དེའི་ཕྲིན་ལས་ཏེ་ཆོས་ཕུན་སུམ་ཚོགས་པའོ། །དེ་ལ་ཆོས་ཀྱི་སྐུའི་དབང་དུ་བྱས་པའི་ཕུན་སུམ་ཚོགས་པ་ལྔ་དང་སྦྱར་ན། སྟོན་པ་ཆོས་ཀྱི་སྐུའི་བཞུགས་པའི་གནས་ནི་དཔྱད་པར་བྱ་བ་བདེན་པ་གཉིས་ཀྱིས་བསྡུས་པའི་ཆོས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བས་བསྡུས་པའི་ཆོས་དྲུག་ཅུ་རྩ་བཞི་ལ། དཔྱོད་བྱེད་ལྷག་མཐོང་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་ན། དཔྱད་པའི་དོན་ཆོས་ཀྱི་སྐུ་ཉིད་ཐམས་ཅད་དུ་སྣང་ཞིང་ཐམས་ཅད་དེར་ཐིམ་པའི་ཚུལ་གྱིས་ཁྱབ་ནས་བཞུགས་པ་སྟེ། མདོར་ན་བཞུགས་པར་བྱ་བའི་གནས་བདེན་པ་གཉིས་ཀྱིས་བསྡུས་པའི་ཆོས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བས་བསྡུས་པའི་ཆོས་ཐམས་ཅད་ལ་བཞུགས་པ་པོ་སྟོན་པ་མཁའ་འགྲོ་མ་རྡོ་རྗེ་གུར། ཐུགས་ཡང་དག་པའི་ཡེ་ཤེས་བསྒྲུབ་བྱའི་རིག་པ་ཆོས་ཀྱི་སྐུ་རང་བྱུང་གི་ཡེ་ཤེས་ཆེན་པོ་ཞེས་བྱ་བ་དེ། རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་ཆོས་ཉིད་རང་བཞིན་ཆོས་སྐུ་དང༌། དེ་ཇི་ལྟ་བ་བཞིན་དུ་མངོན་དུ་གྱུར་པའི་སངས་རྒྱས་ཀྱི་ཐུགས་རྟོགས་པ་ཆོས་ཀྱི་སྐུའི་ཡེ་ཤེས་དང་གཉིས་སུ་མེད་པའི་ཆོས་ཉིད་དེ་སྟོན་པའོ། །གནས་དེ་ན་སྟོན་པ་དེ་ཚུལ་ཇི་ལྟར་བཞུགས་ན། ཆོས་ཀྱི་སྐུ་དེ་ཉིད་ཀུན་རྫོབ་ཏུ་ཆོས་ཐམས་ཅད་དུ་སྣང་བས་ན་དེ་ལས་བྱུང་བའི་ཚུལ་གྱིས་ཁྱབ་ཅིང་བཞུགས་ལ། དོན་དམ་པར་ན་དག་པ་དང་མ་དག་པའི་ཆོས་དེ་དེ་བཞིན་ཉིད་དུ་ཐིམ་ཞིང་འགྲོ་བས་ན་བདག་ཉིད་གཅིག་པའི་ཚུལ་གྱིས་བཞུགས་པའོ། །དུས་ནི་རྟག་ཏུ་བཞུགས་པ་སྟེ་དུས་གསུམ་མཉམ་པ་ཉིད་དུ་མི་འགྱུར་བར་བཞུགས་པའོ། །འཁོར་དང་ཆོས་ནི་སྟོན་པ་དེ་ཉིད་ཀྱི་རྣམ་འཕྲུལ་ཏེ་དོན་དམ་པར་ན་ཕུན་སུམ་ཚོགས་པ་ལྔ་ཐ་དད་དུ་གྲུབ་པ་མེད་པ་ཡིན་ནོ། །སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུའི་བཞུགས་པའི་གནས་ནི་འོག་མིན་བདེ་བ་ཆེན་པོའི་ཆོས་ཀྱི་འབྱུང་གནས་ཀྱི་ནང་དུ་ཆུད་པ་ཚིག་དྲུག་ཅུ་རྩ་བཞིའི་དོན་ཚང་བའི་གཞལ་ཡས་ཁང་པ་རྒྱ་དང་ཚད་ཡོངས་སུ་མ་ཆད་པ་ན། སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུ་དྲུག་པ་རྡོ་རྗེ་འཆང་གི་ངོ་བོ་རྡོ་རྗེ་འཛིན་པ་ཞལ་བརྒྱད་ཕྱག་བཅུ་དྲུག་པ་དཀར་པོའི་རྣམ་པའོ། །འཁོར་ནི་དེ་བཞིན་གཤེགས་པའི་འཁོར་ཏིལ་གྱི་གང་བུ་དང་མཉམ་པ། དཔའ་བོའི་འཁོར་བྱེ་བ་ཕྲག་བརྒྱད་ཅུ། རྣལ་འབྱོར་མའི་འཁོར་རི་རབ་ཀྱི་རྡུལ་ཕྲ་རབ་དང་མཉམ་པ། བྱང་ཆུབ་སེམས་དཔའ་རྒྱུད་དག་པ་ལྷ་དང་མིའི་འཁོར་གྲངས་མེད་པས་བསྐོར་ནས་བཞུགས་སོ། །དུས་ནི་རྟག་ཏུ་བཞུགས་པ་སྟེ་ཆོས་འཆད་ཅིང་བཞུགས་པའོ། །ཆོས་ནི་རྡོ་རྗེ་གུར་འདི་ཉིད་དོ། །སྟོན་པ་སྤྲུལ་པའི་སྐུའི་དབང་དུ་བྱས་ན་བཞུགས་པར་བྱ་བའི་གནས་གདུལ་བྱ་སྣོད་བཅུད་ཚིག་དྲུག་ཅུ་རྩ་བཞིའི་བདག་ཉིད། དོན་གདུལ་བྱ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ། བཞུགས་པ་པོ་སྟོན་པ་སྤྲུལ་པའི་སྐུ་ཐུགས་རྗེ་ཆེན་པོ་ཅན། འཁོར་ནི་གདུལ་བར་བྱ་བའི་སྐྱེ་བོ། དུས་ནི་རྟག་ཏུ། ཆོས་ནི་གང་ལ་ཅིས་འདུལ་གྱི་ཚུལ་གྱིས་སེམས་ཅན་གྱི་བསམ་པ་འགེངས་པ་ཡིན་ནོ། །སྐུ་གསུམ་གྱི་ཕུན་སུམ་ཚོགས་པ་ལྔའི་སྤྱི་དོན་ཏོ། །ད་ནི་ཡན་ལག་གི་དོན་བརྗོད་པར་བྱ་སྟེ། དེ་ལ་ཆོས་ཀྱི་སྐུའི་གནས་ཕུན་སུམ་ཚོགས་པའི་དབང་དུ་བྱས་ན་གསུམ། རྒྱུད་གསུམ་ཀ་ལ་སྦྱོར་ཀྱང་གཙོ་བོར་རྒྱུའི་རྒྱུད་ཀྱི་དབང་དུ་བྱས་ན་ཚིགས་སུ་བཅད་པ་བཞི་ཚིག་དུམ་བུ་སུམ་ཅུ་སོ་བདུན་ནོ། །གཙོ་བོར་ཐབས་ཀྱི་རྒྱུད་ཀྱི་དབང་དུ་བྱས་ན་ཚིགས་སུ་བཅད་པ་གསུམ་ཚིག་དུམ་བུ་ཉི་ཤུ་རྩ་གསུམ་དང༌། གསང་བ་མཆོག་དང་དགྱེས་པ་ལ་ཐམས་ཅད་བདག་ཉིད་ཅེས་བྱ་བ་ཚིག་དུམ་བུ་བཞིས་གཙོར་འབྲས་བུའི་རྒྱུད་ལ་བཞུགས་པའོ། །སངས་རྒྱས་ཀུན་ཁྱབ་ཅེས་བྱ་བ་ཚིགས་སུ་བཅད་པ་གཅིག་ནི་སྟོན་པའི་རང་བཞིན་ཡིན་ཏེ། གནས་ལ་སྦྱར་ནི་ཚིག་དུམ་བུ་དྲུག་ཏུ་བྱས་ལ་སྔར་གྱི་དྲུག་ཅུ་རྩ་བཞི་པོ་ལ་བསྣན་པས་བཞུགས་ནས་བདུན་ཅུར་འགྲོ་བ་ཡིན་ནོ། །དེ་ལ་བཞུགས་པའི་གནས་ལས་གཙོར་རྒྱུའི་རྒྱུད་ལ་སྦྱར་བ་ལ་གསུམ། སྦྱང་གཞི་དང་སྦྱོང་བྱེད་ཀྱི་ཚུལ་གྱིས་འབྱུང་བ་ལྔས་བསྡུས་པ་ལ་བཞུགས་པ་དང༌། སྦྱང་གཞི་དང་སྦྱོང་བྱེད་ཀྱི་བསྐྱེད་པའི་རིམ་པ་ལ་བཞུགས་པ་དང༌། སྦྱང་གཞི་གཙོ་བོ་སྦྱོང་བྱེད་དང་བཅས་པ་སྣོད་བཅུད་ལ་བཞུགས་པའོ། །དེ་ལ་དང་པོ་ནམ་མཁའ་ཞེས་བྱ་བ་ནི་ནམ་མཁའི་ཁམས་སོ། །བེམས་བཅས་ནི་སྲ་བའི་ཕྱིར་སའོ། །དྭང་བ་ནི་འོད་གསལ་བའི་ཕྱིར་ཆུའོ། །གོ་སྐབས་མེད་པ་ནི་སྲེག་པའི་གོ་སྐབས་ལས་གཞན་མེད་པའི་ཕྱིར་མེའོ། །འབྱེད་པ་ནི་འབྱུང་བ་རྣམས་སྨིན་ཅིང་དྭངས་སྙིགས་འབྱེད་པའི་ཕྱི་རླུང་ངོ༌། །དེ་ལྟར་ནམ་མཁའ་ལ་སོགས་པའི་ཚིག་འབྱུང་བ་ལྔ་ལ་སྦྱར་བའི་འབྱུང་བ་ལྔ་བློའི་ཡུལ་དུ་བྱས་ལ་དང་པོ་སྣོད་ཆགས་པ་ལ་སྦྱར་ན། དང་པོ་ནམ་མཁའ་སྟོང་པ་ལ་རླུང་ཆགས། དེའི་སྟེང་དུ་མེ། དེའི་སྟེང་དུ་ཆུ། དེའི་སྟེང་དུ་ས་ཆགས་པ་སྟེ། དེ་ལྟར་འབྱུང་བ་བཞི་ནི་ཀུན་རྫོབ། ནམ་མཁའ་ནི་དོན་དམ་པ་སྟེ་བདེན་པ་གཉིས་པོ་དེ་ལ་ཡང་སྟོན་པ་མཁའ་འགྲོ་མ་རྡོ་རྗེ་གུར། ཐུགས་ཡང་དག་པའི་ཡེ་ཤེས་བསྒྲུབ་བྱའི་རིག་པ་ཆོས་ཀྱི་སྐུ་ཆེན་པོ་དེ་ཐམས་ཅད་དུ་སྣང་ཞིང་ཐམས་ཅད་དེར་ཁྱབ་པའི་ཚུལ་གྱིས་བཞུགས་སོ། །ཞེས་བྱ་བའི་ཚིག་དེ་འོག་མའི་རྒྱུ་དང་ལམ་དང་འབྲས་བུ་ཐམས་ཅད་ལའང་ལྡབས་ཤིང་བཤད་པར་བྱའོ། །ཡང་བཅུད་བསྐྱེད་པའི་རིམ་པ་ལ་སྦྱར་བ་ལས་མངལ་གྱི་སྔོན་འགྲོ་ལ་སྦྱར་ན། ནམ་མཁའ་ནི་མའི་མངལ་གྱི་ནམ་མཁའོ། །དེ་ལ་ཕ་མའི་དབང་པོ་གཉིས་རེག་པས་སྲ་བ་ས། བྱང་སེམས་གཤེར་བ་ཆུ། བསྐྱོད་པ་མེ། རྩ་གནས་ནས་བྱང་ཆུབ་ཀྱི་སེམས་གཡོ་བ་རླུང་སྟེ། དེ་ཡང་རྩ་བའི་རྒྱུད་ལེའུ་བཅུ་པ་ལས། རེག་པ་སྲ་བའི་བག་ཆགས་ཀྱིས། །ས་ནི་དེ་ལས་སྐྱེ་བར་འགྱུར། །བྱང་སེམས་གཤེར་བའི་རྣམ་པ་ལས། །ཆུ་ཡི་ཁམས་ནི་འབྱུང་བར་འགྱུར། །བསྐྱོད་པ་ལས་ནི་དྲོད་སྐྱེ་སྟེ། །འགྲོ་བ་རླུང་དུ་རབ་ཏུ་གྲགས། །ཞེས་གསུངས་སོ། །ཡང་མངལ་ལ་སོགས་པ་སྐྱེ་གནས་བཞིར་རིམ་གྱིས་འགྲུབ་པའི་དབང་དུ་བྱས་ན། རྣམ་པར་ཤེས་པ་ནམ་མཁའ་དང་དབྱེར་མེད་པ་ལ་རླུང་སྐྱེ། དེ་ལས་མེ། དེ་ལས་ཆུ། དེ་ལས་ས་སྐྱེ་སྟེ། དེ་ཡང་ཕྱག་རྒྱ་ཆེན་པོ་ཐིག་ལེ་ལས། རྣམ་ཤེས་ལས་ནི་སྐྱེས་པ་རླུང༌། །དེ་ལས་མེ་ནི་འབྱུང་བར་འགྱུར། །དེ་ལས་ཆུ་ནི་འབྱུང་བར་འགྱུར། །དེ་ལས་དབང་ཆེན་འབྱུང་བ་སྟེ། །དེ་ལས་ཕུང་པོ་འབྱུང་བར་འགྱུར། །དེ་ལས་ཡེ་ཤེས་སྐྱེ་བ་སྟེ། །བརྒྱ་རྩ་བརྒྱད་ཀྱི་སྦྱོར་བས་སོ། །ཞེས་གསུངས་སོ། །དེ་ལྟར་འཁོར་བ་སྣོད་བཅུད་ལ་ཡང་སྟོན་པ་ཆོས་ཀྱི་སྐུ་བཞུགས་སོ། །ཞེས་སྔ་མ་བཞིན་རྒྱས་པར་སྦྱར་རོ། །ཡང་འདིར་ལྟ་བ་འཁོར་འདས་དབྱེར་མེད་ཡིན་པའི་ཕྱིར་འཁོར་བའི་འབྱུང་བ་ལྔ་པོ་དེ་ཉིད་ཤེས་ན་ལམ་དུ་འགྱུར་བས་ལམ་ལ་སྦྱར་བ་ལས་ཐོག་མར་བསྐྱེད་པའི་རིམ་པའི་ལམ་གྱི་རྟེན་ལ་སྦྱར་ན་འབྱུང་བ་རིམ་བརྩེགས་ལུགས་བཟློག་གི་དབང་དུ་བྱས་ན་ནི་ཆོས་འབྱུང་གི་ནམ་མཁའི་ནང་དུ་ས། དེའི་སྟེང་དུ་ཆུ། དེའི་སྟེང་དུ་མེ། དེའི་སྟེང་དུ་རླུང༌། དེ་ལས་གཞལ་ཡས་ཁང་དུ་གྱུར་པ་སྟེ། འདི་ནི་མངལ་གྱི་སྔོན་འགྲོ་དང་འཁོར་ལོ་བཞིའི་གོ་རིམ་ལ་དགོངས་པ་སྟེ་རྩ་བའི་རྒྱུད་ཀྱི། འཁོར་ལོ་ས་དང་ཆུ་ནི་སྔོན། །ཞེས་བྱ་བ་ལ་སོགས་པ་དང༌། འདི་ཉིད་ཀྱི་གཞུང་མ་འཁྲུགས་པ། ནམ་མཁའ་བེམས་བཅས་དྭངས་པ་དང༌། །ཞེས་བྱ་བ་ལ་སོགས་པས་ཤེས་པ་ཡིན་ནོ། །ཡང་ལུགས་འབྱུང་ལས་བསྐྱེད་པའི་དབང་དུ་བྱས་ན་ཆོས་འབྱུང་གི་ནམ་མཁར་ཡྃ་ལས་རླུང་དང༌། དེ་བཞིན་དུ་མེ་དང༌། ཆུ་དང༌། ས་ལས་གཞལ་ཡས་ཁང་གྲུབ་པ་སྟེ། འདི་ནི་མངལ་གྱི་གནས་སྐབས་དང༌། ལུས་ཀྱི་དཀྱིལ་འཁོར་དང༌། འབྱུང་བ་ཆགས་པ་ལ་དགོངས་པ་སྟེ། ལེའུ་བཅུ་གཉིས་པ་ལས། ནམ་མཁའི་ཁམས་ཀྱི་དབུས་གནས་པར། །རྡོ་རྗེའི་དཀྱིལ་འཁོར་བསྒོམ་པར་བྱ། །རྡོ་རྗེའི་དཀྱིལ་འཁོར་སྟེང་དུ་ནི། །འོད་ཀྱི་དཀྱིལ་འཁོར་བསྒོམ་པར་བྱ། །མེ་ཡི་དཀྱིལ་འཁོར་སྟེང་དུ་ནི། །ཆུ་ཡི་དཀྱིལ་འཁོར་བསྒོམ་པར་བྱ། །ཆུ་ཡི་དཀྱིལ་འཁོར་སྟེང་དུ་ནི། །བརྟུལ་ཞུགས་ཅན་གྱིས་དབང་ཆེན་བསྒོམ། །དབང་ཆེན་དཀྱིལ་འཁོར་སྟེང་དུ་ནི། །བདག་ཉིད་ཀྱང་ནི་བསྒོམ་པར་བྱ། །ཞེས་འབྱུང་བ་ཡིན་ནོ། །ལྷ་བསྐྱེད་པའི་རིམ་པ་ལ་སྦྱར་ན། ནམ་མཁའ་ནི་རིན་ཆེན་འབྱུང་ལྡན། ས་རྣམ་པར་དག་པ་རྣམ་པར་སྣང་མཛད། ཆུ་དག་པ་མི་བསྐྱོད་པ། མེ་དག་པ་འོད་དཔག་མེད། །རླུང་དག་པ་དོན་ཡོད་གྲུབ་པ་སྟེ་རྩ་བའི་རྒྱུད་ལས། སྲ་བ་གཏི་མུག་ཆོས་ཀྱི་ཕྱིར། །གཏི་མུག་རྣམ་པར་སྣང་མཛད་བརྗོད། །ཅེས་བྱ་བ་ལ་སོགས་པ་གསུངས་པས་ཤེས་པ་ཡིན་ནོ། །ཡང་ཡུམ་གྱི་རྣམ་པ་ལ་སྦྱར་ན་ནམ་མཁའ་ནི་ནམ་མཁའི་ཆོས་ཀྱི་དབང་ཕྱུག་མ། ས་སངས་རྒྱས་སྤྱན། ཆུ་མཱ་མ་ཀཱི། མེ་གོས་དཀར་མོ། རླུང་སྒྲོལ་མའོ། །དེའང་ས་ནི་སྤྱན་ཞེས་བྱ་བ་སྟེ། །ཞེས་བྱ་བ་ལ་སོགས་པས་ཤེས་པ་ཡིན་ནོ། །དེ་ཉིད་རིགས་སོ་སོ་བའི་ལྷ་དགུ་ལ་སྦྱར་ན་དབུས་དང་ཕྱོགས་ཀྱི་གཙོ་བོ་དང་གཽ་རཱི་ལ་སོགས་པ་རྣམས་ནི་དེ་བཞིན་གཤེགས་པ་རིགས་ལྔ་དང་མཐུན་ལ། མཚམས་ཀྱི་ལྷ་མོ་པུཀྐ་སཱི་ལ་སོགས་པ་རྣམས་ནི་ཡུམ་བཞི་དང་མཐུན་ཏེ། རྩ་བའི་རྒྱུད་ཀྱི་ལེའུ་བཞི་པ་ལས། ས་ནི་པུཀྐ་སཱིར་བཤད་པ། །གང་ཕྱིར་གཏི་མུག་སྲ་བ་ཉིད། །སྐུ་ནི་རྣམ་སྣང་ཉིད་གསུངས་པ། །ཞེས་བྱ་བ་ལ་སོགས་པ་དང༌། གང་ཕྱིར་གཟུགས་ནི་སྲ་བ་ཉིད། །དཀར་མོ་རྣམ་སྣང་ཉིད་གསུངས་པ། །ཞེས་བྱ་བ་ལ་སོགས་པས་ཤེས་པ་ཡིན་ནོ། །དེ་ལྟ་བུ་རྟེན་དང་བརྟེན་པ་ལ་ཡང་སྟོན་པ་མཁའ་འགྲོ་མ་རྡོ་རྗེ་གུར་ཆོས་ཀྱི་སྐུ་བཞུགས་སོ་ཞེས་སྔ་མ་བཞིན་དུ་ཤེས་པར་བྱའོ། །ཙཎྜཱ་ལཱི་སྔགས་ལ་སྦྱར་བའི་དབང་དུ་བྱས་ན། ས་ནི་ལྟེ་བ་སྤྲུལ་པའི་འཁོར་ལོ། ཆུ་སྙིང་ག་ཆོས་ཀྱི་འཁོར་ལོ། མེ་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ། རླུང་བདེ་བ་ཆེན་པོའི་འཁོར་ལོ། དེ་ལ་བརྟེན་པའི་རྩ་གསུམ་དང་བཅས་པ་ནི་ཀུན་རྫོབ་དེའི་འབར་འཛག་ལ་བརྟེན་ནས་རང་བྱུང་གི་ཡེ་ཤེས་སྐྱེས་པ་ནི་ནམ་མཁའ་དོན་དམ་པ་སྟེ་དེའང༌། ཨེ་ནི་ས་རུ་ཤེས་པར་བྱ། །ཞེས་པ་དང༌། ཨེ་ཡི་རྣམ་པས་ལྷ་མོ་སྤྱན། །ཞེས་བྱ་བ་ལ་སོགས་པས་ཤེས་པ་ཡིན་ནོ། །དེ་ལྟར་རྫོགས་པའི་རིམ་པ་རང་བྱིན་བརླབ་ལ་ཡང་སྟོན་པ་ཆོས་ཀྱི་སྐུ་བཞུགས་སོ་ཞེས་སྦྱར་བར་བྱའོ། །ཡང་དཀྱིལ་འཁོར་འཁོར་ལོ་དབང་ཆོས་ལ་སྦྱར་ན་རིགས་ལྔའི་སྒྲུབ་པ་པོས་བྲམ་ཟེ་མོ་ལ་སོགས་པ་སྤྱན་ལ་སོགས་པར་བསྐྱེད་པ་དང༌། འདུ་ཤེས་གསུམ་ལྡན་གྱི་སྙོམས་པར་འཇུག་པའི་ཚེ་རྡོ་རྗེ་དང་པདྨ་རེག་པ་སྲ་བ་ས། བྱང་ཆུབ་ཀྱི་སེམས་གཤེར་བ་ཆུ། བསྐྱོད་པ་མེ། རྩ་ཐམས་ཅད་ནས་བྱང་སེམས་དབང་གི་གནས་སུ་གཡོ་བ་རླུང་སྟེ་ཀུན་རྫོབ། དེ་ལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེས་པ་ནི་དོན་དམ་ནམ་མཁའོ། །དེ་ལྟ་བུ་བདེན་པ་གཉིས་ཀྱིས་བསྡུས་པའི་རྫོགས་པའི་རིམ་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་ཡང་སྟོན་པ་ཆོས་ཀྱི་སྐུ་བཞུགས་ཞེས་སྔ་མ་བཞིན་སྦྱར་བར་བྱའོ། །དེ་ལྟར་ན་སྣོད་ལ་གཅིག བཅུད་ལ་གཉིས། བསྐྱེད་པའི་རིམ་པ་རྟེན་ལ་གཉིས། བརྟེན་པ་ལ་གཉིས། རྫོགས་པའི་རིམ་པ་གཉིས་ཏེ་མདོར་བསྡུས་པའི་ཚུལ་གྱིས་བཤད་པ་དགུ་བྱ་ལ་རྒྱས་པར་ན་བསམ་གྱིས་མི་ཁྱབ་པར་རིགས་པར་བྱའོ། །གཉིས་པ་སྦྱང་གཞི་དང་སྦྱོང་བྱེད་ཀྱི་བསྐྱེད་པའི་རིམ་པ་ལ་བཞུགས་པ་ནི་ཚིག་རྐང་གཉིས་ལ་དུམ་བུ་ལྔ་སྟེ། དེ་ལ་སྦྱང་གཞི་ལ་སྦྱར་བ་ནི། སྣ་ཚོགས་ནི་དངོས་པོ་སྣ་ཚོགས་ཏེ་སྣང་བའི་ཆའོ། །རྡོ་རྗེ་ནི་རང་བཞིན་སྟོང་པ་དངོས་མེད་ཀྱི་ཆའོ། །གཞི་གནས་ཁང་ནི་སྣོད་ཀྱིས་བསྡུས་པ། སེམས་ཅན་གྱི་ཁམས་ནི་བཅུད་ཀྱིས་བསྡུས་པ། ཡིད་དུ་འོང་བ་ནི་ལམ་བསྒྲུབ་པའི་སྐལ་བ་ཡོད་པའོ། །ལམ་ལ་སྦྱར་ན་སྣ་ཚོགས་ནི་བསོད་ནམས་ཀྱི་ཚོགས། རྡོ་རྗེ་ནི་ཡེ་ཤེས་ཀྱི་ཚོགས། གཞི་གནས་ཁང་ནི་གཞལ་ཡས་ཁང་པ། སེམས་ཅན་གྱི་ཁམས་ནི་དམ་ཚིག་སེམས་དཔའ། ཡིད་དུ་འོང་བ་ནི་ཡེ་ཤེས་སེམས་དཔའ་དགུག་པའོ། །ཡང་ན་སྣ་ཚོགས་ནི་ཚོགས་གཉིས་བསགས་པ། རྡོ་རྗེ་ནི་སྲུང་བའི་འཁོར་ལོ། གཞི་ནི་གཞལ་ཡས་ཁང་གནས་ཁང་ནི་ཡེ་ཤེས་པ་གཞུག་པའི་གནས་ཡིན་པས་ན་དམ་ཚིག་པ་སེམས་ཅན་ནི་སཏྭ་སྟེ་སེམས་དཔར་འགྱུར་ལ་ཡེ་ཤེས་སེམས་དཔའ་ཡིད་དུ་འོང་བ་ནི་སྐྱེད་ཆོག་ཡོངས་སུ་རྫོགས་པའོ། །ཡང་གཞལ་ཡས་ཁང་བསྐྱེད་པའི་རྒྱུ་ལ་སྦྱར་ན། སྣ་ཚོགས་སྔར་དང་འདྲ་ལ། རྡོ་རྗེའི་གཞི་ནི་ས། གནས་ཁང་ནི་ཆུ། སེམས་ཅན་ནི་དྲོད་དང་བཅས་པའི་ཕྱིར་མེ། ཡིད་དུ་འོང་བ་ནི་རླུང་སྟེ་དེ་ལས་གཞལ་ཡས་ཁང་གྲུབ་བོ་ཞེས་བྱ་བའོ། །དེ་ལྟར་ན་སྦྱང་གཞི་དང་སྦྱོང་བྱེད་དེ་ལ་ཡང་སྟོན་པ་མཁའ་འགྲོ་མ་རྡོ་རྗེ་གུར་བཞུགས་སོ་ཞེས་སྔ་མ་བཞིན་དུ་སྦྱར་རོ། །གསུམ་པ་སྦྱང་གཞི་གཙོ་བོ་སྦྱོང་བྱེད་དང་བཅས་པ་སྣོད་བཅུད་ལ་བཞུགས་པ་ལ་གསུམ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་དང༌། རབ་ཏུ་རྒྱས་པར་བཤད་པའོ། །དང་པོ་ནི་སེམས་ཅན་སྣོད་ཅེས་པས་ཁམས་གསུམ་སྣོད་ཀྱིས་བསྡུས་པའོ། །འཇིག་རྟེན་ཅེས་པ་ཁམས་གསུམ་གྱི་བཅུད་ཀྱིས་བསྡུས་པའོ། །ཞར་ལ་སྦྱོང་བྱེད་ལ་སྦྱར་ན་བསྐྱེད་པའི་རྟེན་དང་བརྟེན་པའམ་བསྐྱེད་རྫོགས་གཉིས་ཀྱང་རྟེན་དང་བརྟེན་པའི་ཚུལ་དུ་ཤེས་པར་བྱའོ། །རྒྱས་པར་བཤད་པ་ནི་ས་དང་ས་འོག་བར་སྣང་ནི་སྣོད་དེས་སྟེང་དང༌། ས་འོག་དང༌། ས་བླའི་འཇིག་རྟེན་ནོ། །ཡིད་དང་ལུས་དང་ངག་ནི། ལུས་ངག་ཡིད་གསུམ་དང་ལྡན་པའི་བཅུད་ཀྱི་འཇིག་རྟེན་ཏེ་སྦྱང་གཞིའོ། །དེ་དག་སྦྱོང་བྱེད་ལ་སྦྱར་ན་བསྐྱེད་པའི་རིམ་པའི་དཔྲལ་བར་སྐུ་རྡོ་རྗེ་མཁའ་སྤྱོད། མགྲིན་པར་གསུང་རྡོ་རྗེ་ས་སྤྱོད། ཐུགས་ཀར་ཐུགས་རྡོ་རྗེ་ཞབས་འོག་སྤྱོད་དོ། །སྔགས་ལ་སྦྱར་ན་ལྟེ་བར་སྐུ་རྡོ་རྗེ་ས་འོག་སྤྱོད། ཆོས་ཀྱི་འཁོར་ལོ་ཐུགས་རྡོ་རྗེ་ས་སྤྱོད། ལོངས་སྤྱོད་ཀྱི་འཁོར་ལོ་གསུང་རྡོ་རྗེ་མཁའ་སྤྱོད་དོ། །ཆོས་སུ་བཤད་ན་ཞུ་བ་གསུང་རྡོ་རྗེ་ས་འོག་སྤྱོད། བདེ་བ་སྐུ་རྡོ་རྗེ་ས་སྤྱོད། མི་རྟོག་པ་ཐུགས་རྡོ་རྗེ་མཁའ་སྤྱོད་དོ། །དེས་ན་འོག་ན་མར་ལ་སྐུ་གསུམ་གྱི་གནས་མི་འདྲ་བ་གསུངས་པའང་དགོངས་པ་མི་འགལ་བར་ཤེས་པར་བྱའོ། །དེ་ལྟར་སྣོད་བཅུད་གཉིས་པོ་དེའང་བདེན་པ་གཉིས་སུ་བསྡུ་བའི་དོན་ནི་གཅིག་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གཅིག་ནི་དོན་དམ་པར་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་སེམས་ཉིད་དུ་རོ་གཅིག་པའོ། །གཉིས་ནི་ཀུན་རྫོབ་ཏུ་སྣང་བ་དང་སྟོང་པའམ་གཟུང་བ་དང་འཛིན་པའམ་ཆོས་ཅན་དང་ཆོས་ཉིད་ཀྱི་ཚུལ་དུ་སྣང་བའོ། །གཅིག་གི་དཔེ་ནི་ནམ་མཁའ་སྟེ་སྤྲོས་པ་ཐམས་ཅད་དང་བྲལ་བའོ། །གཉིས་ཀྱི་དཔེ་ནི་བདེ་བ་སྟེ་ཆོས་ཅན་འཁོར་བའི་བདེ་བ་དང་ཆོས་ཉིད་མྱ་ངན་ལས་འདས་པའི་བདེ་བའོ། །དེ་ལྟར་རྒྱས་པར་བཤད་པ་ལ་ཡང་སྟོན་པ་མཁའ་འགྲོ་མ་རྡོ་རྗེ་གུར་ཆོས་ཀྱི་སྐུ་བཞུགས་སོ་ཞེས་ཤེས་པར་བྱའོ། །རབ་ཏུ་རྒྱས་པར་བཤད་པ་ལ་གཉིས་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱིས་བསྡུས་པ་དང༌། ཁམས་གསུམ་གྱིས་བསྡུས་པའོ། །དང་པོ་ནི་དྲུག་དང་ཞེས་བྱ་བ་ལ་སོགས་པ་སྟེ། དྲུག་ནི་སྦྱང་གཞི་ཉོན་མོངས་པ་དྲུག སྦྱོང་བྱེད་ཞེ་སྡང་རྣམ་པར་དག་པ་མི་བསྐྱོད་པའོ། །ཞེས་བྱ་བ་ལ་སོགས་པ་དྲུག་གོ །ལྔ་ནི་སྦྱང་གཞི་ཕུང་པོ་ལྔ་དང་སྤྱོད་བྱེད་གཟུགས་ཕུང་རྡོ་རྗེ་མ་ཡིན་ཏེ། ཚོར་བ་ལ་ནི་དཀར་མོར་བཤད། །ཅེས་བྱ་བ་ལ་སོགས་པ་ཡིན་ནོ། །དྲུག་གཉིས་ནི་སྦྱང་གཞི་སྐྱེ་མཆེད་བཅུ་གཉིས་དང་དེ་སྦྱོང་བྱེད་ནང་གི་སྐྱེ་མཆེད་ལ་མིག་ལ་གཏི་མུག་རྡོ་རྗེ་མ། ཞེས་བྱ་བ་ལ་སོགས་པ་དང༌། གཟུགས་ལ་གཽ་རཱིར་རྟག་ཏུ་བཤད། །སྒྲ་ཡི་ཆ་ལ་ཆོམ་རྐུན་མ། །ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །སྐྱེ་འགྲོ་རྣམས་ནི་བཞི་པོ་དང༌། །ཞེས་བྱ་བ་ལ་སོགས་པ་ནི། འདོད་པ་དང་གཟུགས་དང་གཟུགས་མེད་པ་དང་འདུས་མ་བྱས་ཟག་པ་མེད་པའི་ཡེ་ཤེས་དང་བཞིའོ། །ཟག་པ་མེད་པ་སྐྱེ་འགྲོར་ཇི་ལྟར་འགྲོ་ཞེ་ན་ས་དང་པོ་ནས་གཉིས་པ་ལ་སོགས་པ་རྟོགས་པ་གོང་ནས་གོང་དུ་འཕོ་ཞིང་འགྲོ་བས་ན་སྐྱེ་འགྲོའོ། །འདི་དག་སྦྱོང་བྱེད་ལ་སྦྱར་ན་ཧེ་རུ་ཀ་བཞི་ཡིན་ནོ། །ཡང་ན་སྐྱེ་འགྲོ་བཞི་ནི་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་དྲོད་གཤེར་དང་སྒོ་ང་དང་མངལ་དང་རྫུས་ཏེ་སྐྱེ་བ་ལས་བྱུང་བས་ན་སྐྱེ་འགྲོ་བཞི་ཡིན་ལ། དེ་སྦྱོང་བར་བྱེད་པ་ལྷའི་མངོན་པར་རྟོགས་པ་ཉི་ཟླས་དྲོད་གཤེར་དང་མངལ་སྐྱེས་སྦྱོང་ཞེས་བྱ་བ་ལ་སོགས་པ་བསྐྱེད་པའི་རིམ་པ་བས་སྐྱེ་གནས་བཞི་སྦྱོང་ཚུལ་རྒྱས་པར་ཤེས་པར་བྱའོ། །གཅིག་གིས་ཉི་ཤུར་མ་ཚང་ཞེས་བྱ་བ་ནི་ཆོས་ཅན་ཁམས་བཅོ་བརྒྱད་དེ་ཆོས་ཉིད་དང་བཅུ་དགུ་ཡིན་ལ། འདིའི་སྦྱོང་བྱེད་ཀྱི་ལྷ་ནི་གོང་དུ་སྐྱེ་མཆེད་བཅུ་གཉིས་ཀྱི་སྐབས་སུ་བཤད་ཟིན་ཏོ། །དེ་ལྟར་ན་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་ཡང་སྟོན་པ་ཆོས་ཀྱི་སྐུ་དེ་བཞུགས་སོ་ཞེས་སྔ་མ་བཞིན་དུ་ཤེས་པར་བྱའོ། །གཉིས་པ་ཁམས་གསུམ་ལ་བཞུགས་པ་ནི། ཁམས་གསུམ་མ་ལུས་པ་དང་ནི། །ཞེས་པ་སྟེ་འདོད་པ་དང་གཟུགས་དང་གཟུགས་མེད་པའོ། །འདོད་པ་རྒྱས་པར་བཤད་པ་ནི་ཕ་དང་བུ་དང་མ་མོ་སྟེ་ཕ་མ་དང་བུ་ཚ་ལ་སོགས་པ་འདོད་པའི་ལོངས་སྤྱོད་ལ་སྤྱོད་པའི་ཕྱིར་རོ། །འདོད་པའི་འདོད་ཆགས་དང་བྲལ་ནས་ཕྱི་རོལ་དུ་གྱུར་པས་ན་གཟུགས་ཀྱི་ཁམས་ནི་ཕྱི་རོལ་ལོ། །གཟུགས་ཕྱི་རོལ་དུ་གྱུར་ཏེ་རང་གི་རྟོགས་པའི་ཡེ་ཤེས་ནམ་མཁའ་མཐའ་ཡས་དང་རྣམ་ཤེས་མཐའ་ཡས་དང་ཅི་ཡང་མེད་པ་དང་ཡོད་མིན་མེད་མིན་གྱི་སྐྱེ་མཆེད་ལྟ་བ་ལ་བརྟེན་པས་ན་ནང་གི་གཟུགས་མེད་པའི་ཁམས་སོ། །ཡང་དེ་དག་ནི་གསལ་བར་བཤད་པའི་ཕྱིར་བཙུན་མོ་ནི་འདོད་ཡོན་ལ་སྤྱོད་པའི་ཕྱིར་འདོད་ཁམས་སོ། །བསམ་གཏན་གྱི་བདེ་བ་ལ་སྤྱོད་པས་ཆོས་ནི་གཟུགས་ཀྱི་ཁམས་སོ། །བདག་མེད་པ་ནི་བདག་མེད་པ་དང་ཕྱོགས་མཐུན་པས་གཟུགས་མེད་པའི་ཁམས་སོ། །ཐམས་ཅད་ཀྱི་ལས་ནི་ཁམས་གསུམ་པོ་དེ་དག་སོ་སོའི་ལས་སོ། །དེ་ལྟར་ཁམས་གསུམ་པོ་དེ་དག་གི་སྦྱོང་བྱེད་ནི་སྐུ་གསུམ་གྱི་ལྷ་མོ་སྟེ་སྔར་ལུས་ངག་ཡིད་གསུམ་གྱི་ལྷ་མོའི་སྐབས་སུ་བཤད་ཟིན་ཏོ། །དེ་ལྟར་ཁམས་གསུམ་གྱིས་བསྡུས་པ་ལ་ཡང་སྔ་མ་བཞིན་བཞུགས་སོ་ཞེས་ཤེས་པར་བྱའོ། །ཚིག་རྐང་གཉིས་པོ་འདི་ལམ་དང་འབྲས་བུ་ལ་སྦྱར་ན། སྤྱིར་བསྡུས་པའི་དཀྱིལ་འཁོར་གྱི་ལྷ་མོ་དཔག་ཏུ་མེད་པ་ཅིག་ཡོད་ཀྱང་ལྷན་ཅིག་སྤྱོད་མ་དང་རྗེས་སུ་འབྲང་མ་ཞེས་བྱ་བ་གཉིས་སུ་འདུ་ལ། དེ་ལ་བཙུན་མོ་ནི་སྤྱན་ལ་སོགས་པ་ལྷན་ཅིག་སྤྱོད་མའོ། །ཆོས་གཟུགས་རྡོ་རྗེ་མ་ལ་སོགས་པ་རྗེས་སུ་འབྲང་མའོ། །ཐམས་ཅད་ཀྱི་ལས་ནི་སྤྱན་ལ་སོགས་པ་ལྷན་ཅིག་སྤྱོད་མས་བདེ་བ་བསྐྱེད་པའི་ལས་བྱེད་ལ་རྗེས་སུ་འབྲང་མས་མཆོད་པའི་ལས་བྱེད་དོ། །བདག་མེད་ཅེས་བྱ་བ་ནི་ཐུན་མོང་གི་ལྟ་བ་དང་བསྒོམ་པའི་ཡེ་ཤེས་ཀྱི་དོན་ཡིན་ནོ། །འགྲེལ་ཆུང་ལས་བདག་མེད་འདི་ཉིད་ཉན་ཐོས་ཀྱི་ལམ་ལ་མར་སྦྱར་བ་གཅིག་ཀྱང་ཡོད་ན་རྒྱུད་རྐྱང་གྱི་བཤད་པ་མ་ཡིན་པས་འགྲེལ་པ་ཉིད་ཀྱི་སྟེང་དུ་རྟོགས་པ་བྱའོ། །དེ་ལྟར་ན་གཙོ་བོར་རྒྱུའི་རྒྱུད་ཀྱིས་བསྡུས་པ་ལ་ཡང་སྟོན་པ་ཆོས་ཀྱི་སྐུ་དེ་བཞུགས་སོ་ཞེས་སྔ་མ་བཞིན་དུ་ཤེས་པར་བྱའོ། །ལམ་ལ་བཞུགས་པ་ལ་ལྔ། མངོན་པར་རྟགས་པ་རྒྱུད་གསུམ་ལ་འཇུག་ཅིང་ཉན་ཐོས་ཀྱི་ལམ་འབྲས་ལ་བཞུགས་པ་དང༌། རྒྱུད་གསུམ་ལ་འཇུག་ཅིང་རང་སངས་རྒྱས་ཀྱི་ལམ་འབྲས་ལ་བཞུགས་པ་དང༌། རྣལ་འབྱོར་སྤྱོད་པ་བའི་ལམ་འབྲས་ལ་བཞུགས་པ་དང༌། དབུ་མ་པས་ཁས་བླངས་པའི་ལམ་འབྲས་ལ་བཞུགས་པ་དང༌། རྡོ་རྗེ་ཐེག་པ་བས་ཁས་བླངས་པའི་ལམ་འབྲས་ལ་བཞུགས་པའོ། །དང་པོ་ཉན་ཐོས་དང་རང་སངས་རྒྱས་ཀྱི་གཞུང་རྒྱུད་གསུམ་ལ་སྦྱར་ན་འབྲས་བུ་ཞེས་བྱ་བ་ནི་འོག་གི་བསྒྲུབ་བྱ་སྟེ་འབྲས་བུའི་རྒྱུད་སངས་རྒྱས་ཀྱི་ས་སྟེ་ཡན་ལག་ལྔས་བསྡུས་པའོ། །རྒྱུ་ཞེས་བྱ་བ་ནི་རྒྱུའི་རྒྱུད་དེ་འོག་གི་རྡོ་རྗེ་དང་སྦྱར་ན་རྡོ་རྗེ་ལྟར་མི་ཕྱེད་པ་རྒྱུ་ལ་ལྟོས་པ་ལ་སོགས་པ་བཞི་བྱ་བ་ཞེས་བྱ་བ་ནི། གང་གི་བྱ་བ་ཐབས་ཀྱི་རྒྱུད་དེ་འོག་གི་སྒྲུབ་ཐབས་དང་སྦྱར་ལ་རིམ་གྱིས་པ་དང་ཅིག་ཆར་བ་ཐབས་ཀྱི་རྒྱུད་སུམ་ཅུ་སོ་དྲུག་སྟེ། དེ་ལྟར་མངོན་པར་རྟོགས་པ་རྒྱུད་གསུམ་གྱི་རྩ་བ་ནི་ཚིག་རྐང་གཉིས་པོ་འདི་ཡིན་པར་ཤེས་པར་བྱའོ། །ད་ནི་སོ་སོ་ལ་སྦྱར་བ་ལས་ཐོག་མར་ཉན་ཐོས་ཀྱི་འབྲས་བུ་ལ་སྦྱར་ན་འབྲས་བུ་ཞེས་བྱ་བ་ནི་རྒྱུན་ཏུ་ཞུགས་པ་དང་ལན་ཅིག་ཕྱིར་འོང་བ་དང་ཕྱིར་མི་འོང་བ་དང་དགྲ་བཅོམ་པ་སྟེ་གང་ཟག་ཟུང་བཞི་དང་རྒྱུ་དང་འབྲས་བུས་ཕྱེ་བ་ཡ་བརྒྱད་ཅེས་བྱ་བ་ཡིན་ནོ། །རྒྱུ་ཞེས་བྱ་བ་ནི་ཉན་ཐོས་ཀྱི་རིགས་ཅན་གྱི་དད་པ་དང་ཆོས་ཀྱི་རྗེས་སུ་འབྲང་བའི་གང་ཟག་གོ །བྱ་བ་ཞེས་བྱ་བ་ནི་ལམ་སྟེ་ཚུལ་ཁྲིམས་ལ་གནས་ནས་ཐོས་བསམ་བསྒོམ་གསུམ་གྱིས་སྦྱོང་བ་སྟེ་བདེན་པ་བཞིས་བསྡུས་པ་ཡིན་ནོ། །དེ་ལྟར་ཉན་ཐོས་ཀྱིས་བསྡུས་པ་ལ་ཡང་སྟོན་པ་ཆོས་ཀྱི་སྐུ་བཞུགས་སོ་ཞེས་ཤེས་པར་བྱའོ། །རང་སངས་རྒྱས་ལ་བཞུགས་པའི་དབང་དུ་བྱས་ན། བསྒྲུབ་བྱ་ནི་རང་སངས་རྒྱས་ཀྱི་འབྲས་བུ་བསེ་རུ་ལྟར་གཅིག་ཏུ་གནས་པ་དང་ནེ་ཙོ་ལྟར་ཁྱུར་ལྡིངས་པ་ཡིན་ནོ། །སྒྲུབ་ཐབས་ནི་ཐབས་ཏེ་རྟེན་ཅིང་འབྲེལ་བར་འབྱུང་བ་ཡན་ལག་བཅུ་གཉིས་སོ། །རྡོ་རྗེ་ནི་རྒྱུ་སྟེ་རང་སངས་རྒྱས་ཀྱི་རིགས་ཅན་གྱི་གང་ཟག་གོ །དེ་ལྟར་རང་སངས་རྒྱས་གྱི་ལམ་དང་འབྲས་བུ་ལ་ཡང་སྟོན་པ་ཆོས་ཀྱི་སྐུ་བཞུགས་སོ་ཞེས་སྔ་མ་བཞིན་དུ་སྦྱར་ཏེ་ཤེས་པར་བྱའོ། །ད་ནི་རྣལ་འབྱོར་སྤྱོད་པ་བས་ཁས་བླངས་པའི་ལམ་དང་འབྲས་བུ་ལ་བཞུགས་པའི་དབང་དུ་བྱས་ན་དངོས་སུ་བསྟན་པ་དང༌། ཤུགས་ལ་རྟོགས་པར་བྱ་བའི་དོན་གཉིས་སུ་སྦྱར་ཏེ། དེ་ལ་དེ་བཞིན་ཀུན་གཞིའི་རྣམ་ཤེས་ཞེས་བྱ་བ་ནི་དངོས་སུ་རྒྱུ་ཀུན་གཞིའི་རྣམ་པར་ཤེས་པ་རྣམ་པར་ཤེས་པ་ཐམས་ཅད་ཀྱི་གཞིར་གྱུར་པ་བསྟན་ལ་རྟོགས་པར་བྱ་བ་གནས་གྱུར་འབྲས་བུ་མེ་ལོང་ལྟ་བུའི་ཡེ་ཤེས་བསྟན་ནོ། །ཆོས་ཞེས་བྱ་བ་ནི་རྒྱུ་མ་དག་པ་ཉོན་མོངས་པ་ཅན་གྱི་ཡིད་བདག་ཏུ་རྟོག་པ་བདག་ཏུ་རྨོངས་པ་བདག་ཏུ་འཛིན་པ་བདག་ཏུ་ང་རྒྱལ་བ་ཡིན་ལ། དབྱིངས་ཞེས་བྱ་བ་ནི་དྷཱ་ཏུ་ན་རྒྱུ་སྟེ་ཉོན་མོངས་པ་དེ་དག་སྐྱེ་བའི་རྒྱུ་ཡིན་ནོ། །ཤུགས་ལ་འབྲས་བུ་མཉམ་པ་ཉིད་ཀྱི་ཡེ་ཤེས་བསྟན་ནོ། །མ་བྱུང་དང་ཞེས་བྱ་བ་ནི་དངོས་སུ་བྱ་བ་ནན་ཏན་གྱི་ཡེ་ཤེས་བསྟན། དེ་ལ་ཤུགས་ལ་བསྟན་པ་བྱ་བ་ནན་ཏན་གྱི་རྒྱུ་ནི་སྒོ་ལྔའི་རྣམ་ཤེས་ཡིན་ནོ། །ནམ་མཁའི་ཁམས་ཀྱི་དངོས་སུ་སོ་སོར་རྟོག་པའི་ཡེ་ཤེས་བསྟན་ནོ། །སོ་སོར་རྟོག་པའི་རྒྱུ་ནི་ཡིད་ཀྱི་རྣམ་ཤེས་ཡིན་ཏེ་དེ་ཡང་ནམ་མཁའ་ལྟར་ཐམས་ཅད་ལ་དབང་སྒྱུར་བའི་སོ་སོར་རྟོག་པའི་ཡེ་ཤེས་ཐུགས་སུ་ཆུད་ནས་རང་དབྱིངས་ཞེ་བྱ་བ་སྐྱེ་བ་མེད་པ་ལ་སྐྱེ་བའི་ཆོ་འཕྲུལ་དུ་བྱུང་བ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལས་ཡེ་ཤེས་བཞི་བྱུང་བ་ཡིན་ནོ། །དེ་ལྟར་ན་རྣམ་པར་ཤེས་པ་ཚོགས་བརྒྱད་ཆོས་ཉིད་དང་བཅས་པ་ལ་ཡེ་ཤེས་ལྔ་བྱུང་སྟེ་སློབ་དཔོན་ཙནྡྲ་གོ་མིས་ཀྱང༌། ཀུན་གཞིའི་རྣམ་ཤེས་གང་ཡིན་པ། དེ་ནི་མེ་ལོང་ཡེ་ཤེས་འགྱུར། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ལྟར་རྣལ་འབྱོར་སྤྱོད་པ་བས་ཁས་བླངས་པའི་ལམ་དང་འབྲས་བུ་ཐམས་ཅད་ལ་ཡང་ཆོས་ཀྱི་སྐུ་ཆེན་པོ་དེ་བཞུགས་སོ་ཞེས་སྔ་མ་བཞིན་དུ་ཤེས་པར་བྱའོ། །ད་ནི་དབུ་མ་པས་ཁས་བླངས་པའི་ལམ་དང་འབྲས་བུ་ལ་བཞུགས་པའི་དབང་དུ་བྱས་ན་བདག་མེད་པ་དང༌། ཞེས་བྱ་བ་ནི་ཀུན་ཏུ་བརྟགས་པ་མཚན་ཉིད་ངོ་བོ་ཉིད་མེད་པ་དང་གློ་བུར་རྒྱུ་ལས་སྐྱེ་བ་གཞན་དབང་སྐྱེ་བ་ངོ་བོ་ཉིད་མེད་པ་དང་གློ་བུར་དུ་སྐྱེའང་རང་བཞིན་གྱིས་མ་གྲུབ་པ་ཡོངས་སུ་གྲུབ་པ་ངོ་བོ་ཉིད་མེད་པ་ཞེས་འགྲེལ་ཆུང་མཁན་པོས་བཤད་དོ། །འདིར་ནི་བདག་མེད་པ་ནི་དོན་དམ་པར་གང་ཟག་དང་ཆོས་ཀྱི་བདག་གིས་སྟོང་ལ་ཀུན་རྫོབ་ཏུ་སྣང་བ་མི་འགལ་བས་བདག་ཅེས་བྱ་བ་ཡིན་ཏེ། མདོར་ན་མཐའ་བཞི་ལས་རྣམ་པར་གྲོལ་བ་བདེན་གཉིས་ཟུང་དུ་འཇུག་པའོ། །དེ་ཉིད་གསལ་བར་བྱ་བའི་ཕྱིར་དངོས་པོ་མེད་པ་དང་ཞེས་བྱ་བ་ནི་རིག་པས་བརྟགས་ན་རང་བཞིན་མེད་པ་ཡིན་ནོ། །ཀུན་རྫོབ་ཏུ་སྣང་བ་དང་མི་འགལ་བས་དངོས་མེད་མིན་ཞེས་བྱ་བ་སྟེ་རྒྱུ་དང་ལམ་དང་འབྲས་བུ་ཐམས་ཅད་འཁོར་འདས་དབྱེར་མེད་ཅེས་བྱ་བ་ཟུང་དུ་འཇུག་པ་ཡིན་ནོ། །དབུ་མ་པས་ཁས་བླངས་པའི་ལམ་དང་འབྲས་བུ་ལ་ཡང་སྟོན་པ་ཆོས་ཀྱི་སྐུ་ཆེན་པོ་དེ་བཞུགས་སོ་ཞེས་སྔ་མ་བཞིན་དུ་སྦྱར་བར་བྱའོ། །ད་ནི་རྡོ་རྗེ་ཐེག་པ་བས་ཁས་བླངས་པའི་ལམ་དང་འབྲས་བུ་ལ་བཞུགས་པ་ལས་ཐོག་མར་བསྐྱེད་པའི་རིམ་པ་ལ་སྦྱར་ན་ཚོགས་གཉིས་བསག་པ་སྔོན་དུ་སོང་ནས་སྲུང་བའི་འཁོར་ལོའི་ནང་དུ་ཆོས་ཀྱི་འབྱུང་གནས་བསྒོམ་པ་ནི་གྲུ་གསུམ་མོ། །དེའི་ནང་དུ་གཞལ་ཡས་ཁང་བསྒོམ་པ་ནི་བདེ་བ་ཅན་ནོ། །དེར་མངོན་པར་བྱང་ཆུབ་པ་རིམ་པ་ལྔ་ལས་ཨཱ་ལི་ལས་ཟླ་བའི་དཀྱིལ་འཁོར་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ་ཨ་སྐྱེས་སོ། །དེའི་སྟེང་དུ་ཀཱ་ལི་ལས་ཉི་མའི་དཀྱིལ་འཁོར་བསྒོམ་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་སྐྱོན་བྲལ་ཏེ་མུན་པའི་སྐྱོན་དང་བྲལ་བའོ། །དེའི་བར་དུ་ས་བོན་ལས་ཕྱག་མཚན་ས་བོན་གྱིས་མཚན་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཏེ་རྣམ་པར་རྟོག་པའི་རྡུལ་དང་བྲལ་བས་རྡུལ་བྲལ་ལོ། །དེ་ལས་རྡོ་རྗེ་ཕྲ་མོ་དཔག་ཏུ་མེད་པ་སྤྲོས་ནས་སེམས་ཅན་གྱི་དོན་བྱས་ཚུར་འདུས་ནས་གཅིག་ཏུ་འདྲེས་པ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་ཏེ་སེམས་ཅན་གྱི་སྡིག་པ་བཅོམ་པས་ན་སྡིག་བཅོམ་མོ། །དེ་ལས་ལྷའི་སྐུར་བཞེངས་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ་རྣམ་པར་རྟོག་པ་མེད་པས་རྦ་རླབས་མེད་པའི་རང་བཞིན་ནོ། །དེ་ནས་ཡེ་ཤེས་པ་གཞུག་པ་ལ་སོགས་པ་ཡན་ལག་དྲུག་ཡོངས་སུ་རྫོགས་པའི་མཐར་བསྐྱེད་པ་སྣང་ལ་རང་བཞིན་མེད་པ་སྤྲོས་བྲལ་དུ་བསྒོམ་པ་ནི་མཐར་ནི་ཞི་བའི་བདེ་རིག་གོ །རྡོ་རྗེའི་ཚིག་དེ་ཉིད་རྫོགས་རིམ་རང་བྱིན་བརླབ་ལ་སྦྱར་ན་བདེ་བ་ཅན་ནི་ལྟེ་བ་དེ་ལ་བརྟེན་ནས་རང་བྱུང་གི་ཡེ་ཤེས་སྐྱེ་བའི་དུས་སུ་སྐྱེ་བ་མེད་པར་གོ་བ་ནི་ཨ་སྐྱེས། དེ་ལ་ཉོན་མོངས་པའི་སྐྱོན་དང་བྲལ་བ་རྟོག་པའི་རྡུལ་མེད་པ་སྤང་བྱའི་སྡིག་པ་བཅོམ་པ་རྟོག་པའི་རྦ་རླབས་མེད་པ། སྤང་བྱའི་ཚོགས་ཐམས་ཅད་ཞི་བ་ཐོབ་བྱའི་བདེ་བ་ཐམས་ཅད་རིག་པ་ཞེས་བྱ་བ་ཡིན་ནོ། །དབང་ཆོས་ལ་སྦྱར་ན་བདེ་བ་ཅན་ནི་ཡུམ་གྱི་མཁའ་གྲུ་གསུམ་ནི་དབྱིབས་ཨ་སྐྱེས་ནི་དགའ་བའི་ཡེ་ཤེས། སྐྱོན་བྲལ་ནི་མཆོག་དགའ། རྡུལ་བྲལ་ནི་དགའ་བྲལ། སྡིག་བཅོམ་ནི་ལྷན་སྐྱེས། རྦ་རླབས་མེད་པ་ནི་ལྷན་ཅིག་སྐྱེས་པ་ལ་རྣམ་རྟོག་གི་རྦ་རླབས་མེད་པ་ཉོན་མོངས་པ་ཐམས་ཅད་ཞི་ཞིང་བདེ་བ་ཆེན་པོའི་ཡེ་ཤེས་རིག་པ་ཞེས་བྱ་བའི་ཐ་ཚིག་ཡིན་ནོ། །དེ་ལྟར་ན་ལམ་གྱིས་བསྡུས་པ་དེ་དག་ལ་ཡང་སྟོན་པ་མཁའ་འགྲོ་མ་རྡོ་རྗེ་གུར་ཆོས་ཀྱི་སྐུ་ཆེན་པོ་དེ་བཞུགས་སོ་ཞེས་སྔ་མ་བཞིན་དུ་སྦྱར་བར་བྱའོ། །ད་ནི་འབྲས་བུའི་རྒྱུད་ལ་བཞུགས་པའི་དབང་དུ་བྱས་ན་གསང་བ་ནི་ས་དག་པ་སངས་རྒྱས་སྤྱན་དང༌། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་རྣམ་སྣང་སྟེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མཐར་ཕྱིན་པའོ། །མཆོག་ནི་ཆུ་རྣམ་པར་དག་པ་མཱ་མ་ཀཱི་དང་མི་བསྐྱོད་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐར་ཕྱིན་པ་ཡིན་ནོ། །དགྱེས་པ་ནི་མེ་རྣམ་པར་དག་པ་གོས་དཀར་མོ་དང་སྣང་བ་མཐའ་ཡས་སོ་སོར་རྟོག་པའི་ཡེ་ཤེས་ཏེ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མཐར་ཕྱིན་པ་ཡིན་ནོ། །ཐམས་ཅད་ཀྱི་བདག་ཉིད་ཅེས་པ་དང༌། ཡང་རྟག་ཏུ་བཞུགས་པ་ནི་དུས་ཡིན་མོད་ཀྱི་རེ་ཞིག་འབྲས་བུ་ལ་སྦྱར་ན་རླུང་དང་ནམ་མཁའ་རྣམ་པར་དག་པ་སྒྲོལ་མ་དང་རིན་ཆེན་འབྱུང་ལྡན་མཉམ་པ་ཉིད་དེ། དོན་ཡོད་གྲུབ་པ་བྱ་བ་གྲུབ་པའི་ཡེ་ཤེས་དང་སྦྱིན་པ་དང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱི་པ་མཐར་ཕྱིན་པ་ཡིན་ནོ། །དེ་སྐད་དུ་སཾ་པུ་ཊའི་བརྟག་པ་དྲུག་པ་དངོས་ལས། གསང་བ་ལ་ནི་ས་ཡི་ཁམས། །མཆོག་ལ་དེ་བཞིན་དུ་ནི་ཆུ། །དགྱེས་པ་ལ་ནི་མེ་རུ་བཤད། །ཐམས་ཅད་བདག་ཉིད་རླུང་དུ་གནས། །རྟག་ཏུ་བཞུགས་པར་བརྗོད་པ་འདི། །སངས་རྒྱས་ཀུན་གྱི་སྡོམ་པ་བདག །ཡང་ན་མེ་ལོང་ལྟ་བུའི་ཚུལ། །ཤིན་ཏུ་རྣམ་དག་རང་བཞིན་ཅན། །སོ་སོར་རྟོག་པ་རང་བཞིན་ཅན། །དེ་བཞིན་དུ་ཡང་མཉམ་པ་ཉིད། །དེ་བཞིན་བྱ་བ་ནན་ཏན་ལ། །རྟག་ཏུ་བཞུགས་པར་བརྗོད་པའོ། །དེ་བཞིན་རྣམ་པར་སྣང་མཛད་ཉིད། །མི་བསྐྱོད་པ་ཡི་ངོ་བོ་དང༌། །ཡང་ན་འོད་དཔག་མེད་པ་ཡིས། །ཡང་ན་རིན་ཆེན་འབྱུང་གནས་ལ། །གང་ཚེ་རྟག་བཞུགས་དོན་ཡོད་དོ། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར་འབྲས་བུའི་རྒྱུད་དེ་ལ་ཡང་སྟོན་པ་མཁའ་འགྲོ་མ་རྡོ་རྗེ་གུར་ཐུགས་ཡང་དག་པའི་ཡེ་ཤེས་བསྒྲུབ་བྱ་རིག་པ་ཆོས་ཀྱི་སྐུ་ཆེན་པོ་དེ་ཐམས་ཅད་དུ་སྣང་ཞིང་ཐམས་ཅད་དུ་ཁྱབ་པའི་ཚུལ་གྱིས་བཞུགས་སོ། །རྟག་ཏུ་བཞུགས་ཞེས་བྱ་བ་ནི་དུས་ཕུན་སུམ་ཚོགས་པ་སྟེ་ཆོས་ཀྱི་སྐུ་ནི་ཆོས་ཉིད་རྒྱུན་གྱིས་རྟག་ལ། ལོངས་སྤྱོད་རྫོགས་པའི་སྐུ་ནི་འོག་མིན་ལས་གནས་འཕོ་བ་མེད་པའི་ཚུལ་གྱིས་རྟག་ཅིང༌། སྤྲུལ་པའི་སྐུ་ནི་མཛད་པའི་ཕྲིན་ལས་ཀྱིས་སེམས་ཅན་གྱི་དོན་རྟག་ཏུ་མཛད་ཅིང་བཞུགས་སོ། །བཞུགས་པ་པོ་སྟོན་པ་ནི་སངས་རྒྱས་ཀུན་ཁྱབ་ཅེས་བྱ་བ་ནི་རིགས་ལྔ་པོ་ཐམས་ཅད་ལ་ཁྱབ་པའི་བདག་ཉིད་དབྱིངས་ཡེ་ཤེས་གཉིས་སུ་མེད་པའོ། །སེམས་དཔའ་ནི་རིགས་དྲུག་པ་རྡོ་རྗེ་སེམས་དཔའོ། །དེའི་མཚན་གྱི་རྣམ་གྲངས་ནི་མཁའ་འགྲོ་མའི་རྡོ་རྗེ་གུར་ཏེ་རྒྱུ་རྡོ་རྗེ་འཛིན་པ་དཀར་པོ་ཞལ་བརྒྱད་ཕྱག་བཅུ་དྲུག་པ་སྟེ་ལོངས་སྤྱོད་རྫོགས་པའི་སྐུའོ། །དེའི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ནི་ཆོས་ཀྱི་སྐུ་སྟེ་རང་བྱུང་ཞེས་བྱ་བ་དང་སྤངས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པས་བཅོམ་ལྡན་འདས་ཞེས་བྱ་བ་ཡིན་ནོ། །སྤྲུལ་པའི་སྐུ་མཆོག་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་ཐམས་ཅད་ཀྱི་བདག་པོ་ཡིན་ལ་འགྲན་ཟླ་ཐམས་ཅད་དང་བྲལ་བས་གཅིག་པུ་ཉིད་ཅེས་བྱ་བ་ཡིན་ནོ། །འདིའི་ཞར་ལས་གང་ལ་ཅིས་འདུལ་གྱི་སྐུའང་ཤེས་པར་བྱ་སྟེ། སྐུ་གསུམ་གྱི་བདག་ཉིད་ཀྱི་སྟོན་པ་ཕུན་སུམ་ཚོགས་པ་བསྟན་ཏོ། །འབྲས་བུ་ལ་བཞུགས་པ་དང་སྟོན་པའི་གཞུང་འདི་ལ་འགྲེལ་ཆུང་བྱེད་པས་འདི་ལྟར་འཆད་དེ། གསང་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐར་ཕྱིན་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རྣམ་པ་མི་བསྐྱོད་པའོ། །མཆོག་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མཐར་ཕྱིན་པ་སོ་སོར་རྟོག་པའི་ཡེ་ཤེས་རྣམ་པ་འོད་དཔག་ཏུ་མེད་པའོ། །དགྱེས་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མཐར་ཕྱིན་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་རྣམ་པ་རིན་ཆེན་འབྱུང་ལྡན་ནོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐར་ཕྱིན་པ་བྱ་བ་གྲུབ་པའི་ཡེ་ཤེས་རྣམ་པ་དོན་ཡོད་གྲུབ་པ་ནི་གཞུང་སོ་སོར་སྦྱར་ཏེ། སངས་རྒྱས་ཀུན་ཁྱབ་ནི་སངས་རྒྱས་ཀུན་གྱི་ཕྲིན་ལས་བསྡུས་པའི་ཕྱིར་རྣམ་པ་དོན་ཡོད་གྲུབ་པ། སེམས་དཔའ་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཏེ་སེམས་ཅན་གྱི་དོན་ལ་མ་ཞུམ་པའི་ཕྱིར་རོ། །ཐམས་ཅད་བདག་ཉིད་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་རྫོགས་པར་བྱེད་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །ལྷའི་བདག་པོ་གཅིག་པུ་ནི་སངས་རྒྱས་ཐམས་ཅད་ཀྱི་སྐུ་བསྡུས་པའི་ངོ་བོ་ཡིན་པའི་ཕྱིར་ཚུལ་ཁྲིམས་དང་བཟོད་པ་མཐར་ཐུག་པའི་ཡོན་ཏན་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རྣམ་པ་རྣམ་པར་སྣང་མཛད་ཡིན་ནོ། །མཁའ་འགྲོ་མ་ཡི་རྡོ་རྗེ་གུར། །འདི་ནི་རང་བྱུང་བཅོམ་ལྡན་འདས། །ཞེས་པ་ནི་སྟོན་པའི་ངོ་བོ་ཉིད་ལ་འཆད་དེ། འགྲེལ་པའི་ངག་དོན་དེ་ཧ་ཅང་གཞུང་ཡི་གེའི་དོན་མ་ཡིན་ནོ། །དེ་ལྟར་གནས་དང་སྟོན་པ་དང་དུས་གསུམ་པོ་དེས་རྒྱུད་རྒྱས་པའི་གླེང་གཞིའི་ཕུན་སུམ་ཚོགས་པ་གསུམ་གྱི་ངག་དོན་ཤིན་ཏུ་མདོར་བསྡུས་ཏེ་བཀྲལ་བ་བསྟན་ཟིན་ཏོ།། །།ད་ནི་ཤིན་ཏུ་སྦས་ཏེ་གསུང་བ་རྩ་བའི་རྒྱུད་བསྡུས་པ་བརྟག་པ་གཉིས་པའི་གླེང་གཞིའི་ཚིག་དོན་རྣམ་པར་ཕྱེ་བའི་ཚུལ་གྱིས་རྒྱུད་འདིའི་བཀྲལ་བ་བཤད་པར་བྱའོ། །དེ་ལ་གསུམ། གླེང་གཞིའི་ཚིག་དོན་བཀྲལ་བ་དང༌། མངོན་པར་རྟོགས་པ་བཀྲལ་བ་དང༌། ཚིག་གི་དོན་བསྡུ་བའི་ཚུལ་ལོ། །དང་པོ་ནི་འདི་སྐད་བདག་གིས་ཞེས་བྱ་བ་ནི་ཨེ་བྃ་མ་ཡ་སྟེ་ཨེའི་དབྱིབས་ནི་རྣམ་པར་ཐར་པའི་སྒོ་གསུམ་སྟེ་ནམ་མཁའོ། །ཡང་ཨེས་ནི་བེམས་བཅས་ས། བྃ་གྱིས་དྭངས་བ་ཆུ། མས་གོ་སྐབས་མེད་པ་མེ། ཡས་འབྱེད་པ་རླུང་སྟེ་སཾ་པུ་ཊའི་བརྟག་པ་དང་པོ་དངོས་ལས་འཁོར་ལོ་བཞིའི་རྣམ་གཞག་བཤད་པའི་གྲལ་མགོ་རྣམས་ནས། ཨེ་ནི་ས་རུ་ཤེས་པར་བྱ། །བྃ་ནི་ཆུ་རུ་བཤད་པར་བྱ། །མ་ནི་མེ་རུ་ཤེས་པར་བྱ། །ཡ་ནི་རླུང་གི་རང་བཞིན་ཏེ། །ཞེས་གསུངས་པ་ཡིན་ནོ། །དེས་ན་འདིའི་བཤད་པ་དགུ་ཀས་ཀྱང་ཨེ་བྃ་མ་ཡ་བཤད་ལ། བྱེ་བྲག་ཏུ་བསྐྱེད་པའི་རིམ་པ་གྲུབ་ཚུལ་འབྱུང་བ་ལྔ་ལས་གཞལ་ཡས་ཁང་བསྐྱེད་པ་དང༌། འབྱུང་བ་ལྔ་ལས་ལྷ་དགུའི་དག་པ་དང༌། འོག་གི་སྣ་ཚོགས་རྡོ་རྗེ་ལ་སོགས་པའི་ཚིག་རྐང་གཉིས་ཀྱི་བཤད་པས་བསྐྱེད་པའི་རིམ་པའི་ཡན་ལག་རྣམས་དང་རྩ་བའི་རྒྱུད་ཉིད་ཀྱི་སྟེང་དུ་བཤད་པ་དང་བཅས་ནས་བསྐྱེད་པའི་རིམ་པ་ཞིབ་ཏུ་རྟོགས་པར་བྱའོ། །སྣ་ཚོགས་ཞེས་བྱ་བས་ཐོས་པ་འཆད་དེ་ཆོས་རྣམ་པ་སྣ་ཚོགས་པ་ཐོས་ཤིང་རྟོགས་པའོ། །དེ་ཡང་སྣ་ཚོགས་ནི་བི་ཤྭ་སྟེ་བི། བི་ཙི་ཏྲ་ན་སྣ་ཚོགས་པའི་ཡིད། ཤ བི་ཤ་བ་ཏ་ན་སྣ་ཚོགས་ཤེས་པའི་སྒྲ་སྟེ་ཤེས་བྱ་སྣ་ཚོགས་ཤེས་པའི་ཤེས་རབ་ཀྱིས་ཤེས་བྱ་སྣ་ཚོགས་གཏན་ལ་འབེབས་པའི་སྒྲ་ཐོས་ཞེས་བྱ་བའི་དོན་ཏོ། །རྡོ་རྗེའི་གཞི་གནས་ཁང་ཞེས་བྱ་བ་ནི་དུས་གཅིག་ན་སྟེ་རྡོ་རྗེ་ལྟར་མི་ཕྱེད་པ་དུས་གསུམ་འགྱུར་བ་མེད་པའི་ཆོས་ཀྱི་སྐུ་ལས་བྱུང་བའི་ལོངས་སྤྱོད་རྫོགས་པའི་སྐུ་དང་སྤྲུལ་པའི་སྐུ་ལས་དུས་རྟག་ཏུ་ཐོས་ཞེས་བྱ་བའི་དོན་ཏོ། །སེམས་ཅན་གྱི་ཁམས་ཡིད་དུ་འོང་བ་ནི་ཁམས་གསུམ་ལས་ཡོངས་སུ་འདས་པའི་སངས་རྒྱས་བཅོམ་ལྡན་འདས་སྤངས་པ་དང༌། ཡེ་ཤེས་ཕུན་སུམ་ཚོགས་པ་ལས་ཡིད་དུ་འོང་བ་གང་ཡང་མེད་པས་ན་ཡིད་འོང་གིས་ནི་བཅོམ་ལྡན་འདས་ཞེས་བཤད་དོ། །དེ་ནས་ཚིགས་སུ་བཅད་པ་ཕྱེད་དང་གསུམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་ཞེས་བྱ་བ་འཆད་དེ། དེ་ལ་སྐུ་གསུང་ཐུགས་ནི་ཡིད་དང་ལུས་དང་ངག་གིས་མངོན་སུམ་དུ་བསྟན་ལ་དེའི་གོང་དུ་བསྟན་པའི་ས་འོག་ས་སྟེང་ས་བླ་སྟེ་ས་གསུམ་ནི་ཡུལ་ཡིན་ལ་འོག་ནས་འབྱུང་བ་དྲུག་དང་ཞེས་བྱ་བ་ལ་སོགས་པ་ཕུང་པོ་ཁམས་དང་སྐྱེ་མཆེད་ནི་ལུས་ངག་ཡིད་ཀྱི་དབྱེ་བ་ཡིན་ལ་ཁམས་གསུམ་ནི་ལུས་ངག་ཡིད་ཀྱིས་སྤྱོད་ཡུལ་ཡིན་ལ། གོང་དུ་བསྟན་པའི་སྣོད་བཅུད་ནི་ལུས་ངག་ཡིད་ཀྱི་བསྡུ་ཚུལ་ཡིན་ཞིང་གཅིག་ལ་གཉིས་དང་མཁའ་བདེ་ཞེས་བྱ་བ་ནི་དེ་དག་ཐམས་ཅད་བདེན་པ་གཉིས་སུ་བཞག་པའི་ཚུལ་ཡིན་ནོ། །དེ་ལྟར་ན་ཁམས་གསུམ་ཐམས་ཅད་ཀྱང་དེ་བཞིན་ཉིད་ལས་བྱུང་བས་ན་དེ་བཞིན་གཤེགས་པ་ཞེས་བྱ་བ་ཡིན་ཏེ། གཉིས་དང་བདེ་བ་ཞེས་བྱ་བ་ཀུན་རྫོབ་ཀྱི་བདེན་པ་ཡིན་ནོ། །ཡང་ཁམས་གསུམ་པོ་ཐམས་ཅད་དེ་བཞིན་ཉིད་དུ་ཐིམ་ཞིང་དེ་བཞིན་ཉིད་ལ་གཡོ་བ་མེད་པས་ན་དེ་བཞིན་གཤེགས་པ་སྟེ། གཅིག་དང་མཁའ་ཞེས་བྱ་བ་ནི་དོན་དམ་པའི་བདེན་པའོ། །སྙིང་པོ་ནི་དེ་རྣམས་ཀྱི་ཆོས་ཉིད་ཀྱི་དོན་མངོན་དུ་གྱུར་པ་རྟོགས་པ་ཆོས་ཀྱི་སྐུ་ཡིན་ནོ། །རྡོ་རྗེ་བཙུན་མོ་ནི་བཙུན་མོ་ཀུན་དང་ཞེས་པས་བསྟན། བྷ་ག་ནི་ཆོས་དང་ཞེས་བྱ་བ་སྟེ་དེ་རྣམས་ཀྱི་ཆོས་འབྱུང་ངོ༌། །དེ་ལ་རྡོ་རྗེ་བཙུན་མོ་ལ་ཀུན་གྱི་སྒྲ་ཅིའི་ཕྱིར་བྱ་ཞེ་ན། སྤྱིའི་དོན་དུ་བཤད་ན་འོག་མིན་དང་སྤྲུལ་པའི་སྐུ་མཆོག་གི་རྣམ་འཕྲུལ་གྱིས་གནས་བསམ་གྱིས་མི་ཁྱབ་པར། ཆོས་ཀྱི་འབྱུང་གནས་ཀྱི་ནང་དུ་ཆོས་གསུང་བ་ཡིན་ལ། དབྱིབས་སུ་བྱས་ན་ལྷ་སོ་སོ་ལ་གཞལ་ཡས་ཁང་གི་ཆོས་ཀྱི་འབྱུང་གནས་ཀྱི་ཕྱི་སོ་སོ་ཡོད་པ་དང༌། སྔགས་ལྟར་ན་འཁོར་ལོ་བཞི་སྤྱན་ལ་སོགས་པའི་བྷ་ག་སོ་སོ་ཡིན་པ་དང༌། ཆོས་ལྟར་ན་བྲམ་ཟེ་མོ་ལ་སོགས་པ་སྤྱན་ལ་སོགས་པ་སོ་སོར་བསྐྱེད་པའི་བྷ་ག་སོ་སོ་ཡིན་པ་དང༌། མཐར་ཐུག་ལྟར་ན་བྷ་གའི་དབྱིབས་རྣམ་པར་ཐར་པའི་སྒོ་གསུམ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་ཡིན་པའོ། །བཞུགས་སོ་ཞེས་བྱ་བ་ནི་ཐམས་ཅད་ལས་དང་ཞེས་བྱ་བ་སྟེ་སྤྲུལ་པ་དང་ལོངས་སྤྱོད་རྫོགས་པའི་སྐུས་ཆོས་གསུང་བའི་བྱ་བ་དང༌། ལམ་གྱི་སྐབས་སུ་དབྱིབས་དང་སྔགས་དང་ཆོས་ཀྱི་བྷ་ག་རྣམས་སུ་རང་རང་གི་ལས་བྱེད་པ་ཡིན་ནོ། །བདག་མེད་དང་ཞེས་བྱ་བ་ནི་དེ་དག་ཐམས་ཅད་ཀྱང་རང་བཞིན་མེད་པ་ལས་མ་འདས་པའོ། །དེ་ལྟར་ན་རྩ་བའི་རྒྱུད་ཀྱི་གླེང་གཞིར་བཤད་ཚད་ཀྱང་འདིར་རྟོགས་པར་བྱ་ལ། འདིར་འཆད་པ་རྣམས་ཀྱང་རྩ་བའི་རྒྱུད་ཀྱི་སྟེང་དུ་རྟོགས་པར་བྱའོ། །གླེང་གཞིའི་ཚིག་གི་དོན་བཀྲལ་བ་བསྟན་ཟིན་ཏོ།། །།གཉིས་པ་མངོན་པར་རྟོགས་པ་བཀྲལ་བ་ནི་ཚིགས་སུ་བཅད་པ་གསུམ་སྟེ། དེའང་གླིང་གཞིར་ཁམས་གསུམ་དང་སྣོད་བཅུད་ལ་སོགས་པ་རྒྱུའི་རྒྱུད་ཀྱང་བསྟན། བདག་ཉིད་ཅན་གསུམ་ལ་སོགས་པ་ཐབས་ཀྱི་རྒྱུད་ཀྱང་བསྟན། སྐུ་གསུམ་གྱིས་ཆོས་གསུང་བའི་ཚུལ་ལ་སོགས་པ་འབྲས་བུའི་རྒྱུད་ཀྱང་བསྟན་པས་གླེང་གཞི་ན་རྒྱུད་གསུམ་ཡོད་པ་བཞིན་དུ་རྒྱུད་ཀྱི་ལུས་ཐམས་ཅད་མངོན་པར་རྟོགས་པ་གསུམ་གྱིས་བཤད་དེ་ཞེས་གསུང་བ་ནི། འབྲས་བུ་རྒྱུ་དང་བྱ་བ་ཞེས། །བསྒྲུབ་བྱ་སྒྲུབ་ཐབས་རྡོ་རྗེ་དང༌། །ཞེས་བྱ་བ་ཡིན་ནོ། །བྱེ་བྲག་ཏུ་ཐབས་ཀྱི་རྒྱུད་ཞིབ་ཏུ་གཏན་ལ་དབབ་པ་ནི་རྩ་བའི་རྒྱུད་ལས། དང་པོར་གསོ་སྦྱོང་སྦྱིན་པར་བྱ། །ཞེས་བྱ་བ་ལ་སོགས་པ་ལམ་རིམ་གྱིས་པའི་གཞུང་གསལ་བར་བྱ་བའི་ཕྱིར་ཉན་ཐོས་དང༌། རང་སངས་རྒྱས་དང༌། རྣལ་འབྱོར་སྤྱོད་པ་བ་དང༌། དབུ་མ་པ་དང༌། རྡོ་རྗེ་ཐེག་པ་པའི་ལམ་དང་འབྲས་བུ་རྣམས་ནི་ཚིགས་སུ་བཅད་པ་གསུམ་པོ་ཀུན་གྱིས་བསྟན་ཏེ། ཚིག་གི་དོན་ནི་སྔར་བསྟན་ཟིན་ཏོ། །གསུམ་པ་ཚིག་དོན་བསྡུ་བ་ནི་དེ་ལྟར་གླེང་གཞིའི་ཚིག་གི་དོན་བཀྲལ་བ་དང་མངོན་པར་རྟོགས་པར་ཞིབ་ཏུ་བསྟན་པའི་ཚིག་གི་དོན་ཇི་ལྟར་བསྡུ་བ་ཡིན་ཞེ་ན་གསང་བ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་གསང་བ་ནི་ཆོས་ཕུན་སུམ་ཚོགས་པ་སྟེ་གསང་སྔགས་རྡོ་རྗེ་ཐེག་པ་ཡིན་ལ་འདི་སྐད་ཅེས་བྱ་བའི་དོན་ཡིན་ནོ། །མཆོག་ནི་སྡུད་པ་པོ་མཆོག་ཏུ་གྱུར་པ་ས་བཅུ་པའམ་སྟོན་པ་ཉིད་ཀྱི་ཡེ་ཤེས་ཏེ། འཁོར་ཕུན་སུམ་ཚོགས་པ་བདག་གིས་ཞེས་བྱ་བའི་དོན་ཡིན་ནོ། །དགྱེས་པ་ནི་ཆོས་ཐོས་པས་རྟོགས་ཤིང་ཁོང་དུ་ཆུད་ནས་དགྱེས་པ་སྟེ་ཐོབ་པ་ཞེས་བྱ་བ་སྡུད་པ་པོའི་ཡོན་ཏན་ཡིན་ནོ། །རྟག་ཏུ་ཞེས་བྱ་བ་ནི་སྐུ་གསུམ་གྱི་མཛད་པ་སྟེ་དུས་ཕུན་སུམ་ཚོགས་པ་དུས་གཅིག་ན་ཞེས་བྱ་བའི་དོན་ཡིན་ནོ། །ཐམས་ཅད་བདག་ཉིད་ཅེས་བྱ་བ་ནི་ཐམས་ཅད་ཀྱི་བདག་པོའམ་བྱེད་པ་པོའམ་ཡོན་ཏན་ཕུན་སུམ་ཚོགས་པ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་སྟེ་སྟོན་པ་ཕུན་སུམ་ཚོགས་པའོ། །བཞུགས་ཞེས་བྱ་བ་ནི་སྟོན་པ་སྐུ་གསུམ་གྱི་བཞུགས་གནས་ཞིང་ཁམས་སོ་སོ་རྣམ་པར་དག་པ་སྟེ་རྡོ་རྗེ་བཙུན་མོའི་བྷ་ག་ལ་བཞུགས་སོ་ཞེས་བྱ་བའི་དོན་གནས་ཕུན་སུམ་ཚོགས་པ་ཡིན་ནོ། །སངས་རྒྱས་ཀུན་ཁྱབ་ཅེས་བྱ་བ་ཚིགས་སུ་བཅད་པ་གཅིག་གིས་སྟོན་པ་ཕུན་སུམ་ཚོགས་པ་རྒྱས་པར་བཤད་པ་བསྟན་ཏེ་ཚིག་གི་དོན་ནི་སྔར་བསྟན་ཟིན་ཏོ། །གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཞེས་བྱ་བ་འབྲེལ་པ་ཅན་དུ་ཡོད་པ་འདི། འབྲེལ་པས་དཔང་པོ་བྱས་པ་དང་ཚིགས་སུ་བཅད་པ་རྩ་བ་དྲུག་པ་ཡིན་པས་ཚིགས་བཅད་གཅིག་གི་གོང་འོག་ལ་གོ་བའི་སྐྱེད་ཅིག་འོང་ན་ཚིག་གོང་འོག་ཏུ་བསྣུར་བ་ལ་ཉེས་པ་མེད་པའི་ཕྱིར་གོ་བའི་སྐྱེ་འོང་བར་དགོངས་ནས་གཤམ་དུ་བཏོན་པའི་དཔེ་སྣང་མོད་ཀྱི། གོ་བའི་སྐྱེད་ཀྱང་ཆེན་པོ་མི་འདུག་ལ་ཡི་གེ་བཅུ་དྲུག་པོ་འདི་རྒྱ་དཔེ་བཞིན་ཕྱོགས་གཅིག་ན་འདུག་ན་ལེགས་པས། གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཞེས་བྱ་བའི་གཞུང་དུ་འདུག་པ་ཉིད་མཛེས་པས་ན་དེ་བཞིན་དུ་བཞག་གོ །ཚིག་དོན་མཐའ་དག་ཤེས་མོད་ཀྱང༌། །བླ་མའི་མན་ངག་མེད་པ་ཡིས། །ནེ་ཙོའི་འདོན་པ་འདྲ་བ་ཡི། །སྐྱེ་བོ་རྣམས་ལ་བརྩེ་བ་ཡིས། །ཚིག་དོན་སྦྱར་ལ་བཟོད་པར་མཛོད། །དགེ་བས་འགྲོ་ཀུན་མཆོག་ཐོབ་ཤོག །རྩ་བའི་རྒྱུད་ཀྱི་ཚིག་དོན་སྦྱར་བ་བསྟན་ཟིན་ཏོ།། །།ད་ནི་སྤྱི་དོན་བཞི་པ་འཁོར་ཕུན་སུམ་ཚོགས་པ་ནི། འབུམ་ཕྲག་ལྔ་བདག་ཀྱེ་རྡོ་རྗེ། །ཞེས་བྱ་བ་ལ་སོགས་པ་ནི་སྔོན་བྱུང་སྤྲུལ་པའི་དཀྱིལ་འཁོར་མཛད་པའི་དུས་སུ་དེ་བཞིན་གཤེགས་པའི་འཁོར་ཏིལ་གྱི་གང་བུ་དང་མཉམ་པ་རྣམས་ནི་རིགས་ཀྱིས་ཕྱེ་ན་ལྔ་ལས་མ་འདས་པས་རིགས་ལྔར་བསྡུས། རྣལ་འབྱོར་མའི་འཁོར་རི་རབ་ཀྱི་རྡུལ་ཕྲ་རབ་དང་མཉམ་པ་རྣམས་ནི་ཡེ་ཤེས་དང་ཚད་མེད་ཀྱིས་ཕྱེ་ན་བརྒྱད་དུ་འདུས། དཔའ་བོའི་འཁོར་བྱེ་བ་ཕྲག་བརྒྱད་ཅུ་ནི་བྱང་ཆུབ་སེམས་དཔའ་བརྒྱད་དམ་བཅུ་གཉིས་སམ། བཅུ་དྲུག་ཏུ་འདུས་ཏེ་དེ་དག་ཕལ་ཆེར་ནི་སྤྲུལ་པ་ཡིན་ལ་རང་རྒྱུད་པའང་གནས་པར་ཤེས་པར་བྱའོ། །གཞན་ཡང་རང་རྒྱུད་པའི་འཁོར་འགྲོ་བ་རྒྱུད་ཡོངས་སུ་དག་པ་བྱང་ཆུབ་སེམས་དཔའ་ལྷ་དང་མིས་གཙོ་བྱས་པའི་ལྷ་མ་སྲིན་སྡེ་བརྒྱད་བསམ་གྱིས་མི་ཁྱབ་པས་བསྐོར་ནས་བཞུགས་སོ། །དེ་ལ་དེ་བཞིན་གཤེགས་པ་རིགས་ལྔ་འཁོར་དང་བཅས་པ་རྣམས་ནི་བསྡུས་པའི་དཀྱིལ་འཁོར་གྱི་ཚུལ་གྱིས་དཀྱིལ་འཁོར་ལྔ་རུ་གནས་ལ་འཁོར་གཞན་རྣམས་ནི་ལྷ་སྣམ་ལ་གནས་སོ། །དེ་ལྟར་དཀྱིལ་འཁོར་ལྔར་གྲངས་ངེས་པ་གསུང་བ་ཅིའི་ཕྱིར་ཞེ་ན། སྔོན་བྱུང་རྒྱུད་རྒྱས་པ་གསུང་བའི་དུས་སུ་སྤྲུལ་པའི་དཀྱིལ་འཁོར་འདི་བཞིན་དུ་སྤྲུལ་ལ་མ་འོངས་པ་བསྒོམ་པའི་མངོན་པར་རྟོགས་པ་ལ་ཡང་རིགས་རྐྱང་པ་དང་བསྡུས་པ་གང་བསྒོམ་ཡང་འདི་བཞིན་དུ་བསྒོམ་པའི་ཕྱིར། ལྷ་དང་མི་དང་བྱམས་པ་ལ་སོགས་པའི་འཁོར་རྒྱས་པར་མ་གསུངས་པར་འཁོར་གྲངས་ངེས་པར་གསུང་བའི་དགོས་པ་ནི་དེ་ཡིན་ནོ། །དེ་ལྟར་འཁོར་གྱི་དེ་བཞིན་གཤེགས་པ་རྣམས་དང༌། ལྷ་མོ་རྣམས་ཀྱི་སྐུ་མདོག་དང་ཕྱག་མཚན་དང་ས་བོན་རྣམས་ནི་གཞུང་ཉིད་ཀྱི་སྟེང་དུ་རྟོགས་པར་བྱའོ། །འཁོར་ཕུན་སུམ་ཚོགས་པ་བསྟན་ཟིན་ཏོ། །འཁོར་གྱི་ཕྲིན་ལས་ཆོས་ཕུན་སུམ་ཚོགས་པ་ལ་གསུམ་སྟེ། ཕྲིན་ལས་ཀྱི་སྒོ་ནས་དོན་ཇི་ལྟར་མཛད་པ་དངོས་དང༌། དོན་མཛད་པའི་འཐད་པ་དང༌། ཕྲིན་ལས་ལ་རྩོད་པ་སྤང་བའོ། །དང་པོ་ལ་གཉིས། ཕྲིན་ལས་རྒྱས་པར་བསྟན་པ་དང༌། ཕྲིན་ལས་བསྡུས་ཏེ་བསྟན་པའོ། །དང་པོ་ལ་གཉིས། ལྷ་མོ་རྣམས་ཀྱི་ཕྲིན་ལས་དང༌། དེ་བཞིན་གཤེགས་པ་རྣམས་ཀྱི་ཕྲིན་ལས་སོ། །དང་པོ་ནི་ཤིན་ཏུ་ཞེ་སྡང་ཞེ་སྡང་ཆེ། །ཞེས་བྱ་བ་ལ་སོགས་པ་སྟེ་སྔོན་བྱུང་ཁྱབ་འཇུག་ལ་སོགས་པ་ཤིན་ཏུ་ཞེ་སྡང་ཆེ་བ་རྣམས་ལ་དེ་བས་ཀྱང་ཞེ་སྡང་ཆེ་བའི་གཽ་རཱི་ལ་སོགས་པའི་སྐུར་སྤྲུལ་ནས་བཏུལ་བས་དེ་རྣམས་ཀྱི་ཞེ་སྡང་ཞི་བར་བྱས་ནས་བྱང་ཆུབ་ལ་བཀོད་པ་སྟེ་མཉམ་སྦྱོར་རྒྱས་པ་ལས། ཞེ་སྡང་ཚུལ་གྱིས་ཞེ་སྡང་འཇོམས་མཛད་པ། །ཞེ་སྡང་རྡོ་རྗེ་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ཡིན་ནོ། །དེ་བཞིན་དུ་ཉོན་མོངས་པ་སོ་སོ་ཐམས་ཅད་དེ་དང་འདྲ་བའི་རྣམ་འཕྲུལ་གྱིས་བཏུལ་ནས་ཡང་དག་པ་ལ་འཇོག་པ་མཛད་དོ། །དེ་བཞིན་དུ་འཁོར་གྱི་དེ་བཞིན་གཤེགས་པ་རྣམས་ཀྱི་ཕྲིན་ལས་ཀྱང་གསུང་གི་ཕྲིན་ལས་ནི་རྒྱལ་བ་མགོན་པོ་ཕན་པ་ནི་ཞེས་བྱ་བ་ལ་སོགས་པའོ། །གསུང་གང་ལ་ཅིས་འདུལ་གྱི་སྒོ་ནས་ཆོས་གསུངས་པས་སེམས་ཅན་འདུལ་བར་མཛད་ལ་སྐུའི་ཕྲིན་ལས་ཀྱི་སྒོ་ནས་ཀྱང་ཞེ་སྡང་གཏི་མུག་ང་རྒྱལ་དང༌། ཞེས་བྱ་བ་ལ་སོགས་པ་གང་ལ་ཅིས་འདུལ་གྱི་སྐུར་བསྟན་ནས་དོན་མཛད་དེ། སྐུ་མདོག་དང་ཕྱག་མཚན་དང་དབུའི་གྲངས་དང་ཕྱག་གི་གྲངས་ལ་སོགས་པ་བསམ་གྱིས་མི་ཁྱབ་པའི་རྣམ་འཕྲུལ་མཛད་ནས་སེམས་ཅན་འདུལ་བར་མཛད་པ་སྟེ། རྡོ་རྗེའི་གཟུགས་ནི་དུ་མར་མཛད། །ཅེས་བྱ་བ་ལ་སོགས་པ་གསུངས་སོ། །དོན་བསྡུ་བའི་ཚུལ་གྱིས་བརྗོད་པ་ནི། དབང་པོ་གང་དང་གང་ལམ་ཉིད། །ཅེས་པ་ལ་སོགས་པ་སྟེ། དེའང་དཔེར་ན་ནོར་བུ་རིན་པོ་ཆེ་ལ་ཇི་ལྟར་འདོད་པའི་སྨོན་ལམ་བཏབ་པ་དེ་འབྱུང་བའམ། ནོར་བུ་ཆུ་ཤེལ་རས་ཁ་དོག་གང་དང་མཐུན་པའི་སྟེང་དུ་བཞག་ན་དེའི་ཁ་དོག་དུ་འགྱུར་ནས་འགྲོ་བ་བཞིན་ཏེ། སྣ་ཚོགས་གཟུགས་ནོར་ཇི་བཞིན་ནོ། །ཞེས་པའི་དོན་ཏོ། །དོན་མཛད་པའི་འཐད་པ་ནི་སེམས་ཀྱི་རྡོ་རྗེ་ལས་བྱུང་བ། །ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་རང་གི་སེམས་ཉིད་ངོ་བོ་ཉིད་ཀྱིས་སྤྲོས་པ་དང་བྲལ་བ་ལ་རང་གིས་རང་ལ་རྟོག་པས་དཀྲིས་ནས་གློ་བུར་གྱི་དྲི་མ་ཞེས་བྱ་བ་སྦྱང་རུང་གི་ཆོས་ཡོད་པ་དེ་ཐབས་ཀྱིས་སྦྱངས་ནས་སངས་རྒྱས་ཀྱི་ཡེ་ཤེས་མངོན་དུ་བྱེད་པ་ཡིན་ནོ། །དེ་ལ་དྲི་མ་ངོ་བོ་ཉིད་ཀྱིས་ཡོད་ཀྱང་སྦྱང་དུ་བཏུབ་པ་ནི་གསེར་གཡའ་དང་བཅས་པ་སྦྱང་དུ་བཏུབ་པ་བཞིན་ནོ། །ལམ་གྱིས་སྦྱང་བའི་ཚུལ་ནི་ཆུ་རྙོག་མ་དང་བཅས་པ་ལ། ནོར་བུ་ཆུ་འདང་ཞེས་བྱ་བའི་ནོར་བུ་གཅིག་ཆུ་རྙོག་པ་དང་བཅས་པའི་གསེབ་ཏུ་བཅུག་ན་སྐད་ཅིག་གཅིག་ལ་ཆུ་དྭངས་ནས་འགྲོ་བ་བཞིན་དུ་ལམ་གྱིས་སྦྱང་དུ་བཏུབ་པ་ཡིན་ནོ། །སྦྱང་ནས་ཉོན་མོངས་པ་བསྐྱུར་དུ་མེད་དེ་སྤྲིན་དེངས་ནས་ནམ་མཁའི་ཆོས་ཉིད་དུ་གྱུར་པ་བཞིན་ཉོན་མོངས་པ་ཉིད་ཡེ་ཤེས་ཀྱི་ཆོས་ཉིད་དུ་འགྱུར་བ་ཡིན་ནོ། །དེ་ཡང་དབུས་མཐའ་ལས། ཆུ་ཁམས་གསེར་དང་ནམ་མཁའ་བཞིན། །དག་པ་བཞིན་དུ་དག་པར་གནས། །ཞེས་གསུངས་པ་ཡིན་ནོ། །ཕྲིན་ལས་ལ་བརྩད་པའི་སྐྱོན་སྤང་བ་ནི་གལ་ཏེ་སྟོང་པ་ཐབས་ཡིན་ན། ཞེས་བྱ་བ་ལ་སོགས་པའི་དོན་ནི་འདི་ཡིན་ཏེ། འདིར་འགའ་ཞིག་ན་རེ་འབྲས་བུ་སངས་རྒྱས་འགྲུབ་པར་བྱེད་པ་ལ་སྟོང་པ་ཉིད་ཀྱི་ལྟ་བ་ཁོ་ན་མཆོག་ཡིན་གྱི་ལྷའི་སྐུ་མདོག་ལ་སོགས་པས་ཅི་ཞིག་བྱ་ཞེས་རྒོལ་ན། དེ་ནི་མ་ཡིན་ཏེ་རྒྱུ་འདྲ་བ་ལས་འབྲས་བུ་འདྲ་བ་སྒྲུབ་པ་ཡིན་ཏེ། ཀོ་ཊ་པ་ལས་གང་དུ་ཡང༌། །སཱ་ལུའི་ས་བོན་གང་དུ་མཐོང༌། །ཞེས་བཤད་དོ། །ཀོ་ཊ་པ་ལས་སཱ་ལུ་མི་སྐྱེ་བ་བཞིན་ནོ། །དེ་བས་ན་མཚན་དང་དཔེ་བྱད་ཕུན་སུམ་ཚོགས་པའི་སངས་རྒྱས་སུ་འགྲུབ་པར་འདོད་པ་ལ་མཚན་དང་དཔེ་བྱད་ཉིད་བསྒོམ་དགོས་ཏེ། སངས་རྒྱས་ང་རྒྱལ་རྣལ་འབྱོར་གྱིས། །སངས་རྒྱས་ཉིད་དུ་ངེས་པར་འགྲུབ། །ཅེས་གསུངས་པའི་དོན་ཡིན་ནོ། །དེ་ལ་སངས་རྒྱས་ཞེས་བྱ་བ་ནི་ཆོས་ཀྱི་སྐུ་ལ་ཟེར་ཏེ་གཟུགས་ཀྱི་རྣམ་པ་བསྒོམ་ཅི་དགོས་མདོ་ལས། གང་གིས་ང་ལ་གཟུགས་སུ་མཐོང༌། །གང་གིས་ང་ལ་སྒྲར་ཤེས་པ། །ལོག་པར་ཤེས་པའི་བསམ་པ་ཅན། །སྐྱེ་བོ་དེ་ཡིས་ང་མི་མཐོང༌། །ཞེས་གསུངས་སོ་ཞེ་ན། དེ་ནི་ཆོས་ཉིད་འབའ་ཞིག་ལ་དགོངས་པ་སྟེ། གཟུགས་ཀྱི་སྐུ་ཐོབ་པར་འདོད་ན་མཚན་དཔེ་ཉིད་བསྒོམ་དགོས་ཏེ། གཙོ་བོ་དཔེ་བྱད་བརྒྱད་ཅུར་ལྡན། །སྟོན་པ་སུམ་ཅུ་རྩ་གཉིས་མཚན། །ཞེས་འབྱུང་བའི་དོན་ཡིན་ནོ། །དེ་ལྟ་ན་སྟོང་པ་ཉིད་བསྒོམ་པ་ལ་དགོས་པ་ཅི་ཡོད་སྙམ་ན། ལྟ་བ་རྣམས་ལས་ལོག་རྣམས་དང༌། །ཞེས་བྱ་བ་ལ་སོགས་པ་བདག་ཏུ་ལྟ་བ་གཞིག་པའི་དོན་ཡིན་ཏེ། སྤྱིར་སེམས་ཅན་ལ་ཞེན་པ་བཞི་ཡོད་དེ། ཕལ་པ་དང་ཕྱི་རོལ་པ་རྣམས་ནི་བདག་ལ་མཆོག་ཏུ་ཞེན་པ་ཞེས་བྱ་བ་རྟག་པ་དང་གཅིག་པུར་འཛིན་ནོ། །ཉན་ཐོས་པ་རྣམས་ནི་གང་ཟག་གི་བདག་བཅོམ་ནས་ཆོས་ལ་བདག་ཏུ་འཛིན་ནོ། །སེམས་ཙམ་པས་ཆོས་ཀྱི་རང་བཞིན་ལ་མཆོག་ཏུ་འཛིན་ནོ། །དབུ་མ་པས་སྒྱུ་མ་ཙམ་མམ་རང་བཞིན་མེད་པ་ལ་མཆོག་ཏུ་འཛིན་ནོ། །དེ་དག་ཀྱང་ཐེག་པ་འོག་མ་འོག་མའི་གཉེན་པོར་གོང་མ་གོང་མ་ཡིན་ནོ། །རང་བཞིན་མེད་པའི་གཉེན་པོར་ལྷ་བསྒོམ་པ་ནི་ཟུང་འཇུག་ཏུ་བསྒྲུབ་པ་ཡིན་ནོ། །ཚིག་གི་དོན་ལྷག་མ་རྣམས་ནི་གཞུང་ཉིད་ཀྱི་སྟེང་དུ་རྟོགས་པར་བྱའོ། །དེ་ལྟར་ན་ལེའུ་དང་པོ་དེས་འདི་སྐད་བསྟན་པ་ཡིན་ཏེ་རྒྱུད་རྒྱས་པའི་གླེང་གཞི་ཕུན་སུམ་ཚོགས་པ་ནི་འདི་ལྟར་སྟོན་ཏེ། སྟོན་པ་ཆོས་ཀྱི་སྐུས་ཤེས་བྱ་རྒྱུད་གསུམ་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་ཆོས་ཀྱི་སྐུས་ཇི་ལྟར་ཁྱབ་པའི་ཚུལ་དང་བཅས་པ་ཕུན་སུམ་ཚོགས་པ་ལྔ་རྒྱས་པ་དང༌། ཡང་སྟོན་པ་ལོངས་སྐུའི་དབང་དུ་བྱས་པའི་ཕུན་སུམ་ཚོགས་པ་ལྔ་ལས། གནས་ཕུན་སུམ་ཚོགས་པ་དག་པའི་ཞིང་དུ། སྟོན་པ་ཕུན་སུམ་ཚོགས་པ་ལོངས་སྤྱོད་རྫོགས་པའི་སྐུས། འཁོར་ཕུན་སུམ་ཚོགས་པ་སྤྲུལ་པའི་དཀྱིལ་འཁོར་ཆེན་པོ་དང་གདུལ་བྱ་སྐབས་ལ་བབ་པ་ཐམས་ཅད་ཀྱང་འཚོགས་ནས། དུས་ཕུན་སུམ་ཚོགས་པ་ཆོས་འཆད་ཅིང་བཞུགས་པའི་དུས་སུ། ཆོས་ཕུན་སུམ་ཚོགས་པ་འབུམ་ཕྲག་ལྔ་པ་བརྗོད་བྱ་རྒྱུད་གསུམ་གྱི་སྒོ་ནས་བཅིངས་པ་སྟོན་ནོ། །ཞེས་རབ་ཏུ་རྒྱ་ཆེ་བའི་ཚུལ་གྱིས་གསུངས་པ་རྣམས་འདིར་ཚིག་དོན་བསྡུས་པའི་ཚུལ་གྱིས་བསྟན་ལ་རྒྱས་པའི་དོན་བསྡུས་དེས་རྩ་བའི་རྒྱུད་བསྡུས་པ་འདི་ལ་ཡང་དེ་ལྟ་བུའི་ཚུལ་གྱིས་ཕུན་སུམ་ཚོགས་པ་ལྔ་ཚང་ངོ་ཞེས་ཚིག་དོན་ཕྱེ་བའི་ཚུལ་གྱིས་བསྟན་པ་ཡིན་ནོ་ཞེས་ཤེས་པར་བྱའོ། །ལེའུ་དང་པོ་ཤློ་ཀ་སུམ་ཅུ་སོ་བདུན་དང་རྐང་པ་གཉིས་ཀྱི་རྣམ་པར་བཤད་པ་བསྟན་ཟིན་ཏོ།། །།ད་ནི་ལེའུ་གཉིས་པ་ནས་བརྩམས་ཏེ་ལེའུ་བཅུ་བཞིས་རྒྱུད་ཀྱི་ལུས་རྒྱས་པར་འཆད་པར་བྱེད་དོ། །དེ་ལ་ཡང་གཞུང་རབ་ཏུ་འཁྲུགས་པས་ན་ལེའུ་སོ་སོའི་སྡོམ་ལས་སྤྱིའི་སྡོམ་ནི་མི་བཏུབ་བོ། །དེ་ལ་ལེའུ་གཉིས་པ་འདིའི་རྒྱུད་བཤད་ཐབས་ཀྱི་མན་ངག་ལས་བརྗོད་བྱའི་དོན་ནི་སྤྱི་དང་སྦས་པའོ། །རྗོད་བྱེད་ཀྱི་སྒྲ་ནི་ཡན་ལག་གི་དོན་ཏོ། །མངོན་པར་རྟོགས་པ་ནི་དཀྱིལ་འཁོར་གྱི་ཚད་ནི་སྨིན་བྱེད་ཡིན་ལ། སྟོབས་ཀྱིས་སྒྲུབ་པ་ནི་དྲོད་ཐོབ་པར་བྱེད་པའི་ཐབས་སྤྱོད་པར་ཡང་འགྲོ་ལ། སངས་རྒྱས་ཀྱི་གར་ནི་བསྐྱེད་རིམ་བརྟེན་པར་བྱེད་པ་དང་ཆར་དབབ་པ་ལ་སོགས་པ་ལས་ཀྱི་ཚོགས་སུ་ཡང་འགྲོའོ། །རྫོགས་པའི་རིམ་པ་སྔགས་དང་ཆོས་ཀྱང་ཅུང་ཟད་གསུངས་ལ། ལྷག་མ་རྣམས་ནི་བསྐྱེད་པའི་རིམ་པའི་ཡན་ལག་ཡིན་ནོ། །འབུམ་ལྔའི་ཚད་ནི་རྗོད་བྱེད་ཡིན་པའི་ཕྱིར་ཐམས་ཅད་ཀྱི་ཐུན་མོང་བ་ཡིན་ནོ། །རྩ་བའི་རྒྱུད་ཀྱི་གང་དུ་ཕན་འདོགས་ཤེ་ན་འདི་ནས་བཟུང་སྟེ་རྒྱུད་རྫོགས་ཀྱི་བར་གྱིས་རྒྱུད་རྒྱས་པའི་བརྗོད་བྱ་རྣམས་མདོར་བསྡུས་པའི་ཚུལ་གྱིས་མ་ཚང་བ་མེད་པར་བསྟན་ཏེ། བརྟག་པ་སུམ་ཅུ་པའི་གྲངས་ཀྱི་བརྗོད་བྱ། ཧཱུྃ་མཛད་ལ་ནི་བཅོ་བརྒྱད་པ། །སོ་སོར་འབྲང་མ་བཅུ་དགུ་པ། །ཞེས་སོགས་བརྗོད་བྱ་རྣམས་མ་ཚང་བས་ན་དོན་བསྡུས་པའི་བཤད་རྒྱུད་དུ་ཤེས་པར་ནུས་སོ། །བསྡུས་པའི་རྒྱུད་འདིའི་མཆོད་པ་དང་སྤྱོད་ལམ་ནི། ལེའུ་གསུམ་པ་དང༌། བརྒྱད་པ་དང༌། ཕྱི་མའི་ལྔ་པར་ཁ་སྐོང་ཞིང་དཀྱིལ་འཁོར་གྱི་ཚད་དང༌། རྡུལ་ཚོན་ནི་བཅུ་པར་ཁ་སྐོང་ལ་འབྱུང་པོ་འདུལ་བ་དང་སྟོབས་པོ་ཆེ་ནི་ལེའུ་གཉིས་པར་ཁ་སྐོང་ཞིང་རྫོགས་པའི་རིམ་པ་གཉིས་ནི། ལེའུ་དང་པོ་དང༌། བརྒྱད་པ་དང༌། ལྔ་པ་རྣམས་སུ་མདོར་བསྡུས་པའི་ཚུལ་གྱིས་གསལ་བར་བྱེད་ལ། སྟོབས་ཀྱིས་སྒྲུབ་པ་ནི། ལེའུ་དྲུག་པ་དང༌། ཕྱི་མའི་གཉིས་པར་མ་ཚང་བ་ཁ་སྐོང་ཞིང༌། སངས་རྒྱས་ཀྱི་གར་དང་ཆར་དབབ་པ་ལ་སོགས་པ་ལས་ཀྱི་ཚོགས་སུ་བྱེད་ན་ལེའུ་གཉིས་པར་ཁ་སྐོང་ལ་བསྐྱེད་པའི་རིམ་པ་བསྟན་པར་བྱ་བའི་ཡན་ལག་ལ་ཚོགས་ཀྱི་འཁོར་ལོ་བྱེད་ན་བརྟག་པ་གོང་འོག་གི་ལེའུ་བདུན་པ་གཉིས་སུ་གསལ་བར་བྱེད་དོ། །སྤྱིའི་དོན་ཏོ། །ལེའུ་གཉིས་པ་ཉིད་ཀྱི་ངག་དོན་ཅུང་ཟད་བརྗོད་ན། གླུ་ནི་རྡོ་རྗེ་ཅན་ལ་དབུལ། །ཞེས་བྱ་བ་ལ་སོགས་པ་ནི་སྒྲ་རྣམ་པར་དག་པ་མི་བསྐྱོད་པ། གཟུགས་དག་པ་རྣམ་པར་སྣང་མཛད། དྲི་དག་པ་རིན་ཆེན་འབྱུང་ལྡན། རོ་དག་པ་འོད་དཔག་མེད། རེག་བྱ་དག་པ་དོན་ཡོད་གྲུབ་པ་ཡིན་པས་རིགས་དང་རྗེས་སུ་མཐུན་པ་ལ་འབུལ་བ་ཡིན་ལ། བྱེ་བྲག་ཏུ་དྲི་དང་མེ་ཏོག་ནི་ཁ་དོག་གིས་ཕྱེ་ནས་རིགས་སོ་སོ་ལ་འབུལ། རོ་བདུད་རྩི་ལྔ་ཡིས་ཕྱེ་ནས་རིགས་སོ་སོ་ལ་འབུལ། གླུའང་རང་གི་བསྟོད་པས་ཕྱེ་བ་དང་གོས་ཀྱང་ཁ་དོག་གིས་ཕྱེ་ནས་རིགས་སོ་སོ་ལ་འབུལ་བ་ཤེས་པར་བྱའོ། །མེ་ཏོག་ནི་གཟུགས་ཡིན་ནོ། །རྡོ་རྗེ་ཅན་གྱི་ཁྲུ་གསུམ་སྟེ། །ཞེས་བྱ་བ་ལ་སོགས་པ་དཀྱིལ་འཁོར་ཚད་ནི་ནང་དོན་ལ་དགོངས་པ་སྟེ། མི་བསྐྱོད་པ་ཐུགས་ཡིན་པའི་ཕྱིར་ཡེ་ཤེས་ཞུ་བདེ་མི་རྟོག་པ་གསུམ་མཚོན་པ་དང༌། རྣམ་སྣང་སྐུ་ཡིན་པས་ལུས་འདོམ་གང་གྲུ་བཞི་དང༌། རིན་འབྱུང་ཡོན་ཏན་ཡིན་ཏེ་བདུད་རྩི་ལྔ་ཡི་ཡོན་ཏན་ལས་བྱུང་བ་དང༌། འོད་དཔག་མེད་ནི་བདེ་བ་ཡིན་ཏེ་བདུད་རྩི་ལྔ་བདེ་བ་དང་དྲུག་ཡིན་ནོ། །དོན་ཡོད་གྲུབ་པའི་ཕྲིན་ལས་ནི་བདུད་རྩི་ལྔ་དགའ་བྲལ་དང་ལྷན་སྐྱེས་ཏེ་བདུན་ཡིན་ནོ། །བཟའ་ལ་རྡོ་རྗེ་ཉི་མ་ཡི། །ཞེས་བྱ་བ་ལ་སོགས་པ་སྤྱོད་ལམ་ནི་རོ་འོད་དཔག་མེད་ལ་འབུལ་ཡང་རོའི་ཡོན་ཏན་ལུས་རྒྱས་པར་བྱེད་པ་ཡིན་པས་ཁ་ཟས་ལ་རྡོ་རྗེ་ཉི་མ་དང༌། འགྲོ་བ་ཕྲིན་ལས་ཡིན་པའི་ཕྱིར་དོན་ཡོད་གྲུབ་པ་དང༌། གཉིད་གཏི་མུག་ཡིན་པས་ན་རྣམ་པར་སྣང་མཛད་དང༌། རྗེས་སུ་ཆགས་པ་འོད་དཔག་ཏུ་མེད་པ་ཡིན་པའི་ཕྱིར་འོད་དཔག་མེད་དང༌། བྱ་བ་ཐམས་ཅད་ཧེ་རུ་ཀའི་ང་རྒྱལ་གྱིས་བྱེད་པས་ན་གླུ་གར་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །འབྱུང་པོ་འདུལ་བའི་མངོན་པར་རྟོགས་པ་ནི་ཚོགས་ཀྱི་ཞིང་སྤྱན་དྲངས་ནས་མེ་ཏོག་ལ་སོགས་པས་མཆོད་པ་དང་དེའི་སྤྱན་སྔར་ཡན་ལག་བདུན་པ་བྱ་བ་དང་ཚད་མེད་པ་བཞི་བསྒོམ་པ་དང་ཡེ་ཤེས་ཀྱི་ཚོགས་བསག་དང་སྲུང་བའི་འཁོར་ལོ་བསྒོམ་པ་རྣམས་ནི། ལེའུ་བཅུ་གཉིས་པ་བཞིན་བྱས་ལ་རི་རབ་ཀྱི་སྟེང་དུ་པདྨ་དང་ཉི་མ་ལ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་བཅོམ་ལྡན་འདས་འབྱུང་པོ་འདུལ་བ་ཞལ་གཅིག་ཕྱག་བཞི་པ། དམ་ཚིག་པ་བསྐྱེད་པ་དང༌། སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ་དང༌། ཡེ་ཤེས་འཁོར་ལོ་དགུག་པ་དང༌། དབང་བསྐུར་རམ་མ་བསྐུར་ཀྱང་རུང་སྟེ་རིགས་ཀྱི་བདག་པོའི་རྒྱས་བཏབ་ལ། སྙིང་གར་ཉི་མའི་དཀྱིལ་འཁོར་ལ་ཧཱུྃ་བཀོད་པ་ལ་སྔགས་ཀྱིས་བསྐོར་ལ་བཟླས་བརྗོད་བྱ་སྟེ་གནོད་སྦྱིན་མོ་ལ་སོགས་པ་རྣམས་བསྒྲུབ་པར་བྱའོ། །འབྱུང་པོ་འདུལ་བའི་རྣལ་འབྱོར་བསྟན་ཏོ། །སྟོབས་པོ་ཆེ་ནི་སྔོན་དུ་འགྲོ་བའི་རྣལ་འབྱོར་སྔ་མ་དང་འདྲ་ལ། སྟོང་པ་ཉིད་ཀྱི་ངང་ལས་པདྨ་འདབ་མ་བརྒྱད་ལ། ཤར་དུ་མཐའ་ཡས་ནག་པོ། ལྷོར་ནོར་རྒྱས་དཀར་པོ། ནུབ་ཏུ་འཇོག་པོ་དམར་པོ། བྱང་དུ་སྟོབས་ཀྱི་རྒྱུ་སྔོན་པོ། མེ་དང་བདེན་བྲལ་དུ་པདྨ་དང་པདྨ་ཆེན་པོ་གཉིས་སེར་སྐྱ། རླུང་དུ་དུང་སྐྱོང་སེར་པོ། དབང་ལྡན་དུ་རིགས་ལྡན་སྣ་ཚོགས་ཏེ། དེ་ཡང་སྟོད་མི། སྙིང་གར་ཐལ་མོ་སྦྱར་བ་སྦྲུལ་མགོའི་གདེངས་ཀ་དགུའམ་བདུན་དང་ལྡན་པ། མཇུག་མ་རྣམས་ལྟེ་བར་འཁྱིལ་བའི་སྟེང་དུ་ཧཱུྃ་ལས་ནམ་མཁའ་ལྡིང་མིག་གཉིས་ཉི་མ་དང་ཟླ་བ། ཀླུ་བརྒྱད་ཀྱིས་བརྒྱན་པ། དེའི་སྟེང་དུ་ཧཱུྃ་ལས་སྟོབས་པོ་ཆེ་ཞལ་བཞི་ཕྱག་བརྒྱད་ཀྱིས་ཀླུ་བརྒྱད་འཛིན་པ་ཡན་ལག་བཞི་རྫོགས་སུ་བསྐྱེད་ལ། སྙིང་གར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་སྔགས་བཀོད་དེ། ཨོཾ་ཨཱཿཧཱུྃ་ཕུཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་བཟླས་ནས་ཀླུ་ཆེན་པོ་བརྒྱད་གཟིར་ན་ཆར་འབབ་པར་འགྱུར་རོ། །ཚིག་གི་དོན་རྣམས་ནི་རྟོགས་པར་སླའོ། །ད་ནི་སངས་རྒྱས་ཀྱི་དེ་ཁོ་ན་རྫོགས་པའི་རིམ་པ་གསུམ་ལས་དང་པོ་མཚམས་སྦྱར་བ་ནི་རྡོ་རྗེ་འཛིན་པའི་རྒྱལ་པོ་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་འཛིན་པ་ཞེས་བྱ་བ་ནི་རིགས་དྲུག་པ་རྡོ་རྗེ་འཆང་སྐུ་མདོག་དཀར་པོ་ཞལ་བརྒྱད་ཕྱག་བཅུ་དྲུག་པ་ཡིན་ཏེ། དེ་བཞིན་གཤེགས་པ་རིགས་ལྔ་པོའང་སྐྱེད་པར་མཛད་པའི་ཕྱིར་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་འཛིན་པ་ཞེས་བྱའོ། །དེ་ཁོ་ན་ཉིད་དངོས་ལ་གཉིས་ལས་དཀྱིལ་འཁོར་འཁོར་ལོ་ནི། རྡོ་རྗེ་པདྨའོ་བྱས་དང༌། ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་འདུ་ཤེས་གསུམ་དང་ལྡན་པས་རྣམ་པ་སྣ་ཚོགས་པའི་སྐད་ཅིག་མ་སྔོན་དུ་སོང་ནས། རྣམ་པར་སྨིན་པ་དང༌། རྣམ་པར་ཉེད་པའི་སྐད་ཅིག་མ་མཚོན་པ་ནི། རྡོ་རྗེ་པདྨ་འོ་བྱས་ཞེས་བྱ་བ་ཐབས་ཤེས་རབ་སྙོམས་པར་ཞུགས་ནས་བསྲུབས་པ་དང་བཅས་པ་ཡིན་ནོ། །རི་དྭགས་བརྒྱན་པ་ནི་ཟླ་བ་སྟེ་དེས་མཚོན་པའི་བྱང་ཆུབ་ཀྱི་སེམས་ཡིན། ཟོས་པ་ནི་རིགས་ཀྱི་བདག་པོའི་ཁར་བཟུང་ནས་མི་ཉམས་པའི་བར་ལ་ལྷན་སྐྱེས་རྟོགས་པའོ། །རྡོ་རྗེ་ཆུ་འཐུང་ནི་རླུང་གི་སྟོབས་ཀྱིས་རྡོ་རྗེས་ཞུ་བ་བྱང་ཆུབ་ཀྱི་སེམས་འཐུངས་ནས་ལུས་ལ་ཁྱབ་པའོ། །ནོར་ལྡན་ནི་དེ་ལ་བརྟེན་པའི་བདེ་སྟོང་ངོ༌། །སངས་རྒྱས་དེ་ཉིད་ནི་སངས་རྒྱས་ཀྱི་ཡེ་ཤེས་དང་འདྲ་བའི་རྟོག་པ་དཔེའི་ཡེ་ཤེས་འདི་རིག་པའོ། །ང་ཞེས་བྱ་བ་ནི་དེ་ཉིད་ང་ཡིན་ནོ་ཞེས་བྱ་བ་སྟོན་ཏོ། །དཀྱིལ་འཁོར་འཁོར་ལོའོ། །རང་བྱིན་བརླབས་ཀྱི་དབང་དུ་བྱས་ན་དང་པོ་ལ་ལུས་ཀྱི་གནས་ལུགས་བསྟན་པ་ནི་དག་པའི་གནས་ནི་བདེ་བ་ཆེན་པོའི་འཁོར་ལོ་སྟེ། དག་པ་ཐོབ་པར་བྱེད་པའི་བྱང་ཆུབ་ཀྱི་སེམས་ཕལ་ཆེར་གནས་པའི་ཕྱིར་རོ། །དེ་ལ་ཨཱ་ལི་བཅུ་དྲུག་ཕྲག་གཉིས་དགོད་དོ། །གནས་ཆེན་པོ་ནི་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་སྟེ་དྲུག་པོ་ཀུན་གྱི་བསྙེན་བཀུར་བྱ་བའི་གནས་ཆེན་པོ་ཡིན་པའི་ཕྱིར་རོ། །དེ་ལ་ཨཱ་ལི་བཅུ་དྲུག་དགོད་དོ། །སངས་རྒྱས་ཀུན་གྱིས་རབ་གང་བ་ནི་ཆོས་ཀྱི་འཁོར་ལོ་སྟེ་དེ་བཞིན་གཤེགས་པ་རིགས་ལྔའི་ས་བོན་དང་ལྷ་མོའི་ས་བོན་གྱིས་གང་བས་སོ། །རྡོ་རྗེ་རིན་ཆེན་ནི་སྤྲུལ་པའི་འཁོར་ལོ་སྟེ། རྡོ་རྗེ་ནི་རྣམ་པར་རྟོག་པས་མི་ཕྱེད་པ། རིན་ཆེན་ནི་འདོད་པའི་དོན་རང་བྱུང་གི་ཡེ་ཤེས་སྐྱེས་ནས་ལུས་ཐམས་ཅད་ལ་ཁྱབ་པའོ། །གཞིར་གནས་པ་དང་ཡས་བྱོན་པའི་བྱང་ཆུབ་ཀྱི་སེམས་གཉིས་ཀྱིས་ལུས་ཐམས་ཅད་ལ་གང་བར་འགྱུར་བ་སྟེ། ལྟེ་བར་ཨཱ་ལི་ཕྲག་གཉིས་དང་ཀཱ་ལི་ཀྵ་དང་ཧ་སྤངས་པ་དགོད་དེ། དེའི་ཞར་ལ་ལས་བྱེད་པའི་འཁོར་ལོ་གཉིས་དང་རྩ་གསུམ་ཡང་གསལ་བཏབ་ལ་ལྟེ་བར་གཏུམ་མོའི་མེ་བསྒྲུབས་ནས་གཡས་རོ་མ་ནས་སོང་སྟེ། འཁོར་ལོ་གོང་མ་གཉིས་ཀྱང་བསྲེགས་མེ་རྣ་བ་གཡས་པའི་རྩར་སླེབ་པ་ནི་བསྙེན་པ་སྟེ། འཁོར་ལོ་བཞི་གསལ་གདབ་པ་དང་འཁོར་ལོ་གཉིས་བསྲེག་པ་ནི་རང་བྱུང་གི་ཡེ་ཤེས་སྐྱེ་བ་ལ་ཕན་པའི་ཕྱིར་གྲོང་ཁྱེར་ཡིད་འོང་བ་ཞེས་བྱའོ། །དེ་ནས་མེ་དེ་རྣ་བ་གཡས་པའམ་སྨིན་མཚམས་གནད་ཀྱི་སྒོ་ཕྱེ་ནས་སྣ་བུག་གཡས་པ་ནས་སོང་སྟེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞབས་ཀྱི་བྱིན་པ་གཡོན་པའམ་སྣ་བུག་གཡོན་ནས་མེ་བརྒྱུད་མར་འགྲོ་བ་ནི་མཁའ་འགྲོ་རྡོ་རྗེ་ལུ་གུ་རྒྱུད་ཅེས་བྱ་བ་ཡིན་ནོ། །དེ་ནས་མེ་དེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོ་བཞི་བཞུ་བཏུལ་བྱས་ནས་ཤངས་ཀྱི་བུ་ག་གཡས་པར་བྱོན། དེ་གཞན་དུ་འགྲོར་མི་སྟེར་བ་ནི། ཞེན་པ་ཆེན་པོས་སངས་རྒྱས་ཀུན། །ལྕགས་སྒྲོག་རྡོ་རྗེས་བཅིང་བར་བྱ། །ཞེས་བྱ་བ་སྟེ། ཉེ་བར་སྒྲུབ་པའོ། །དེ་ནས་དེ་བཞིན་གཤེགས་པའི་བདུད་རྩི་རྣམས་བདག་གི་སྣ་བུག་གཡོན་པར་ཞུགས་ནས་རྐྱང་མ་དང་འགྲོགས་ཏེ། བསྲེགས་པའི་འཁོར་ལོ་རྣམས་གསོས་ནས་ལྟེ་བར་བྱོན་པ་ནི་བདག་གི་ལུས་དགའ་བ་དང་ལྡན་པར་བྱོན་ཞིང་རང་བྱུང་གི་ཡེ་ཤེས་སངས་རྒྱས་ཀྱི་འདོད་པ་ཐོབ་པས་ན། དགའ་ལྡན་དུ་ནི་ལྡོག་པར་འགྱུར། །སངས་རྒྱས་རྣམས་ཀྱི་འདོད་པ་ཐོབ། །བྱ་བ་སྟེ་སྒྲུབ་པའོ། །དེ་ནས་ཨྃ་ལས་མེ་སྦར་ཏེ་དབུ་མ་ཁ་ཕྱེ་ནས་སྙིང་གའི་ཧཱུྃ་དང་མགྲིན་པའི་ཨོཾ་བཅོམ་ནས་སྤྱི་གཙུག་གི་ཧྃ་ལས་བྱང་ཆུབ་ཀྱི་སེམས་བབས་ཏེ། ལྟེ་བའི་སྟེང་དུ་འབར་འཛག་ལ་བློ་གཏད་ནས་བསྒོམས་པས་དུ་བ་ལ་སོགས་པའི་རྟགས་ལྔ་དང་མཐོང་བའི་ལམ་གྱི་ཡེ་ཤེས་སྐྱེ་བར་འགྱུར་ཏེ། རྒྱལ་བ་མགོན་པོ་བྱམས་པ་ནི། །ཡེ་ཤེས་སྤྱན་གྱིས་རྣམ་པར་གཟིགས། །ཞེས་ཕན་ཡོན་དང་བཅས་པའི་ཚུལ་གྱིས་སྒྲུབ་པ་ཆེན་པོ་བསྟན་ཏོ། །རྫོགས་པའི་རིམ་པ་གཉིས་ཀྱི་ཚུལ་བསྟན་ཟིན་ཏོ།། །།ད་ནི་ཕན་པའི་གྲོང་ཁྱེར་ཡིད་འོང་བ། །ཞེས་བྱ་བ་མན་ཆད་ལྷ་སྟོབས་ཀྱིས་སྒྲུབ་པ་ལ་སྦྱར་ཏེ་བཤད་པར་བྱའོ། །དེ་ལ་མངོན་པར་རྟོགས་པ་ནི་འདི་ཡིན་ཏེ་བདག་གིས་བསྐྱེད་པའི་རིམ་པའི་སྒོ་ནས་ཏིང་ངེ་འཛིན་གྱི་དམིགས་པ་བརྟན་པོ་ཡང་ཐོབ། དུ་བ་ལ་སོགས་པའི་རྟགས་ལྔ་ཡང་མཐོང་ཡང་མཐོང་བའི་ལམ་གྱི་ཡེ་ཤེས་སྐྱེ་རུ་མ་འདོད་ན་བརྩོན་འགྲུས་ཞེན་པ་ཡིན་པས་བརྩོན་འགྲུས་ཆེན་པོས་ཟླ་བ་དྲུག་ཏུ་བསྒྲུབ། དེ་ལྟར་ཡང་མ་གྲུབ་ན་ཤིན་ཏུ་བརྩོན་འགྲུས་དང་ལྡན་པས་ཟླ་བ་བཅོ་བརྒྱད་དུ་བསྒྲུབ། དེ་ལྟར་ཡང་མ་གྲུབ་ན་དྲག་ཤུལ་གྱིས་སྒྲུབ་པ་བརྩམ་པར་བྱ་སྟེ། དེ་ཡང་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། ཆོ་ག་ཡང་དག་སྦྱོར་བསྒོམས་པས། །རང་གི་དཀྱིལ་འཁོར་ལ་གནས་ཏེ། །སེམས་དེ་ཡེ་ཤེས་གཟུགས་ཀྱིས་ནི། །བསྒོམ་པ་ཉེ་བར་སྒྲུབ་པའོ། །ཇི་སྲིད་མཐོང་བ་དེ་བཞིན་དུ། །རྣམ་གཉིས་ཟླ་བ་དྲུག་ཏུ་བསྒོམ། །འདོད་པ་ཀུན་ལས་ལོངས་སྤྱོད་པ། །ཐམས་ཅད་དུ་ནི་རྟག་ཏུ་བྱ། །གལ་ཏེ་ཟླ་བ་དྲུག་གིས་ནི། །ཇི་སྐད་གསུངས་པ་མ་མཐོང་ན། །ཇི་སྐད་བཤད་པའི་ཆོ་ག་དང༌། །བསྒོམས་པས་ལན་གསུམ་བརྩམ་པར་བྱ། །དེ་ལྟར་བྱས་ཀྱང་སྒྲུབ་པ་པོས། །མཐོང་བ་འབྱུང་བ་མ་གྱུར་ཅིང༌། །གང་ཚེ་བྱང་ཆུབ་མ་གྲུབ་ན། །དྲག་ཤུལ་སྦྱོར་བས་བསྒྲུབ་པར་བྱ། །དེ་ཚེ་དེ་ཡི་ཡེ་ཤེས་ནི། །འགྲུབ་པར་ངེས་པ་ཉེ་བར་འགྱུར། །རིགས་ཀྱི་དབྱེ་བའི་སྦྱོར་བས་ནི། །རྡོ་རྗེ་ཕུར་བུས་ཕུར་བུ་གདབ། །དེ་ནས་དབང་དུ་བྱ་བ་དང༌། །བསྲུང་བའི་སྦྱོར་བདག་ཀྱང་བྱ། །འདོད་ཆགས་ཆེན་པོའི་ཚུལ་གྱིས་ནི། །ཡེ་ཤེས་འཁོར་ལོ་ཅན་རྣམས་བསྡུ། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར་སྒྲུབ་པ་ཟླ་བ་བཅོ་བརྒྱད་དམ་ཉི་ཤུ་རྩ་བཞི་བསྒོམས་ཀྱང་མ་གྲུབ་པ། དེའི་ཚེ་དངོས་པོ་ལ་མངོན་པར་ཞེན་པ་ཤས་ཆེས་བ་ཡིན་པས་དྲག་ཤུལ་གྱིས་སྒྲུབ་པ་ཉི་མ་བཞི་ཚུན་ཆད་ཙམ་མམ། ཐུན་བཞི་ཚུན་ཆད་ཀྱིས་འགྲུབ་པར་འགྱུར་ཏེ། དེའི་མངོན་པར་རྟོགས་པ་ནི་བདག་རིགས་རྐྱང་པའམ། བསྡུས་པ་གང་ཡང་རུང་བའི་མངོན་པར་རྟོགས་པ་ཡན་ལག་དྲུག་གིས་ཚང་བར་བསྒོམ། ཡང་ན་བདག་ལ་ཡེ་ཤེས་སེམས་དཔའ་སྤྱན་དྲང་བའི་ཚུལ་གྱིས་སྒྲུབ་པ་ནི། ཕན་པའི་གྲོང་ཁྱེར་ཡིད་འོང་བ། །ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཡིན་ནོ། །མཁའ་འགྲོ་རྡོ་རྗེ་ལུ་གུ་རྒྱུད། །ཅེས་བྱ་བ་ནི་གཽ་རཱི་ལྕགས་ཀྱུ་ཐོགས་པས་དགུག་པ་སྟེ་བསྙེན་པའོ། །ཞེན་པ་ཆེན་པོས་སངས་རྒྱས་ཀུན། །ཞེས་བྱ་བ་ནི་ཙཽ་རཱི་ཞགས་པ་ཐོགས་པས་གཞུག་པ་སྟེ་ཉེ་བར་སྒྲུབ་པའོ། །ལྕགས་སྒྲོག་རྡོ་རྗེས་བཅིང་པར་བྱ། །ཞེས་བྱ་བ་ནི་བཻ་ཏཱ་ལཱི་ལྕགས་སྒྲོག་ཐོགས་པས་བཅིང་བ་སྟེ་སྒྲུབ་པའོ། །དགའ་ལྡན་དུ་ནི་ལྡོག་པར་འགྱུར། །ཞེས་བྱ་བ་ནི་གྷསྨ་རཱི་དྲིལ་བུ་ཐོགས་པས་དབང་དུ་བྱེད་པ་སྟེ་སྒྲུབ་ཆེན་ནོ། །སངས་རྒྱས་རྣམས་ཀྱི་འདོད་པ་ཐོབ། །ཅེས་བྱ་བ་ནི་བདག་གི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དབང་དུ་འགྱུར་རོ། །དེ་ནས་དེ་བཞིན་གཤེགས་པའི་ཚོགས་ཐམས་ཅད་སྤྱན་དྲངས་ཏེ་ཞལ་དུ་ཞུགས། སྙིང་གར་ཞུ། དབང་གི་གནས་སུ་སླེབས་པའི་སྐད་ཅིག་ལ་དཀྱིལ་འཁོར་གྱི་འཁོར་ལོ་ཡོངས་སུ་རྫོགས་པར་བསྒོམས་ཏེ། རྒྱལ་བ་མགོན་པོ་བྱམས་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཞུ་ནས་དཀྱིལ་འཁོར་དུ་གྱུར་པ་ཡིན་ནོ། །ཡེ་ཤེས་སྤྱན་གྱིས་རྣམ་པར་གཟིགས། །ཞེས་བྱ་བ་ནི་ཐབས་འདིས་དངོས་གྲུབ་ཏུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ནམ་མཁའི་དཀྱིལ་འཁོར་ལ་རྣལ་འབྱོར་མ་བཞིས་ཡེ་ཤེས་པ་དགུག་པ་ནི། རྡོ་རྗེ་ལུ་གུ་རྒྱུད་བཅིངས་པ། །རྒྱལ་བའི་ཚོགས་རྣམས་བཅིང་བར་བྱ། །ཞེས་བྱ་བའི་དོན་ཡིན་ནོ། །དེ་ནས་ཡང་དེ་བཞིན་གཤེགས་པའི་ཚོགས་རྣམས་སྤྱན་དྲངས་ཏེ་ཞལ་དུ་ཞུགས་ནས་སྙིང་གར་ཞུ་བར་གྱུར་པ་ལས་བདུད་རྩི་འཁྱིལ་པར་གྱུར་ཏོ། །ཞེས་ཀྱང་གསུང་ན་སངས་རྒྱས་ཐམས་ཅད་ཀྱི་ཕུར་བུའི་ལས་ནི་གནོད་མཛེས་ཡིན་པས་ན། ཁྲོ་བོ་རྡོ་རྗེ་གནོད་མཛེས་སྐུ་མདོག་གནག་པ་རབ་ཏུ་ཁྲོས་པ། གཡས་ན་གཏུན་ཤིང་གཡོན་ན་སྡིགས་མཛུབ་དང་བཅས་པས་ཕུར་བུ་འཛིན་པ། སྐུ་སྨད་ཕུར་བུའི་རང་བཞིན་ཅན་དུ་བསྒོམ་པ་ནི། གང་ཞིག་དངོས་གྲུབ་མི་སྟེར་ན། །སྒྲོག་གིས་བཅིངས་ལ་དགུག་པར་བྱ། །ཞེས་བྱ་བ་སྟེ་འོད་ཟེར་གྱི་སྒྲོག་གིས་བཅིངས་ལ་སྙིང་གར་གནོད་མཛེས་སུ་བསྒྲུབ་པའོ། །དེ་ལ་ཡེ་ཤེས་པ་དགུག་པ་ནི། རྡོ་རྗེ་སྐྱོང་བ་དཀར་མོ་ཆེ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟར་ན་ཡན་ལག་དྲུག་གི་རྗེས་ལ་མཁའ་འགྲོ་མ་བཞིས་དགུག་གཞུག་བྱ་བ་ལན་གསུམ་ཡོད་དེ། དེས་སངས་རྒྱས་རྣམས་ནི་དབང་དུ་བྱེད། །ཅེས་བྱའོ། །དེ་ཚེ་མཁའ་འགྲོ་མ་བཞི་ཡིས། །ཞེས་བྱ་བ་ནི་མཁའ་འགྲོ་མ་བཞིས་བསྒྲུབ་པའི་གནོད་མཛེས་ཀྱིས་སངས་རྒྱས་རྣམས་ལ་ཕུར་བུས་གདབ་པར་བྱ་སྟེ། ཨོཾ་དུ་རུ་དུ་རུ་ཚིནྡྷ་ཚིནྡྷ་ཧཱུྃ་ཧཱུྃ་ཞེས་བྱ་བའི་སྔགས་ཀྱིས་གདབ་པར་བྱ་བ་དང་འདེབས་པར་བྱེད་པ་དང༌། འདེབས་པ་པོ་རྣམས་མི་དམིགས་པའི་ཚུལ་གྱིས་རྩ་དབུ་མའི་ལམ་ནས་ཕུར་བུ་སོང་སྟེ་དབུས་ཀྱི་གཙོ་བོ་མི་བསྐྱོད་པའི་དབུ་ནས་སོང་སྟེ་ཞབས་ཀྱི་བར་དུ་ཐལ་ཕྱུང་བས་ཆོས་ཐམས་ཅད་མི་དམིགས་པའི་ངོ་བོར་ཐིམ་པར་བྱས་ལ་བདག་མེད་པ་ལ་བློ་གཞག་གོ །དེ་ལྟར་ན་མཐོང་བའི་ལམ་གྱི་ཡེ་ཤེས་སྐྱེ་བར་འགྱུར་ཏེ་དྲོད་ཆེན་པོ་མ་ཐོབ་པ་ཐོབ་པར་བྱེད་པའི་ཐབས་ཞེས་བྱ་བ་སྤྱོད་པའི་ཁོངས་སུ་བསྡུ་བར་བྱའོ། །འདིའི་དོན་གཞུང་ཅུང་ཟད་མ་རྫོགས་པ་ནི་ལེའུ་དགུ་པ་ནས་ཀྱང་འབྱུང་ངོ༌། །རྗོད་བྱེད་འབུམ་ཕྲག་ལྔའི་ཚད་བྲིས་པ་ནི་རྟོགས་པར་སླའོ། །སངས་རྒྱས་ཀྱི་གར་དགོས་པ་དང་བཅས་པ་ནི་གླུ་གར་ལ་ཞེན་པའི་སེམས་ཅན་རྗེས་སུ་གཟུང་བ་དང༌། འཆི་ལྟས་ལ་སོགས་པའི་སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་བར་བྱ་བ་དང༌། རབ་གནས་ལ་སོགས་པ་བཀྲ་ཤིས་པར་བྱ་བ་བསྒྲུབ་པ་དང༌། བདག་ཉིད་ཀྱི་བསྐྱེད་པའི་རིམ་པ་དམིགས་པ་བརྟན་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་གར་བྱ་བའོ། །དེའི་མངོན་པར་རྟོགས་པ་ནི་འདི་ཡིན་ཏེ། སའི་ཕྱོགས་དབེན་པར་གྲུ་བཞིའམ་ཟླུམ་པོའི་རྒྱ་ཁྱོན་ཇི་ལྟར་འཚམ་པའི་ཁང་པ་བྱ། དེའི་ནང་དུ་ཆོས་འབྱུང་གི་རྣམ་པ་གྲུ་གསུམ་པའི་ཁང་པ་བྱ། དེའི་ནང་གཞལ་ཡས་ཁང་གྲུ་བཞི་པ་མཛེས་པའི་ཁང་པ་བྱ་སྟེ་ཁང་པ་སུམ་རིམ་དུ་བྱའོ། །དེ་ལ་ནངས་ཀྱི་ནང་དུ་སློབ་དཔོན་དང་བཅས་པའི་ལྷ་དགུ་ནི་ཡོལ་བའི་ནང་དུ་སྡོད་ལ་མི་གཡོ་བ་ནི་ཡོལ་བའི་ཕྱིར་སྡོད་ཅིང་གཞན་རྣམས་ནི་དབྱུག་སྔོན་ནམ་མི་གཡོ་བ་ལ་གསོལ་བ་བཏབ་ནས། བརྡ་དང་བརྡའི་ལན་བྱས་ནས་ནང་དུ་ཞུགས་ཏེ་ཕྱག་དང་མཎྜལ་ཕུལ་ནས་རང་རང་གི་སྟན་ལ་ཇི་ལྟར་མཛེས་པའི་གྲལ་བྱའོ། །བར་བར་ནི་གཡོས་བྱེད་པ་རྣམས་གཞག་གོ །ཕྱི་རོལ་དུ་ནི་གླུ་གར་བྱེད་པ་རྣམས་གཞག་པར་བྱའོ། །ནང་གི་ཡོལ་བའི་ཕྱི་རོལ་ཏུ་གཏོར་མ་དང་མཆོད་པ་རྒྱ་ཆེ་ཞིང་མཛེས་པ་བཤམ་མོ། །དེ་ནས་ལས་ཀྱི་རྡོ་རྗེ་སློབ་མས་མཎྜལ་དང༌། མེ་ཏོག་ཕྲེང་བ་སྔོན་དུ་འགྲོ་བས་ལྷའི་རྣལ་འབྱོར་ལ་གནས་པར་གསོལ་བ་གདབ། ཡི་གེ་བརྒྱ་པས་རྒྱུད་སྦྱང་པ་ཡན་ཆད་སྦྱོར་བའི་ཆོས་དྲུག་བྱས་པའི་རྗེས་ལ་རྡོ་རྗེ་སློབ་དཔོན་ལངས་ཏེ། མེ་ཏོག་སྙིམ་པ་ན་འཛིན་པས། སེམས་ཅན་ཇི་སྙེད་པ་རྣམས་སེམས་ཅན་དུ་བསྡུ་བས་བསྡུས་པ་ཞེས་བྱ་བ་ནས་བརྩམས་ཏེ་བདག་གིས་ཕྱག་རྒྱ་ཆེན་པོའི་གོ་འཕང་ལ་དགོད་པར་བྱའོ། །ཞེས་བྱ་བའི་བར་བརྗོད་ལ་མེ་ཏོག་ནམ་མཁའ་ལ་གཏོར་ཏེ་སྟན་ལ་བསྡད་ལ་དཀྱིལ་འཁོར་པ་དང་བཅས་པ་ཐམས་ཅད་ཀྱིས་རང་རང་གི་མངོན་པར་རྟོགས་པ་རྫོགས་པར་བསྒོམ་སྟེ་དཀྱིལ་འཁོར་གྱི་འཁོར་ལོ་མཆོད་པ་རྒྱས་པས་ཚིམ་པར་བྱ། སྙིང་གར་ཡེ་ཤེས་ཀྱི་ལྷ་བདུད་རྩི་མྱངས་བས་ཚིམ་པར་བྱ། འབྱུང་པོའི་ཚོགས་གཏོར་མས་ཚིམ་པར་བྱ། དམ་ཚིག་དང་ལྡན་པའི་དཔའ་བོ་དང་རྣལ་འབྱོར་མ་ཚོགས་ཀྱི་ཁ་ཟས་ཀྱིས་ཚིམ་པར་བྱ། དེ་ནས་གླུ་དང་གར་གྱིས་ཚིམ་པའི་སྔོན་དུ་སེམས་ཅན་གྱི་དོན་ལ་སངས་རྒྱས་ཀྱི་ཐུགས་རྗེ་བསྐུལ་བའི་ཕྱིར་མི་གཡོ་བའི་བསྙེན་པ་སོང་བའི་རྣལ་འབྱོར་པ་ཅིག་མི་གཡོ་བའི་ང་རྒྱལ་དང་ཆ་ལུགས་སུ་ཞུགས་ལ། དེ་བཞིན་གཤེགས་པ་སོ་སོ་དང་ལྷ་མོ་སོ་སོ་ལ་ཁ་ལ་སྨོད་ཅིང་དོན་ལ་བསྟོད་པའི་ཚིག་རྣམས་བརྗོད། དེ་ནས་ཐུན་མོང་དུ་དེ་བཞིན་གཤེགས་པའི་ཐུགས་རྗེ་བསྐུལ་བའི་ཕྱིར་ཁ་ལ་སྨོད་ཅིང་དོན་ལ་བསྟོད་པའི་ཚིག་རྣམས་བརྗོད། དེ་ནས་ལེའུ་བཞི་པ་ནས་འབྱུང་བའི་ཡབ་ཡུམ་སོ་སོའི་བྱང་ཆུབ་ཀྱི་སེམས་ཀྱི་ཆེད་དུ་བརྗོད་པ་རྣམས་གླུར་བླང༌། དེ་ནས་སྤྱིའི་དྲུག་གི་རྗེས་སུ་སྐྱེས་པ་ལ་སོགས་པའི་གླུ་དང༌། འདུག་སྟངས་དང༌། རྐང་སྟབས་དང༌། ལག་སྟབས་དང༌། བཞིན་གྱི་བསྒྱུར་ཚུལ་དང༌། རོལ་མོའི་རྣམ་གྲངས་དུ་མ་བྱ་སྟེ་གླུ་དང་གར་གྱིས་ཚིམ་པར་བྱའོ། །དེ་ནས་ཚིམ་པ་དྲུག་པའང་སྤྱད་ལ་ཚོགས་ཀྱི་འཁོར་ལོའི་མཇུག་གི་བྱ་བ་རྣམས་ཀྱང་རྫོགས་པར་བྱའོ། །དེ་ནས་ཡོན་བདག་གིས་ཡོན་ཕུལ་ཏེ་སྨོན་ལམ་རྣམ་པར་དག་པ་བཏབ་ལ་ལས་ཀྱི་རྗེས་བསྡུའོ། །དེ་ལྟར་ན་རྡོ་རྗེ་སློབ་དཔོན་དང་མི་གཡོ་བའི་རྣལ་འབྱོར་འཛིན་པ་གཉིས་ཏིང་ངེ་འཛིན་ལ་བརྟན་ཞིང་བསྙེན་པ་ཡོངས་སུ་རྫོགས་པར་བྱས་ན་ལས་ཐམས་ཅད་འགྲུབ་པར་འགྱུར་རོ། །སྤྱིའི་དོན་བསྟན་པའོ། །ཚིག་གི་དོན་ལས་གཞན་རྣམས་ནི་མངོན་པར་རྟོགས་པ་ཉིད་ཤེས་པས་རྟོགས་པར་ནུས་ལ། ཁ་ལ་སྨོད་ཅིང་དོན་ལ་བསྟོད་པའི་ཚིག་རྣམས་བཀྲལ་ན་ལྷ་རེ་རེ་ལ་ཚིགས་སུ་བཅད་པ་རེས་དྲིས་ལན་རྫོགས་པ་ལས་ཚིག་དང་པོ། ཅི་ཁྱོད་དམ་ཚིག་ཧཱུྃ་ཞེས་བྱ་བ་ལ་སོགས་པའི་ཚིག་དང་པོ་རྣམས་དྲི་བ་འབའ་ཞིག་ཏུ་སྦྱོར་ན་དུས་རྟག་ཏུ་ཁྱོད་ཀྱི་དམ་ཚིག་ཧཱུྃ་ཞེས་བརྗོད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་དྲི་བའི་སྐབས་འབའ་ཞིག་ཏུ་བྱ་བ་དེར་ནི་མི་བྱ་སྟེ་ཅི་ཁྱོད་ཀྱི་དམ་ཚིག་གང་ཡིན་ཞེས་དྲི་བ་ངའི་ཧཱུྃ་ཡིན་ཞེས་ལན་ནོ། །འདི་ལ་ཉིད་ཀྱི་དམ་ཚིག་ཅི་ལགས་ཧཱུྃ། ཞེས་བྱ་བ་ལ་སོགས་པའི་གཞུང་དུ་སྣང་ན་བདེ་སྟེ་ཉིད་ཀྱི་དམ་ཚིག་ཅི་ལགས། ཞེས་བྱ་བ་ནི་མི་གཡོ་བའི་དྲི་བའོ་ཧཱུྃ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་ལན་ཏེ་ངའི་དམ་ཚིག་ཧཱུྃ་ཡིན་ནོ་ཞེས་བྱ་བའོ། །དེ་བཞིན་དུ་ཚིག་དང་པོ་ཁྱོད་ཀྱི་དམ་ཚིག་ཅི་ལགས་ཨོཾ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པའི་ཚིག་དང་པོ་ཐམས་ཅད་དེ་བཞིན་དུ་སྦྱར་ན་བདེ་བར་ཤེས་པར་བྱའོ། །ཐུབ་པ་ཆེན་པོ་གཞུ་ཅན་ཡིན། །ཞེས་བྱ་བ་ནི་ཁ་ལ་སྨོད་པ་སྟེ་མུ་སྟེགས་ཐུབ་པ་བ་ཞེས་བྱ་བ་ཞིག་མདའ་གཞུ་ཐོགས་ནས་གཞུའི་ཆང་ཟུང་ནི་ཚངས་པ། སྟོད་ནི་དབང་ཕྱུག དཀྱིལ་སྨད་ནི་ཁྱབ་འཇུག རྒྱུད་ནི་ཀླུ་ནོར་རྒྱས། མདའ་ནི་ལྷ་མོ་ནམ་མཁའི་གློག་མ་སྤྲིན་དུ་བསྒོམས་ནས་ངག་ཏུ་ཧཱུྃ་ཞེས་བརྗོད་ཅིང་མདའ་འཕེན་པ་དེ་ཡིན་ནམ་ཞེས་ཁ་ལ་སྨོད་དོ། །དོན་ལ་ཉོན་མོངས་པ་ཐམས་ཅད་བཅོམ་ཞིང་ཐུབ་པ་ཁྱོད་སྟོང་པ་ཉིད་ཀྱི་གཞུས་སྙིང་རྗེ་ཆེན་པོའི་མདའ་ཕྱོགས་བཅུར་འཕངས་ནས་སེམས་ཅན་གྱི་དོན་བྱེད་དོ། །ཞེས་དོན་ལ་བསྟོད་པའོ། །ང་མིན་སྙིང་རྗེའི་སྟོབས་དཔལ་ལྡན། །ཞེས་བྱ་བ་ནི་ལན་སྟེ་ང་མུ་སྟེགས་ཐུབ་པ་མ་ཡིན་ཞེས་བྱ་བ་དང༌། གང་ཟག་དང་ཆོས་ཀྱི་བདག་གཉིས་མ་ཡིན་ཞེས་བྱ་བའོ། །སྙིང་རྗེ་སྟོབས་ལྡན་དཔལ་ཞེས་བྱ་བ་ནི་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོའི་སྟོབས་ཀྱིས་ཆོས་ཀྱི་དབྱིངས་མངོན་དུ་གྱུར་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པའི་དཔལ་དང་ལྡན་པ་ཞེས་བྱའོ། །བདག་སྟོབས་བཅོམ་པ་མིན་ནམ་ཅི། །ཞེས་བྱ་བ་ནི་ཁ་ལ་སྨོད་པ་སྟེ་ང་སྟོབས་དང་ལྡན་པ་ཡིན་ནོ་ཞེ་ན་སྟོབས་དེས་ཁྱོད་རང་གི་སྟོབས་བཅོམ་པ་མིན་ནམ་ཞེའོ། །དོན་ལ་བསྟོད་དེ་མི་བསྐྱོད་པའི་རྒྱུའི་ངོ་བོ་ཞེ་སྡང་གི་སྟོབས་བཅོམ་ནས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་འགྱུར་རོ་ཞེས་བྱ་བའོ། །རྣམ་པར་སྣང་མཛད་ལ་ཁྱོད་ཀྱི་དམ་ཚིག་ཅི་ཡིན་ཞེས་པ་ནི་དྲི་བའོ། །ཨོཾ་ཞེས་བྱ་བ་ནི་ལན་ནོ། །དེ་ལྟར་ན་རིག་བྱེད་འདོན་པའི་ཕྱིར་ཚངས་པའམ། ཐུབ་པ་དྲང་སྲོང་ངམ། བྲམ་ཟེ་ཡིན་ནོ་ཞེས་ཁ་ལ་སྨོད་པའོ། །དོན་ལ་སྒྲིབ་པའི་དྲི་མ་ཚངས་ཤིང་མི་མཐུན་པའི་ཕྱོགས་ཐུབ་ལ་གཙང་ཞིང་དག་པའི་བྲམ་ཟེ་ཁྱོད་ཡིན་ནོ་ཞེས་བསྟོད་དོ། །ང་མིན་ནི་བདག་གཉིས་མ་ཡིན་ཞིང་ཚངས་པ་མ་ཡིན་པའོ། །འོ་ན་གང་ཡིན་ན་རྣམ་པར་སྣང་མཛད་དཔལ་ཏེ་ཇི་ལྟ་བ་དང་ཇི་སྙེད་པ་རྣམ་པར་སྣང་བའི་དཔལ་ཡིན་ནོ། །ཁྱོད་ནི་མེ་བཅོམ་འདོད་པ་བྲལ་ནི་བཻ་རོ་ཙ་ནའི་སྒྲ་ལས་ཕོ་བའི་མེ་དྲོད་བཅོམ་པས་ཁ་ཟས་ཀྱི་འདོད་པ་དང་བྲལ་བའོ་ཞེས་ཁ་ལ་སྨོད་པའོ། །དོན་ལ་གཏི་མུག་གི་མེ་དྲོད་བཅོམ་པས་འཁོར་བ་དང་མྱ་ངན་ལས་འདས་པའི་འདོད་པ་དང་བྲལ་བའོ་ཞེས་དོན་ལ་བསྟོད་པའོ། །འོད་དཔག་མེད་ལ་ཁྱོད་ཀྱི་དམ་ཚིག་ཅི་ཡིན་ཞེ་ན་ཨཱཿཞེས་བྱ་བའོ། །དེ་ལྟར་ན་ཨཱཿཨཱ་ཀཱ་ཤ་ནི་ནམ་མཁའ་སྟེ་ནམ་མཁའ་ལྡིང་གྲུབ་པ་ཡིན་ནམ་ཞེས་ཁ་ལ་སྨོད་པའོ། །དོན་ལ་ཆོས་ཐམས་ཅད་ནམ་མཁའི་རང་བཞིན་ལྟར་མངོན་དུ་གྱུར་པའོ་ཞེས་བསྟོད་དོ། །ང་མིན་ནི་ནམ་མཁའ་ལྡིང་གི་གྲུབ་ཐོབ་མ་ཡིན་ཞིང་བདག་གཉིས་མ་ཡིན་པའོ། །འོ་ན་གང་ཞེན་པདྨ་གར་དབང་དཔལ་ཏེ་འོད་དཔག་མེད་དོ། །དེ་ལྟར་ན་ཁྱོད་གར་མཁན་ཡིན་ནོ་ཞེས་ཁ་ལ་སྨོད་ལ། དོན་ལ་ཡེ་ཤེས་ཀྱི་གར་གྱིས་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཚིམ་པར་བྱེད་པའོ། །ཞེས་བསྟོད་དོ། །རིན་ཆེན་འབྱུང་ལྡན་ལ་ཁྱོད་ཀྱི་དམ་ཚིག་ཅི་ཡིན་ཞེས་དྲི་བའོ། །ཏྲཱྃ་ཞེས་བྱ་བ་ནི་ལན་ནོ། །ཏྲཱྃ་ཚཱ་ཏྲ་ན་ཁྱོད་ཚ་དང་སྐྱོབ་པའི་གདུགས་ཡིན་ནོ་ཞེས་ཁ་ལ་སྨོད་པའོ། །དོན་ལ་རྟོག་པའི་ཚ་བ་སྐྱོབ་པའོ་ཞེས་བསྟོད་དོ། །ང་མིན་ནི་གདུགས་མ་ཡིན་ཞིང་བདག་གཉིས་མ་ཡིན་པའོ། །རྡོ་རྗེ་ཉི་མ་དཔལ་ནི་ཡེ་ཤེས་ཀྱི་ཉི་མས་ཉོན་མོངས་པའི་མུན་པ་སེལ་བའོ། །འཁོར་ལོའི་རྣམ་ཁྱོད་ཇི་ལྟར་མིན་ཞེས་ཉི་མ་ཡིན་པའི་ཕྱིར་ནམ་མཁའི་འཁོར་ལོའི་ཉི་མ་ཅིས་ཀྱང་ཡིན་ནོ་ཞེས་ཁ་ལ་སྨོད་པའོ། །དོན་ལ་ཡེ་ཤེས་ཀྱི་ཉི་མས་སྤང་བྱའི་ཕྱོགས་འཇོམས་སོ་ཞེས་བསྟོད་དོ། །འདི་ལ་གདུགས་ཀྱི་རྣམ་ཁྱོད་ཞེས་བྱ་བའི་འགྱུར་དུ་སྣང་ན་ཡེ་ཤེས་ཀྱི་གདུགས་ཀྱི་ཉོན་མོངས་པའི་ཚ་བ་འཕྲོག་གོ་ཞེས་སྔར་སྨོས་པའི་དང་འདྲ་བར་བཤད་དོ། །དོན་ཡོད་གྲུབ་པ་ལ་ཁྱོད་ཀྱི་དམ་ཚིག་གང་ཡིན་ཞེས་དྲི་བའོ། །ཁྃ་ཞེས་བྱ་བ་ནི་ལན་ནོ། །ཁྃ་ངམ་ཁ་ཨཱ་ཀཱ་ཤ་ནི་ནམ་མཁའ་ཡིན་པའི་ཕྱིར་ནམ་མཁའ་སྟོང་པའི་རང་བཞིན་ནོ་ཞེས་ཁ་ལ་སྨོད་དོ། །དོན་ལ་ཆོས་ཐམས་ཅད་ནམ་མཁའི་རང་བཞིན་མངོན་དུ་གྱུར་པའོ་ཞེས་བསྟོད་དོ། །ང་མིན་ནི་མཁའ་སྟོང་མ་ཡིན་ཞིང་བདག་གཉིས་མ་ཡིན་པའོ། །རྡོ་རྗེ་མགྱོགས་འགྲོ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་གྱི་དོན་བྱེད་པ་བྱ་བ་གྲུབ་པའི་ཡེ་ཤེས་ཡིན་ནོ་ཞེས་པའོ། །དེ་ལྟར་མགྱོགས་འགྲོ་ཡིན་པའི་ཕྱིར་རྟ་ཡིན་ཏེ་གྲོང་དང་གྲོང་གི་ཕ་རོལ་ཏུ་འགྲོ་བའོ། །ཞེས་ཁ་ལ་སྨོད་པའོ་དོན་ལ་འཁོར་བའི་ཕ་རོལ་ཏུ་འགྲོ་བའོ་ཞེས་བསྟོད་པའོ། །དེ་བཞིན་གཤེགས་པ་ལྔའི་བསྟན་ཏོ། །ལྷ་མོ་རྣམས་ཀྱི་ལས་ཐོག་མར་མཱ་མ་ཀཱི་བརྗོད་ན་ཁྱོད་ཀྱི་དམ་ཚིག་ཅི་ཡིན་ཞེས་དྲི་བའོ། །སྙིང་རྗེ་ཆེན་པོའི་བཏུང་བ་ཆང་ཡིན་ནོ་ཞེས་པ་ནི་ལན་ནོ། །དེ་ལྟར་ན་ས་བོན་ཀྱང་མྃ་ཡིན་པས་ན་མ་ད་ན་ཆང་སྟེ་ཆང་འཚོང་མ་ཡིན་ནོ་ཞེས་ཁ་ལ་སྨོད་པའོ། །དོན་ལ་སྙིང་རྗེ་ཆེན་པོའི་ཆང་སེམས་ཅན་ཐམས་ཅད་ལ་སྟེར་བ་ཡིན་ནོ་ཞེས་བསྟོད་དོ། །མི་གཡོ་ཞེས་བོས་ནས་ཆང་འཚོང་མ་དང་བདག་གཉིས་མ་ཡིན་ཏེ་མཱ་མ་ཀཱི་ཡིན་ནོ་ཞེས་བྱ་བའོ། །དེ་ལྟར་ན་མཱ་མ་ཀཱི་ཞེས་བྱ་བ་ཞང་པོའི་ཆུང་མར་འགྲོ་བས་ན་ཞང་པོའི་གྲོང་ཁྱེར་འཛིན་མ་ཞེས་ཁ་ལ་སྨོད་པའོ། །དོན་ལ་མ་མ་ཨ་ཞེས་བྱས་ན་བདག་མེད་པའི་རང་བཞིན་ཡིན་ནོ་ཞེས་བསྟོད་པའོ། །སངས་རྒྱས་སྤྱན་ལ་ཅི་ཁྱོད་ཀྱི་དམ་ཚིག་གང་ཡིན་ཞེས་དྲི་བའོ། །ཞི་བ་ཉིད་ཅེས་བྱ་བ་ནི་ལན་ནོ། །དེ་ལྟར་མ་ཞི་ཞི་ཚུལ་སྟོན་པ་བུད་མེད་ཀྱི་གཡོ་སྒྱུ་ཡིན་ནོ་ཞེས་ཁ་ལ་སྨོད་པའོ། །དོན་ལ་ཡེ་ཤེས་ཞི་བའི་སྒྱུ་མས་སེམས་ཅན་འདྲེན་པར་བྱེད་པའོ། །ཞེས་བསྟོད་དོ། །བདག་གཉིས་མ་ཡིན་ཞིང་སྒྱུ་ཅན་མ་ཡིན་པ་ནི་བདག་མིན་ཞེས་པའོ། །འོ་ན་གང་ཡིན་ན་ལྷ་མོ་སྤྱན་མའོ། །སྤྱན་ཡིན་ན་ནི་གཡོ་དང་བཅས་ཞེས་བྱ་བ་ནི་བུད་མེད་ཀྱི་ཟུར་མིག་གིས་ལྟ་བའི་ཕྱིར་གཡོ་སྒྱུ་བཅས་པའོ་ཞེས་ཁ་ལ་སྨོད་པའོ། །དོན་ལ་ཡེ་ཤེས་ཀྱི་སྒྱུ་མས་སེམས་ཅན་འདྲེན་པའོ། །ཞེས་བསྟོད་དོ། །གོས་དཀར་མོ་ལ་ཅི་ཁྱོད་ཀྱི་དམ་ཚིག་གང་ཡིན་ཞེས་དྲི་བའོ། །ཟག་པ་མེད་པའི་བདེ་བའི་འདོད་ཆགས་ཆེན་པོའོ་ཞེས་བྱ་བ་ནི་ལན་ནོ། །འདོད་ཆགས་ཅན་ཡིན་པའི་ཕྱིར་སྨད་འཚོང་མ་ལ་ཅི་ཞིག་སྨྲར་ཡོད་ཅེས་ཁ་ལ་སྨོད་དོ། །དོན་ལ་ཟག་མེད་ཀྱི་ཡེ་ཤེས་སེམས་ཅན་ཐམས་ཅད་ལ་སྟེར་བར་བྱེད་པས་ན་དེ་ལས་ལྷག་པའི་སྨྲ་རྒྱུ་མེད་དོ་ཞེས་བསྟོད་དོ། །བདག་མིན་ནི་སྨད་འཚོང་མ་ཡིན་ཞིང་བདག་གཉིས་མ་ཡིན་པའོ། །འོ་ན་གང་ཡིན་ཞེ་ན་ལྷ་མོ་གོས་དཀར་མོའོ། །དེ་ལྟར་ན་ཐམས་ཅད་དཀར་བའི་ཕྱིར་དྲི་མའང་དཀར་རམ་ཞེས་ཁ་ལ་སྨོད་པའོ། །དོན་ལ་དྲི་མ་དཀར་བའི་ཕྱིར་དྲི་མ་མེད་པ་སྟེ་སྤང་བྱའི་ཚོགས་ཀྱི་དྲི་མ་མེད་དོ་ཞེས་བསྟོད་པའོ། །སྒྲོལ་མ་ལ་ཅི་ཁྱོད་ཀྱི་དམ་ཚིག་གང་ཡིན་ཞེ་ན་དབང་བྱེད་ཚེ་ཞེས་པ་ནི་ལན་ཏེ་སེམས་ཅན་ཐམས་ཅད་དབང་དུ་བྱེད་པའོ། །དེ་ལྟར་ན་གང་ཡང་མྱུར་དུ་འགུགས་པས་རྒྱལ་པོའི་བཙུན་མོའི་ཕོ་ཉ་ཡིན་ནོ་ཞེས་བྱ་བ་ནི་ཁ་ལ་སྨོད་པའོ། །དོན་ལ་སྤྲུལ་པ་དུ་མས་ནམ་མཁའི་མཐས་ཀླས་པའི་སེམས་ཅན་རྗེས་སུ་འཛིན་པའི་ཕོ་ཉ་ཡིན་ནོ་ཞེས་བསྟོད་དོ། །བདག་མིན་ནི་བཙུན་མོའི་ཕོ་ཉ་མ་ཡིན་པ་དང་བདག་གཉིས་མ་ཡིན་པའོ། །ཟུར་མིག་ནི་མི་གཡོ་བ་ལ་བོད་པའོ། །སྒྲོལ་མ་ནི་མིང་ངོ༌། །ཏཱ་རཱའི་སྒྲ་ལས་མིག་བཅོམ་པར་འགྲོ་བས་ན་སྒྲོལ་མ་མིག་ནི་བཅོམ་པའོ་ཞེས་ཁ་ལ་སྨོད་པའོ། །དོན་ལ་སྤང་བྱའི་ཚོགས་ཐམས་ཅད་བཅོམ་པ་ཡིན་ནོ་ཞེས་བསྟོད་པའོ། །ད་ནི་དེ་བཞིན་གཤེགས་པའི་ཐུགས་རྗེས་བསྐུལ་བའི་ཕྱིར་ཐོག་མར་སྒྲོལ་མས་གླེང་བསླང་བ་ནི་མིག་ཡོན་ཞེས་བོས་ནས་བདག་ཅག་ཐམས་ཅད་ནི་གཉིས་སུ་མེད་པའི་ཡེ་ཤེས་ཡོན་ཏན་བསམ་གྱིས་མི་ཁྱབ་པའི་ནོར་གྱིས་ཕྱུག་པའི་དཔལ་དང་ལྡན་པའོ། །ཞེས་བརྗོད་དོ། །རྡོ་རྗེ་མིག་ཡོན་པོས་སྨྲས་པ་དེ་ལྟར་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་ན་སེམས་ཅན་གྱི་དོན་མི་བྱེད་པ་ནི་ངོ་ཚ་མེད་པ་སྟེ་ངོ་ཚ་མེད་པའི་ཕྱིར་སྤངས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པའི་སངས་རྒྱས་མ་ཡིན་ནོ། །ཡང་ངས་སྤངས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པར་མཐོང་ཞིང་སྙིང་རྗེ་ཆེན་པོ་མངའ་ཡང་སེམས་ཅན་གྱི་དོན་མི་མཛད་པས་ན་མཐོང་དང་མི་མཐུན་ཞིང་ཡོན་ཏན་དང་ལྡན་ནོ་ཞེས་སྨྲས་ཀྱང་མི་ཕན་པས་ཉུང་ངུ་སྨྲོས་ཞེས་བྱ་བ་ཡིན་ནོ། །ཁྱད་པར་དུ་རིགས་ལྔའི་དེ་ཁོ་ན་ཉིད་ནི། དེ་ནས་རྡོ་རྗེ་མིག་ཡོན་པོས་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ་ཐ་མལ་གྱི་ཉོན་མོངས་པ་ལྔ་བཅོམ་ནས། ཡེ་ཤེས་ཆེན་པོ་ལྔར་སྒྱུར་བར་བྱེད་པའི་ཕྱིར་རྡོ་རྗེ་སེམས་དཔའ་ཞེ་སྡང་ཆེ། །ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །དམ་བཅའ་བ་བརྫུན་གྱི་ཚིག་ཏུ་བསྟན་པ་ནི་སྒོང་སྐྱེས་ཞེས་པ་མན་ཆོད་དེ། དེ་ལ་དོན་ནི་འདི་ཡིན་ཏེ་སྔར་སེམས་ཅན་གྱི་བསྡུ་བས་བསྡུས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ནས། བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་དེ་སེམས་ཅན་གྱི་དོན་བྱ་བར་དམ་བཅས་ན་ང་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་གྱི་དོན་ནུས་བཞིན་དུ་མི་མཛད་པ་བརྫུན་གསུང་ངམ། བརྫུན་གསུངས་ན་སངས་རྒྱས་གྲུབ་པ་ངོ་མཚར་རོ་ཞེས་བཏིང་བ་དང་བཅས་པས་ཐུགས་རྗེ་བསྐུལ་ལ་དེའི་ཕྱིར་སེམས་ཅན་གྱི་དོན་མཛོད་ཅིག་ཅེས་བྱ་བ་ཡིན་ནོ། །ཚིག་གི་དོན་ལྷག་མ་རྣམས་ནི་རྟོགས་པར་སླའོ། །ལེའུ་གཉིས་པ་ཤློ་ཀ་དྲུག་ཅུ་རྩ་དགུའི་རྣམ་པར་འགྲེལ་པ་བསྟན་ཟིན་ཏོ།། །།ད་ནི་ལེའུ་གསུམ་པ་བཤད་པར་བྱ་སྟེ། དེ་ལ་ལེའུ་གསུམ་པ་འདིའི་རྒྱུད་བཤད་ཐབས་ཀྱི་མན་ངག་ལས་བརྗོད་བྱའི་དོན་ནི་སྤྱི་ཡིན་ལ། རྡོ་རྗེའི་མིང་གསང་དབང་དང་འབྲེལ་ན་སྦས་པའང་འཇུག་གོ །རྗོད་བྱེད་ཀྱི་སྒྲ་ནི་ཡན་ལག་གི་དོན་ཡིན་ལ། མིང་གི་སྐབས་ནས་བསྡུས་པའི་དོན་ཅུང་ཟད་ཀྱང་འཇུག་པར་སྣང་ངོ༌། །མངོན་པར་རྟོགས་པ་ནི་གཏོར་མ་བར་ཆད་སྲུང་བའི་ཐབས་གཏོར་མ་ཉིད་དང་འབྲེལ་ལ། མིང་ནི་སྨིན་བྱེད་དང་འབྲེལ་ལོ། །རྩ་བའི་རྒྱུད་ཀྱི་གང་དུ་ཕན་འདོགས་ན་གཏོར་མ་ནི་ལེའུ་གཉིས་པ་དང༌། ཕྱི་མའི་བཞི་པའི་གཏོར་མ་གསལ་བར་བྱེད་ལ། མིང་ནི་ལེའུ་བཅུ་པ་དང་ཕྱི་མའི་གསུམ་པ་དང་ལྔ་པ་དང་བཅུ་གཉིས་པར་ཕན་འདོགས་སོ། །དེ་ལ་གཏོར་མའི་མངོན་པར་རྟོགས་པ་ནི་རྩ་བའི་རྒྱུད་དང་ཐུན་མོང་དུ་རྫས་ཀྱི་ཆོས་བཞི་དང༌། མགྲོན་གྱི་ཆོས་བཞི་དང༌། གཏོར་མ་དབུལ་བའི་ཆོས་བཞི་དང༌། མཇུག་གི་ཆོས་བཞི་ཞེས་བྱ་བར་བྱས་པ་མངོན་པར་རྟོགས་པ་བསྟན་ཟིན་པས་ན་དེ་འདིར་དྲན་པར་བྱའོ། །འདི་ཉིད་ཀྱི་གཞུང་དང་བསྟུན་པ་བསྟན་བཅོས་གཞན་ན་ཡང་སྣང་ཞིང་བླ་མའི་མན་ངག་གིས་བརྒྱན་པ་ནི་འདི་ཡིན་ཏེ་སཾ་པུ་ཊའི་བརྟག་པ་དགུ་པའི་གཉིས་པ་དང༌། འདི་ཉིད་ཀྱི་ལེའུ་དགུ་པའི་བདུད་རྩི་མྱང་བའི་སྐབས་ནས་འབྱུང་བ་བཞིན་ནམ། ཡི་གེ་གསུམ་གྱི་བྱིན་གྱིས་བརླབས་པ་ལ་སྟེང་གི་ཆོས་འབྱུང་གི་པདྨ་འདབ་བརྒྱད་ཀྱི་སྟེང་དུ་ཚངས་པ་ལ་སོགས་པ་ལྷའི་འགྲོ་བ་དང་ནམ་མཁའ་ལ་སྤྱོད་པ་ཐམས་ཅད་དགུག བར་གྱི་ཆོས་འབྱུང་གི་པདྨར་བརྒྱ་བྱིན་ལ་སོགས་པ་ཕྱོགས་སྐྱོང་རྣམས་དང་ས་སྟེངས་ན་སྤྱོད་པ་ཐམས་ཅད་དགུག ཆོས་འབྱུང་འོག་མའི་པདྨ་འདབ་བརྒྱད་ལ་ཀླུ་ཆེན་པོ་བརྒྱད་ངན་སོང་གསུམ་དང་བཅས་པ་ས་འོག་ན་སྤྱོད་པ་ཐམས་ཅད་དགུག དེ་རྣམས་ཐམས་ཅད་ཞུ་བ་ལས་སྟེང་དུ་ཨོྃ་དགུ་ལས་སྐུ་རྡོ་རྗེ་ལྷ་ཆེན་བརྒྱད་ཀྱིས་བསྐོར་བ་དཀར་པོ་རྣམ་པར་སྣང་མཛད་ཀྱི་དབུ་རྒྱན་ཅན་དང༌། བར་དུ་ཧཱུྃ་དགུ་ལས་ལྟེ་བར་ཐུགས་རྡོ་རྗེའམ་ལྷ་དགུའམ་ཞེ་དགུ་ཕྱོགས་སྐྱོང་བརྒྱད་ཀྱིས་བསྐོར་བ་ནག་པོ་མི་བསྐྱོད་པའི་དབུ་རྒྱན་ཅན་དང༌། འོག་ཏུ་ཨཱཿདགུ་ལས་གསུང་རྡོ་རྗེ་ཀླུ་ཆེན་བརྒྱད་ཀྱིས་བསྐོར་བ་དམར་པོ་འོད་དཔག་ཏུ་མེད་པའི་དབུ་རྒྱན་ཅན་ནོ། །ཐམས་ཅད་ཀྱང་རང་དང་འདྲ་བའི་རིག་མ་ལ་འཁྱུད་པ་རྡོ་རྗེ་དྲིལ་བུ་འཛིན་པའི་སངས་རྒྱས་སུ་བསྐྱེད་ལ། མཁའ་འགྲོ་མ་བཞིས་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཚོགས་སྤྱན་དྲངས་ལ་གཞུག་གོ །དེ་ནས་དབང་བསྐུར་ཡང་རུང་མ་བསྐུར་ཡང་རུང་སྟེ་མཆོད་ཡོན་ཞབས་བསིལ་ཕུལ་ལ་ཡི་གེ་གསུམ་གྱིས་གཏོར་མ་བཏང་སྟེ། འདོད་པའི་དོན་གསོལ་བ་བཏབ་ལ། ཡི་གེ་བརྒྱ་པ་བརྗོད་པས་བཟོད་པ་གསོལ་ཏེ་གཤེགས་སུ་གསོལ། གཏོར་མའོ། །མིང་གི་དབང་ནི་རིག་པའི་དབང་གི་དུས་སུ་ལྷ་གང་ལ་མེ་ཏོག་ཕོག་པའི་རིགས་ངོས་བཟུང་ནས་འདོགས་པ་ཡིན་ལ། གསང་དབང་ལ་འདོགས་ན་སློབ་དཔོན་ཕྱག་རྒྱ་དང་སྙོམས་པར་ཞུགས་པ་དང་སློབ་མ་གཅིག་ལོགས་སུ་ཨཱ་ལི་ཟློས་སུ་བཅུག་ལ། ཨཱ་ལི་གང་ལ་བྱང་ཆུབ་ཀྱི་སེམས་བབས་པ་དེའི་ལྷ་མོ་བཅོ་ལྔའི་རིགས་ངོས་བཟུང་ལ་དེ་དང་མཐུན་པའི་མིང་འདོགས་པ་ཡིན་ནོ། །དེ་ལ་བུམ་དབང་གི་དེ་ནི་དེ་སྐད་ཅེས་བྱ་བའི་དེ་བཞིན་གཤེགས་པར་འགྱུར་སྲིད་ལ་འདི་ནི་ངེས་པར་འགྱུར་བ་ཡིན་ནོ། །ཞེས་གསུང་ངོ༌། །དེ་ལ་སློབ་དཔོན་བིརྺ་པས་མཛད་པའི་གསང་བའི་དབང་གི་རབ་ཏུ་བྱེད་པ་ལས་སྐྱེས་པ་ལ་མིང་གི་རྣམ་གྲངས་ཉི་ཤུ་རྩ་གསུམ་དང་བུད་མེད་ལ་སུམ་ཅུ་སོ་གཅིག་རྣམས་ནི་དབང་གི་དུས་སུ་མིང་འདོགས་ལ་དེ་བཞིན་གཤེགས་པའི་མིང་རྣམས་ནི་མི་འདོགས་སོ། །དེ་ཡང་དང་པོ་ནས་བརྩམས་ཏེ་རིམ་པ་བཞིན་དུ་མི་བསྐྱོད་པ་དང༌། རྣམ་པར་སྣང་མཛད་དང༌། རིན་ཆེན་འབྱུང་ལྡན་དང༌། འོད་དཔག་ཏུ་མེད་པ་རྣམས་ལ་ནི་མིང་བཞི་བཞི་ཡིན་ལ་དོན་ཡོད་གྲུབ་པ་ལ་དྲུག་ཡིན་ནོ། །བུད་མེད་རྣམས་ཀྱིའང་མི་བསྐྱོད་པ་ནས་བརྩམས་ཏེ་མིང་དྲུག་དྲུག་ཡིན་ལ་དོན་ཡོད་གྲུབ་པ་ལ་བདུན་ཡོད་དོ། །སྐྱེས་པའི་མིང་གི་རིན་ཆེན་འབྱུང་ལྡན་གྱི་སྐབས་ན་གསང་བའི་དབང་གི་རབ་ཏུ་བྱེད་པ་ན་མེད་པའི་རྒྱུད་ན་པདྨ་ལྕགས་ཀྱུ་རྡོ་རྗེ་ཞེས་བྱ་བ་སྣང་བས་དེ་དང་ལྔ་ཡིན་ནོ། །དེ་ལ་གསང་བའི་དབང་ལ་གཞུང་དུ་བླ་མ་འགའ་ཞིག་གི་གསུང་ནི་ཐོག་མའི་གཞི་རྣམ་པར་སྣང་མཛད། དེ་ནས་རིན་འབྱུང་འོད་དཔག་མེད་དོན་ཡོད་གྲུབ་པ་མཐར་མི་བསྐྱོད་པར་གསུང་ན་བསྟན་བཅོས་གཞན་ནས་བཤད་པ་རྣམས་དང༌། དེ་མི་མཐུན་པས་རེ་ཞིག་དེ་བཞག་ལ་ཡི་གེའི་རིགས་བརྟགས་ཏེ་ཤེས་པར་བྱའོ། །རྒྱུད་རྐྱང་འདིའི་སྟེང་དུ་བླ་མ་རྣམས་ཀྱི་གསུང་ནི་སྐྱེས་པ་དང་བུད་མེད་རྣམས་ཀྱི་མིང་གི་རྣམ་གྲངས་རྣམས་ཀྱང་རིགས་སོ་སོར་གཞུང་ཉིད་ཀྱི་སྟེང་དུ་རྟོགས་པར་བྱ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་མིང་ཡང་འདོགས་ཏེ། དེ་ཡང་མི་བསྐྱོད་པ་ལ་བཅུ་གཅིག རྣམ་པར་སྣང་མཛད་ལ་བཅུ་བཞི། རིན་ཆེན་འབྱུང་ལྡན་དང་འོད་དཔག་མེད་ལ་བདུན་བདུན། དོན་ཡོན་གྲུབ་པ་ལ་བཅུ། རྡོ་རྗེ་སེམས་དཔའ་ལ་དགུ། རིགས་བསྡུས་པ་ལ་དྲུག་ཡིན་ཏེ། དེ་ཡང་དང་པོ་རྣམས་ནི་མེ་ཏོག་ཕོག་པ་ལས་དྲས་པའི་མིང་ཡིན་ལ་ཕྱི་མ་ནི་སངས་རྒྱས་ཉིད་ཀྱི་མིང་གི་རྣམ་གྲངས་ཡིན་པས་འདོགས་སོ་ཞེས་གསུངས་སོ། །ཚིག་དོན་ལྷག་མ་རྣམས་ནི་རྟོགས་པར་སླའོ། །ལེའུ་གསུམ་པ་ཚིགས་སུ་བཅད་པ་སུམ་ཅུ་སོ་དགུ་དང་རྐང་པ་གཅིག་གི་རྣམ་པར་འགྲེལ་པ་བསྟན་ཟིན་ཏོ།། །།ད་ནི་ལེའུ་བཞི་པ་བཤད་པར་བྱ་སྟེ་དེ་ལ་ལེའུ་བཞི་པ་འདིའི་རྒྱུད་བཤད་ཐབས་ཀྱི་མན་ངག་ལས་བརྗོད་བྱའི་དོན་ནི་སྤྱི་དང་སྦས་པ་མཐར་ཐུག་གསུམ་ལས་བརྟག་པའི་གྲངས་ལྟ་བུ་རྗོད་བྱེད་རྐྱང་པ་རྣམས་ནི་སྤྱི་དང་སྦས་པ་མཐར་ཐུག་གསུམ་ཀའི་ཐུན་མོང་ཡིན་ལ། ལྷག་མ་རྣམས་ནི་སྤྱིའི་དོན་དུ་བཤད་པ་གཙོ་ཆེ་ལ་རིམ་པ་གཉིས་ཀྱི་སྐབས་ན་སྦས་པ་ཅུང་ཟད་ཅིག་དང༌། གྲུབ་པའི་རྟགས་ཀྱི་སྐབས་ནས་མཐར་ཐུག་ཅུང་ཟད་ཅིག་བསྟན་ནོ། །རྗོད་བྱེད་ཀྱི་སྒྲ་ནི་ཡན་ལག་གི་དོན་གཙོ་ཆེ་ལ་མཁའ་འགྲོ་མའི་སྒྲ་བསྒྲུབ་པའི་སྐབས་ན་བསྡུས་པའི་དོན་གྱི་མན་ངག་དང་ཡི་གེའི་དོན་ཡང་ཅུང་ཟད་འཇུག་གོ །མངོན་པར་རྟོགས་པ་ནི་རྗོད་བྱེད་རྒྱུད་གསུམ་སྤྱིར་འགྲོ་ཡིན་ལ། རིག་པའི་དབང་ནི་སྨིན་བྱེད་ལྷག་མ་ཕལ་ཆེ་བ་རྣམས་ཀྱིས་ནི་བསྐྱེད་པའི་རིམ་པ་ཡན་ལག་དང་བཅས་པ་བསྟན་ཏོ། །བསྐྱེད་རིམ་བསྡུས་པའི་ཞར་ལ་རྫོགས་པའི་རིམ་པ་ཅུང་ཟད་ཅིག་ཀྱང་འབྱུང་ལ་འབྲས་བུ་གྲུབ་པའི་རྟགས་ཀྱང་ཅུང་ཟད་འབྱུང་ངོ༌། །ཁྲོ་བོ་བཅུའི་མངོན་པར་རྟོགས་པ་ནི་ལས་ཀྱི་ཚོགས་ཡིན་ནོ། །མཁའ་འགྲོ་མའི་སྒྲ་བསྒྲུབ་པ་ནི་རྒྱུད་གསུམ་སྤྱིར་འགྲོ་རྗོད་བྱེད་ཀྱི་ཁོངས་སུ་བསྡུའོ། །རྩ་བའི་རྒྱུད་ཀྱི་གང་དུ་ཕན་འདོགས་ཤེ་ན། རྗོད་བྱེད་ཀྱི་ཚོགས་ནི་རྒྱུད་རྒྱས་བསྡུས་ཀྱི་ཁྱད་པར་དང་བསྡུས་པའི་དགོས་པ་དང་བཅས་པའི་སྒོ་ནས་སྤྱིར་ཕན་འདོགས་སོ། །དབང་གིས་ནི་ལེའུ་བཅུ་པ་དང་ཕྱི་མའི་གསུམ་པ་དང་ལྔ་པ་དང་བཅུ་གཉིས་པ་གསལ་བར་བྱེད་དོ། །ཁྲོ་བོ་བཅུ་ནི་ལེའུ་གཉིས་པའི་མ་ཚང་བ་ཁ་སྐོང་ཡིན་ནོ། །ལྷག་མ་རྣམས་ཀྱིས་ནི་ལེའུ་གསུམ་པ་དང་བཞི་པ་དང་བརྒྱད་པ་དང་ཕྱི་མའི་ལེའུ་ལྔ་པ་ལ་སོགས་པ་བསྐྱེད་པའི་རིམ་པའི་ཕྱོགས་རྣམས་ཤིན་ཏུ་གསལ་བར་བྱེད་པའི་སྤྱིའི་དོན་ཏོ། །གཞུང་གི་དོན་ལས་ཐོག་མར་བརྟག་པའི་གྲངས་ལ་སོགས་པ་རྗོད་བྱེད་ཀྱི་སྒྲའི་ཚོགས་ཀྱི་དོན་ནི་འདི་ཡིན་ཏེ། རྒྱུད་རྒྱས་པ་བརྟག་པ་ན་སུམ་ཅུ་ཐམ་པ་ལེའུ་ན་སྟོང་ཕྲག་སུམ་ཅུ་ཤློ་ཀ་འབུམ་ཕྲག་ལྔར་སྟོང་ཕྲག་བརྒྱད་བརྒྱས་མ་ཚང་བ་བསྟན་པ་དེ་མ་འོངས་པ་ལ་མཁོ་བའི་ཡན་ལག་ཏུ་མ་གྱུར་ན་བསྡུས་པའི་རྒྱུད་དགོས་པ་དང་བཅས་པ་གསུངས་པ་ཡིན་ནོ། །སྟོང་བརྒྱད་བརྒྱར་མ་ཚང་བ་ཅིའི་ཕྱིར་ཞེ་ན་རྩ་བའི་རྒྱུད་བསྡུས་པ་འདི་ལ་བརྟག་པ་ན་གཉིས་ལེའུ་ན་ཉི་ཤུ་རྩ་གསུམ་ཤློ་ཀ་ན་བདུན་བརྒྱ་དང་བདུན་ཅུ་རྩ་བདུན་བཞུགས་པ་ལས་མཇུག་ཏུ་ཤློ་ཀ་ཉི་ཤུ་རྩ་བདུན་ནི་མ་ཚང་བ་ཡིན་ནོ། །རྩ་རྒྱུད་རྒྱས་བསྡུས་གཉིས་ཀྱི་དོན་བསྡུས་ཤིང་གསལ་བར་བྱེད་པ་རྡོ་རྗེའི་གུར་འདི་ལ་བརྟག་པ་ན་གཅིག་ལེའུ་ན་བཅོ་ལྔ་ཤློ་ཀ་ན་སྟོང་ཉི་ཤུ་རྩ་ལྔ་བཞུགས་སོ། །དེ་ལྟར་ན་རྒྱུད་གཉིས་པོ་འདི་དང་བཅས་པས་ཤློ་ཀ་འབུམ་ཕྲག་ལྔར་ཚང་བ་ཡིན་ཏེ་གསུམ་ཀ་ལའང་རྩ་བའི་རྒྱུད་ཅེས་བྱ་ལ། འདིའི་རྒྱུད་ཕྱི་མ་ནི་ཕྱག་རྒྱ་ཆེན་པོ་ཐིག་ལེ་ཡིན་ནོ། །ཞེས་ཐིག་ལེ་སྐོར་གྱི་རྒྱུད་ལས་འབྱུང་ངོ༌། །དེའང་དཔེར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་ནི་ཤློ་ཀ་འབུམ་འགྱུར་རེ་སྐན་གྱིས་ཚང་ཞིང༌། ཉི་ཁྲི་ལྔ་སྟོང་ནི་བྱམས་ཞུས་དང་རྟག་ཏུ་ངུས་ཚང་ཞིང་ཁྲི་བརྒྱད་སྟོང་པ་ནི་སྡུད་པས་ཚང་བས་ན་སློབ་དཔོན་དབྱིག་གཉེན་གྱི་འབུམ་ཊཱིཀ་དུ་གྲགས་པའི་གཞུང་འགྲེལ་ལས། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པའི་བཤད་པ་ཡོངས་སུ་རྫོགས་ནས། ཉི་ཁྲི་ལྔ་སྟོང་པའི་བཤད་པ་ལ་འཇུག་པར་བྱ་སྟེ་ཞེས་ཟེར་ནས་བྱམས་ཞུས་དང་རྟག་ཏུ་མུ་བཤད་ལ། སྡུད་པ་ནི་ཀུན་གྱི་དོན་བསྡུས་ཡིན་པས་ཤློ་ཀ་ཁྲི་བརྒྱད་སྟོང་དུ་ཚང་བར་བྱེད་པ་ཡིན་པས་ན་དེ་ལྟར་ཉི་ཁྲི་ལྔ་སྟོང་པའི་བཤད་པ་ཚང་བར་བྱས་ནས་ཁྲི་བརྒྱད་སྟོང་པའི་རྣམ་པར་བཤད་པ་ལ་འཇུག་པར་བྱ་སྟེ་ཞེས་ཟེར་ནས་སྡུད་པའི་འགྲེལ་པ་བྱས་པ་བཞིན་དུ། འདིར་ཡང་རྒྱུད་གཉིས་པོ་འདི་རྒྱུད་རྒྱས་པའི་དོན་བསྡུས་རྩ་བ་དང་བཤད་པའི་རྒྱུད་རང་དབང་ཅན་ཡིན་ཡང་ཤློ་ཀ་སྟོང་བརྒྱད་བརྒྱ་དང་གཉིས་ཀྱིས་འབུམ་ཕྲག་ལྔར་ཚང་བས་ན་འབུམ་ལྔ་ཞེས་བྱ་བའི་ཁོངས་སུ་ཡང་འདུ་བས་རྩ་བའི་རྒྱུད་ཡིན་ལ་ཕྱག་རྒྱ་ཆེན་པོ་ཐིག་ལེ་ནི་རྒྱུད་ཕྱི་མ་ཡིན་ནོ། །ཚིག་གི་དོན་རྣམས་ནི་རྟོགས་པར་སླའོ། །རིགས་ལྔའི་བསྒོམ་པའི་གནས་དང་ཕྱག་རྒྱ་རྣམ་པར་རྒྱལ་བ་ལས་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་བསྡུས་པ་དང་སྐུའི་ཕྱག་རྒྱའི་དེ་ཁོ་ན་ཉིད་དང་དེས་ན་མཁའ་འགྲོ་མའི་རྒྱུད་དུ་བསྟན་པའང་རྟོགས་པར་སླའོ། །མཁའ་འགྲོ་མའི་སྒྲ་བསྒྲུབ་པའི་སྐབས་སུ་ཌེ་བཻ་ཧ་ཡ་ས་ག་མ་ནེ་ཞེས་བྱ་བ་ཡི་གེ་བརྒྱད་ལ་སྒྲའི་བྱིངས་ཞེས་བྱ། ཌཻ་བཻ་རིང་པོ་རེ་ནི་མིང་ཡིན་པས་ན་གུ་གུར་གཏང་བ་ནི་རྟགས་ཞེས་བྱ། དེ་ག་དང་ན་ལ་སྦྱིན་པ་ནི་བྱེད་པའི་ཚིག་ཅེས་བྱ། དང་པོའི་ཡི་གེ་དང་གུ་གུ་བྱིན་པ་ཀི་དང་ནི་གཉིས་མ་གཏོགས་པ་ལྷག་མའི་ཡི་གེ་ལྔ་ཕྱིས་པ་ནི་ཉེ་བར་བསྒྱུར་བ་ཞེས་བྱའོ། །དེ་ལྟར་ན་ཌཱ་ཀི་ནཱིར་འགྱུར་ཏེ་མཁའ་འགྲོ་མ་ཡིན་ནོ་ཞེས་གསུང་སྟེ་སྒྲ་ཤེས་པ་རྣམས་མ་གཏོགས་པ་གཞན་གྱིས་རྟོགས་པར་དཀའོ། །ཡང་འདི་སྐད་གསུང་སྟེ་རྡོ་རྗེ་ངེས་པར་བརྗོད་པའི་བླ་མ་ཞེས་བྱ་བའི་རྒྱུད་ལས་སངས་རྒྱས་ལ་ཌཻ་བཻ་ཧ་ཡ་ཞེས་ཟེར་ལ་ཌཻའི་སྒྲ་ལས་སངས་རྒྱས་དང་དུས་ཀུན་དང་ཕྱོགས་ཀུན་ཏུ་ཞེས་བྱ་བ་ཡིན་ནོ། །བཻའི་སྒྲ་ལས་གནས་ནམ་མཁར་ཞེས་བྱ་བ་ཡིན་ནོ། །ཧའི་སྒྲ་ལས་ལོངས་སྤྱོད་པར་ཞེས་བྱ་བ་ཡིན་ནོ། །ཡའི་སྒྲ་ལས་གྲུབ་པ་ཞེས་བྱ་བ་ཡིན་ཏེ་ཇི་ལྟར་འདོད་པ་གྲུབ་པ་ཞེས་བྱ་བ་ཡིན་ནོ། །དེ་བས་ན་ཆོས་ཀྱི་སྐུ་ནམ་མཁའ་ལྟར་ཅིར་ཡང་མི་དམིགས་པའི་ཚུལ་གྱིས་ལོངས་སྤྱོད་ལ་ལོངས་སྤྱོད་རྫོགས་པའི་སྐུ་ནི་སངས་རྒྱས་ཀྱི་ཞིང་ནམ་མཁའ་ལྟར་ཡངས་པ་ནམ་མཁའ་ལ་སྤྲུལ་ནས་ཇི་ལྟར་འདོད་པ་ནམ་མཁའ་ལ་ལོངས་སྤྱོད་པ་ཡིན་ནོ། །སྤྲུལ་པའི་སྐུ་ནི་རྫུ་འཕྲུལ་གྱིས་ནམ་མཁའ་ལ་འགྲོ་ཞིང་ཅི་འདོད་པ་ནམ་མཁའ་ལ་སྤྲུལ་ནས་སེམས་ཅན་གྱི་བསམ་པ་འགེངས་པ་ཡིན་ནོ། །དེས་ན་སངས་རྒྱས་ནི་ཐམས་ཅད་ཀུན་ཏུ་ནམ་མཁར་སྤྱོད་པ་གྲུབ་པས་ན་མཁའ་འགྲོ་མར་རབ་ཏུ་གྲགས་སོ། །ཞེས་བྱ་བའི་དོན་ཏོ། །མཁའ་འགྲོ་མའི་རྒྱུད་གསུང་བ་འཐད་པ་དང་བཅས་པའི་སྐབས་སུ་བྱམས་པ་ལ་སོགས་པས་འདྲི་བའི་དོན་ནི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ནས་བྱང་ཆུབ་ཀྱི་སེམས་སྔོན་དུ་འགྲོ་བས་སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་ཀྱིས་ཕན་པ་འབའ་ཞིག་བྱ་བ་དང༌། མི་ཚངས་པར་སྤྱོད་པའང་སྤང་བར་གསུངས་ལ་རྒྱུད་འདིར་གདུག་པ་ཅན་བསྒྲལ་བ་དང་ཕྱག་རྒྱར་བསྟེན་པར་གསུངས་པ་མི་འགལ་ལམ་ཞེ་ན། མི་འགལ་ཏེ་གདུག་པ་ཅན་བསྒྲལ་བ་ནི་སྙིང་རྗེ་ཆེན་པོ་ཉིད་ཀྱི་སྤྱོད་པ་སྟེ་དེད་དཔོན་སྙིང་རྗེ་ཆེན་པོ་བཞིན་ནོ། །རང་གི་ཡེ་ཤེས་བསྐྱེད་པའི་ཕྱིར་ཕྱག་རྒྱ་བསྒྲུབ་པ་ལ་སྐྱོན་མེད་ལ། ཕ་རོལ་ཏུ་ཕྱིན་པ་ཡང་གཞན་དོན་དུ་སྙིང་རྗེ་ཆེན་པོའི་ཕྱིར་ཡང་ཉེས་པ་མེད་དེ། བྲམ་ཟེའི་ཁྱེའུ་སྐར་མ་བཞིན་ནོ། །དེས་ན་ཕ་རོལ་ཏུ་ཕྱིན་པ་བས་ཤིན་ཏུ་གསལ་བར་བསྟན་པའི་ཕྱིར་རྒྱུད་འདི་མཆོག་ཏུ་གྱུར་པ་ཡིན་ནོ་ཞེས་ཤེས་པར་བྱའོ། །ལྷག་མ་རྣམས་ནི་རྟོགས་པར་སླའོ། །དེ་ལྟར་གསུངས་པས་དེ་ལ་བདག་མེད་མ་དགྱེས་པས་སྒྲུབ་པའི་ཐབས་གསུངས་པ་ནི། སངས་རྒྱས་རྡོ་རྗེ་སེམས་དཔའ་དང༌། །ཞེས་བྱ་བ་ལ་སོགས་པ་སྟེ། རིགས་ལྔའི་རྣལ་འབྱོར་གྱིས་ཀྱང་ལྟ་བ་བདག་མེད་པ་དང་རྣམ་པ་བདག་མེད་པ་སྤངས་ན་མི་འགྲུབ་སྟེ། བདག་གིས་སྤངས་ན་མི་འགྲུབ་སྟེ། །ཞེས་གསུངས་པའི་དོན་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ང་ཉིད་སངས་རྒྱས་ཐམས་ཅད་སྐྱེད་པར་བྱེད་པའི་ཡུམ་གྱི་གཟུགས་ཡིན་ནོ་ཞེས་བྱ་བ་སྟེ་བདག་མེད་པའི་ལྟ་བ་དང་རྣམ་པ་ལྷ་མོའི་སྐུའོ། །དེ་ལྟར་བསྒོམ་ན་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་འགྲུབ་བོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་པདྨ་རབ་སྦྱོར་བ། །ཞེས་བྱ་བ་ལ་སོགས་པ་ནི་འདུ་ཤེས་གསུམ་དང་ལྡན་པའི་ཚུལ་གྱིས་རྫོགས་པའི་རིམ་པ་དཀྱིལ་འཁོར་འཁོར་ལོ་བསྒོམ་པ་ཡིན་ཏེ། ཕྱག་རྒྱའི་ལམ་གྱི་མངོན་རྟོགས་ནི་གོང་དུའང་བསྟན་ཟིན་ལ་འོག་ཏུའང་བསྟན་ཏོ། །སྔགས་དང་བཅས་པའི་བདག་མེད་མའི་མངོན་པར་རྟོགས་པ་ནི་འོག་ཐུན་མོང་གི་སྐབས་སུའང་ཤེས་པར་ནུས་ལ་ལེའུ་བཅུ་གཉིས་པའི་སྐབས་སུ་ཡང་སྟོན་མོད་ཀྱི་ཅུང་ཟད་ཙམ་ཞིག་བརྗོད་ན། སྔོན་དུ་ཚོགས་གཉིས་བསག་པ་དང་སྲུང་བའི་འཁོར་ལོ་བསྒོམ་པ་དང་གཞལ་ཡས་ཁང་བསྐྱེད་པ་དང༌། མངོན་བྱང་ལྔའི་ཆོ་ག་རྣམས་ནི་ལེའུ་བཅུ་གཉིས་པ་ནས་འབྱུང་བ་བཞིན་བྱ། དེ་ནས་མངོན་བྱང་ལྔ་ལས་སྟེང་འོག་གི་ལྷ་མོ་སྤངས་པའི་ལྷ་མོ་བཅུ་གསུམ་དམ་ཚིག་པ་བསྐྱེད་སྐྱེ་མཆེད་སྐུ་གསུང་ཐུགས་བྱིན་གྱིས་བརླབ། ཡེ་ཤེས་པ་གཞུག དབང་བསྐུར་ནས་རིགས་ཀྱི་བདག་པོའི་རྒྱས་གདབ། མཆོད་བསྟོད་བདུད་རྩི་མྱང་བ་བྱས་ལ་རྫོགས་པའི་རིམ་པ་བསྒོམ་པའམ་བཟླས་པ་བྱས་ལ་སྤྱོད་ལམ་ལ་སོགས་པ་བྱས་ན་གཞུང་ནས་འབྱུང་བའི་ཕན་ཡོན་རྣམས་འབྱུང་ངོ༌། །ལྷག་མ་གཞན་རྣམས་ནི་རྟོགས་པར་སླའོ། །ད་ནི་དབང་བསྐུར་བའི་མངོན་པར་རྟོགས་པ་ནི་འདི་ཡིན་ཏེ། ཐོག་མར་འོག་ལེའུ་བརྒྱད་པ་ནས་འབྱུང་བའི་རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པ་ལ་དབང་དང་བསྙེན་པའི་དོན་དུ་གསོལ་བ་བཏབ་ནས་རྩ་བའི་རྒྱུད་ནས་འབྱུང་བ་བཞིན་བསྙེན་པ་བྱའོ། །དེ་ནས་ལེའུ་བརྒྱད་པ་དང་བཅུ་བཞི་པ་ནས་འབྱུང་བའི་ཚུལ་གྱིས་ས་ཆོག་བྱ། དེ་ནས་སའི་ལྷ་མོའི་སྟ་གོན་ནི་ས་ཆོག་དང་མཐུན་ལ། བུམ་པ་སྟ་གོན་རབ་གནས་དང་ཐུན་མོང་ལེའུ་དགུ་པ་ནས་འབྱུང་ངོ༌། །ལྷ་དང་སློབ་མ་སྟ་གོན་ནི་རྒྱུད་འདི་ན་མི་སྣང་བས་རྒྱུད་གཞན་གྱིས་ཁ་སྐོང་ངོ༌། །དེ་ནས་ལེའུ་གཉིས་པ་ནས་འབྱུང་བའི་དཀྱིལ་འཁོར་གྱི་ཚད་དང༌། བརྒྱད་པ་ནས་འབྱུང་བའི་ཐིག་དང་ཚོན་དང༌། གཉིས་པ་ནས་འབྱུང་བའི་ཚོན་གྱི་ཁ་དོག་དང༌། དགུ་པ་ནས་འབྱུང་བའི་ལྷའི་གནས་ཀྱི་དབྱིབས་དང༌། བརྒྱད་པ་ནས་མཚན་མ་དགོད་པ་ཅུང་ཟད་ཅིག་ཀྱང་འབྱུང་བའི་ཚུལ་གྱིས་མཚན་མ་དགོད་དེ་བྲི་ཞིང་རྒྱན་དགྲམ་པའོ། །དེ་ནས་རྩ་བའི་རྒྱུད་དང་མཐུན་པར་དཀྱིལ་འཁོར་བསྒྲུབས་ལ་ལེའུ་གཉིས་པ་དང་ལྔ་པ་དང་བརྒྱད་པ་དང་བཅུ་བཞི་པ་ནས་འབྱུང་བའི་ཚུལ་གྱིས་དཀྱིལ་འཁོར་མཆོད་པར་བྱ་སྟེ་སྒྲུབ་ཅིང་མཆོད་པའོ། །དེ་ནས་སློབ་དཔོན་བདག་ཉིད་འཇུག་པ་དང་སློབ་མ་འཇུག་པའི་ཆོ་ག་རྒྱས་པར་བྱ་སྟེ་རྩ་བའི་རྒྱུད་དང་རྩ་བའི་རྒྱུད་ཀྱི་དེ་ཉིད་བསྡུས་པར་ཁ་འཕངས་པ་བཞིན་དུ་རྒྱས་པ་བྱའོ། །དེ་ནས་ལེའུ་བཞི་པ་འདི་ཉིད་ནས་དབང་གི་ཆོ་ག་རྒྱས་པར་འབྱུང་བ་ཡིན་ལ་ཐུན་མོང་མ་ཡིན་པའི་དབང་བཞི་ནི་ལེའུ་བདུན་པས་ཤེས་པར་བྱ་ཞིང༌། གསང་བ་དང་ཤེས་རབ་ཡེ་ཤེས་ནི་བཅུ་བཞི་པ་ནས་ཀྱང་ཅུང་ཟད་འབྱུང་ལ། དབང་བསྐུར་བ་སྤྱིའི་སྡོམ་ལེའུ་བཅོ་ལྔ་པ་ནས་འབྱུང་བ་བཞིན་བསྐུར་བར་བྱའོ། །དབང་བསྐུར་བར་གསོལ་བ་གདབ་པ་ལེའུ་བརྒྱད་པ་ནས་འབྱུང་བ་བཞིན་བྱ་ཞིང་ཡོན་དབུལ་བ་ལེའུ་དགུ་པ་ནས་འབྱུང་བ་བཞིན་བྱའོ། །དབང་གི་མངོན་པར་རྟོགས་པ་མདོར་བསྡུས་པའོ། །འདིར་རིག་པའི་དབང་གི་མངོན་པར་རྟོགས་པ་ནི་འཁོར་གསུམ་ཡོངས་སུ་དག་པ་མི་དམིགས་པ་བཞི་ཞེས་བྱ་བ་འདི་ནི་མན་ངག་སྟེ་བདག་དང་སློབ་མ་དབང་རྫས་གསུམ་ནི་འཁོར་གསུམ་མོ། །ཡོངས་སུ་དག་པ་བཞི་ནི་ཡན་ལག་བཞི་རྫོགས་ཏེ་བདག་དང་སློབ་མ་དབང་རྫས་གསུམ་ཀ་སྟོང་པའི་ངང་ལས་པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། རིགས་ལྔ་སོ་སོའི་ས་བོན་དང་ཕྱག་མཚན་ལས་རིགས་ལྔ་སོ་སོ་ཞལ་བརྒྱད་ཕྱག་བཅུ་དྲུག་པ་རང་རང་གི་ཕྱག་རྒྱ་དང་བཅས་པ། ལེའུ་ལྔ་པ་དང་དགུ་པ་ནས་འབྱུང་བའི་ཚུལ་དུ་བསྐྱེད་པ་ནི་དམ་ཚིག་སེམས་དཔའ་བསྐྱེད་པ་བསྙེན་པའི་ཡན་ལག སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་ནི་ཉེ་བར་སྒྲུབ་པ། ཡེ་ཤེས་འཁོར་ལོ་དགུག་གཞུག་བྱ་བ་ནི་སྒྲུབ་པ། དེ་ནས་སློབ་མ་བཞག་ལ་བདག་དང་དབང་རྫས་གཉིས་ཀ་དབང་བསྐུར་ནས་རིགས་ཀྱི་བདག་པོའི་རྒྱས་གདབ་པ་ནི་སྒྲུབ་པ་ཆེན་པོ། དེ་ནས་བདག་གི་དམིགས་པ་བརྟན་པར་བྱས་ནས་དབང་རྫས་ཀྱི་ལྷ་ཞུ་བ་ལས་བུམ་པ་ལ་སོགས་པའི་དབང་རྫས་ཉིད་དུ་འགྱུར་བར་བྱས་ལ་ནམ་མཁའ་ནས་དེ་བཞིན་གཤེགས་པ་རིག་མ་ལྷ་མོ་བྱང་ཆུབ་སེམས་དཔའ་རྡོ་རྗེ་ཁྲོ་བོ་རྣམས་ཀྱིས་སློབ་མ་ལ་དབང་བསྐུར་བར་བསམ་ཞིང་དངོས་སུ་སློབ་དཔོན་གྱིས་དབང་རྫས་རྣམས་ཐོགས་ལ་བསྐུར་བར་བྱའོ། །ཐམས་ཅད་དུའང་བུམ་པའི་ཆུས་དབང་བསྐུར་ལ་ཆུ་ལྷག་མ་ཡར་ལུད་པ་ལས་རང་རང་གི་རིགས་ཀྱི་བདག་པོའི་རྒྱས་གདབ་ཅིང་མཆོད་པ་ལྔས་མཆོད་ལ། བཤད་པ་ལྔ་བྱ་བ་ནི་དེ་ལྟར་དབང་ལྔ་ཐོབ་པས་ཕུང་པོ་ལྔ་དང་ཉོན་མོངས་པ་ལྔའི་དྲི་མ་སྦྱངས་ནས་ཡེ་ཤེས་ལྔ་དང་སངས་རྒྱས་ལྔའི་བག་ཆགས་བཞག་གོ །ཞེས་སོ་སོའི་བཤད་པ་བྱའོ། །དེ་ལ་རྡོ་རྗེ་སློབ་དཔོན་ནི། རྡོ་རྗེ་སེམས་དཔས་དབང་བསྐུར་བྱ། །ཞེས་འབྱུང་བས་མི་བསྐྱོད་པའི་ང་རྒྱལ་མ་འཕོས་ཀྱང་བཏུབ་ལ་མིང་གི་དབང་ལ་ནི་དབང་རྫས་མི་དགོས་སོ། །དེ་ནས་རྡོ་རྗེའི་བརྟུལ་ཞུགས་སྦྱིན་པར་བྱའོ། །དེ་ནས་ཐུན་མོང་མ་ཡིན་པ་རྡོ་རྗེ་སློབ་དཔོན་གྱི་དབང་ལ། རྡོ་རྗེ་སྦྱིན་པའི་ཚིགས་སུ་བཅད་པ་དང་དྲིལ་བུའི་དེ་ཁོ་ན་ཉིད་གཉིས་ནི་གཞུང་འདི་ན་མེད་པས་ཁ་བསྐང་དགོས་ལ། རྡོ་རྗེའི་དེ་ཁོ་ན་ཉིད་དང་དྲིལ་བུ་གཏད་པ་གཉིས་གཞུག་པར་བྱས་ལ། དེ་ནས་བརྟུལ་ཞུགས་དམ་ཚིག་གསུམ་གྱི་ཚུལ་གྱིས་བདུན་པ་བུམ་པའི་དབང་རྒྱས་པར་སྦྱིན་ཏེ་ལེའུ་བདུན་པ་དང་རྩ་བའི་རྒྱུད་ལས་ཀྱང་གསུངས་པས་གསལ་བར་བྱས་པའོ། །གཞུང་འདིས་མངོན་པར་རྟོགས་པ་དོན་བསྡུས་པ་སྟེ་དེ་ལྟར་གོ་ན་ཚིག་གི་དོན་ནི་རྟོགས་པར་སླའོ། །ད་ནི་བསྐྱེད་པའི་རིམ་པ་མཐའ་དག་གི་མངོན་པར་རྟོགས་པ་དོན་བསྡུས་པའི་དོན་བཤད་པར་བྱ་སྟེ། དེ་ལ་དབང་དང་དམ་ཚིག་ཐོབ་པའི་སྔགས་པ་ལས་དང་པོ་པས་ལེའུ་བཅུ་གཉིས་པ་ནས་འབྱུང་བའི། མེ་ཏོག་འབྲས་བུས་བརྒྱན་པ་དང༌། །རི་ཁྲོད་དང་ནི་སྨན་ལྗོངས་སུ། །རྡོ་རྗེ་སྐྱིལ་ཀྲུང་བཅས་ནས་ནི། །བླ་མ་སངས་རྒྱས་མཆོད་པར་བྱ། །ཞེས་བྱ་བ་དང༌། སེམས་བརྟན་པ་ཐོབ་པས་ལེའུ་བཞི་པ་འདི་ཉིད་ཀྱི། སྙིང་རྗེ་ཆེན་པོ་ཀྱེ་རྡོ་རྗེ། །ང་ནི་དུར་ཁྲོད་ཆུ་འགྲམ་དང༌། །ཞེས་བྱ་བ་ལ་སོགས་པ་རིགས་དང་མཐུན་པའི་གནས་སུ་གནས་ལ་སྙིང་གར་རང་རང་གི་ས་བོན་ལ་ཚོགས་ཀྱི་ཞིང་བླ་མ་དང་རིགས་རྐྱང་བསྡུས་གང་བསྒོམས་པའི་དཀྱིལ་འཁོར་གྱི་འཁོར་ལོ་སྤྱན་དྲངས་ལ་རྩ་བའི་རྒྱུད་ནས་འབྱུང་བའི་མཆོད་པའམ། ལེའུ་གཉིས་པའི་རིགས་དང་རྗེས་སུ་མཐུན་པའི་མཆོད་པས་མཆོད་པ་ནི། བླ་མ་རྡོ་རྗེ་རྣམས་མཆོད་ཅིང༌། །ཞེས་བྱ་བའི་དོན་ཡིན་ནོ། །བདུན་པོ་ཡོངས་སུ་དག་པར་བྱ། །ཞེས་བྱ་བ་ནི་སྡིག་པ་བཤགས་པ་དང༌། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང༌། སྐྱབས་སུ་འགྲོ་བ་དང༌། དོན་དམ་བྱང་ཆུབ་ཀྱི་སེམས་དང༌། སྨོན་པ་དང༌། འཇུག་པ་དང༌། ཡོངས་སུ་བསྔོ་བ་དང་བདུན་ཡིན་ནོ། །བྱང་ཆུབ་སེམས་ནི་བསྐྱེད་ནས་སུ། །ཞེས་བྱ་བ་ནི་ཚད་མེད་བཞི་དང་སྟོང་པ་ཉིད་བསྒོམ་པའོ། །དེ་ལྟར་སྔོན་དུ་འགྲོ་བ་ཚོགས་གཉིས་བསགས་ནས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྲུང་བའི་འཁོར་ལོ་བསྒོམས་ཏེ་དེའི་ནང་དུ་ཆོས་ཀྱི་འབྱུང་གནས་རྣམ་པར་བསམ་པ་ནི་གཞིའི་ཡན་ལག དེ་ནས་རྒྱུའི་ཡན་ལག་དང་རྐྱེན་གྱི་ཡན་ལག་ལས་གཞལ་ཡས་ཁང་བསྒོམ་པ་ནི། དེ་ལ་སངས་རྒྱས་གནས་བསམས་ནས། །ཞེས་བྱ་བ་སྟེ་གཞལ་ཡས་ཁང་བསྐྱེད་པ་རྣམ་པར་སྣང་མཛད་ཀྱི་ཡན་ལག་གོ །དེ་ནས་ཡན་ལག་གཉིས་པ་རྗེས་སུ་ཆགས་པ་རྡོ་རྗེ་སེམས་དཔའི་ཡན་ལག་ལས་དམ་ཚིག་སེམས་དཔའ་བསྐྱེད་པའི་རྒྱུ་རྡོ་རྗེ་འཛིན་པ་བསྐྱེད་པ་ནི། རྣམ་པ་ལྔ་ནི་བསྒོམ་པར་བྱ། །དང་པོ་སྐྱེས་བུ་བསམས་ཞེས་བྱ་བ་སྟེ་རིགས་རྐྱང་བསྡུས་ཀྱི་དབྱེ་བས་མངོན་པར་བྱང་ཆུབ་པ་ཚན་པ་ལྔའམ་གཅིག་གིས་རྒྱུ་རྡོ་རྗེ་འཛིན་པ་དཀར་པོ་ལྔའམ་གཅིག་བསྐྱེད་པ་དེ་ཡན་ལག་བདུན་པ་ནས་རྒྱུ་རྡོ་རྗེ་འཛིན་པའི་མངོན་བྱང་ལྔ་ཡན་ཆད་ལེའུ་བཅུ་གཉིས་པ་ན་ཤིན་ཏུ་གསལ་བར་བཞུགས་སོ། །དེ་ནས་མཁའ་གསང་བྱིན་གྱིས་བརླབས་ནས་སྙོམས་པར་ཞུགས་ཏེ་དེ་བཞིན་གཤེགས་པའི་ཚོགས་སྤྱན་དྲངས་ནས་ཞུ་བར་གྱུར་པ་ལས་དབང་གི་གནས་སུ་རང་རང་གི་ལྷ་མོ་རྣམས་ཀྱི་མིང་གི་ཡི་གེ་དང་པོ་ལས་རང་རང་གི་ལྷ་མོ་རྣམས་བསྐྱེད་ནས་རང་རང་གི་གནས་སུ་ཕྱུང་ལ་གསལ་གདབ་པ་ནི། མཁའ་འགྲོ་མ་ཡི་འཁོར་ལོ་སྤྲོ། །ཞེས་བྱ་བ་ཡིན་ནོ། །དེ་དག་ལས་དཀྱིལ་འཁོར་གྱི་རྒྱ་ཁྱོན་ནི་ལེའུ་དྲུག་པ་ནས་འབྱུང༌། དཀྱིལ་འཁོར་གྱི་བཀོད་པ་དང་ལྷའི་གྲངས་ནི་ལེའུ་དང་པོ་ནས། གཙོ་བོ་རྣམས་ཀྱི་སྐུ་མདོག་དང་ཕྱག་མཚན་ནི་ལེའུ་བཞི་པ་དང་ལྔ་པ་དང་དགུ་པ་ནས། ཧེ་རུ་ཀ་གསུམ་གྱི་རྣམ་པ་ནི་བཅོ་ལྔ་པའི་སྟོད་ནས་འཁོར་གྱི་ལྷ་མོ་རྣམས་ཀྱི་ཕྱག་མཚན་དག་པ་དང་བཅས་པ་ནི་ལེའུ་བཞི་པ་ལས་གསུངས་སོ། །དེ་ལྟ་བུའི་རིགས་རྐྱང་བསྡུས་དང་བསྡུས་པ་རྒྱས་བསྡུས་ཀྱི་དབྱེ་བ་ནི་ལེའུ་ལྔ་པ་ནས་འབྱུང་བས་མངོན་པར་རྟོགས་པའང་དེར་བཤད་པར་བྱའོ། །དེ་ནས་རྒྱུ་རྡོ་རྗེ་འཛིན་པ་འོད་དུ་ཞུ་བ་ནི་ཡི་གེ་གསུམ་ཧོ་གཉིས་ཀྱིས་མཐའ་བརྟེན་པ་ཞལ་དུ་ཞུགས་པས་ཞུ་བ་ནི། དྲི་ཟ་མཉམ་པར་ཞུགས་ནས་ནི། །ཁུ་བ་རྗེས་སུ་དྲན་པར་བྱ། །ཞེས་བྱ་བའོ། །དེ་ནས། མཚམས་ཀྱི་ལྷ་མོས་བསྐུལ་བར་བྱ། །ཞེས་བྱ་བ་གླུས་བསྐུལ་བ་སྟེ་གླུའི་ཚིག་ནི་ལེའུ་བརྒྱད་པ་ནས་འབྱུང་ངོ༌། །འཁོར་ལོའི་འདྲེན་པ་བསྐུལ་ནས་ནི། །ཞེས་བྱ་བ་ནི་འབྲས་བུ་རྡོ་རྗེ་འཛིན་པར་བཞེངས་པ་སྟེ་བཞེངས་པའི་སྔགས་ནི་ལེའུ་བཅུ་གཉིས་པ་ནས་འབྱུང་ངོ༌། །དེ་ནས་སེམས་དཔའ་སུམ་བརྩེགས་སུ་བསྒོམ་པ་ནི་ལེའུ་ལྔ་པ་ལས། ཐམས་ཅད་རྣམས་ཀྱི་སྔགས་འདི་ཡིས། །སྙིང་གར་ཡེ་ཤེས་གནས་སུ་དགོད། །ཅེས་བྱ་བ་དང་ལེའུ་དྲུག་པ་ལས། ཉི་མའི་དཀྱིལ་འཁོར་དབུས་གནས་པར། །སེམས་ཀྱི་རྣམ་པར་བསྒོམ་པར་བྱ། །ཞེས་བྱ་བ་ལ་སོགས་པས་བསྟན་ནོ། །དེ་ནས་སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ་ནི། མིག་ལ་སོགས་པ་གཏི་མུག་སོགས། །རྡོ་རྗེ་གསུམ་ནི་གནས་གསུམ་དགོད། །ཅེས་བྱ་བ་སྟེ། ལེའུ་བཅུ་གཉིས་པ་ལས་ཀྱང་གསལ་བར་གསུངས་ལ་ལེའུ་དྲུག་པ་ལས་ཀྱང་ཅུང་ཟད་འབྱུང་ཞིང་ལེའུ་བརྒྱད་པ་ལས། གཏི་མུག་རྡོ་རྗེ་རབ་སྦྱོར་བས། །མིག་གི་རྣམ་པར་ཤེས་པ་སྦྱང༌། །ཞེས་བྱ་བ་ལ་སོགས་པ་གསུངས་ལ། ལེའུ་དྲུག་པ་ལས་མངོན་པར་ཤེས་པ་དྲུག་ཐོབ་པའི་ཕན་ཡོན་ཡང་གསུངས་སོ། །ཡེ་ཤེས་རྣམ་པར་གཞུག་པ་ཡང༌། །ཞེས་བྱ་བ་ནི་ཡེ་ཤེས་ཀྱི་འཁོར་ལོ་དགུག་གཞུག་བྱ་བ་སྟེ་སྔགས་ནི་རབ་གནས་དང་ཐུན་མོང་ལེའུ་དགུ་པར་གསུངས་སོ། །དེ་ལྟར་ན་དེ་ཡན་ཆད་རྗེས་སུ་ཆགས་པ་རྡོ་རྗེ་སེམས་དཔའི་ཡན་ལག་སྟེ། ཕྱི་ནས་རྗེས་ཆགས་རྡོ་རྗེ་སྟེ། །ཞེས་བྱ་བ་ཡིན་ནོ། །དབང་ནི་རིག་མ་བརྒྱད་རྣམས་ཀྱི། །ཞེས་བྱ་བ་ནི་དབང་བསྐུར་བ་མི་བསྐྱོད་པའི་ཡན་ལག་སྟེ་ལེའུ་བཅུ་གཉིས་པ་ལས་ཞིབ་ཏུ་བསྟན་ཏོ། །ཡང་ནི་བདུད་རྩི་མྱང་བ་ནི། བདུད་རྩི་མྱང་བ་འོད་དཔག་ཏུ་མེད་པའི་ཡན་ལག ལྷ་མོ་བརྒྱད་ཀྱིས་མཆོད་པ་ནི་མཆོད་པ་དོན་ཡོད་གྲུབ་པའི་ཡན་ལག འཁོར་ལོ་འདྲེན་པས་བསྟོད་པ་ནི་བསྟོད་པ་རིན་ཆེན་འབྱུང་ལྡན་གྱི་ཡན་ལག་སྟེ་ཡན་ལག་གསུམ་པོ་དེ་ནི་ལེའུ་བཅུ་གཉིས་པ་ནས་ཀྱང་ཅུང་ཟད་བསྟན་མོད། ལེའུ་དགུ་པ་ནས་རབ་གནས་དང་ཐུན་མོང་དུ་བསྟན་ཏོ། །ཡན་ལག་དྲུག་གིས་དོན་བསྡུ་བ་དང་སྔགས་ཀྱི་བྱིན་གྱིས་བརླབ་པ་དང་བཅས་པ་ནི་ལེའུ་བདུན་པ་ནས་བསྟན་ཏོ། །སྤྱོད་ལམ་གྱི་རྣལ་འབྱོར་ནི་ལེའུ་གཉིས་པ་ནས་བསྟན་ཏོ། །བཟླས་པ་ལ་སོགས་པ་ནི་དངོས་གྲུབ་མཐའ་དག་བསྒྲུབ་པའི་གསེབ་ཏུ་འབྱུང་བས་དེར་བརྗོད་པར་བྱའོ། །བསྐྱེད་པའི་རིམ་པའོ། །རྫོགས་པའི་རིམ་པ་ནི། རང་བྱིན་བརླབ་པས་བྱིན་རླབས་ཏེ། །ཞེས་བྱ་བ་སྟེ། ཕྲ་མོ་དང་ཐིག་ལེ་དང་གཏུམ་མོའི་རྣལ་འབྱོར་གང་ཡང་རུང་བ་བསྒོམ་པའོ། །དེ་ལ་ཡན་ལག་དྲུག་བསྒོམ་བྱ། །ཞེས་བྱ་བ་ནི་བསྐྱེད་པའི་རིམ་པ་ལ་ཁ་དོག་གི་ཞེན་པ་སྤང་བར་བྱ་བའི་ཕྱིར། དང་པོ་ནག་པོ་རབ་ཏུ་བསྒོམ། །ཞེས་བྱ་བ་ལ་སོགས་པ་རྩ་བའི་རྒྱུད་ལས་གསུངས་པ་བཞིན་བསྒོམ་པར་བྱའོ། །ཕྱི་ནས་ཡང་ནི་དམ་ཚིག་གི །ཞེས་བྱ་བ་ནི་གནས་སྐབས་ཐམས་ཅད་དུ་དམ་ཚིག་དང་སྡོམ་པ་མི་ཉམས་པར་བྱ་བའོ། །རིམ་པ་གཉིས་ཡན་ལག་དང་བཅས་པའོ། །གྲུབ་པའི་རྟགས་ནི། །མཚན་མ་ཡང་དག་མཚོན་པར་བྱ། །ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་དུ་བ་ལ་སོགས་པའི་རྟགས་རྣམ་པ་ལྔ་ལ་དྲོད་དང༌། རྩེ་མོ་དང༌། བཟོད་པ་དང༌། འཇིག་རྟེན་ཆོས་མཆོག་དང༌། མཐོང་ལམ་ལ་སྦྱོར་ཞེས་གསུངས་སོ། །ཕྱི་ནས་སྒྱུ་མའི་རྣམ་པ་ལྟར། །ཞེས་བྱ་བ་ཚིགས་སུ་བཅད་པ་གཅིག་གིས་བསྒོམ་ལམ་བསྟན་ནོ། །འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །ཞེས་བྱ་བ་ཚིགས་སུ་བཅད་པ་གཅིག་གིས་མཐར་ཕྱིན་པའི་ལམ་མོ། །ཇི་སྲིད་སྐྱེ་གནས་ལས་བྱུང་བ། །ཞེས་བྱ་བ་ཚིགས་བཅད་གཅིག་གིས་སངས་རྒྱས་ཀྱི་ས་དངོས་ཡིན་ནོ། །བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས། །ཞེས་བྱ་བ་ལ་སོགས་པས་དེ་ལྟར་ལམ་རིམ་པ་གཉིས་བསྒོམས་ན་ངེས་པར་འགྲུབ་བོ་ཞེས་བྱ་བའི་ཆེད་དུ་བརྗོད་པ་གསུངས་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་མི་བསྐྱོད་པའི་མངོན་པར་རྟོགས་པའི་སྐབས་སུ་མངོན་པར་རྟོགས་པ་སྔར་བསྟན་པ་བཞིན་རྗེས་སུ་དྲན་པར་བྱས་ལ། མངོན་པར་རྟོགས་པ་ཐམས་ཅད་བསྟན་པར་བྱ་སྟེ་གཞུང་འདི་ན་འབྲས་བུ་རྡོ་རྗེ་འཛིན་པར་བཞེངས་པ་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ་དང༌། རྩ་བའི་རྒྱུད་དང་མི་འདྲ་བའི་ཁྱད་པར་འཁོར་གྱི་ལྷ་མོ་བརྒྱད་ཀྱི་སྐུ་མདོག་དང་ཕྱག་མཚན་རྣམས་བསྟན་ཏེ་ཆོ་ག་ལྷག་མ་ཐམས་ཅད་སྔར་བསྟན་པ་བཞིན་ཉམས་སུ་བླང་བར་བྱའོ། །ཚིག་དོན་རྣམས་ནི་རྟོགས་པར་སླའོ། །ཁྲོ་བོ་བཅུའི་མངོན་པར་རྟོགས་པ་ནི་འདི་ཡིན་ཏེ་དེ་ལ་ལྷ་རེ་རེའི་རྣལ་འབྱོར་བསྒོམ་ན་རང་ཁྲོ་བོ་གང་བསྒོམ་པའི་ང་རྒྱལ་དང་ལྡན་པའི་སྙིང་གར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་བསམ། དེ་ལས་འོད་བྱུང་ནས་ཚོགས་ཀྱི་ཞིང་སྤྱན་དྲངས་ཏེ་མཆོད་ལ་བསོད་ནམས་ཀྱི་ཚོགས་ཡན་ལག་བདུན་དང་ཚད་མེད་པ་བཞིའམ་ཡང་ན་བྱང་ཆུབ་ཀྱི་སེམས་བསྒོམས་ལ། ཡེ་ཤེས་ཀྱི་ཚོགས་བསག་སྟོང་ཉིད་བསྒོམ། སྟོང་པའི་ངང་ལས་ཐུན་མོང་གི་སྲུང་བའི་འཁོར་ལོའི་ནང་དུ་པདྨ་དང་ཉི་མའི་སྟེང་དུ་ཧཱུྃ་ཙམ་མམ་ཧཱུྃ་ལས་རང་རང་གི་ཕྱག་མཚན་ཧཱུྃ་གིས་མཚན་པ་ལས་གང་འདོད་པའི་ཁྲོ་བོའི་སྐུ་དམ་ཚིག་པ་བསྐྱེད། སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ། ཡེ་ཤེས་ཀྱི་འཁོར་ལོ་དགུག་གཞུག་བྱ། །དབང་བསྐུར་ནས་རིགས་ཀྱི་བདག་པོའི་རྒྱས་བཏབ་ལ་རང་རང་གི་བསྙེན་པ་སྔོན་དུ་སོང་བའི་རྣལ་འབྱོར་པས་ལྷ་རེ་རེས་ཀྱང་ལས་ཐམས་ཅད་གྲུབ་མོད་ཀྱི་བྱེ་བྲག་ཏུ་རང་རང་གི་ལས་རེ་རེས་ནི་ཐོགས་པ་མེད་པར་འགྲུབ་པར་འགྱུར་བས་དམིགས་ཀྱིས་བསལ་བ་ཡིན་ནོ། །ཁྲོ་བོ་འདི་དག་གི་སྐུ་མདོག་དང་ཕྱག་མཚན་ནི་ལེའུ་བཅུ་བཞི་པ་ལས་གསལ་བར་སྟོན་ཏོ། །ལས་ཀྱི་ཚོགས་ལས་དང་པོ་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་གྱིས་བུ་མོ་དགུག་པར་འདོད་ན་བུད་མེད་ཀྱི་ཐོད་པ་དུམ་བུ་གཅིག་པའམ་གསུམ་པ་གས་ཆག་མེད་པ་གཅིག་ལ་རང་བྱུང་གི་མེ་ཏོག་གིས་པདྨ་འདབ་མ་བརྒྱད་པ་མུ་ཁྱུད་དང་བཅས་པ་གཅིག་བྲི། ཕྱོགས་ཀྱི་འདབ་མ་བཞི་ལ་སྤྱན་ལ་སོགས་པ་ལྷ་མོ་བཞི། གཟུགས་སམ་མཚན་མའམ་སྔགས་སྤེལ་ཚིག་དང་བཅས་པ་བྲི། མཚམས་སྟོང་པར་བཞག་ལྟེ་བར་བུ་མོ་ཆེ་གེ་མོ་ཨཱ་ཀརྵ་ཡ་ཞེས་པ་བྲི། མུ་ཁྱུད་ལ་གཤིན་རྗེ་གཤེད་ཀྱི་སྔགས་སྤེལ་ཚིག་དང་བཅས་པ་བྲི། དེ་ནས་བསྒྲུབ་བྱའི་རྐང་རྗེས་ཀྱི་རྡུལ་ལས་བསྒྲུབ་བྱའི་གཟུགས་བྱས་ལ། སྙིང་གར་སྔགས་སྤེལ་ཚིག་དང་བཅས་པ་བཅུག་སྟེ། དེ་ལ་བསྒྲུབ་བྱ་དགུག་གཞུག་བྱ། དེ་ཐོད་པའི་ནང་དུ་བཅུག་ལ་ལྷའི་ང་རྒྱལ་དང་ལྡན་པས་རྐང་པ་གཡོན་བརྐྱང་གིས་མནན་ཏེ། སྙིང་གའི་ཧཱུྃ་ལས་རང་འདྲ་བའི་ཁྲོ་བོ་དཔག་ཏུ་མེད་པ་སྤྲོས་པས་བསྒྲུབ་བྱ་བཀུག་སྟེ་གཟུགས་བརྙན་ལ་བསྟེམས་ལ་དབང་དུ་འདུ་བར་བསམ་ཞིང་སྔགས་བཟླས་ན་དབང་དུ་འགྱུར་རོ། །ཤེས་རབ་མཐར་བྱེད་ཀྱི་རྣལ་འབྱོར་གྱིས་བགེགས་བསལ་བ་ནི། ཧཱུྃ་གི་དྲེགས་བྱས་ཕྱག་རྒྱས་གདབ། །རྡོ་རྗེ་འཚིར་བའི་བདེ་བ་ཉིད། །ཅེས་བྱ་བ་ནི་ལག་པ་གཉིས་ཀའི་མཐིལ་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་བསྒོམ། སོར་མོ་རྣམས་ཀྱང་རྡོ་རྗེའི་རང་བཞིན་དུ་བསྒོམས་ལ་ལག་པའི་བར་དུ་བགེགས་བསམས་ཏེ་ཐལ་མོ་བརྡབ་ཅིང་བཙིར་བའམ་ཡང་ན་ལག་པའི་སྟེང་དུ་ཡུངས་ཀར་བཞག་སྟེ་རྡོ་རྗེའི་འོད་ཀྱིས་དེ་ཡང་རྡོ་རྗེའི་རང་བཞིན་དུ་བསམས་ལ། འབྱུང་པོ་ལ་སོགས་པས་ཟིན་པའི་ནད་པ་ལ་སྔགས་བཟླས་ཤིང་བྲབས་པས་ནད་ལས་ཐར་བར་འགྱུར་རོ་ཞེས་བྱའོ། །གསུམ་པ་པདྨ་མཐར་བྱེད་ཀྱིས་དུག་ཞི་བར་བྱ་བ་ནི་རང་གི་སྙིང་གའི་ཧཱུྃ་དང་སྔགས་ཕྲེང་གི་འོད་དཀར་པོས་བསྒྲུབ་བྱ་དུག་གིས་ཟིན་པའི་ལུས་ལ་ཁྱབ་པར་བསམས་པས་འགྲུབ་བོ། །བགེགས་མཐར་བྱེད་ཀྱི་བསྐྲད་པའི་ལས་བསྒྲུབ་པ་ནི། རླུང་གིས་ཁྱེར་བའི་ཤིང་ལོ་སྐམ་པོ་དང་བསྒྲུབ་བྱའི་རྐང་རྗེས་ཀྱི་ས་ལས་དེའི་གཟུགས་བརྙན་བྱས་ལ། སྙིང་གར་མིང་སྤེལ་ཚིག་ཅན་བཅུག་ལ་དེ་ཚོགས་བདག་གི་གཟུགས་ཀྱི་རྐང་པའི་འོག་ཏུ་གཞུག་སྟེ་རང་གི་རྐང་པའི་འོག་ཏུ་བཅུག་ལ། བསྒྲུབ་བྱ་དེ་རླུང་གིས་བཏེག་ནས་ཡུལ་གཞན་དུ་ཁྱེར་བར་བསམ་ཞིང་སྤེལ་ཚིག་དང་བཅས་པའི་སྔགས་བཟླས་ཏེ་འགྲུབ་བོ། །ལྔ་པ་དབྱུག་སྔོན་ཅན་གྱི་གསད་པའི་ལས་བསྒྲུབ་པ་ནི། རང་གི་སྙིང་གའི་ཧཱུྃ་ལས་སྤྲུལ་པའི་ཁྲོ་བོ་དཔག་ཏུ་མེད་པ་སྤྲོས་ཏེ། དེ་རྣམས་ཀྱིས་བསྒྲུབ་བྱ་རྡོ་རྗེ་སློབ་དཔོན་ལ་བརྙས་པ་བྱེད་པ་ལ་སོགས་པའི་སྙིང་ག་ནས་ལྕགས་ཀྱུས་ཕུག མགྲིན་པ་ཞགས་པས་བཅིངས། ལ་ལས་རྒྱབ་ནས་ཐོ་བས་བརྡུང་བ་ལ་སོགས་པའི་སྒོ་ནས་ཤིན་ཏུ་རིད་པ་སྐྲ་འཛིངས་པ་ལུས་འདར་བ་ལ་སོགས་པའི་རྣམ་པ་བཀུག་ནས། མདུན་དུ་རླུང་གི་སྟེང་དུ་མེའི་དཀྱིལ་འཁོར་བསམས་ལ། དེའི་གསེབ་ཏུ་སྤྱིའུ་ཚུགས་སུ་སྐྱུར་བར་བསམ། ཡང་དེའི་ལུས་ལ་ཁ་ཅིག་ནི་མཚོན་སྣ་ཚོགས་ཀྱིས་གསོད་པ་དང་བརྡུང་བ་དང་ཤ་ཟ་བ་དང་ཁྲག་འཐུང་བ་དང་རྐང་དང་རུས་པ་ལ་སོགས་པ་མ་ལུས་པ་ཟ་བར་བྱེད་པར་བསམས་ནས་སྔགས་བཟླས་པ་ཙམ་གྱིས་འགྲུབ་པར་བཞེད་དོ། །དྲུག་པ་སྟོབས་པོ་ཆེས་ཀླུའི་གདོན་ཞི་བར་བྱ་བ་ནི། རང་གི་སྙིང་གའི་སྔགས་ཕྲེང་དང་ཧཱུྃ་གི་འོད་ཀྱིས་བསྒྲུབ་བྱ་ཀླུའི་དུག་གིས་ཟིན་པ་ལ་ཕོག་པར་བསམས་པ་ཙམ་གྱིས་དུག་དེ་ཞི་བར་འགྱུར་ལ། ལེའུ་གཉིས་པ་བཞིན་བྱས་ན་ཆར་དབབ་པར་ཡང་འགྱུར་རོ་ཞེས་གསུང་ངོ༌། །བདུན་པ་མི་གཡོ་བས་དགུག་པའི་ལས་བྱ་བ་ནི། བསྒྲུབ་བྱ་དེ་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་སིཾ་ལས་སེང་གེ་དམར་པོ་རྐང་པ་བརྒྱད་པ་བསྐྱེད་དེ། དེ་ལ་བསྐྱོན་ནས་རླུང་གིས་བཏེག་སྟེ་སྔགས་བཟླས་པས་འོངས་པར་བསམས་ན་གང་འདོད་པ་དགུག་པར་འགྲུབ་བོ། །བརྒྱད་པ་གནོད་མཛེས་ཀྱི་གནོད་སྦྱིན་མོ་ལ་སོགས་པ་དབང་དུ་བྱ་བ་བསྒྲུབ་པ་ནི། རང་ཉིད་དེ་བཞིན་གཤེགས་པ་ལྔ་པོ་གང་ཡང་རུང་བའི་རྣལ་འབྱོར་ལ་གནས་ཏེ། དེའི་སྙིང་ག་ནས་ཁྲོ་བོ་གནོད་མཛེས་དཔག་ཏུ་མེད་པ་སྤྲོས་ནས། སྐུ་གསུང་ཐུགས་ཀྱི་སྦྱོར་བས་བསྒྲུབ་བྱ་དེ་གམ་དུ་འོངས་བར་བསམས་ཏེ་སྔགས་བཟླས་པའམ། ཡང་ན་རང་ཉིད་ཀྱི་རྣལ་འབྱོར་ཡང་གནོད་མཛེས་ཀྱི་བྱ་བས་སྔར་བཞིན་བྱས་པས་འགྲུབ་བོ། །དགུ་པ་འདོད་རྒྱལ་གྱིས་དགུག་པའི་ལས་བསྒྲུབ་པ་ནི། ཐོད་ལོ་ཀོར་རམ་བཙག་ལས་ལྕགས་ཀྱུ་བྱ་བའམ། ཡང་ན་གཉིས་བསྲེས་པ་ལས་ལྕགས་ཀྱུའི་གཟུགས་གཅིག་བྱས་ལ། ཟླ་བ་གཟས་ཟིན་པའི་དུས་སུ་རང་གི་ཁར་བཅུག་སྟེ་སྔགས་བཟླས་ལ་ཟླ་བ་གཟའ་ལས་ཐར་བའི་དུས་སུ་བཏོན་ན་ཕྱིས་ལས་སྦྱོར་གྱི་དུས་སུ་ལྕགས་ཀྱུ་དེས་ཆེ་གེ་མོ་ཨཱ་ཀརྵ་ཡ་ཛཿཞེས་བྲིས་པ་དང༌། སྔགས་བཟླས་པ་ཙམ་གྱིས་སྒྲ་ལྡན་ཏེ་ལྷ་སྲེད་མེད་ཀྱི་བུ་དང༌། གནས་མེད་དེ་རླུང་ལྷ་དང༌། དབང་པོ་བརྒྱ་བྱིན་དང༌། དྲག་པོ་སྟེ་དབང་ཕྱུག་ཆུང་མ་དང་བཅས་པ་ཐམས་ཅད་དགུག་པ་འགྲུབ་པར་འགྱུར་རོ། །གཙུག་ཏོར་འཁོར་ལོས་སྒྱུར་བ་འདི་ཡང་དཔའ་བོ་གཅིག་པས་ཀྱང་འགྲུབ་པར་འགྱུར་ཏེ། དེ་ལྟར་ན་མངོན་པར་རྟོགས་པ་ཐམས་ཅད་སྔ་མ་དང་འདྲ་བ་ལས་ཐུན་མོང་གི་སྲུང་བའི་འཁོར་ལོའི་ནང་དུ་འཁོར་ལོ་རྩིབས་བཅུ་པ་བསྒོམས་ལ། དེའི་ལྟོ་བ་ཡངས་པའི་ནང་དུ་གཙུག་ཏོར་འཁོར་ལོས་སྒྱུར་བ་ཡན་ལག་བཞི་རྫོགས་སྔ་མ་བཞིན་བྱས་ལ་བསྒོམས་པས་ཕྱིར་བཟློག་པ་དང་བྲིས་པས་ཕྱིར་བཟློག་པ་བྱས་ན་འགྲུབ་པར་འགྱུར་རོ། །ཡང་འཁོར་ལོ་ཡོངས་སུ་རྫོགས་པའི་མངོན་པར་རྟོགས་པ་བྱེད་ན་ལེའུ་བཅུ་གཉིས་པ་དང་བཅུ་བཞི་པ་ནས་འབྱུང་བའི་ངག་དོན་སྐབས་ལ་བབ་པ་ཡིན་པས་འདིར་བརྗོད་པར་བྱ་སྟེ། དེ་ཡང་ཚོགས་ཀྱི་ཞིང་སྤྱན་དྲང་བ་ནས་བཟུང་སྟེ་ཐུན་མོང་གི་སྲུང་བའི་འཁོར་ལོ་བསྒོམ་པའི་བར་དུ་མངོན་པར་རྟོགས་པ་སྔར་ཡང་བསྟན་མོད། ལེའུ་བཅུ་གཉིས་པ་ནས་འབྱུང་བའི་ཚུལ་དུ་བསྒོམ། དེའི་ནང་དུ་འཁོར་ལོ་སེར་པོ་རྩིབས་བཅུ་པ་གཡས་སུ་འཁོར་བཞིན་པའི་རང་བཞིན་བསམ། དེའི་ནང་དུ་རྃ་ལས་ཉི་མའི་དཀྱིལ་འཁོར་བཅུར་བསྒོམ། དེ་ནས་དབུས་སུ་བྷྲཱུྃ་ལས་གཙུག་ཏོར་འཁོར་ལོས་སྒྱུར་བ་སྐུ་མདོག་སེར་པོ་གཡས་ན་འཁོར་ལོ་འཛིན་པའོ། །གཞན་རྣམས་སུ་ས་བོན་ཐམས་ཅད་ནི་ཧཱུྃ་ཡིན་ལ་ཤར་དུ་གཤིན་རྗེ་གཤེད་པོ་གཡས་ན་རྡོ་རྗེ་ཐོ་བ་འཛིན་པའོ། །ལྷོར་ཤེས་རབ་མཐར་བྱེད་དཀར་པོ་གཡས་ན་རྡོ་རྗེའི་དབྱུག་པ་འཛིན་པའོ། །ནུབ་ཏུ་པདྨ་མཐར་བྱེད་དམར་པོ་པདྨ་འཛིན་པ། བྱང་དུ་བགེགས་མཐར་བྱེད་ནག་པོ་རྡོ་རྗེ་འཛིན་པ། བྱང་ཤར་དུ་མི་གཡོ་བ་རལ་གྲི་འཛིན་པ། ཤར་ལྷོར་འདོད་པའི་རྒྱལ་པོ་ལྕགས་ཀྱུ་འཛིན་པ། ལྷོ་ནུབ་ཏུ་དབྱུག་སྔོན་ཅན་དབྱུག་པ་འཛིན་པ། ནུབ་བྱང་དུ་སྟོབས་པོ་ཆེ་རྩེ་གསུམ་འཛིན་པ། འོག་ཏུ་གནོད་མཛེས་གཏུན་ཤིང་འཛིན་པ། སྟེང་དུ་ཧཱུྃ་མཛད་རྡོ་རྗེ་དང་དྲིལ་བུ་ཧཱུྃ་མཛད་ཀྱི་ཕྱག་རྒྱས་འཛིན་པའོ། །ཁྲོ་བོ་གཞན་རྣམས་ཀྱི་གཡོན་པ་ནི་སྡིགས་མཛུབ་ཡིན་ནོ། །དབུས་དང་ལྷོ་དང་ནུབ་མ་གཏོགས་པའི་ཁྲོ་བོ་ཐམས་ཅད་ནི་ནག་པོར་མཚུངས་སོ། །ཕྱོགས་ཀྱི་ཁྲོ་བོ་བཞི་ནི་རབ་ཏུ་བརྗིད་པ་དབུ་སྐྲ་དང་སྨ་ར་དམར་སེར་སྟག་གི་པགས་པའི་ཤམ་ཐབས་ཅན། ཀླུ་ཆེན་པོ་བརྒྱད་ཀྱིས་བརྒྱན་པ་བརྗིད་པའི་ཁྲོ་བོ་ཡིན་ལ། གཞན་རྣམས་ནི་ཅུང་ཟད་ཁྲོས་པ་ཡིད་ཙམ་འཛུམ་པ་དར་གྱི་ཤམ་ཐབས་ཅན་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་སྟེ་མཛེས་པའི་ཁྲོ་བོ་ཡིན་ནོ། །ཁྲོ་བོ་འདི་རྣམས་ལ་རང་འདྲའི་ཡུམ་ཡོད་པར་མངོན་ཏེ། རང་གི་རིག་མ་སྐྱེས་བུ་བདག །ཅེས་འབྱུང་བའི་དོན་ཡིན་ནོ། །ཡེ་ཤེས་ཐིག་ལེའི་རྒྱུད་ལས། གཙུག་ཏོར་འཁོར་ལོས་སྒྱུར་བ་ནི་དབང་ཕྱུག་ཡབ་ཡུམ་མནན་ལ། གཞན་རྣམས་ནི་རང་རང་གི་ཕྱོགས་དང་མཐུན་པའི་ཕྱོགས་སྐྱོང་རྣམས་མནན་ནོ་ཞེས་གསུངས་སོ། །དེ་ནས་སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ། སྙིང་གར་རྡོ་རྗེའི་ལྟེ་བར་བསྲུང་བར་འདོད་པའི་མིང་སྦས་ལ། ཡེ་ཤེས་འཁོར་ལོ་དགུག་གཞུག་བྱ། དབང་བསྐུར་ནས་རིགས་ཀྱི་བདག་པོ་གཤིན་རྗེ་གཤེད་ལ་རྣམ་པར་སྣང་མཛད། པདྨ་མཐར་བྱེད་ལ་འོད་དཔག་མེད། གཞན་ཐམས་ཅད་ནི་མི་བསྐྱོད་པས་དབུར་བརྒྱན་པར་བྱའོ། །དེ་ནས་སྔགས་ཟློས་པ་དང་བསྟུན་ལ་འཁོར་ལོ་གཡོན་དུ་འཁོར་བས་དགྲ་བགེགས་ཐམས་ཅད་གཏུབ་པ་དང༌། ཁྲོ་བོ་རྣམས་ཞལ་ཕྱིར་གཟིགས་ནས་གནོད་པ་ཐམས་ཅད་བཟློག་པར་བསམ་ཞིང་སྔགས་བཟླས་སོ། །དེའི་ཚེ་གོ་ཆ་གོན་པ་དང་མཚོན་ཆ་ཐོགས་པ་དང་མཁར་ལ་ཞེན་པའི་རྨི་ལྟས་བཟང་པོ་བྱུང་བ་དེའི་ཚེ་བྲིས་པས་ཕྱིར་བཟློག་པ་བྲིས་ལ་དཔུང་པ་གཡོན་པ་ལ་བཏགས་ཏེ་སྔགས་ཅུང་ཟད་རེ་བཟླས་པས་འགྲུབ་པར་འགྱུར་ཏེ། བདག་ཉིད་སྲུང་བའི་སྦྱོར་བ་ལས། འཁྲུལ་འཁོར་སྔགས་སོགས་གཞིག་པ་ལ། །དཔུང་པར་རིག་མས་འཁྱུད་བྱས་ན། །འཇིག་རྟེན་གསུམ་གྱིས་འདའ་མི་ནུས། །ཞེས་པའི་དོན་ཡིན་ནོ། །དེ་ལ་བྲི་བའི་ཕྱིར་བཟློག་པ་ནི་རས་སམ་ཤོག་བུའམ་གྲོ་ག་ལ་གུར་གུམ་མམ་གི་ཝཾ་གིས་རྩིབས་བརྒྱད་པ་ལྟེ་བ་དང་མུ་ཁྱུད་དུ་བཅས་པ་བྲི། རྩིབས་བརྒྱད་ལ་ཁྲོ་བོ་བརྒྱད་ཀྱི་སྔགས་བྲི། ཕྱིའི་མུ་ཁྱུད་ལ་གཙུག་ཏོར་འཁོར་ལོས་སྒྱུར་བའི་སྔགས། ནང་གི་མུ་ཁྱུད་ལ་གནོད་མཛེས་ཀྱི་སྔགས། ལྟེ་བའི་ཕྱོགས་གཅིག་ཏུ་ཧཱུྃ་མཛད་ཀྱི་སྔགས། ལྟེ་བར་རིགས་རྐྱང་པ་ཡིན་ན་པདྨ་འདབ་བརྒྱད། རིགས་བསྡུས་པ་ཡིན་ན་ལྷ་བཞི་བཅུ་ཞེ་དགུའི་སྔགས་ལེགས་པར་བྲིས་ལ། གཙོ་བོ་རྣམས་ཀྱི་གནས་སུ་རང་རང་གི་སྔགས་རྫོགས་པ་ལྷ་མོ་རྣམས་ཀྱི་གནས་སུ་རང་རང་གི་ས་བོན་ལ་དེ་ཉིད་ལྔས་སྤེལ་བ་བྲི། མདོར་ན་སྔགས་ཐམས་ཅད་ཀྱི་གཤམ་དུ་ཧཱུྃ་ཕཊ་ཀྱི་གཉེར་སྤེལ་ཚིག་དང་བཅས་པ་བྲི་བར་བྱ་སྟེ། ཕྱོགས་གཅིག་མཚོན་ན་ཨོཾ་ཨཱ་གྃ་ཆེ་གེ་མོ་རཀྵཿཀུ་རུ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པ་ལ་སོགས་པ་ལྟ་བུ་ཡིན་ནོ། །དེ་ལྟར་ལེགས་པར་བྲིས་ལ་རབ་གནས་བྱས་ཏེ་ཚས་བྱས་ལ་དཔུང་པ་གཡོན་པ་ལ་གདགས་སོ། །བསྒོམ་པའི་མངོན་པར་རྟོགས་པ་སྲུང་བ་བྱེད་ན་གཙུག་ཏོར་འཁོར་ལོས་སྒྱུར་བ་སྟེང་དུ་བཞག་ཅིང༌། ཧཱུྃ་མཛད་དབུས་སུ་བཅུག་ལ་འཁོར་ལོ་གཡས་སུ་འཁོར་བ་འབའ་ཞིག་ལ་བརྟེན་ནས་སྔགས་མི་ཟློས་ན་སྲུང་བ་འགྲུབ་པ་ཡིན་ནོ། །ཡང་རང་གཤིན་རྗེ་གཤེད་དམ་རྟ་མགྲིན་ལ་སོགས་པ་ལ་མོས་ན་གང་མོས་དབུས་སུ་བཅུག་ལ་དེའི་ཤུལ་དུ་ཧཱུྃ་མཛད་བཞག་ཅིང་གང་མོས་ཀྱི་སྔགས་བཟླས་ན་འགྲུབ་བོ། །དེ་ལྟར་ན་ལྷ་རྐྱང་པའི་སྒྲུབ་ཐབས་བཅུ་དང་འཁོར་ལོ་རྫོགས་པ་བཅུ་གཅིག་ཏུའང་འགྱུར་རོ། །གང་ལྟར་ཡང་རུང་སྟེ་མངོན་པར་རྟོགས་པ་གཞན་དང་འབྲེལ་ན་གཙུག་ཏོར་འཁོར་ལོས་སྒྱུར་བ་ལ་སོགས་པའི་ལྟོ་བའམ་ཧཱུྃ་མཛད་སོགས་ཞུ་བ་ལས་ཆོས་འབྱུང་དུ་གྱུར་པའི་ནང་དུ་གཞལ་ཡས་ཁང་བསམ་པ་ནས་བརྩམས་ཏེ་མངོན་པར་རྟོགས་པ་བསྒོམ་པར་བྱའོ། །ཚིག་དོན་ལྷག་མ་རྣམས་ནི་རྟོགས་པར་སླའོ། །ལེའུ་བཞི་པ་ཚིགས་སུ་བཅད་པ་བརྒྱ་བརྒྱད་ཅུ་རྩ་གསུམ་གྱི་རྣམ་པར་འགྲེལ་པ་བསྟན་ཟིན་ཏོ།། །།ད་ནི་ལེའུ་ལྔ་པ་བཤད་པར་བྱ་སྟེ། དེ་ལ་ལེའུ་ལྔ་པ་འདིའི་རྒྱུད་བཤད་ཐབས་ཀྱི་མན་ངག་ལས་བརྗོད་བྱའི་དོན་ནི་སྤྱིའི་དོན་ཏོ། །རྗོད་བྱེད་ཀྱི་སྒྲ་ནི་ཡན་ལག་གི་དོན་ཏོ། །མངོན་པར་རྟོགས་པ་ནི་བསྐྱེད་པའི་རིམ་པ་དབྱིབས་འབའ་ཞིག་གོ །རྩ་བའི་རྒྱུད་ཀྱིས་གང་དུ་ཕན་འདོགས་ན་ལེའུ་གསུམ་པ་དང་བརྒྱད་པ་དང་ཕྱི་མའི་ལྔ་པ་རྣམས་སུ་མི་གསལ་བ་གསལ་བ་དང་མ་ཚང་བ་ཁ་སྐོང་བའི་ཚུལ་དུ་ཕན་འདོགས་སོ། །སྤྱིའི་དོན་ཏོ། །ཡན་ལག་གི་དོན་ལས། ཐམས་ཅད་རྣམས་ཀྱི་སྔགས་འདི་ཡིས། །ཞེས་པ་ལ་སོགས་པ་རྣམས་ནི་འདིར་ཐོགས་མར་སེམས་དཔའ་སུམ་བརྩེགས་སུ་བསྒོམ་པའི་ཚུལ་ཏེ་རང་རང་གི་དམ་ཚིག་སེམས་དཔའ་གསལ་བར་བྱས་པའི་རྗེས་ལ་རང་རང་གི་སྙིང་གར་རང་རང་གི་ས་བོན་ལས་ཕྱག་མཚན་ས་བོན་གྱིས་མཚན་པ་དེ་ལས་རང་འདྲའི་སྐུ་མཚོན་གང་བསྒོམ་པ་ནི་ཡེ་ཤེས་སེམས་དཔའ་དེའི་ཐུགས་ཀར་ས་བོན་ལས་ཕྱག་མཚན་ས་བོན་གྱིས་མཚན་པ་བསྒོམ་པ་ནི་ཏིང་ངེ་འཛིན་སེམས་དཔའ་སྟེ། འདི་ནི་གོང་ལེའུ་བཞི་པའི་མངོན་པར་རྟོགས་པ་དོན་བསྡུས་པའི་གསལ་བྱེད་ཡིན་ནོ། །སྒྲ་ལ་རྣམ་གསུམ་ཤེས་བྱས་ནས། །ཞེས་བྱ་བ་ལ་སོགས་པ་ནི་རིགས་དང་རྗེས་སུ་མཐུན་པའི་མཆོད་པ་སྟེ། འདི་ནི་གོང་ལེའུ་གཉིས་པའི་གསལ་བྱེད་ཡིན་ནོ། །བསྡུས་པ་ཆེན་པོའི་དམ་ཚིག་ནི། །སྲུང་བའི་དཀྱིལ་འཁོར་དབུས་གནས་པར། །དཀྱིལ་འཁོར་ལྔ་ནི་བསྒོམ་པར་བྱ། །ཞེས་བྱ་བ་ནི་སྲུང་བའི་འཁོར་ལོའི་ནང་དཀྱིལ་འཁོར་ཆེན་པོ་གཅིག་གི་ནང་དུ་གྲུ་བཞི་སྒོ་བཞི་པའི་དཀྱིལ་འཁོར་ཆེན་པོ་ལྔ་བསྒོམ་མོ། །ཞེས་བྱ་བ་ཡིན་ནོ། །ཡང་འདི་ལ་དཀྱིལ་འཁོར་ཆེན་པོའི་ནང་སྲུང་བའི་འཁོར་ལོའི་ལྟེ་བར་དཀྱིལ་འཁོར་ཆེན་པོ་ལྔ་བསྒོམས་ཀྱང་འགལ་བ་མེད་ཅིང་མཛེས་པར་མཐོང་ངོ༌། །ཡང་དཀྱིལ་འཁོར་ལྔའི་མཚན་ཉིད་ནི་པདྨ་འདབ་བརྒྱད་ལ་སོགས་པ་ལྔ་མ་ཡིན་པར་གྲུ་བཞི་སྒོ་བཞི་རྩིག་པ་ལྔ་དང་འདོད་ཡོན་དང་བཅས་པ་ཡིན་ཏེ། ལྔ་ལྔའི་བདག་ཉིད་རྫོགས་སངས་རྒྱས། །ཡེ་ཤེས་ལྔ་ཡི་རྣམ་པར་བསྒོམ། །ཞེས་བྱ་བ་ནི་རྩིག་པ་ལྔ་མཚོན་པ་ཡིན་ནོ། །འདོད་པའི་ཡོན་ཏན་ལྔ་དང་ལྡན། །ཞེས་བྱ་བ་ནི་རེ་རེ་ཡང་འདོད་ཡོན་ལྔ་ལྔ་དང་ལྡན་པ་ཡིན་ནོ། །འོད་ཟེར་སྣ་ཚོགས་ཀུན་ཏུ་ཁྱབ། །ཅེས་བྱ་བ་ནི་ཕ་གུ་དང་དྲྭ་ཕྱེད་དང་མདའ་ཡབ་དང་ལྡན་ནོ་ཞེས་བྱ་བ་ཡིན་ནོ། །ཡང་རིགས་བསྡུས་པ་འདྲི་བའི་དུས་སུ་ཚོན་ཁ་དོག་ལྔ་ཡིས་མི་རྫོགས་ཏེ། རང་རང་གི་རྩིག་པ་སོ་སོ་ཡང་དཀར་པོའི་དཀར་པོ་དང་དཀར་པོའི་སེར་པོ་ཞེས་བྱ་བ་ནས་བརྩམས་ཏེ། ལྗང་གུའི་དམར་པོ་དང་ལྗང་གུའི་ལྗང་གུ་ཞེས་བྱ་བའི་བར་ཉི་ཤུ་རྩ་ལྔས་འདྲི་སྟེ། ཐམས་ཅད་བསྡུས་པའི་དཀྱིལ་འཁོར་ནི། །ཉི་ཤུ་རྩ་ལྔའི་དབྱེ་བ་ཡི། །རྡུལ་ཚོན་གྱིས་ཀྱང་བྲི་བར་བྱ། །ཞེས་འབྱུང་བ་ཡིན་ནོ། །དེ་ནས་གཙོ་བོ་འཕོ་བའི་སྐབས་སུ། །སངས་རྒྱས་མགོན་པོ་གང་ཉིད་ཀྱི། །དཀྱིལ་འཁོར་དབུས་སུ་གྱུར་པ་ནི། །དེ་ཉིད་ཀྱི་དཀྱིལ་འཁོར་བརྗོད། །ཅེས་བྱ་བ་ནི་དཀྱིལ་འཁོར་གྱི་དབུས་སུ་གཙོ་བོ་གང་བྱུང་བ་དེའི་མིང་གིས་དཀྱིལ་འཁོར་ལ་གདགས་ཏེ། མི་བསྐྱོད་པ་དབུས་སུ་བྱུང་ན་མི་བསྐྱོད་པ་རིགས་བསྡུས། རྣམ་སྣང་དབུས་སུ་བྱུང་ན་རྣམ་སྣང་རིགས་བསྡུས། ཞེས་བྱ་བ་ནས་དོན་ཡོད་གྲུབ་པ་དབུས་སུ་བྱུང་ན་དོན་གྲུབ་རིགས་བསྡུས་ཞེས་བྱ་བའོ། །ཡང་དབུས་སུ་གང་གྱུར་པའི་ཤུལ་དུ་གང་འཕོ་ཞེ་ན་ཐུགས་རྡོ་རྗེ་ནི་ཐམས་ཅད་ལ་ཁྱབ་པའི་ཕྱིར་མི་བསྐྱོད་པ་འཕོ་སྟེ། རྣམ་སྣང་དབུས་སུ་ཞུགས་ན་ཤར་དུ་མི་བསྐྱོད་པ་འགྲོའོ། །རིན་ཆེན་འབྱུང་ལྡན་དབུས་སུ་བྱུང་ན་ལྷོར་མི་བསྐྱོད་པ། འོད་དཔག་མེད་དབུས་སུ་བྱུང་ན་ནུབ་ཏུ་མི་བསྐྱོད་པ། དོན་ཡོད་གྲུབ་པ་དབུས་སུ་བྱུང་ན་བྱང་དུ་མི་བསྐྱོད་པ་བཞུགས་པ་ཡིན་ནོ། །འདིས་མཚོན་ལ་སྔར་ཁྲོ་བཅུའི་དཀྱིལ་འཁོར་གྱི་སྐབས་སུ་ཡང་ཧཱུྃ་མཛད་མི་བསྐྱོད་པའི་ངོ་བོ་ཡིན་པའི་ཕྱིར་གཤིན་རྗེ་གཤེད་ལ་མོས་པའི་རྣལ་འབྱོར་པས་གཤིན་རྗེ་གཤེད་དབུས་སུ་བྱུང་ན་ཧཱུྃ་མཛད་ཤར་དུ་བཞུགས་ལ། རྗེས་མ། >>
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply