འཕགས་པ་རྡོ་རྗེ་གུར་གྱི་རྒྱན་ཞེས་བྱ་བའི་རྣམ་འགྲེལ། ༢

རྟ་མགྲིན་ལ་མོས་པའི་རྣལ་འབྱོར་པས་རྟ་མགྲིན་དབུས་སུ་བྱུང་ན་ནུབ་ཏུ་ཧཱུྃ་མཛད་བཞུགས་སོ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་ཤེས་པར་བྱའོ། །དེ་ལྟར་ན་གོང་ལེའུ་བཞི་པའི་སྲུང་འཁོར་རྒྱས་པའི་མངོན་རྟོགས་ཀྱང་བཅུ་གཅིག་ཏུ་འགྲོའོ། །དེའང་མི་བསྐྱོད་རྡོ་རྗེ་ལས། གང་གི་དབུས་སུ་གང་གྱུར་པ། །དེ་ཡི་གནས་སུ་མི་བསྐྱོད་བཞུགས། །ཞེས་གསུངས་པ་ཡིན་ནོ། །རིགས་རྐྱང་བསྡུས་ཀྱི་དབྱེ་བ་ཡང༌། །དཀྱིལ་འཁོར་རེ་རེ་བསྒོམ་པའམ། །ཡང་ན་བསྡུས་པའི་དཀྱིལ་འཁོར་རོ། །ཞེས་བྱ་བ་སྟེ། ལྷ་དགུའི་དཀྱིལ་འཁོར་རིགས་རྐྱང་པ་ལྔ་དང་བསྡུས་པའོ། །བསྡུས་པའང་རྒྱས་བསྡུས་ཀྱི་དབྱེ་བས། །བརྒྱད་བརྒྱད་དབུས་སུ་གནས་པའམ། །ཡང་ན་ཉི་ཤུ་རྩ་ལྔ་རུ། །ཞེས་བྱ་བ་སྟེ། རིགས་བསྡུས་རྒྱས་པ་ལྷ་མོ་བརྒྱད་ཀྱི་དབུས་ན་བཞུགས་པ་དཀྱིལ་འཁོར་ལྔ་དང༌། རིགས་བསྡུས་བསྡུས་པ་ལྷ་མོ་བཞིའི་དབུས་ན་བཞུགས་པ་ལྔ་སྟེ་བསྡུས་པའི་དཀྱིལ་འཁོར་བཅུ་ཡིན་ནོ། །བསྡུས་པ་གཉིས་ཀ་ལ་ཡང་ཕྱིའི་དཀྱིལ་འཁོར་ཆེན་པོ་ལ་སྒོ་བ་བཞི་ཡོད་དེ། གང་ཚེ་དཀྱིལ་འཁོར་བསྡུས་པ་ཡི། །སྒོར་ནི་ལྕགས་ཀྱུ་ཞགས་པ་དང༌། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེས་ན་བསྡུས་པའི་དཀྱིལ་འཁོར་ལ་ལྷ་བཞི་བཅུ་ཞེ་དགུ་པ་དང༌། ཉི་ཤུ་རྩ་དགུ་པ་ཞེས་བྱ་བ་ཤེས་པར་བྱའོ། །དེ་ལྟར་ན་རྐྱང་པའི་དཀྱིལ་འཁོར་ལྔ་དང༌། རིགས་བསྡུས་རྒྱས་པ་ལྔ་དང༌། བསྡུས་པ་ལྔ་དང༌། ལེའུ་བཞི་པ་ལས་ཡུམ་ལྷ་མོ་བཅུ་གསུམ་མའི་དཀྱིལ་འཁོར་དང༌། ལེའུ་བཅུ་གཉིས་པ་ལས་བཅོ་ལྔ་མའི་དཀྱིལ་འཁོར་ཏེ། དཀྱིལ་འཁོར་བཅུ་བདུན་གཞུང་ན་གནས་པ་ཡིན་ནོ། །འདི་ལ་བླ་མའི་མན་ངག་གིས་དཀྱིལ་འཁོར་དྲུག་ཅུ་རྩ་གཉིས་སུ་བྱེད་ན། ལེའུ་བཅོ་ལྔ་པའི་ཧེ་རུ་ཀ་གསུམ་ལ་རྒྱུད་འདི་ན་ནི་དཔའ་བོ་གཅིག་པ་ལས་དཀྱིལ་འཁོར་དུ་མེད་ལ། རྩ་བའི་རྒྱུད་ཀྱིས་འཁོར་ཁ་བསྐངས་ནས་དཀྱིལ་འཁོར་དུ་བྱེད་ན། མི་བསྐྱོད་པ་ལ་ཧེ་རུ་ཀ་བཞིར་འགྱུར་བ་བཞིན་རྒྱུད་འདི་ཉིད་ཀྱིས་རིགས་གཞན་ལ་ཡང་ཁ་བསྐང་སྟེ་རྣམ་པར་སྣང་མཛད་དང༌། རིན་ཆེན་འབྱུང་ལྡན་དང༌། འོད་དཔག་མེད་དང༌། དོན་ཡོད་གྲུབ་པ་ལ་ཡང་ཧེ་རུ་ཀ་བཞིར་བྱས་པས་རིགས་སོ་སོ་བའི་སྒྲུབ་ཐབས་ཉི་ཤུ་ཐམ་པར་འགྱུར་ལ། རིགས་བསྡུས་རྒྱས་པ་ཉི་ཤུ་ཐམ་པ་རིགས་བསྡུས་བསྡུས་པ་ཉི་ཤུ་ཐམ་པ་སྟེ་དྲུག་ཅུ་ཡུམ་གྱི་གཉིས་དང་དྲུག་ཅུ་རྩ་གཉིས་ཡིན་ནོ། །ཡང་འདིར་རིགས་རྒྱས་པ་ལ་བརྒྱད་དང་བཞིའི་དབུས་ན་བཞུགས་པ་ཡོད་པ་བཞིན་དུ་རིགས་རྐྱང་པ་ལ་ཡང་བཞིའི་དབུས་ན་བཞུགས་པ་དང༌། བརྒྱད་ཀྱི་དབུས་ན་བཞུགས་པ་ཡོད་དོ་ཞེས་སྦྱར་ན། བརྒྱད་ཀྱི་དབུས་ན་བཞུགས་པ་ཉི་ཤུ་ཐམ་པ་ཡོད་པས་ན་བཞིའི་དབུས་ན་བཞུགས་པའང་ཉི་ཤུ་ཐམ་པ་འབྱུང་བས་དཀྱིལ་འཁོར་བརྒྱད་ཅུ་རྩ་གཉིས་འབྱུང་བ་ཡིན་ནོ། །ཞེས་བརྗོད་ཀྱང་འགལ་བ་མེད་དོ། །རིགས་རྒྱས་བསྡུས་ཀྱི་མངོན་པར་རྟོགས་པ་བསྟན་ཟིན་ཏོ།།  །།རིགས་སོ་སོའི་ཕྱག་མཚན་དག་པ་དང་བཅས་པ་ནི་གཞུང་ཉིད་ཀྱི་སྟེང་དུ་ཞིབ་ཏུ་རྟོགས་པར་བྱ་ལ་དེ་ཡང་སྲོག་ཆགས་ལ་སོགས་པ་རྣམས་ཀྱི་རྣམ་པ་དང༌། ནད་ཀྱི་མཚན་ཉིད་དང་བཅས་པ་རྣམས་བླ་མའི་གསུང་ལ་འདྲིས་ཤིང་རྟོགས་པས་ཤིན་ཏུ་གསལ་བར་ཡིད་ཆེས་པས་ཐེ་ཚོམ་མེད་པར་བྱའོ། །དེ་ལྟར་གཡས་པའི་ཕྱག་མཚན་རྣམས་ཀྱི་དག་པ་གསུང་བ་ན། སྔོན་བྱུང་བཅོམ་ལྡན་འདས་ཀྱི་ཕྱག་མཚན་བཞི་བཅུ་ཐམ་པ་ལས་འོད་ཟེར་སྤྲོས་ནས་སེམས་ཅན་ཐམས་ཅད་ཀྱི་ནད་རྣམས་བསྡུས་ཏེ་ཞི་བར་མཛད་པ་ཡིན་ལ། རྗེས་འཇུག་རྣལ་འབྱོར་པས་ཀྱང་དེ་བཞིན་དུ་དམིགས་པར་བྱའོ་ཞེས་བསྟན་པའི་ཕྱིར་གསུངས་པ་ཡིན་ལ། གཡོན་པའི་ཐོད་པ་བརྒྱད་ཀྱིས་ནི་སྔོན་བྱུང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་སྩལ་བ་ཡིན་ལ། རྗེས་འཇུག་གིས་ཀྱང་དེ་བཞིན་དུ་བསྒོམས་པས་ཕུན་སུམ་ཚོགས་པ་བསམ་གྱིས་མི་ཁྱབ་པ་གསོལ་བའི་ཕྱིར་གྲངས་ཀྱང་བརྗོད་ཀྱིས་མི་ལང་ནས་མ་བརྗོད་པ་ཡིན་ནོ་ཞེས་རྟོགས་པར་བྱའོ། །ནད་མེད་པའི་མཚན་ཉིད་གཞུང་བསྡུས་ནས་བསྟན་པ་ནི། དེ་ལྟར་བསྒོམ་པར་གྱུར་པ་ལ། ཞེས་བྱ་བ་ལ་སོགས་པ་སྟེ། ནད་མེད་ཅེས་བྱ་བ་དང༌། རུ་ཛ་མེད་ཅེས་བྱ་བ་སྡིག་པ་མེད་དུ་བསྒྱུར་བ་སྣང་ན་ཡང་དེ་ཡང་ནད་མེད་ཅེས་བྱ་བ་ཉིད་ཡིན་ལ། བྱཱ་དྷི་མེད་ཅེས་བྱ་བ་ཁོང་ནད་མེད་དུ་བསྒྱུར་ན་ཡང་དེ་ཡང་ནད་མེད་ཅེས་བྱ་བ་ཡིན་པས་ན་ནད་མེད་ཅེས་བྱ་བ་ལན་གསུམ་ཡིན་ཏེ། དེའི་དོན་ནི་འདོད་ཆགས་ལ་བརྟེན་པ་ཉི་ཁྲི་ཆིག་སྟོང༌། ཞེ་སྡང་ལ་བརྟེན་པ་ཉི་ཁྲི་ཆིག་སྟོང༌། གཏི་མུག་ལ་བརྟེན་པ་ཉི་ཁྲི་ཆིག་སྟོང༌། ཉོན་མོངས་པ་ཆ་མཉམ་པ་ལ་བརྟེན་པ་ཉི་ཁྲི་ཆིག་སྟོང་སྟེ། ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་ལས་བྱུང་བའི་ནད་བརྒྱད་ཁྲི་བཞི་སྟོང་མེད་དོ་ཞེས་བྱ་བའི་དོན་ཡིན་ནོ། །ནད་མེད་པས་འཆི་བདག་གི་བདུད་བཅོམ་པའི་ཕྱིར་འཆི་མེད་ཅེས་བྱ་བ་ཡིན་ནོ། །དེ་ལྟར་ནད་མེད་པའི་རྒྱུ་གང་ཡིན་ཞེ་ན། རྒྱ་སྐད་དུ་རུ་ཥ་ཞེས་བྱ་བ་ཁ་ཅིག་གིས་ཀྲེང་གྲུམ་མེད་དུ་བསྒྱུར་བ་སྣང་ན་དེ་ནི་མ་ཡིན་ཏེ། འདིར་ཁོང་ཁྲོ་མེད་དུ་བསྒྱུར་ན་འདི་ནི་ཉོན་མོངས་པའི་རྒྱུ་ཁོང་ཁྲོ་བ་མེད་པ་ཉིད་ཡིན་ནོ། །ང་རྒྱལ་མེད་ནི་ང་རྒྱལ་དང་དེའི་རྒྱུ་འདོད་ཆགས་མེད་པ་ཡིན་ནོ། །གཏི་མུག་མེད་ནི་གཏི་མུག་མེད་པ་ཉིད་དེ་དེ་ལྟར་ན་རྒྱུ་ཉོན་མོངས་པ་གསུམ་མེད་དོ་ཞེས་བྱ་བ་ཡིན་ནོ། །དེས་ན་དེ་དག་གིས་འདི་ལྟར་བསྟན་པར་འགྱུར་ཏེ་རྒྱུ་ཉོན་མོངས་པ་མེད་པའི་ཕྱིར་འབྲས་བུ་ནད་མེད་ཅིང་དེ་མེད་པས་ན་བཀྲེས་པ་དང་སྐོམ་པ་མེད་ཅིང༌། དེ་མེད་པས་འཆི་བ་མེད་ལ་དེ་མེད་པས་ཚེ་འདི་དང་ཕ་རོལ་གྱི་སྡུག་བསྔལ་དང་ངན་འགྲོ་མེད་དོ་ཞེས་བྱ་བ་ཡིན་ནོ། །དེས་ན་ལྷ་དང་ལྷ་མ་ཡིན་དང་མི་རྣམས་གང་ལ་ཡང་ནད་དུ་མི་འགྱུར་རོ་ཞེས་བྱ་བའམ། དེ་དག་སུས་ཀྱང་བདག་སྒྲུབ་པ་པོ་ལ་ནད་དུ་བྱ་བའམ་འཆི་བར་བྱེད་མི་ནུས་སོ་ཞེས་བྱ་བའང་ཡིན་ནོ། །གོང་གི་ནད་མེད་ཅེས་བྱ་བ་ཚིག་རྐང་གཉིས་པོ་དེའི་དོན། ནད་མེད་ནད་བུ་ཁོང་ནད་མེད། །འཆི་བ་མེད་ཅིང་ཁོང་ཁྲོ་མེད། །ཅེས་བྱ་བའི་འགྱུར་དུ་བྱས་ན་བདེའོ། །ཚིག་གི་དོན་ལྷག་མ་རྣམས་ནི་རྟོགས་པར་སླའོ། །ལེའུ་ལྔ་པ་ཚིགས་སུ་བཅད་པ་སུམ་ཅུ་སོ་དྲུག་དང་རྐང་པ་གཉིས་ཀྱི་རྣམ་པར་འགྲེལ་པ་བསྟན་ཟིན་ཏོ།།  །།ད་ནི་ལེའུ་དྲུག་པ་བཤད་པར་བྱ་སྟེ། དེ་ལ་ལེའུ་འདིའི་རྒྱུད་བཤད་ཐབས་ཀྱི་མན་ངག་ལས་བརྗོད་བྱའི་དོན་ནི་བསྐྱེད་པའི་རིམ་པ་སྤྱི་ཡིན་ལ། དངོས་གྲུབ་དངོས་ནི་མཐར་ཐུག་ཏུའང་འགྱུར་ཞིང་དངོས་གྲུབ་ཀྱི་འཐད་པ་ནི་ཕ་རོལ་ཏུ་ཕྱིན་པ་དང་སྤྱིའི་དོན་དུ་བཤད་ལ། ཐོག་མར་ཕྱག་རྒྱ་བཞིའི་སྐབས་སུ་ཞར་ལས་བྱུང་བ་ཆོས་ཅུང་ཟད་བཤད་པ་ནི་སྦས་པ་ཡིན་ནོ། །རྗོད་བྱེད་ཀྱི་སྒྲ་ནི་ཡན་ལག་གི་དོན་ཏོ། །མངོན་པར་རྟོགས་པ་ནི་ལྷས་ཆེ་བ་བསྐྱེད་པའི་རིམ་པ་དབྱིབས་ཡིན་ལ་ཞར་ལས་བྱུང་བ་ཆོས་སུ་ཅུང་ཟད་ཅིག་ཀྱང་བཤད་པ་ནི་རྫོགས་པའི་རིམ་པ་ཡིན་ལ། བཟླས་པ་ནི་དངོས་གྲུབ་མཐའ་དག་གི་སྔགས་དང་འབྲེལ་ཏེ་འདིའི་མངོན་པར་རྟོགས་པ་ནི་རྒྱུད་ཀྱི་མངོན་རྟོགས་གུད་དུ་བརྗོད་པ་བཞིན་ཡན་ལག་དྲུག་ཏུ་ཞིབ་ཏུ་བརྗོད་པར་བྱའོ། །དངོས་གྲུབ་ཀྱི་མཚན་ཉིད་ནི་འབྲས་བུ་དང་འབྲེལ་ལ་དངོས་གྲུབ་འབྱུང་བའི་འཐད་པ་ནི་ལྟ་བ་དང་འབྲེལ་ལོ། །རྩ་བའི་རྒྱུད་ཀྱིས་གང་དུ་ཕན་འདོགས་ཤེ་ན། བསྐྱེད་པའི་རིམ་པ་རྣམས་ནི་ལེའུ་གསུམ་པ་དང༌། བརྒྱད་པ་དང༌། ཕྱི་མའི་ལྔ་པར་མ་ཚང་བ་ཁ་སྐོང་བའི་ཚུལ་གྱིས་ཕན་འདོགས་ལ། སྔགས་ཀྱི་བཟླས་པ་ནི་ལེའུ་གཉིས་པ་དང་ཕྱི་མའི་དགུ་པ་དང་བཅུ་པར་ཕྲེང་བ་ཚུལ་མི་འདྲ་ཞིང་ཕན་ཡོན་མ་ཚང་བ་ཁ་སྐོང་བ་ཡིན་ནོ། །འབྲས་བུ་ནི་ལེའུ་དང་པོ་དང་ཕྱི་མའི་གཉིས་པར་མདོར་བསྡུས་པའི་ཚུལ་གྱིས་ཕན་འདོགས་ལ། འཐད་པ་ནི་ལྟ་བ་ཡིན་པས་ལེའུ་དང་པོ་དང་ལྔ་པའི་སྟོད་དང་བརྒྱད་པ་དང་དགུ་པ་དང་ཕྱི་མའི་ལེའུ་བཞི་པའི་ཕྱོགས་རེ་གསལ་བར་བྱེད་དོ། །སྤྱིའི་དོན་ཏོ། །ཡན་ལག་གི་དོན་ལས་སེམས་ཀྱི་རྗེས་དྲན་ཞེས་བྱ་བ་ལ་སོགས་པ་སྟེ། སེམས་ནི་མི་བསྐྱོད་པ། སངས་རྒྱས་ནི་རྣམ་པར་སྣང་མཛད། རིན་ཆེན་ནི་རིན་ཆེན་འབྱུང་ལྡན། ཆོས་ནི་འོད་དཔག་མེད། ལས་ནི་དོན་ཡོད་གྲུབ་པ། འཁོར་ལོ་ཆེན་པོ་ནི་འཁོར་གྱི་ལྷ་མོ་དང་བཅས་པ་སྟེ། མདོར་ན་རིགས་རྐྱང་པའམ་བསྡུས་པའི་དམ་ཚིག་སེམས་དཔའ་བསྐྱེད་པའོ། །དེ་དག་ཞར་ལས་བྱུང་བ་ཆོས་སུ་བཤད་ན་སེམས་ཀྱི་རྗེས་དྲན་ནི་དབང་གསུམ་པའི་དུས་སུ་དགའ་བ་བཞིའི་མཐར་ལྷན་ཅིག་སྐྱེས་པའི་དགའ་བའི་ཉམས་སུ་མྱོང་བ་བསྐྱེད་ནས་སོ། །དེའི་རྒྱུ་ཐུན་བཞི་ལ་སོགས་པའི་ངེས་པས་ཕྱིས་ལམ་དུ་བྱེད་པའི་ཚེ་གོམས་པར་བྱ་བ་ནི་སངས་རྒྱས་རྗེས་དྲན་ནོ། །དབང་གི་དུས་སུ་ལུས་ཀྱི་འཁྲུལ་འཁོར་ལ་སོགས་པས་ཐིག་ལེ་གཟུང་བ་བསྟན་ལ། ཕྱིས་ཀྱང་ཐིག་ལེ་མི་ཉམས་པར་བསྲུང་བ་ནི། ཆོས་ནི་རྗེས་སུ་དྲན་པ་བསྒོམ། །ཞེས་པས་བསྟན། དེ་ཡང་འདུ་ཤེས་གསུམ་དང་ལྡན་པས་ཕྱིས་ཀྱང་དེ་ལྟར་བྱ་བ་ནི་ལས་རྗེས་སུ་དྲན་པའོ། །ཡང་ན་སེམས་ཀྱི་རྗེས་དྲན་ནས་རིམ་པ་བཞིན་དགའ་བ་བཞི་དང་དེའི་ཆོས་ཉིད་སྐྱོང་བ་དང་ལྔ་ལ་སྦྱོར་ཏེ་ཞར་ལ་འོངས་པ་ཙམ་མོ། །ཕྱག་རྒྱ་བཞི་ཡི་ཕྱག་རྒྱས་གདབ། །ཅེས་པ་ནི་དམ་ཚིག་པ་བསྐྱེད་པ་དང༌། སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང༌། ཡེ་ཤེས་ཀྱི་འཁོར་ལོ་དགུག་གཞུག་བྱ་བ་དང༌། དབང་བསྐུར་ནས་རིགས་ཀྱི་བདག་པོའི་རྒྱས་གདབ་པ་དང་བཞི་རྫོགས་པ་ཡིན་ནོ། །ཡང་ན་ལྟེ་བ་སྤྲུལ་པའི་འཁོར་ལོ་ནི་ལས་ཀྱི་ཕྱག་རྒྱའོ། །ཆོས་ཀྱི་འཁོར་ལོ་ནི་ཆོས་ཀྱི་ཕྱག་རྒྱ། ལོངས་སྤྱོད་ཀྱི་འཁོར་ལོ་ནི་ཕྱག་རྒྱ་ཆེན་པོ། བདེ་བ་ཆེན་པོ་ནི་དམ་ཚིག་གི་ཕྱག་རྒྱ་སྟེ་དེ་བཞིས་རྒྱས་གདབ་པའོ། །ཡང་ན་དཔྲལ་བར་ཨོཾ་ལས་སྐུ་རྡོ་རྗེར་བྱིན་གྱིས་བརླབ་པ་ཕྱག་རྒྱ་ཆེན་པོ། །མགྲིན་པར་ཨཱཿལས་གསུང་རྡོ་རྗེར་བྱིན་གྱིས་བརླབ་པ་ནི་ཆོས་ཀྱི་ཕྱག་རྒྱ། སྙིང་གར་ཧཱུྃ་ལས་ཐུགས་རྡོ་རྗེ་མི་བསྐྱོད་པ་བསྒོམས་ཏེ་ཐུགས་བྱིན་གྱིས་བརླབ་པ་ནི་དམ་ཚིག་གི་ཕྱག་རྒྱ། སྙིང་གར་ཡེ་ཤེས་སེམས་དཔའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་བསྒོམ་པ་ནི་ལས་ཀྱི་ཕྱག་རྒྱ་སྟེ་སྤྲོ་བསྡུའི་ལས་དུ་མ་བྱེད་པའི་ཕྱིར་རོ། །ཏིང་ངེ་འཛིན་སེམས་དཔའི་སྤྲོ་བསྡུ་ནི། །ཞེ་སྡང་རྒྱལ་པོ་རྒྱལ་པོ་ཆེ། །ཞེས་བྱ་བ་ལ་སོགས་པ་སྟེ། དེའི་དོན་ནི་རིགས་སོ་སོའི་ཏིང་ངེ་འཛིན་སེམས་དཔའ་ལས་འོད་ཟེར་སྤྲོ་བ་དང་བསྡུ་པའི་ཚུལ་གྱིས་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པའི་ཚུལ་གྱིས་བསྒོམ་པའོ། །ལྷག་མ་རྣམས་ནི་རྟོགས་པར་སླའོ། །དངོས་གྲུབ་འབྱུང་བའི་འཐད་པ་ནི་སྐབས་སུ་ཐོག་མར་རྒོལ་བར་འདི་སྐད་དྲན་པར་བྱ་སྟེ། དེ་ལྟར་རིམ་པ་གཉིས་ཀྱིས་གྲོལ་བ་དེ་རང་བཞིན་གྱིས་དག་པ་གཅིག་གྲོལ་ལམ། རང་བཞིན་གྱིས་མ་དག་ཀྱང་གྲོལ། དག་ན་ལམ་མི་དགོས་ལ་མ་དག་ན་སྦྱང་བའི་མཐུ་མེད་དོ་ཞེ་ན། འདི་ལྟར་སྦྱང་རུང་གི་ཆོས་ཡོད་པའི་ཕྱིར་རང་བཞིན་གྱིས་དག་ལ་སྦྱང་དགོས་པའི་ཕྱིར་གློ་བུར་དུ་མ་དག་པ་སྦྱང་ངོ་ཞེས་ཤེས་པར་བྱའོ། །དེ་ཡང་སེམས་རང་བཞིན་གྱིས་དྲི་མ་དང་བྲལ་ལ་གློ་བུར་གྱི་དྲི་མ་ནི་སེམས་ཀྱི་མཚན་ཉིད་སྣ་ཚོགས་ཞེས་བྱ་བ་ཡིན་ལ། དེ་སྦྱངས་པས་ནམ་མཁའ་ལྟར་དྲི་མ་མེད་པར་འགྱུར་བ་ནི་འཇིག་རྟེན་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །སེམས་དྲི་མ་མེད་ཅིང་ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་པ་དེ་ལ་ལམ་དང་གྲུབ་པའི་མཐའ་ཐམས་ཅད་སྐྱེ་བར་འགྱུར་བ་ནི་སེམས་ཀྱི་ཡོན་ཏན་ཞེས་བྱ་བ་ཡིན་ཏེ། སེམས་ཀྱི་རིན་ཆེན་བསྐུལ་བ་ལས། །ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །སེམས་ཀྱི་རང་བཞིན་དང་ཡོན་ཏན་ནི། །ཆོས་ཀྱི་དབྱིངས་ནི་མཆོག་ཏུ་ཞི། །ཞེས་བྱ་བ་ལ་སོགས་པ་སྟེ། ཆོས་ཀྱི་དབྱིངས་ནི་སྐད་སོར་བཞག་ན་དྷརྨ་དྷཱ་ཏུ་ཞེས་བྱ་བ་སྟེ་ཆོས་ཀྱི་དབྱིངས་སམ་ཆོས་ཀྱི་ཁམས་སམ་ཆོས་ཀྱི་རྒྱུ་སྟེ་ཀུན་གཞིའི་རྣམ་པར་ཤེས་པ་ཞེས་བྱ་བ་སེམས་ཀྱི་རང་བཞིན་ཡིན་ལ། དེ་མ་དག་པའི་བག་ཆགས་ཀྱིས་ཀུན་ཏུ་བསླད་ན་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པ་འཁོར་བར་སྐྱེ་སྟེ། གཟུགས་དང༌། ཚོར་བ་དང༌། འདུ་ཤེས་དང༌། ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །དེ་ཉིད་ལམ་གྱིས་སྦྱངས་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འབྲས་བུ་ཐམས་ཅད་འབྱུང་སྟེ་སེམས་ཀྱི་ཡོན་ཏན་དང་སེམས་ཀྱི་ནུས་མཐུ་ཡིན་ཏེ། ཡིད་བཞིན་ནོར་བུ་རིན་པོ་ཆེ། །ཞེས་བྱ་བ་ལ་སོགས་པ་དང༌། དེ་ཉིད་ཕྱིར་ན་སྔགས་རྒྱལ་གྱི། །ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །ཚིག་དོན་ལྷག་མ་རྣམས་ནི་རྟོགས་པར་སླའོ། །ལེའུ་དྲུག་པ་ཚིགས་སུ་བཅད་པ་སུམ་ཅུ་སོ་དགུ་དང་རྐང་པ་གཉིས་ཀྱི་རྣམ་པར་འགྲེལ་པ་བསྟན་ཟིན་ཏོ།།  །།ད་ནི་ལེའུ་བདུན་པ་བརྗོད་པར་བྱ་སྟེ། དེ་ལ་ལེའུ་འདིའི་རྒྱུད་བཤད་ཐབས་ཀྱི་མན་ངག་ལས་བརྗོད་བྱའི་དོན་ནི་ཕལ་ཆེར་སྤྱི་ཡིན་ལ། དབང་གོང་མ་གསུམ་ནི་སྦས་པའང་ཡིན་ནོ། །རྗོད་བྱེད་ཀྱི་སྒྲ་ནི་ཡན་ལག་གི་དོན་དང་ཡི་གེའི་དོན་གཉིས་འཇུག་གོ །མངོན་པར་རྟོགས་པ་ནི་སྨིན་པར་བྱེད་པ་དབང་དང་བསྐྱེད་པའི་རིམ་པ་དབྱིབས་དང་བཟའ་བའི་དམ་ཚིག་དང་འབྲེལ་ལ། ཁམས་ཀྱི་དག་པ་ནི་སྤྱོད་ལམ་གྱི་རྣལ་འབྱོར་ཡིན་པས་དབྱིབས་ཀྱི་ཁོངས་སུ་འདུའོ། །རྩ་བའི་རྒྱུད་ཀྱི་གང་དུ་ཕན་འདོགས་ན་ཡན་ལག་དྲུག་ནི་ལེའུ་གསུམ་པ་དང་བརྒྱད་པ་དང་ཕྱི་མའི་ལེའུ་ལྔ་པར་མི་གསལ་བ་གསལ་བ་དང་མ་ཚང་བ་ཁ་སྐོང་བའི་ཚུལ་དུ་ཕན་འདོགས་ལ། དབང་ནི་ལེའུ་བཅུ་པ་དང་ཕྱི་མའི་གསུམ་པ་དང་ལྔ་པ་དང་བཅུ་གཉིས་པའི་དོན་གསལ་བར་བྱེད་དོ། །བཟའ་བའི་དམ་ཚིག་ནི་ལེའུ་གཉིས་པ་དང་བཅུ་གཅིག་པ་དང་ཕྱི་མའི་ལེའུ་བཅུ་པའི་དོན་ཕན་ཡོན་དང་བཅས་པའི་ཚུལ་གྱིས་མི་གསལ་བ་གསལ་བ་དང་མ་ཚང་བ་ཁ་སྐོང་བའི་ཚུལ་གྱིས་ཕན་འདོགས་ལ། ཁམས་ཀྱི་དག་པ་ནི་རྩ་བ་དང་ཕྱི་མའི་ལེའུ་དགུ་པར་གསལ་བར་བྱེད་པ་ཡིན་ནོ། །སྤྱིའི་དོན་ཏོ། །ཡན་ལག་གི་དོན་ལ། སངས་རྒྱས་གནས་ནི་རྣམ་རྫོགས་དང༌། །ཞེས་བྱ་བ་ལ་སོགས་པ་ལེའུ་བཞི་པའི་མངོན་རྟོགས་བསྡུས་པའི་གསལ་བྱེད་ཡན་ལག་དྲུག་གི་གསལ་བྱེད་དེ། དེ་ཡང་ངོ་བོ་ཉིད་ལ་ངོ་བོ་ཉིད་ཀྱི་རྒྱ་སྟོན་པ་སྟེ་གཞལ་ཡས་ཁང་ཡང་སྐུ་ཡིན་ལ་རྣམ་པར་སྣང་མཛད་ཀྱང་སྐུ་ཡིན་པས་ན་གཞལ་ཡས་ཁང་བསྐྱེད་པ་རྣམ་པར་སྣང་མཛད་ཀྱི་ཡན་ལག་དང༌། རྗེས་སུ་ཆགས་པ་ནི་འཁོར་བའི་རྩ་བ་ཡིན་ལ་ལམ་བྱང་ཆུབ་ཀྱི་ཕྱོགས་ཀྱང་རྗེས་སུ་ཆགས་པ་དང་ཆོས་མཐུན་པ་ལ། སངས་རྒྱས་ཀྱི་རྩ་བའང་བྱང་ཆུབ་ཀྱི་སེམས་ཡིན་ཞིང་རྡོ་རྗེ་འཆང་ཡང་སངས་རྒྱས་ཀྱི་རྩ་བ་ཡིན་པའི་ཕྱིར་རྗེས་སུ་ཆགས་པ་རྡོ་རྗེ་སེམས་དཔའི་ཡན་ལག་སྟེ། མངོན་པར་རྟོགས་པའི་རྩ་བ་ཡང་དམ་ཚིག་པ་བསྐྱེད་པ་དང༌། སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང༌། ཡེ་ཤེས་པ་གཞུག་པ་རྣམས་ཡིན་པས་སོ། །དབང་ཡང་ཆུ་ཡིན་ལ་མི་བསྐྱོད་པ་ཡང་ཆུ་རྣམ་པར་དག་པ་ཡིན་པའི་ཕྱིར་དབང་བསྐུར་བ་མི་བསྐྱོད་པའི་ཡན་ལག བདུད་རྩི་མྱང་བའང་མགྲིན་པར་ཉམས་སུ་མྱོང་ལ་འོད་དཔག་ཏུ་མེད་པའང་གསུང་དག་པའི་ཕྱིར་བདུད་རྩི་མྱང་བ་འོད་དཔག་ཏུ་མེད་པའི་ཡན་ལག་དང༌། མཆོད་པའང་ཕྲིན་ལས་ཡིན་ལ་དོན་ཡོད་གྲུབ་པའང་ཕྲིན་ལས་ཡིན་པའི་ཕྱིར་མཆོད་པ་དོན་ཡོད་གྲུབ་པའི་ཡན་ལག བསྟོད་པའང་ཡོན་ཏན་ཡིན་ཞིང་རིན་ཆེན་འབྱུང་ལྡན་ཡང་ཡོན་ཏན་ཡིན་པའི་ཕྱིར་བསྟོད་པ་རིན་ཆེན་འབྱུང་ལྡན་གྱི་ཡན་ལག་ཡིན་ནོ་ཞེས་རྟོགས་པར་བྱའོ། །ཚིག་གི་དོན་ལྷག་མ་རྣམས་ནི་རྟོགས་པར་སླའོ། །བུམ་པའི་དབང་ནི་ཞེས་བྱ་བ་ལ་སོགས་པ་ནི་ལེའུ་བཞི་པའི་དབང་རྫོགས་པར་བྱེད་པའི་ཁ་སྐོང་ཐུན་མོང་མ་ཡིན་པའི་དབང་བཞིའི་སྡོམ་སྟེ་རྣལ་འབྱོར་གྱི་རྒྱུད་མན་ཆད་ལ་མ་གྲགས་པ་ཡིན་ནོ། །དེའང་ལེའུ་བཅོ་ལྔ་པའི་ཐུན་མོང་གི་སྡོམ་གྱི་སྐབས་ནས། བདུན་པ་བུམ་པའི་དབང་ཡིན་ཏེ། །གསང་བའི་དབང་བསྐུར་བརྒྱད་པ་སྟེ། །ཤེས་རབ་ཡེ་ཤེས་དགུ་པ་ཡིན། །དེ་ཉིད་རྡོ་རྗེའི་སྦྱོར་བ་ཡིས། །ཞེས་གསུངས་ལ། འདིར་ཐུན་མོང་མ་ཡིན་པའི་དབང་གི་རྐང་གྲངས། བུམ་པའི་དབང་ནི་དང་པོ་སྟེ། །གཉིས་པ་ལ་ནི་གསང་བའི་དབང༌། །གསུམ་པ་ཤེས་རབ་ཡེ་ཤེས་ཏེ། །ཇི་ལྟར་ལུས་ནི་དེ་བཞིན་གཤེགས། །ཞེས་ཐུན་མོང་མ་ཡིན་པའི་སྡོམ་གསུངས་པ་ཡིན་ནོ། །དེ་ལ་ཐུན་མོང་མ་ཡིན་པའི་བུམ་པའི་དབང་གསུངས་པ་ནི། དཀྱིལ་འཁོར་དམ་པ་བྲིས་ནས་ནི། །ཞེས་བྱ་བ་ལ་སོགས་པ་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་ནས་དེར་ཚོགས་ཀྱི་འཁོར་ལོ་བྱ་སྟེ། དམ་ཚིག་ཁུ་བའི་ཆོ་ག་ཡིས། །ནང་གི་སྦྱིན་སྲེག་བྱས་ནས་ནི། །ཞེས་བྱ་བ་ཡིན་ནོ། །ཧོམ་དང་བསམ་གཏན་བསྐྱེད་བྱས་ནས། །ཞེས་བྱ་བའི་འགྱུར་དུ་སྣང་ན་ཡང༌། ཧོམ་ནི་སྦྱིན་སྲེག་ཡིན་ལ་བསམ་གཏན་ནི་ལྷ་རྣལ་འབྱོར་དང་ལྡན་པ་སྟེ་ནང་གི་སྦྱིན་སྲེག་ཉིད་ཡིན་ནོ། །དེ་ཚེ་དབུགས་དབྱུང་སྦྱིན་པར་བྱ་ནི་ནུབ་གཅིག་ལ་བུམ་དབང་ལས་མི་བསྐུར་ན་མཐའ་རྟེན་བཞི་ཀ་བུམ་དབང་གི་མཐར་བྱེད་པའི་གཞུང་ཡིན་ནོ། །དེ་ནས་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་བ་ནི། མཁའ་འགྲོ་ལྔ་དང་ཡང་དག་ལྡན་ནི་བདག་དང་ནམ་མཁའི་དེ་བཞིན་གཤེགས་པ་དང་བུམ་པའི་ནང་དུའང་རིགས་ལྔའི་ལྷ་བསྐྱེད་པ་ཡིན་ནོ། །དམ་ཚིག་ལྔ་ཡིས་གང་བ་ནི། དེ་བཞིན་གཤེགས་པ་ལྔ་ཞུ་བ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱིས་བུམ་པ་གང་བའོ། །མཁའ་འགྲོ་མའི་ཚོགས་དང་ལྡན་ནི་དབང་བསྐུར་མཁན་ནོ། །དེས་འདི་སྐད་བསྟན་པར་འགྱུར་ཏེ་ཆོ་ག་གསུམ་གྱིས་སློབ་མ་རྡོ་རྗེ་འཆང་དུ་བསྐྱེད་ལ་རྡོ་རྗེ་གཏད་ཅིང་རྡོ་རྗེའི་དེ་ཁོ་ན་ཉིད་བརྗོད་པ་དང༌། དྲིལ་བུ་གཏད་ཅིང་དྲིལ་བུའི་དེ་ཁོ་ན་ཉིད་བརྗོད་པ་དང༌། རྡོ་རྗེ་དང་དྲིལ་བུ་འཁྱུད་པའི་ཚུལ་དུ་བཞག་ལ། རྡོ་རྗེ་ཆེ་དང་དྲིལ་བུ་ཆེ། །ཞེས་བྱ་བ་ལ་སོགས་པ་བརྗོད་དེ་རྗེས་གནང་རྒྱས་པ་སྦྱིན་པ་དང༌། དེ་ནས་བུམ་པའི་ཆུ་ཡིས་དབང་རྒྱས་པར་བསྐུར་ཏེ་རིགས་ཀྱི་བདག་པོའི་རྒྱས་བཏབ་ལ་མཆོད་དེ། ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ། ཞེས་པས་རབ་ཏུ་གནས་པར་བྱའོ། །དེ་ནས་གསང་དབང་བསྐུར་བ་ནི། རང་གི་ལྷག་པའི་ལྷར་སྦྱར་ནས། །ཞེས་བྱ་བ་ནི་ཧེ་རུ་ཀའི་ང་རྒྱལ་དང་ལྡན་པའོ། །རྡོ་རྗེ་ས་བོན་རབ་སྦྱོར་བ་ནི་སྙོམས་པར་ཞུགས་པ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་སོ། །སློབ་མ་བརྟག་པར་ངེས་བསམས་ཏེ། །ཞེས་བྱ་བ་ནི་སློབ་མ་བུམ་དབང་ཐོབ་པས་ལུས་ཀྱི་དྲི་མ་དག་པས་སློབ་མ་རྣམ་པར་སྣང་མཛད་དུ་བསོམས་ལ་གསང་དབང་སྦྱིན་པའོ། །རྒྱུན་གྱི་རིགས་ཀྱི་མིང་གིས་སོ། །ཞེས་བྱ་བ་ནི་ཨཱ་ལི་གང་ལས་བྱང་ཆུབ་ཀྱི་སེམས་བབ་པའི་ལྷ་མོའི་རིགས་ངོས་བཟུང་ལ་དེའི་རིགས་དང་རྗེས་སུ་མཐུན་པའི་མིང་འདོགས་པ་སྟེ། དེ་ལྟར་ན་བུམ་དབང་གི་མཐའ་རྟེན་རྗེས་གནང༌། གསང་དབང་གི་མཐའ་རྟེན་ལུང་བསྟན། ཤེས་རབ་ཡེ་ཤེས་ཀྱི་མཐའ་རྟེན་དབུགས་དབྱུང༌། དབང་བཞི་པའི་མཐའ་རྟེན་གཟེངས་བསྟོད་ཡིན་ཏེ་ནུབ་གཅིག་ལ་དབང་བཞི་རྫོགས་པར་བསྐུར་ན་མཐའ་རྟེན་སོ་སོར་བྱའོ་ཞེས་བྱ་བའི་དོན་ཏོ། །དབང་གོང་མ་གཉིས་ཀྱི་ཚིག་དོན་ནི་རྟོགས་པར་སླའོ། །དམ་ཚིག་གི་རྫས་བསྟན་པའི་ཕན་ཡོན་དང་བཅས་པ་ནི་ཤ་ལྔ་བདུད་རྩི་རྣམ་པ་ལྔ་རྐྱང་པ་རེ་རེའམ་ཅི་རིགས་པའམ་ཐམས་ཅད་འཚོགས་པའང་རུང་སྟེ། བླ་མའི་མན་ངག་གིས་བདུད་རྩི་བྱིན་གྱིས་བརླབ་པ་རྒྱས་པར་བྱས་ནས་བསྟན་ན་གཞུང་ནས་འབྱུང་བའི་ཕན་ཡོན་རྣམས་འབྱུང་བར་འགྱུར་རོ། །སེན་མོ་བ་སྤུ་དེ་བཞིན་ཁམས། །ཞེས་བྱ་བ་ལ་སོགས་པ་ནི་སྤྱོད་ལམ་གྱི་རྣལ་འབྱོར་ཏེ་མ་དག་པ་རྣམས་དག་པའི་ཁམས་དེ་བཞིན་གཤེགས་པ་སོ་སོར་ཤེས་པར་བྱས་ནས་ལོངས་སྤྱད་པར་བྱའོ། །ཚིག་གི་དོན་རྣམས་ནི་གཞུང་ཉིད་དུ་བླ་མས་སྟོན་པ་ནི་རྟོགས་པར་སླའོ། །ལེའུ་བདུན་པ་ཚིགས་སུ་བཅད་པ་སུམ་ཅུ་སོ་བདུན་དང་རྐང་པ་གསུམ་གྱི་རྣམ་པར་འགྲེལ་པ་བསྟན་ཟིན་ཏོ།།  །།ད་ནི་ལེའུ་བརྒྱད་པ་བཤད་པར་བྱ་སྟེ། དེ་ལ་ལེའུ་འདིའི་རྒྱུད་བཤད་ཐབས་ཀྱི་མན་ངག་ལས་བརྗོད་བྱའི་དོན་ནི་སྤྱི་དང་སྦས་པ་མཐར་ཐུག་གསུམ་ཀ་བསྟན་ལ། རྗོད་བྱེད་ཀྱི་སྒྲ་ནི་ཡན་ལག་གི་དོན་གྱིས་སྟོན་ལ་ཡི་གེའི་དོན་ཡང་ཅུང་ཟད་འཇུག་གོ །མངོན་པར་རྟོགས་པ་ནི་བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པ་དང་ལས་ཀྱི་ཚོགས་དང་སྦྱིན་སྲེག་དང་འབྲས་བུའི་རྒྱུད་དང་འབྲེལ་ལ། སའི་ཆོ་ག་དང་ཐིག་ནི་སྨིན་བྱེད་དང་འབྲེལ་ལ། ནང་གི་སྦྱིན་སྲེག་ནི་རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་མཉེས་པར་བྱེད་པའི་ཐབས་དང་བཅས་པ་དང༌། ནང་གི་སྦྱིན་སྲེག་ནི་དམ་ཚིག་དང་སྡོམ་པ་དང་འབྲེལ་ལ། དོན་དམ་པར་སྦྱང་རྒྱུ་མེད་ཀྱང་ཀུན་རྫོབ་ཏུ་སྦྱང་བའི་ཚུལ་ནི་རིམ་གཉིས་སྤྱིའི་མངོན་རྟོགས་རིམ་པ་གཉིས་ཀྱིས་གྲོལ་བའི་རྒྱུ་མཚན་དང་འབྲེལ་ལོ། །རྩ་བའི་རྒྱུད་ཀྱི་གང་དུ་ཕན་འདོགས་ཤེ་ན། བསྐྱེད་པའི་རིམ་པ་རྣམས་ནི་ལེའུ་གསུམ་པ་དང་བརྒྱད་པ་དང་ཕྱི་མའི་ལྔ་པར་ཕན་འདོགས་ཏེ། དེའང་གླུས་བསྐུལ་བ་ནི་ཚུལ་མི་འདྲ་བའི་ཚུལ་གྱིས་ཕན་འདོགས་ལ་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང༌། བསྟོད་པ་བསྡུས་པ་ནི་མ་ཚང་བ་ཁ་སྐོང་བའི་ཚུལ་གྱིས་ཕན་འདོགས་སོ། །ཕྱག་རྒྱ་དང་སྒྲུབ་པ་པོའི་མཚན་ཉིད་ནི་ལེའུ་ལྔ་པར་ཅུང་ཟད་གསལ་བར་བྱེད་ལ། རིམ་གཉིས་སྤྱིའི་ངག་གི་དོན་ནི་ལེའུ་བརྒྱད་པ་དང་ཕྱི་མའི་ལེའུ་གཉིས་པར་དོན་མདོར་བསྡུས་པའི་ཚུལ་གྱིས་ཕན་འདོགས་སོ། །ལས་རྒྱས་པའི་ལྷའི་རྣལ་འབྱོར་གཉིས་དང་སྦྱིན་སྲེག་ནི་ལེའུ་གཉིས་པ་དང་ཕྱི་མའི་ལེའུ་དང་པོ་དང་དགུ་པ་དང་བཅུ་པར་མ་ཚང་བ་ཁ་སྐོང་བ་དང་ཅུང་ཟད་མི་གསལ་བ་གསལ་བའི་ཚུལ་གྱིས་ཕན་འདོགས་སོ། །རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་མཉེས་པར་བྱེད་པ་དང་བཅས་པ་ནི་དམ་ཚིག་གི་ཚོགས་ཡིན་པས་ཐུན་མོང་དུ་མ་ཚང་བ་ཁ་སྐོང་ལ། ནང་གི་སྦྱིན་སྲེག་ཚོགས་འཁོར་ནི་བརྟག་པ་གོང་འོག་གི་བདུན་པ་གཉིས་སུ་ཅུང་ཟད་གསལ་བར་བྱེད་དོ། །སྤྱིའི་དོན་ཏོ། །ཡན་ལག་གི་དོན་ལ་ཐོག་མར་གླུས་བསྐུལ་བ་ནི་གོང་ལེའུ་བཞི་པ་དང་བདུན་པར་མངོན་པར་རྟོགས་པ་བསྟན། ལྔ་པ་དང་དྲུག་པར་དཀྱིལ་འཁོར་གྱི་རྒྱས་བསྡུས་དང་ཚད་བསྟན་ལ། དེར་རྒྱུ་རྡོ་རྗེ་འཛིན་པ་འོད་དུ་ཞུ་བ་ལས་འབྲས་བུ་རྡོ་རྗེ་འཛིན་པར་བཞེངས་པའི་ཕྱིར་གླུས་བསྐུལ་བ་མ་ཚང་བ་ཁ་སྐོང་བ་ཡིན་ཏེ། དེ་ལ་བསྡུས་པའི་དཀྱིལ་འཁོར་གྱི་རྒྱུ་རྡོ་རྗེ་འཛིན་པ་དཀར་པོ་ལྔས་རང་རང་གི་འཁོར་གྱི་ལྷ་མོ་བརྒྱད་བརྒྱད་སྤྲུལ་ནས་རྒྱུ་རྡོ་རྗེ་འཛིན་པ་འོད་དུ་ཞུ་སྟེ་གླུས་བསྐུལ་བ་ནི། དབུས་ཀྱི་གཙོ་བོ་གང་དང་གང་ཡིན་པའི་མཚམས་ཀྱི་ལྷ་མོ་རྣམས་ཀྱིས་ལྷ་ལྔ་ཀའང་བསྐུལ་བ་ཡིན་ནོ་ཞེས་གསུང་ལ། རང་རང་གི་མཚམས་ཀྱི་ལྷ་མོ་རྣམས་ཀྱིས་བསྐུལ་ཡང་ཉེས་པ་མེད་དེ་སློབ་དཔོན་མི་ཐུབ་ཟླ་བས། སྦོས་མོ་སོགས་ཀྱི་གནས་འདུག་པའི། །མེ་ཏོག་ལ་སོགས་རང་གི་གླུས། །དེ་ལྟར་གཙོ་བོ་གཞན་དག་ལའང༌། །མཚམས་ཀྱི་ལྷ་མོ་རྣམས་ཀྱིས་བསྐུལ། །ཞེས་འབྱུང་བས་སོ་སྙམ་དུའང་བདག་ཉིད་སེམས་སོ། །དེ་ལ་གཙོ་བོའི་ལྷ་མོས་བསྐུལ་ན་པུཀྐ་སཱིས་མི་བསྐྱོད་པ་ལ་བསྐུལ་བ་ནི་སེམས་ལ་ལུས་ཀྱི་ཕྱག་རྒྱས་མཛེས་ལ། ཤ་བ་རཱིས་རྣམ་པར་སྣང་མཛད་ལ་བསྐུལ་བ་ནི་ལུས་ལ་སེམས་ཀྱི་ཕྱག་རྒྱས་མཛེས་ཤིང་འོག་མ་གཉིས་ཀྱི་གཙོ་བོ་གསུམ་བསྐུལ་བ་ནི་ངོ་བོ་ཉིད་ལ་ངོ་བོ་ཉིད་ཀྱི་ཕྱག་རྒྱས་མཛེས་པར་བྱས་པ་ཡིན་ནོ། །འདི་ནི་མི་བསྐྱོད་པ་དབུས་ན་བཞུགས་པའི་དབང་དུ་བྱས་པ་ཡིན་ལ་རྣམ་སྣང་དབུས་ན་བཞུགས་པའི་ཚེ་མེ་ཏོག་མས་མི་བསྐྱོད་པ་བསྐུལ། བདུག་པ་མས་རྣམ་སྣང་བསྐུལ། མར་མེ་མས་འོད་དཔག་མེད་བསྐུལ། དྲི་མས་དོན་གྲུབ་དང་རིན་འབྱུང་བསྐུལ་ལོ། །རིན་འབྱུང་དབུས་སུ་གྱུར་པའི་ཚེ་སྒེག་མོས་མི་བསྐྱོད་པ། གླུ་མས་རྣམ་སྣང༌། གར་མས་འོད་དཔག་མེད། བཞད་མས་རིན་འབྱུང་དང་དོན་གྲུབ་བསྐུལ་ལོ། །འོད་དཔག་མེད་དབུས་སུ་གྱུར་པའི་ཚེ་གླིང་བུ་མས་མི་བསྐྱོད་པ། པི་ཝང་མས་རྣམ་སྣང༌། རྔ་འཛིན་མས་འོད་དཔག་མེད། རྫ་རྔ་མས་དོན་གྲུབ་དང་རིན་འབྱུང་བསྐུལ་ལོ། །དོན་གྲུབ་དབུས་སུ་གྱུར་པའི་ཚེ་སྤྱན་མས་བྱང་གི་མི་བསྐྱོད་པ། མཱ་མ་ཀཱིས་ཤར་གྱི་རྣམ་སྣང༌། གོས་དཀར་མོས་ནུབ་ཀྱི་འོད་དཔག་མེད། སྒྲོལ་མས་དབུས་དང་ལྷོའི་དོན་གྲུབ་དང་རིན་འབྱུང་བསྐུལ་བ་ཡིན་ནོ། །རིགས་རྐྱང་པར་གྱུར་ཀྱང་རྒྱུ་རྡོ་རྗེ་འཛིན་པ་རིགས་ལྔའི་ངོ་བོ་ཡིན་པའི་ཕྱིར་གླུ་འདི་ཉིད་ཀྱིས་རང་རང་གི་གཙོ་བོ་ལ་བསྐུལ་ལོ། །དེའང་སྔར་བཞིན། སྦོས་མོ་སོགས་ཀྱི་གནས་འདུག་པའི། །མེ་ཏོག་ལ་སོགས་རང་གི་གླུས། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །རིགས་བསྡུས་ལྷ་མོ་བཞི་བཞིའི་དབུས་ན་བཞུགས་པའི་དབང་དུ་བྱས་ན་ཕྱོགས་ཀྱི་ལྷ་མོ་ཉིད་ཀྱིས་བསྐུལ་ཏེ། པུཀྐ་སཱི་ལ་སོགས་པ་དང་གཽ་རཱི་ལ་སོགས་པའི་ཕྱོགས་གཅིག་གི་རྣམ་དག་འདྲ་བས། གཽ་རཱི་བདག་ལ་མགོན་པོས་མྱུར་དུ་གཟིགས། །ཞེས་བྱ་བ་ལ་སོགས་པས་བསྒྱུར་བར་བྱའོ། །ཡང་ན་རང་བཞིན་གྱི་གནས་ནས་མཚམས་མ་བཞི་བྱོན་ནས་གླུས་བསྐུལ་ཏེ་རང་རང་གི་གཙོ་བོ་ཐིག་ལེ་ལ་ཐིམ་པས་བཞེངས་སོ་ཞེས་གསུང་སྟེ། ལུགས་གཉིས་ཀའང་མཛེས་མོད་ཀྱི་ཚད་མེད་དང་མཐུན་པས་ཕྱི་མ་ཅུང་ཟད་མཛེས་པར་མཐོང་ངོ༌། །ཚིག་དོན་ལས་ཚིག་དང་པོས་སྦྱང་གཞི་ཉོན་མོངས་པ་རྣམས་སྦྱོང་བ་ཡིན། གཉིས་པ་རྣམས་ཀྱིས་ལུས་ངག་ཡིད་གསུམ་ཡོན་ཏན་དང་ཕྲིན་ལས་དང་བཅས་པ་རྣམས་སྦྱངས་ནས་ཡེ་ཤེས་ལྔར་བསྒྲུབ་པ་ཡིན། གསུམ་པ་རྣམས་ཀྱིས་ཟུང་འཇུག་གི་སྐུར་བསྒྲུབ་པ་ཡིན། བཞི་པ་རྣམས་ཀྱིས་ཚད་མེད་བཞིའི་ངོ་བོ་ལྷ་མོ་རྣམས་ཀྱི་ངོ་འཕྱར་བ་ཡིན། ལྔ་པ་རྣམས་ཀྱིས་དགོས་པ་བསྟན་པ་ཡིན། དྲུག་པ་རྣམས་ཀྱིས་ཟུང་འཇུག་སྐུར་སྒྲུབས་ཤིག་ཅེས་གསལ་གདབ་པའི་ངོ་བོ་ཡིན་ནོ། །སྐུ་གསུང་ཐུགས་དང་སྐྱེ་མཆེད་བྱིན་གྱིས་བརླབ་པ་ནི་ལེའུ་བཞི་པའི་གསལ་བྱེད་དེ། ཚིག་གི་དོན་རྣམས་ནི་རྟོགས་པར་སླའོ། །དོན་དམ་པར་སྦྱང་དུ་མེད་ཀྱང་ཀུན་རྫོབ་ཏུ་སྦྱང་ཚུལ་ནི་རིམ་པ་གཉིས་ཀྱིས་གྲོལ་བའི་རྒྱུ་མཚན་ཐབས་ཁྱད་པར་ཅན་གྱིས་ཟིན་པ་ནི་མངོན་རྟོགས་རྒྱས་པར་བསྟན་པའི་སྐབས་སམ། རྩ་བའི་རྒྱུད་བཞིན་དུ་རྒྱས་པར་བཤད་པར་བྱའོ། །རྡོ་རྗེ་སྒྲོལ་མའི་མངོན་པར་རྟོགས་པ་ནི་རང་སྒྲོལ་མར་བསྒོམས་པའི་སྙིང་གར་པདྨ་དང་ཟླ་བའི་སྟེང་དུ་ཏཱྃ་བསྒོམས་ལ་དེ་ལས་འོད་བྱུང་སྟེ་ཚོགས་ཀྱི་ཞིང་སྤྱན་དྲང་བ་དང༌། དེ་ལ་མཆོད་པ་དང༌། ཡན་ལག་བདུན་པ་དང༌། ཚད་མེད་པ་བཞི་དང༌། ཡེ་ཤེས་ཀྱི་ཚོགས་སྟོང་པ་ཉིད་དང༌། སྲུང་བའི་འཁོར་ལོ་དང༌། འབྱུང་བ་རིམ་བརྩེགས་ནས་གཞལ་ཡས་ཁང་བསྒོམས་པའི་བར་ནི་ལེའུ་བཅུ་གཉིས་པ་ནས་འབྱུང་བ་དང་མཐུན་ལ། དེ་ནས་ལྷ་བཅུ་གཅིག་གི་གནས་སུ་པདྨ་དང་ཟླ་བ་བསྒོམ་མོ། །དབུས་ཀྱི་ལྟེ་བར་མངོན་བྱང་ལྔའམ་ཏཱྃ་ལས་ཨུཏྤལ་ཏཱྃ་གིས་མཚན་པ་ལས་བསྐྱེད་ཀྱང་རུང་སྟེ་གཙོ་མོ་བསྐྱེད་པ་དེའི་ཐུགས་ཀ་ནས་ཡི་གེ་བཅུ་སྤྲོས་ཏེ། ལྷ་རྣམས་ཀྱི་གནས་སུ་བཞག་ལ་དེ་ལས་ལྷ་མོ་བཅུ་བསྒོམ་པ་ནི་ཕ་རོལ་ཏུ་ཕྱིན་པ་བཅུ་དང་ས་བཅུ་དག་པ་ཡིན་ལ། གཙོ་མོ་ནི་སངས་རྒྱས་ཀྱི་ས་ཡིན་ནོ། །དེ་ནས་སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང༌། ཡེ་ཤེས་ཀྱི་འཁོར་ལོ་དགུག་གཞུག་བྱ་བ་དང༌། དབང་བསྐུར་ནས་གཙོ་མོ་ལ་རིན་འབྱུང་གིས་གཙོ་བྱས་པའི་རིགས་ལྔས་དབུར་བརྒྱན། ལྷ་མོ་གཞན་རྣམས་ལ་ཕྱོགས་ཀྱིས་ཕྱེ་བའི་རིགས་ལྔས་དབུར་བརྒྱན། འོག་གི་ལ་རྣམ་པར་སྣང་མཛད་སྟེང་གི་ལ་མི་བསྐྱོད་པས་དབུར་བརྒྱན་ལ། གཙོ་མོའི་ཐུགས་ཀར་ཟླ་བའི་སྟེང་དུ་ཏཱྃ་གི་མཐའ་མ་ན་ཕར་ཡི་གེ་བཅུ་པས་བསྐོར་བ་ལ་དམིགས་ཏེ། འབུམ་ཕྲག་བཞིའམ་བཅུའམ་བརྒྱད་ཅུའི་བར་དུ་བསྙེན་པ་བྱས་ལ། དེ་ནས་ལས་རྣམས་བསྒྲུབ་པར་བྱ་སྟེ་གཞུང་ནས་ལས་ཀྱི་ཚོགས་བཅུ་བཞི་ལས་མི་འབྱུང་ཡང་ལས་བསམ་གྱིས་མི་ཁྱབ་པ་འགྲུབ་པར་འགྱུར་བ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་བསྒོམ་པར་འདོད་པས་སྔོན་དུ་ཚོགས་བསགས་པ་སྔ་མ་དང་འདྲ་ལ། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨོཾའམ་དཔེ་ཁ་ཅིག་ལས་ཨར་སྣང་དེ་ལས་པདྨ་ཨོཾ་གྱིས་མཚན་པ་ལས་འོད་ཕར་སྤྲོས། སེམས་ཅན་གྱི་དོན་བྱས་ཚུར་བསྡུས་པ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དཀར་མོ། པདྨ་དང་ཟླ་བའི་གདན་ལ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཕྱག་གཉིས་ཐུགས་ཀར་ཆོས་འཆད་པའི་ཕྱག་རྒྱས་བཞུགས་པའི་ནང་ནས་པདྨའི་སྡོང་བུ་གཉིས་སོང་སྟེ་འདབ་མ་རྣ་བའི་ཐད་ཀར་ཁ་ཕྱེ་བ་སྟེ། གཡས་པ་ནི་དཀར་པོ་གཡོན་པ་དམར་པོའི་སྟེང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པུ་སྟི་བཞུགས་པ་བསྐྱེད། ཡང་ལྟེ་བ་ཞེས་བྱ་བ་ནི་སྙིང་གར་པདྨ་འདབ་བརྒྱད་བསྒོམས་པའི་ལྟེ་བ་རུ་ཡང་ཨའམ་ཨོཾ་ལས་བདག་འདྲའི་ཡེ་ཤེས་སེམས་དཔའ་བསྒོམ། དེའི་སྙིང་གར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨ་བསམས་ལ། སྐུ་གསུང་ཐུགས་བྱིན་གྱིས་བརླབ། ཡེ་ཤེས་འཁོར་ལོ་དགུག་གཞུག་བྱ། །དབང་བསྐུར་ནས་རིགས་ཀྱི་བདག་པོ་འོད་དཔག་ཏུ་མེད་པས་དབུར་བརྒྱན་པ་བསམས་ལ་ཡེ་ཤེས་སེམས་དཔའི་ཨ་ལས་སྔགས་ཀྱི་ཕྲེང་བ་ལྟེ་བ་ནས་འཐོན་ཏེ། ཞལ་དུ་ཞུགས་ནས་སྙིང་གའི་ཨ་ལ་ཐིམ་པའི་ཚུལ་དུ་གསང་སྔགས་བཟླ་བར་བྱའོ། །དེའང་གྲངས་ཀྱི་བསྙེན་པ་ནི་འབུམ་ཕྲག་བཞི་ལ་སོགས་པ་ཡིན་ལ་དུས་ཀྱི་བསྙེན་པ་ནི་ཟླ་བ་དྲུག་བྱས་ལ། དེ་ནས་ཞག་བདུན་ཤིན་ཏུ་བརྩོན་འགྲུས་དང་ལྡན་པས་ཟློས་པ་ནི་བསྙེན་པའོ། །དེ་ནས་སྒྲུབ་པ་ནི་མ་བསླང་བའི་སིང་པོ་སྐྱུར་པོ་ཞེས་བྱ་བ་ནི་སྐྱེས་བུས་བསླད་པ་མ་ཡིན་པའི་རང་སྐྱུར་ཏེ། སེ་འབྲུའམ་སྟ་རུའི་ཁུ་བ་ལྟ་བུ་ཐོ་རངས་བྱ་རོག་གི་སྒྲ་མི་གྲག་པ་ན་ལག་པ་གཡས་པའི་མཐིལ་ལམ་སྣོད་གཙང་མར་བླུགས་ལ་སྔགས་བདུན་བཟླས་ཤིང་བཏུང་བར་བྱ་སྟེ། ཇི་སྲིད་ཟླ་བ་དྲུག་ཏུ་བྱས་ན་གཞུང་ནས་འབྱུང་བ་བཞིན་ཤེས་རབ་བསམ་གྱིས་མི་ཁྱབ་པར་འགྱུར་རོ། །གཞུང་ན་མེད་པ་བླ་མའི་མན་ངག་སྤོགས་པའི་ཆོ་ག་ནི། གལ་ཏེ་གོང་མས་ཀྱང་འགྲུབ་པར་མ་གྱུར་ན་སྲན་མ་མ་ཤ་བདུན་རས་གཙང་མའི་ཁུད་དུ་ཕུར་ལ། དེ་ལྕེའི་འོག་ཏུ་བཅུག་སྟེ་ཚེས་གཅིག་ནས་བརྩམས་ནས་ཉའི་བར་དུ་ཟླ་བ་རྒས་རྒས་ཀྱི་བར་དུ་བཟླ་ཞིང་བཟླས་པ་མི་བྱེད་པའི་ཚེ་ལྕེའི་འོག་ནས་བཏོན་ནས་ཟ་མ་ཏོག་གཙང་བར་བཞག་ལ་ཁྲོ་བོའི་སྔགས་ཀྱིས་བསྲུངས་ལ་གཞག་པར་བྱའོ། །དེ་ནས་ཉའི་མཐར་མཚན་ཐོག་ཐག་བཟླས་པས་སྲན་མ་རྣམས་ལ་སེའུ་སྐྱེ་བར་འགྱུར་ཏེ་སོས་མ་རེག་པར་མིད་ན་ཤེས་རབ་བསམ་གྱིས་མི་ཁྱབ་པ་སྐྱེ་བར་འགྱུར་རོ་ཞེས་གསུང་ངོ༌། །ལས་ཀྱི་ཚོགས་གཉིས་པོའི་ཚིག་དོན་རྟོགས་པར་སླའོ། །རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་ནི། །དེ་ཉིད་བཅུ་ནི་ཡོངས་སུ་ཤེས། །ཞེས་བྱ་བ་ལ་སོགས་པ་རྡོ་རྗེ་སློབ་དཔོན་ལ་ཉེ་བར་མཁོ་བའི་དེ་ཉིད་བཅུ་ནི། བསྲུང་བ་དབང་བསྐུར་གཏོར་མ་ལས་བསྒར་དང༌། ཕྱིར་བཟློག་པ་དང་དཀྱིལ་འཁོར་བསྒྲུབ་པ་དང༌། སྡིག་སྦྱོང་བ་དང་གཤེགས་སུ་གསོལ་བ་སྟེ། དེ་ཉིད་བཅུ་ཞེས་རྒྱལ་བ་རྣམས་ཀྱིས་གསུངས། །ཞེས་བྱ་བ་ཡིན་ནོ། །ཡང་ཆོ་གའི་དེ་ཁོ་ན་ཉིད་བཅུ་ནི། །དཀྱིལ་འཁོར་དང་ནི་ཏིང་འཛིན་མཆོག །ཕྱག་རྒྱ་སྟང་སྟབས་གདན་དང་ནི། །བཟླས་བརྗོད་སྦྱིན་སྲེག་གཏོར་མ་དང༌། །ལས་ལ་སྦྱར་དང་སླར་བསྡུ་བའོ། །ཞེས་གསུངས་སོ། །ཡང་དེ་ཁོ་ན་ཉིད་ཀྱི་དེ་ཉིད་བཅུ་ནི། རྡོ་རྗེ་དྲིལ་བུ་ཡེ་ཤེས་དང༌། །ལྷ་དང་དཀྱིལ་འཁོར་སྦྱིན་སྲེག་དང༌། །སྔགས་དང་རྡུལ་ཚོན་གཏོར་མ་དང༌། །དབང་བསྐུར་དེ་ཉིད་བཅུ་རིག་པས། །ཞེས་གསུངས་སོ། །དེ་ལ་གསུམ་ཀ་ལ་འབྱུང་བའི་བཟླས་པ་དང་སྔགས་ལྡབས་པ་མ་ཡིན་ཏེ། དང་པོ་ནི་མན་ངག་ཡིན་ལ་གཉིས་པ་ནི་ཆོ་ག་ཡིན་ཞིང་གསུམ་པའི་ཐམས་ཅད་ནི་དེ་ཁོ་ན་ཉིད་འབའ་ཞིག་ལས་ཆོ་ག་མེད་དོ། །གཏོར་མའང་དང་པོ་ནི་ཆོ་ག་ཡིན་ནོ། །གསུམ་པ་འདིའི་ཐམས་ཅད་དེ་ཁོ་ན་ཉིད་ཡིན་ཏེ། སྦྱིན་སྲེག་དང་རྡུལ་ཚོན་དང་གཏོར་མ་ཐམས་ཅད་ཕྱི་དང་ནང་དང་གསང་བ་དང་དེ་ཁོ་ན་ཉིད་བཞི་བཞིར་ཤེས་པ་ནི་དེ་ཁོ་ན་ཉིད་ཡིན་ལ། རྡོ་རྗེ་ལ་སོགས་པའི་དེ་ཁོ་ན་ཉིད་ནི་སཾ་པུ་ཊ་ལ་སོགས་པ་གཞུང་རྣམས་སུ་རྟོགས་པར་བྱའོ། །ཚིག་གི་དོན་ལྷག་མ་རྣམས་ནི་རྟོགས་པར་སླའོ། །ཚོགས་ཀྱི་འཁོར་ལོའི་མངོན་པར་རྟོགས་པ་ནི་འོག་ལེའུ་བཅུ་བཞི་པ་ནས་ཅུང་ཟད་ཅིག་སྟོན་པ་དང་ཐུན་མོང་དུ་བྱས་ཏེ་འདིར་མངོན་པར་རྟོགས་པ་རྩ་བའི་རྒྱུད་བཞིན་དུ་མངོན་པར་རྟོགས་པ་ཅི་རིགས་པ་ཅིག་བརྗོད་པར་བྱའོ། །ཕྱིའི་སྦྱིན་སྲེག་གི་མངོན་པར་རྟོགས་པ་ནི་འོག་ཏུ་བརྗོད་པར་བྱའོ། །ཚིག་གི་དོན་རྣམས་ནི་གཞུང་ཉིད་དུ་ཞིབ་ཏུ་རྟོགས་པར་བྱའོ། །འབྲས་བུའི་རྒྱུད་ཀྱི་སྐབས་སུ་བསྐྱེད་པའི་རིམ་པའི་རྣལ་འབྱོར་གྱིས་སངས་རྒྱས་མ་ཐོབ་ཀྱི་བར་དུ་ཡང་འཁོར་ལོས་སྒྱུར་བ་ལ་སོགས་པ་ཕུན་སུམ་ཚོགས་པ་བསམ་གྱིས་མི་ཁྱབ་པ་འགྲུབ་ལ། མཆོག་གི་དངོས་གྲུབ་ཀྱིའང་ལོངས་སྤྱོད་རྫོགས་པའི་སྐུའི་གཟུགས་ཀྱི་སྐུ་བསམ་གྱིས་མི་ཁྱབ་པ་འགྲུབ་པ་ཡིན་ནོ། །ཚངས་པ་བརྒྱ་བྱིན་དེ་བཞིན་དྲག་ནི་འཁོར་བསམ་གྱིས་མི་ཁྱབ་པ་འབྱུང་བའོ། །རྫོགས་པའི་རིམ་པས་ནི་ཆོས་ཀྱི་སྐུ་དང་གཟུགས་ཀྱི་སྐུའང་བརྟན་པར་འགྲུབ་པར་བྱེད་པ་ཡིན་ནོ། །དེ་ལྟར་ན་ལམ་རིམ་པ་གཉིས་ཟུང་དུ་འཇུག་ན་འབྲས་བུ་སྐུ་གསུམ་འགྲུབ་བོ། །དེ་ལ། འདི་ནི་རང་བྱུང་བཅོམ་ལྡན་འདས། །ཞེས་བྱ་བ་ནི་ཆོས་ཀྱི་སྐུའི་མཚན་ཉིད་ཡིན་ནོ། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། །ཞེས་བྱ་བ་ནི་གཙོ་བོར་ལོངས་སྤྱོད་རྫོགས་པའི་སྐུ་ཆོས་ཀྱི་འཁོར་ལོ་རྟག་ཏུ་བསྐོར་བ་ཡིན་ལ། སྤྲུལ་པའི་སྐུའི་ཆོས་ཀྱི་འཁོར་ལོ་ལའང་སྦྱར་རོ། །རིགས་དང་བྱང་ཆུབ་བྱེད་པ་དང༌། །ཞེས་བྱ་བ་ལ་སོགས་པ་ནི་སྤྲུལ་པའི་སྐུ་མཆོག་གི་རྣམ་པ་སངས་རྒྱས་ཀྱི་མཛད་པ་བཅུ་གཉིས་ཀྱི་དོན་བསྡུས་ཏེ་བསྟན་པ་ཡིན་ནོ། །འདུལ་བའི་འཇིག་རྟེན་མཐོང་ན་ནི། །ཞེས་བྱ་བ་ལ་སོགས་པ་ནི་སྤྲུལ་པའི་སྐུ་གང་ལ་ཅིས་འདུལ་གྱི་སྐུའི་མཚན་ཉིད་བསྟན་པ་ཡིན་ནོ། །འབྲས་བུའི་ངག་དོན་ཅུང་ཟད་ཅིག་འོག་ལེའུ་བཅུ་བཞི་པའི་ཡེ་ཤེས་ཀྱི་སྐུའི་སྐབས་སུ་བརྗོད་པར་བྱའོ། །རིགས་ལྔའི་བསྟོད་པ་བསྡུས་པ་ནི་ཞེ་སྡང་ཞེས་བྱ་བ་ལ་སོགས་པ་རྣམས་ནི་སྦྱང་གཞི་རྣམས་སོ། །རྡོ་རྗེ་ཞེས་བྱ་བ་དང་ཆེན་པོ་ཞེས་བྱ་བ་ནི་ལམ་བསྐྱེད་རྫོགས་གཉིས་ཀྱིས་སྦྱངས་པས་འབྲས་བུ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་སོགས་པར་གྱུར་པའི་དོན་ཏེ་ཞེ་སྡང་ནི་སྦྱང་གཞི་རྡོ་རྗེ་གནས་གྱུར་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །རྡོ་རྗེ་ཀུན་གྱི་དམ་ཚིག་མགོན། །ཞེས་བྱ་བ་ནི་ལམ་གྱིས་སྦྱངས་པས་འབྲས་བུ་འགྲུབ་པ་ལས་མི་འདའ་བའོ། །ལས་རྣམས་ཐམས་ཅད་རབ་གྲུབ་པ། །ཞེས་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་ཁྱེད་ལས་འབྱུང་ངོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་ཅན་ཀུན་ཞེས་བྱ་བ་ནི་རིགས་ལྔ་རྡོ་རྗེ་འཆང་དང་དྲུག་གོ །བདག་དགྱེས་མཛོད་ཅེས་བྱ་བ་ནི་བདག་ལ་བྱིན་གྱིས་རློབས་ཤིག་ཅེས་བྱ་བའི་དོན་ཏོ། །དཀྱིལ་འཁོར་གྱི་བྱ་བ་དང་འབྲེལ་བའི་སྐབས་ལས་ཡེ་ཤེས་ཀྱི་ཐིག་གི་སྐབས་ནི་སྣལ་མ་དཀར་པོ་དང་ནག་པོ་ལ་སོགས་པ་ལྔ་ལྔའམ། དགུ་དགུ་གཅིག་ཏུ་བསྒྲིལ་བ་ཚན་པ་ལྔ་ཚོན་དང་དུས་གཅིག་ཏུ་ཡན་ལག་ལྔས་ལྷར་བསྐྱེད་དེ་མཆོད། དེ་ཞུ་བ་ལས་བྱུང་བའི་ཐིག་ཚོན་དུ་བྱིན་གྱིས་བརླབས་ཏེ། ལྔ་པོ་གཅིག་ཏུ་བསྒྲིལ་བ་རྡོ་རྗེའི་ལྟེ་བ་ལ་དཀྲིས་ནས་བླ་མའི་མན་ངག་བཞིན་ཕྱོགས་མ་འཁྲུལ་བར་ཐིག་གདབ་པར་བྱའོ། །སའི་ཆོ་གའི་སྐབས་སུ་ས་བརྟག་པ་དང་བསླང་བ་དང་སྦྱང་པ་སྔོན་དུ་སོང་ནས་དཀྱིལ་འཁོར་གྱི་དབུས་སུ་རྡོ་རྗེ་སློབ་དཔོན་བསྡད་ལ་དཀྱིལ་འཁོར་འཁོར་ལོ་རྫོགས་པར་བསྒོམས་ཏེ་མངོན་པར་རྟོགས་པ་ཚར་བའི་སེ་གོལ་གྱི་བརྡ་བྱས་པ་དང༌། རྣམ་པར་སྣང་མཛད་ལ་སོགས་པའི་ང་རྒྱལ་འཛིན་པའི་སྒྲུབ་པ་པོ་བཞིས་ཕྱོགས་བཞི་ནས་མགྲིན་གཅིག་ཏུའམ། ཡང་ན་གཅིག་གིས་ཕྱོགས་བཞིར་ཕྱིན་ལ། དེ་བཞིན་གཤེགས་པ་ཀུན་ཞི་བ། །ཞེས་བྱ་བ་ལ་སོགས་པས་གསོལ་བ་བཏབ་པས་བདག་གིས་བསྒོམས་པའི་དཀྱིལ་འཁོར་གྱི་འཁོར་ལོ་ནམ་མཁའ་ལ་བཏེག་ལ། བདག་ཕྱག་གཉིས་པའི་ང་རྒྱལ་གྱིས་མིག་གཉིས་མ་དང་ཏྲ་ལས་ཉི་མ་དང་ཟླ་བར་བྱིན་གྱིས་བརླབས་ལ་ཕྱོགས་ཀུན་ཏུ་བལྟས་པས་བགེགས་བསྲེག་པ་དང་གསོ་བ་བྱས་ནས་དབང་ལྡན་དུ་ཕྱིན་ཏེ། ང་ནི་དཔལ་ལྡན་སྙིང་རྗེའི་སྟོབས། །ཞེས་བྱ་བ་ལ་སོགས་པས་བགེགས་ལ་བཀའ་བསྒོས་ལ། ལེའུ་བཅུ་བཞི་པ་ནས་འབྱུང་བའི་ཚུལ་གྱིས་འདུག་སྟངས་དང༌། རྐང་སྟབས་དང༌། ལག་སྟབས་དང༌། །གླུའི་འགྱུར་ཚུལ་ལ་སོགས་པ་རྫོགས་པའི་སངས་རྒྱས་ཀྱིས་ས་བཟུང་བས་སའི་ཕྱོགས་བདག་གིས་བྱས་ཏེ་ས་བསྲུང་བ་བྱས་ཏེ་ཞེས་བྱ་བའི་དོན་ཏོ། །ལས་ཀྱི་ཐིག་གི་ཆ་རྣམ་པར་བགོ་བའི་དོན་ནི་འདི་ཡིན་ཏེ། དང་པོ་ཚངས་པའི་ཐིག་གདབ། དེ་ནས་མཚམས་ཀྱི་ཐིག དེ་ནས་ངོས་ཞེས་བྱ་བ་དཀྱིལ་འཁོར་ཆེན་པོའི་པཉྩ་རེ་ཁའི་ཐིག་གདབ། དེའི་ཕྱི་རུ་ཆ་ཆེན་བཞི་གདབ། དེ་ནས་ནང་དུ་ཚངས་པའི་ཐིག་ལས་ཆ་གཉིས་བོར་བར་ཐིག་གཞན་དང་ཁ་དོག་མི་འདྲ་བའམ། སྦོམ་པ་གཅིག་གདབ་སྟེ་ཕྱིའི་དཀྱིལ་འཁོར་ཆུང་ངུ་ཚོའི་ཚངས་པའི་ཐིག་བྱེད་པའི་དགོས་པ་ཡིན་ནོ། །དེ་ནས་སྒོའི་ནང་དུ་ཆ་གཉིས་དང་སྔར་སྒོའི་ཕྱི་རོལ་ཏུ་བཞི་བཏབ་པས། ཆ་དྲུག་པ་ནི་གདབ་པར་བྱ། །ཞེས་བྱ་བའི་དོན་ནོ། །དེ་ལྟར་ན་སྔར་གྱི་ཆ་གཉིས་བོར་བ་དཀྱིལ་མ་བཏབ་པ་དང་བཅས་པ་ཕྱོགས་རེ་ན་བརྒྱད་བརྒྱད་ཡོད་པས་ཆ་ཆེན་པོ་བཅུ་དྲུག་ཡིན་ནོ། །དེ་ནས་སྒོའི་ཚད་བོར་ནས། ཞེས་བྱ་བ་ནི་སྔར་གྱི་ངོས་ཀྱི་ཐིག་བཏབ་པ་མཚམས་བཟུང་བ་སྟེ་པཉྩ་རེ་ཁའི་ནང་དུ་ལྷ་སྣམ་མམ་ཁྲོ་བོ་བཅུའི་ས་གཞི་ལ་ཆ་ཆེན་གཅིག་ཕྱིར་བོར་བས་ནང་གི་ཆ་ཆེན་གསུམ་པོ་རེ་རེ་ལ་ཆ་ཕྲན་གསུམ་གསུམ་དུ་བསྲེས་པས། དགུ་ཡི་ཆར་ནི་རབ་ཏུ་གདབ། །ཅེས་བྱ་བ་ཡིན་ཏེ་ཕྱོགས་བཞི་ཀར་དགུ་དགུའི་ཆར་ཤེས་པར་བྱའོ། །དེ་ལ་རྟ་བབས་དང་བཅས་པ་ཡིན་ན་དཀྱིལ་འཁོར་ཕྱི་ཕྱེད་ནང་ཕྱེད་དུ་འགྱུར་བ་ལས་ནང་གི་དཀྱིལ་འཁོར་རྣམས་ལ་རྟ་བབས་མེད་པའི་ཕྱིར་ནང་དུ་སུམ་གཉིས། ཕྱིར་སུམ་ཆ་ཡིན་པས་རང་རང་གི་གནས་ཀྱི་དགུ་ཆ་བཞི་ལ་ལྷའི་ལྟེ་བ་བསྐོར་བས་གཡས་གཡོན་དུ་དགུ་ཆ་གཉིས་སུ་འགྱུར། དེའི་ཕྱི་རོལ་གྱི་དགུ་ཆ་གཅིག་པདྨའི་འདབ་མ་ལ་བསྐོར། དེ་ནས་དཀྱིལ་འཁོར་རང་རང་གི་པདྨའི་འདབ་མའི་ཕྱི་རོལ་གྱི་དགུ་ཆ་གཅིག་པོ་ཕྱེད་ཕྱེད་དུ་བགོས་པས་དཀྱིལ་འཁོར་ཆུང་ངུའི་སྒོ་ཚད་ཙམ་རེ་རེར་གྱུར། དེ་ནས་དཀྱིལ་འཁོར་ཆུང་ངུ་རྣམས་ཀྱི་སྒོ་རྐྱང་བྱ་བའི་ཕྱིར་རང་རང་གི་ལྟེ་བ་བསྐོར་བའི་ཚངས་ཐིག་གཡས་གཡོན་གྱི་དགུ་ཆ་རེའང་ཕྱེད་ཕྱེད་དུ་བགོས་པས་རང་རང་གི་སྒོའི་ཚད་རེར་འགྱུར། དེ་ལྟར་དཀྱིལ་འཁོར་གྱི་ཐིག་གཞི་ཤེས་པར་བྱས་ལ་ཕྱིའི་དཀྱིལ་འཁོར་ཆེན་པོ་དང་ནང་གི་ཆུང་བ་གཉིས་ཀའི་སྒོ་ནི་རང་རང་གི་འཁོར་ལོའི་བརྒྱད་ཆ། སྒོ་ཁང་དང་ལྷ་སྣམ་ཡང་སྒོ་ཚད་ཙམ། འདོད་ཡོན་དང་དྲྭ་ཕྱེད་དང༌། སྒོ་འགྲམ་གྱི་ནང་རྣམས་ནི་སྒོའི་ཕྱེད་ཚད་ཙམ། སྒོ་ཁྱུད་དང་སྒོ་ལོགས་དང་ངོས་རིང་དང་འགྲམ་དང་ཕ་གུ་དང་ཡ་ཕུབས་དང་མདའ་ཡབ་དང༌། ནམ་མཁའ་སྟོང་པ་རྣམས་ནི་སྒོའི་བཞི་ཆ་ཡིན་ནོ། །དེ་ནས་ཚོན་དགྱེ་བར་བྱ་སྟེ་དེ་དག་ཀྱང་བླ་མའི་མན་ངག་དང་ལག་ལེན་ལེགས་པར་བལྟས་ཏེ་ཤེས་པར་བྱའོ། །འདི་བས་ཞིབ་པའི་བསྟན་བཅོས་གཅིག་གུད་ན་བྱས་ཡོད་མོད་ཀྱི་འདི་ཉིད་ཀྱིས་ཤེས་པར་ནུས་པ་ཡིན་ནོ། །སྦྱིན་སྲེག་གི་སྐབས་སུ་སྦྱོར་བ་དང་དངོས་གཞི་དང་རྗེས་རེ་རེ་ལ་དྲུག་དྲུག་ཏུ་བྱས་པའི་མངོན་པར་རྟགས་པ་ལོགས་སུ་བྱས་པའི་མངོན་པར་རྟོགས་པ་བཞིན་འདིར་ཅུང་ཟད་ཅིག་སྦྱར་ལ་བརྗོད་པར་བྱའོ། །ཡང་འདི་ན་མི་གསལ་བ་རྣམས་འདས་མ་ཐག་པ་དང༌། ལེའུ་བཅུ་བཞི་པས་ཀྱང་ཅུང་ཟད་ཙམ་ཤེས་པར་ནུས་སོ་ཞེས་བརྗོད་པར་བྱའོ། །གོང་འོག་གི་ཚིག་དོན་རྣམས་ནི་གཞུང་ཉིད་ཀྱི་སྟེང་དུ་རྟོགས་པར་བྱའོ། །ལེའུ་བརྒྱད་པ་ཚིགས་སུ་བཅད་པ་བརྒྱ་ལྔ་བཅུ་རྩ་དགུའི་རྣམ་པར་འགྲེལ་པ་བསྟན་ཟིན་ཏོ།།  །།ད་ནི་ལེའུ་དགུ་པ་བརྗོད་པར་བྱ་སྟེ་དེ་ལ་འདིའི་རྒྱུད་བཤད་ཐབས་ཀྱི་མན་ངག་ལས་བརྗོད་བྱའི་དོན་ནི་ཕལ་ཆེར་སྤྱིའི་དོན་ཡིན་ལ། དྲག་ཤུལ་གྱི་ལས་སྟོབས་ཀྱིས་བསྒྲུབ་པ་ནི་བསྐྱེད་རིམ་གྱི་ཞེན་པ་སྤོང་བར་བྱེད་པའི་ཕྱིར་སྦས་པར་འགྱུར་ལ། གཙོ་བོ་རྣམས་ཀྱི་རྒྱན་གྱི་ཞར་ལ་ལས་ཀྱི་ཕྱག་རྒྱ་ཅུང་ཟད་བསྟན་པ་ནི་སྦས་པ་ཡིན་ནོ། །རྗོད་བྱེད་ཀྱི་སྒྲ་ནི་ཡན་ལག་གི་དོན་ཡིན་ལ། མངོན་པར་རྟོགས་པ་ནི་རིགས་བཞིའི་སྐུ་མདོག་དང་རྒྱན་ནི་དབྱིབས་སུ་བཤད་ལ། རབ་གནས་དང་སྔགས་ནི་དངོས་གྲུབ་མཐའ་དག་སྒྲུབ་པའི་ཡན་ལག་གཉིས་ཡིན་ཞིང༌། སྟོབས་ཀྱིས་སྒྲུབ་པ་ནི་སྤྱོད་པའི་ཕྱོགས་སུ་འགྲོ་ལ། སློབ་དཔོན་གྱི་ཡོན་དང་དཀྱིལ་འཁོར་གྱི་དབྱིབས་ནི་སྨིན་བྱེད་ཀྱི་ཁོངས་སུ་གཏོགས་སོ། །རྩ་བའི་རྒྱུད་ཀྱི་ཐད་སོ་གང་དུ་ཕན་འདོགས་ཤེ་ན། རབ་གནས་ནི་ཕྱི་མའི་ལེའུ་དང་པོར་ཤིན་ཏུ་ཕན་འདོགས་ལ་རབ་གནས་ཀྱི་ཞར་ལས་བྱུང་བ་བསྟོད་པ་དང་བདུད་རྩི་མྱང་བ་ནི་བསྐྱེད་པ་དང་སྨིན་བྱེད་ཀྱི་སྐབས་ཀུན་ཏུ་ཁ་སྐོང་ལ། ཧེ་རུ་ཀ་བཞིའི་སྐུ་མདོག་དང་རྒྱན་ནི་ལེའུ་གསུམ་པ་ལ་སོགས་པ་བསྐྱེད་པའི་རིམ་པའི་ཆ་གཙོར་ཁ་སྐོང་ལ་དྲག་ཤུལ་གྱི་ལས་ནི་དྲོད་མ་ཐོབ་པ་ཐོབ་པར་བྱེད་པའི་ཐབས་ཡིན་པས་ལེའུ་དྲུག་པར་ཁ་སྐོང་ངོ༌། །སྔགས་ཀྱི་བཟླས་པ་ནི་ལེའུ་གཉིས་པར་ཁ་སྐོང་ལ། སློབ་དཔོན་གྱི་ཡོན་དང་དཀྱིལ་འཁོར་གྱི་དབྱིབས་ནི་ལེའུ་བཅུ་པ་ལ་སོགས་པ་སྨིན་བྱེད་སྟོན་པ་རྣམས་སུ་མ་ཚང་བ་ཁ་སྐོང་ངོ༌། །སྤྱིའི་དོན་ཏོ། །ཡན་ལག་གི་དོན་ལས། འཇིག་རྟེན་ཐ་སྙད་ལ་གནས་ཏེ། །ཞེས་བྱ་བ་ནི་དོན་དམ་པར་ཆོས་ཀྱི་སྐུས་ཐམས་ཅད་ལ་ཁྱབ་ཅིང༌། ཆོས་ཐམས་ཅད་སྤྲོས་པ་དང་བྲལ་བའི་ཕྱིར་རབ་ཏུ་གནས་པ་བྱས་མ་བྱས་མེད་ཀྱང་ཀུན་རྫོབ་ཏུ། སྐྱེ་བོ་རབ་ཏུ་དང་བ་ཡི། །བྱེད་པ་དགེ་བ་སྤེལ་བའི་ཕྱིར། །རབ་གནས་བསྟན་བཅོས་ལས་གསུངས་པ། །ཐ་སྙད་ཙམ་དུ་བྱས་པ་ཡིན། །ཞེས་རབ་ཏུ་གནས་པའི་རྒྱུད་ལས་གསུངས་པས་སེམས་ཅན་གྱི་བསོད་ནམས་ཀྱི་ཚོགས་ཚད་མེད་པ་བསག་པར་བྱ་བའི་དོན་དུ་དགོས་སོ། །དེ་ལ་འདིའི་མངོན་པར་རྟོགས་པ་ནི་གང་ལ་རབ་ཏུ་གནས་པ་བྱ་བའི་རྟེན་ཡོངས་སུ་དག་པ་བཟང་པོ་ལ་སོགས་པ་བཟང་པོ་དྲུག་དང༌། ཆོ་ག་ཡོངས་སུ་དག་པ་ལའང་སྦྱོར་བ་དང་དངོས་གཞི་དང་མཇུག་གསུམ་དུ་རེ་རེ་ལ་ཡང་ཆོས་བདུན་བདུན་ཉི་ཤུ་རྩ་གཅིག་ཏུ་བྱས་ཏེ་མངོན་པར་རྟོགས་པ་ཞིབ་ཏུ་བཤད་པར་བྱ་སྟེ། གུད་དུ་བསྟན་པའི་མངོན་པར་རྟོགས་པ་བཞིན་ཞིབ་ཏུ་ཤེས་པར་བྱའོ། །ཚིག་གི་དོན་ལ། རིན་ཆེན་ཞེས་བྱ་བ་ནི་གསེར་དང་དངུལ་དང་མུ་ཏིག་དང་བྱུ་རུ་དང་མུ་མེན་ནོ། །སྨན་ལྔ་ནི་བྲི་ཧ་ཏི་དང༌། ཀནྡ་ཀ་རི་དང༌། ཧ་ས་དང༌། ཧ་ས་དེ་བ་དང༌། ཤེ་ཏ་ཨ་པ་ར་ཙེ་ཏའོ། །འབྲུ་ལྔ་ནི་ནས་དང་འབྲས་དང་གྲོ་དང་ཏིལ་དང་སྲན་མ་ཤའོ། །དྲི་ལྔ་ནི་ཙནྡན་དཀར་དམར་གཉིས་དང་གུར་གུམ་དང་ག་པུར་དང་ཛཱ་ཏིའོ། །སྙིང་པོ་ལྔ་ནི་གཞུང་འདི་ལ་མི་སྣང་ཡང་དགོས་ཏེ་བུ་རམ་དང་སྦྲང་རྩི་དང་འོ་མ་དང་མར་དང་ལན་ཚྭའོ། །ཤ་ལྔ་དང་བདུད་རྩི་ལྔ་སྟེ་སྙིང་པོ་སུམ་ཅུ་སོ་ལྔ་དང་ལུ་མ་དང་འབབ་ཆུའི་ཆུ་ཡིས་བུམ་པ་གང་བར་བྱའོ། །དེ་ནས་ལྷ་ལ་ཁྲུས་གསོལ་བ་ལ་དགོས་པའི་ཤུན་པ་ལྔ་ནི། ཨུ་དུཾ་བཱ་ར་ཤི་རི་ཤ །ཨ་ཤྭ་ཏྠ་དང་ནྱ་གྲོ་དྷ། །པརྐ་ཏི་ཡི་ཤུན་ལྤགས་ལྔས། །ལྷ་ལ་སྐུ་ཁྲུས་གསོལ་བའོ། །ཡང་ཁྲུས་ལ་དགོས་པ་བའི་ལྔ་ནི་ཆུ་དང་ལྕི་བ་དང་འོ་མ་དང་ཞོ་དང་མར་རོ། །གཞན་ཡང་དགོས་པའི་ཡོ་བྱད་ཐམས་ཅད་འཚོག་ཆས་བྱའོ། །དེ་ལ་སློབ་མའི་དབང་བསྐུར་དང་འབྲེལ་ན་སློབ་མ་སྟ་གོན་གྱི་ནུབ་མོར་རྟེན་རྣམས་ཁྲུས་སའི་སྟེགས་བུར་སྤྱན་དྲངས་བ་ཙམ་གྱིས་བཏུབ། སློབ་མའི་དངོས་གཞིའི་ནུབ་མོར་རབ་གནས་ཀྱི་སྟ་གོན་བྱ། སློབ་མའི་རྗེས་ཐོ་རངས་ཀྱི་ཚེ་རབ་གནས་ཀྱི་དངོས་གཞི་བྱའོ། །དེ་ལ་བཛྲ་གཽ་རཱི་ཨཱ་ཀརྵ་ཡ་ཞེས་བྱ་བ་ལ་སོགས་པ་ནི་སྟ་གོན་དང་དངོས་གཞི་གཉིས་ཀའི་ཡེ་ཤེས་པ་སྤྱན་དྲང་བ་ཡིན་ལ། དེ་བ་པི་ཙུ་ལ་སོགས་པ་ནི་ཡུམ་ལྔའི་སྔགས་ཡིན་ལ། འོག་ནས་འབྱུང་བའི་དྷ་ར་དྷ་ར་ལ་སོགས་པའི་རྩར་རམ། བཛྲ་དྷྲྀཀ་ལ་སོགས་པའི་རྩར་ཨ་དྷི་ཏིཥྛའི་ཏ་བསྣན་པ་ལྔ་ནི་ཡབ་ལྔའི་སྔགས་ཡིན་ཏེ། བུམ་པ་ལ་བཟླ་བའི་སྔགས་ཀྱང་ཡིན་ལ་རབ་གནས་ཀྱི་སྟ་གོན་ལ་ནི་མི་དགོས་ཏེ། དངོས་གཞིའི་དུས་སུ་ཡེ་ཤེས་སེམས་དཔའ་སྤྱན་དྲང་བའི་རྗེས་ལ་མངའ་དབུལ་བའི་དུས་སུ་མེ་ཏོག་འཐོར་བའི་སྔགས་དང༌། རྡོ་རྗེ་ལ་གཟུངས་ཐག་བཏགས་པ་རྟེན་ལ་གཏུག་ཅིང་བརྟན་པར་བཞུགས་སུ་གསོལ་བའི་སྔགས་ཀྱང་ཚན་པ་བཅུ་པོ་འདི་ཡིན་ནོ། །སྔ་བར་བླུགས་ཤིང་ཞེས་བྱ་བ་ལས་སྔ་བ་ནི་རབ་གནས་ཀྱི་དངོས་གཞི་ཐོ་རངས་དང་སྔ་དྲོར་བྱའོ། །བླུགས་ཤིང་ནི་བཀྲ་ཤིས་དང་བཅས་པས་བཀྲུ་བ་རྒྱས་པར་བྱའོ། །སྟོང་པར་སྦྱངས་ནས་བྱིན་གྱིས་བརླབས་པ་ནི་ཡན་ལག་བཞི་རྫོགས་སུ་བསྒྲུབ་པར་བྱའོ། །མཆོད་པ་ལ་སོགས་པ་ནི་མཆོད་པ་རྒྱས་པར་བྱ་ཞེས་བྱ་བའི་དོན་ཏོ། །བསྟོད་པའི་སྐབས་སུ་ཁྱོད་ནི་ཞེས་བྱ་བ་ཚིག་རྐང་དང་པོས་ནི་ལྷན་ཅིག་སྤྱོད་མ་དང་རྗེས་སུ་འབྲང་མའི་ལྷ་མོའི་འཁོར་ཕུན་སུམ་ཚོགས་པ་དང་ལྡན་པས་ཟག་པ་མེད་པའི་བདེ་བ་ལ་ལོངས་སྤྱོད་པ་སྟེ། ལོངས་སྤྱོད་རྫོགས་པ་དང་ཁ་སྦྱོར་དང་བདེ་ཆེན་ཞེས་བྱ་བ་ཡན་ལག་གསུམ་དང་ལྡན་པ་ལོངས་སྐུའི་མཚན་ཉིད་ཡིན་ནོ། །རྐང་པ་གཉིས་པས་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཐུགས་སུ་ཆུད་པ་རང་བཞིན་མེད་པའི་ཡན་ལག་ཆོས་ཀྱི་སྐུ་ཡིན་ནོ། །དེ་ནས་རྐང་པ་གསུམ་ནི་སྤྲུལ་པའི་སྐུའི་མཚན་ཉིད་དེ་སྙིང་རྗེ་ཆེན་པོའི་ཡན་ལག་གིས་འགོག་པའི་མཐར་མི་གཤེགས་པར་རྒྱུན་མི་ཆད་པར་སེམས་ཅན་གྱི་དོན་མཛད་པ་ཞེས་བྱ་བ་སྟེ། སེམས་ཅན་སད་མཛད་པ། ཞེས་བྱ་བ་དང༌། སྒྱུ་མའི་སྤྲོས་པས་རྡོ་རྗེ་འཕེན་མཛད་པ། །ཞེས་བྱ་བའི་དོན་ཡིན་ཏེ་སྤྲུལ་པའི་སྐུའི་ཡན་ལག་གསུམ་མོ། །ཧེ་རུ་ཀ་དཔལ་ཞེས་བྱ་བ་ནི་ཆོས་སྐུ་དང་གཟུགས་ཀྱི་སྐུ་གཉིས་ཀའི་སྒོ་ནས་ཡི་གེ་བཞིའི་དོན་དང་ལྡན་པ་སྟེ་རང་དང་གཞན་གྱི་དགོས་པ་ཐམས་ཅད་འགྲུབ་པས་ན་ཡིད་དགྱེས་པ་ཆེན་པོ་གྲུབ་བོ་ཞེས་བྱ་བའི་དོན་ཡིན་ནོ། །བདུད་རྩི་མྱང་བའི་རྣལ་འབྱོར་ནི། ཁ་ཟས་དང་གཏོར་མ་དང་བདུད་རྩི་བྱིན་གྱིས་བརླབ་པ་རྣམས་ནི་འདྲ་ལ། མངོན་པར་རྟོགས་པ་ཡི་གེ་གསུམ་གྱི་བྱིན་གྱིས་བརླབ་པ་ལ་སོགས་པ་རྒྱས་བསྡུས་གཉིས་རྟོགས་པར་སླ་བས་མ་བྲིས་སོ། །ཧེ་རུ་ཀ་བཞིའི་སྐུ་མདོག་དང་ཞལ་དང་ཕྱག་གི་གྲངས་ལ་སོགས་པ་རྣམས་ནི་གཞུང་ཉིད་དུ་རྟོགས་པར་སླ་ལ། དབུ་རྒྱན་རྣམས་ནི་རང་རང་གི་རིགས་དང་རྗེས་སུ་མཐུན་པའི་དབུ་རྒྱན་ཡིན་ཞིང་དེ་དག་གི་སྤྱི་བོར་ཡང་རང་གི་རིགས་ཀྱི་མཚན་མ་ཡིན་ཏེ། དེ་ཡང་མ་དག་པ་ལྷར་བྱིན་གྱིས་རློབ་པ་ནི་སྣང་བ་ཀུན་བརྟགས་ལ་གཞན་དབང་གི་ཕྱག་རྒྱ་ཡིན་ལ། སྤྱི་བོར་ངོ་བོ་ཉིད་ལ་ངོ་བོ་ཉིད་ལུས་ལ་སེམས་ཀྱི་རྒྱ་ལ་སོགས་པ་བྱུང་བ་ནི་གཞན་དབང་ལ་གཞན་དབང་གི་རྒྱ་ཡིན་ཞིང༌། དེའི་སྤྱི་བོར་རང་གི་རིགས་ཀྱི་མཚན་མ་བྱུང་བ་ནི་ལྷ་ཐམས་ཅད་ཀྱང་རང་བཞིན་མེད་པར་སྒྲུབ་པ་གཞན་དབང་ལ་ཡོངས་སུ་གྲུབ་པའི་རྒྱ་ཞེས་བྱ་བ་ཡིན་ནོ། །རིགས་དང་རྗེས་སུ་མཐུན་པའི་ཡོན་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས་ཉོན་མོངས་པ་ཐམས་ཅད་གཅོད་པའི་ཕྱིར་མི་བསྐྱོད་པ་ལ་རལ་གྲི་དང༌། མེ་ལོང་ལྟ་བུའི་ཡེ་ཤེས་དང་ཆོས་མཐུན་པས་རྣམ་སྣང་ལ་མེ་ལོང་དང༌། རེག་བྱ་འདོད་ཆགས་རྣམ་པར་དག་པ་རྟ་མགྲིན་ལ་གོས་དང༌། ཡོན་ཏན་རིན་པོ་ཆེ་ལྟ་བུ་ཡིན་པའི་ཕྱིར་རིན་འབྱུང་ལ་གསེར་དང༌། བྱ་བ་གྲུབ་པའི་ཡེ་ཤེས་གཞན་དོན་མགྱོགས་པས་དོན་གྲུབ་ལ་རྟ་དབུལ་ལོ་ཞེས་བྱ་བ་ཡིན་ནོ། །རིགས་ལྔའི་སྔགས་ཀྱི་སྐབས་སུ་དགོངས་པ་ལུང་སྟོན་པའི་རྒྱུད་ལས་ཨོཾ་དང་སྭཱ་ཧཱ་ཡོད་པ་རྣམས་ལ་ནི་སྦྲུལ་ཞེས་བྱ། ཨོཾ་ཡོད་ལ་སྭཱ་ཧཱ་མེད་པ་ལ་ནི་མཐའ་མེད་ཅེས་བྱ། ཨོཾ་མེད་ལ་སྭཱ་ཧཱ་ཡོད་པ་ལ་ནི་མགོ་མེད་ཅེས་བྱ། ཨོཾ་དང་སྭཱ་ཧཱ་གཉིས་ཀ་མེད་པ་ལ་ནི་བཏུས་པ་ཞེས་བྱ་བ་ལས་འདིའི་སྔགས་ནི་སྦྲུལ་ཡིན་ལ་དོན་ཡོད་གྲུབ་པ་ནི་དབུ་མེད་དུ་སྣང་ངོ༌། །དབུ་མེད་དང་བཏུས་པ་ནི་བྱིན་རླབས་ཆེའོ་ཞེས་འབྱུང་ངོ༌། །འཇིགས་ཤིང་སྐྲག་ནས་ཞེས་བྱ་བ་ནི་ལ་དོར་བའི་ཚིག་སྟེ་དངོས་གྲུབ་ཅིས་ཀྱང་མྱུར་དུ་འབྱུང་ངོ་ཞེས་བྱ་བའི་དོན་ཏོ། །དཀྱིལ་འཁོར་ལ་སོགས་པའི་དབྱིབས་ཀྱི་རྣམ་པར་དག་པ་རྣམ་པར་སྣང་མཛད་ལུས་རྣམ་པར་དག་པར་མཉམ་པའི་ཕྱིར་ཟླུམ་པོ་དང༌། མི་བསྐྱོད་པ་ཐུགས་རྣམ་པར་དག་པའི་ཕྱིར་ཟླ་ཕྱེད་དེ་ཐོད་པའི་དབྱིབས་ནི་ཡུམ་གྱི་བྷ་ག་མཚོན་ལ་དེས་མི་རྟོག་པ་དང་བདེ་བ་ཐུགས་ཡིན་ནོ། །འོད་དཔག་ཏུ་མེད་པ་ནི་འདོད་ཆགས་རྣམ་པར་དག་པ་འཁོར་བའི་སྐྱོན་གྱིས་མ་གོས་པའི་ཕྱིར་པདྨའོ། །རིན་ཆེན་འབྱུང་ལྡན་ནི་འདོད་པའི་དོན་ཐམས་ཅད་འབྱུང་བའི་ཕྱིར་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཆ་དགུ་པ་ཞེས་བྱ་བ་ཟུར་བརྒྱད་ལྟེ་བ་དང་དགུའི་རྣམ་པའོ། །དོན་ཡོད་གྲུབ་པ་བརྩོན་འགྲུས་རྣམ་པར་དག་པ་ནི་རྣམ་པར་ཐར་པའི་སྒོ་གསུམ་ཀུན་ལ་ཁྱབ་པ་བཞིན་ཀུན་ལ་ཁྱབ་པས་ན་རྣམ་པར་ཐར་པའི་སྒོ་གསུམ་མཚོན་པ་གྲུ་གསུམ་མོ། །དེ་ལྟར་དབྱིབས་དེ་དག་ཀྱང་དཀྱིལ་འཁོར་གྱི་ཕྱི་ནང་ངམ་ལྷ་རེ་རེའི་དབྱིབས་ཀྱི་གནས་སུའང་གསུང་སྟེ་སཾ་པུ་ཊ་ལས། ཐོད་པའི་གདན་ལ་ངེས་གནས་པ། །ཞེས་པས་མངོན་ནོ། །དེ་ནས་རིགས་ལྔའི་ཕྱག་རྒྱ་དང་རྒྱན་དང་དེའི་ཞར་ལས་ཕྱག་རྒྱའི་རྣལ་འབྱོར་ཀྱང་ཅུང་ཟད་བསྟན་ཏེ་གཞུང་ཉིད་ཀྱི་སྟེང་དུ་རྟོགས་པར་སླའོ། །ལེའུ་དགུ་པ་ཚིགས་སུ་བཅད་པ་ལྔ་བཅུ་རྩ་ལྔའི་རྣམ་པར་འགྲེལ་པ་བསྟན་ཟིན་ཏོ།།  །།ད་ནི་ལེའུ་བཅུ་པ་བརྗོད་པར་བྱའོ། །དེ་ལ་ལེའུ་འདིའི་རྒྱུད་བཤད་ཐབས་ཀྱི་མན་ངག་ལས་བརྗོད་བྱའི་དོན་ནི། སྤྱོད་པ་ནི་སྦས་པ་སྐྱེ་མཆེད་བྱིན་གྱིས་བརླབས་པའི་ཕན་ཡོན་སྤྱི་ཡིན་མོད་ཀྱི་འབྲས་བུར་ཀྱང་འགྱུར་རོ། །རྗོད་བྱེད་ཀྱི་སྒྲ་ནི་ཡན་ལག་གི་དོན་ཏོ། །མངོན་པར་རྟོགས་པ་དང་པོ་ནི་སྤྱོད་པ་དང་འབྲེལ་ཏེ་དེ་ལ་དྲོད་ཀྱི་ཆོས་དྲུག་དང༌། སྤྱོད་པའི་ཆོས་དྲུག་ཅུང་ཟད་ཙམ་ཞིག་བསྟན་པར་བྱའོ། །སྐྱེ་མཆེད་བྱིན་གྱིས་བརླབ་པ་བསྐྱེད་པའི་རིམ་པ་ཡིན་མོད་ཀྱི་མཐར་ཐུག་ཏུའང་འགྱུར་རོ། །རྩ་བའི་རྒྱུད་ཀྱི་གང་དུ་ཕན་འདོགས་ན་ལེའུ་དྲུག་པ་དང་ཕྱི་མའི་ལེའུ་གཉིས་པ་དང་གསུམ་པར་ཅུང་ཟད་ཅིག་ཕན་འདོགས་ལ། སྐྱེ་མཆེད་བྱིན་གྱིས་བརླབ་པ་ནི་ཕྱི་མའི་ལེའུ་གསུམ་པར་ཤིན་ཏུ་ཕན་འདོགས་སོ། །སྤྱིའི་དོན་ཏོ། །གཞུང་གི་དོན་ལ། རྡོ་རྗེ་སྤྱོད་པའི་སྦྱོར་བ་ཡིས། །ཞེས་བྱ་བ་ལ་སོགས་པ་ནི་ཀུན་འདར་གྱི་སྤྱོད་པའི་མཚན་ཉིད་ཡིན་ལ། ནགས་ཚལ་བདག་པོའི་རིགས་ཀུན་ནི། །རྡོ་རྗེ་ཅན་གྱི་འཁོར་དུ་འགྱུར། །ཞེས་བྱ་བ་ནི་ཕྱི་དང་ནང་གི་ཡུལ་དང་གྲོགས་དབང་དུ་འདུས་ནས་ས་རྣམས་མངོན་དུ་བྱེད་པ་སྟེ་ཀུན་ཏུ་བཟང་པོའི་སྤྱོད་པའི་དགོས་པའི་ཕྱོགས་གཅིག་ཡིན་ནོ། །སྐྱེ་མཆེད་བྱིན་གྱིས་བརླབས་པའི་ཕན་ཡོན་ནི་སྤྱིར་གསུམ་སྟེ། ཐ་མལ་གྱི་རྣམ་པར་རྟོག་པའི་བློ་ལྡོག་པ་ཞེས་བྱ་བ་ནི། སྔར་ལེའུ་བརྒྱད་པར། གཏི་མུག་རྡོ་རྗེའི་སྦྱོར་བ་ཡིས། །མིག་གི་རྣམ་པར་ཤེས་པ་སྦྱང༌། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཕན་ཡོན་གཉིས་པ་བར་དུ་གཅོད་པ་བསྲུང་བ་ནི་རྩ་བའི་རྒྱུད་ཀྱི་ལེའུ་གསུམ་པ་ལས། འདིས་ནི་གོ་ཆ་ཞེས་གསུངས་སོ། །གསུམ་པ་མངོན་པར་ཤེས་པ་དྲུག་འཆར་བ་ནི་འདི་ཉིད་ཡིན་ཏེ་དེ་ལ་ལྔ་ནི་འཇིག་རྟེན་པ་དང་ཐུན་མོང་ཡིན་ལ། དྲུག་པ་ནི་ཟག་པ་ཟད་པ་ཡིན་ནོ། །དེའང་མིག་ལ་སོགས་པ་དབང་པོ་ལྔ་བྱིན་གྱིས་བརླབས་པས་ནི་ལྷའི་མིག་ལ་སོགས་པའི་མངོན་པར་ཤེས་པ་ཞེས་བྱ་བ་མངོན་ཤེས་གཅིག་ཡིན་ཏེ། དེའང་གཏི་མུག་རྡོ་རྗེས་གང་བལྟ་བར་འདོད་པའི་གཟུགས་ཉེ་རིང་མེད་པ་ཐམས་ཅད་མཐོང་བ་དང༌། ཞེ་སྡང་རྡོ་རྗེས་གང་མཉན་པར་འདོད་པའི་སྒྲ་ཉེ་རིང་མེད་པ་ཐམས་ཅད་ཐོས་པ་སྟེ་གཉིས་ནི་གཞུང་ལས་དངོས་སུ་བསྟན་ལ། སེར་སྣ་རྡོ་རྗེས་གང་བསྣམ་པར་འདོད་པའི་དྲི་ཉེ་རིང་མེད་པ་ཐམས་ཅད་ཚོར་བ་དང༌། འདོད་ཆགས་རྡོ་རྗེས་གང་མྱང་བར་འདོད་པའི་རོ་ཉེ་རིང་མེད་པ་ཐམས་ཅད་མྱང་བ་དང༌། ཕྲག་དོག་རྡོ་རྗེས་གང་རེག་པར་འདོད་པའི་རེག་བྱ་ཉེ་རིང་མེད་པ་ཐམས་ཅད་མྱོང་བ་སྟེ་ལྷའི་མིག་ལ་སོགས་པའི་མངོན་ཤེས་ཞེས་བྱའོ། །ཡིད་བདག་མེད་རྡོ་རྗེར་བསྒོམས་པའི་བྱིན་རླབས་ཀྱིས་མངོན་པར་ཤེས་པ་གཞན་རྣམས་འགྲུབ་པ་ཡིན་ནོ། །དེ་ལ་རང་བཞིན་གྱི་སེམས་ཤེས་པའི་མངོན་པར་ཤེས་པ་ནི། སེམས་ཅན་ཀུན་གྱི་སེམས་ཆེན་པོ། །ཞེས་པས་བསྟན་ཏོ། །གསུམ་པ་སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་པར་ཤེས་པ་དང༌། བཞི་པ་འཆི་འཕོ་དང་སྐྱེ་བ་ཤེས་པའི་མངོན་པར་ཤེས་པ་ནི། སྐྱེ་བ་བྱེ་བ་སྟོང་ཕྲག་ཏུ། །ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །ལྔ་པ་རྫུ་འཕྲུལ་གྱི་མངོན་པར་ཤེས་པ་ནི། སྒྱུ་འཕྲུལ་དྲྭ་བ་དུ་མ་ཡི། །ཞེས་བྱ་བ་ལ་སོགས་པ་སྟེ་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པ་སྟོན་ནུས་པ་དེ་ལྔ་ནི་འཇིག་རྟེན་པ་དང་ཐུན་མོང་བ་ཡིན་ནོ། །དྲུག་པ་ཟག་པ་ཟད་པའི་མངོན་པར་ཤེས་པ་ནི། སངས་རྒྱས་མངོན་ཤེས་ཐོབ་པར་འགྱུར། །ཞེས་བྱ་བས་བསྟན་ཏོ། །ལེའུ་བཅུ་པའི་ཚིགས་སུ་བཅད་པ་བརྒྱད་དང་རྐང་པ་གསུམ་གྱི་རྣམ་པར་འགྲེལ་པ་བསྟན་ཟིན་ཏོ།།  །།ད་ནི་ལེའུ་བཅུ་གཅིག་པ་བཤད་པར་བྱ་སྟེ། དེ་ལ་ལེའུ་འདིའི་རྒྱུད་བཤད་ཐབས་ཀྱི་མན་ངག་ལས་བརྗོད་བྱའི་དོན་ནི་སྤྱི། རྗོད་བྱེད་ཀྱི་སྒྲ་ནི་ཡན་ལག་དང་ཡི་གེ མངོན་པར་རྟོགས་པ་ནི་སེམས་ཅན་དངོས་གྲུབ་དམན་པ་ལ་མོས་པ་རྗེས་སུ་གཟུང་བར་བྱ་བའི་ཕྱིར་ལས་ཀྱི་ཚོགས་རབ་འབྱམས་དང་འབྲེལ། རྩ་བའི་རྒྱུད་ཀྱི་གང་དུ་ཕན་འདོགས་ན་ལེའུ་གཉིས་པ་དང་ཕྱི་མའི་ལེའུ་དགུ་པ་དང་བཅུ་པར་ལས་ཀྱི་ཚོགས་གསུངས་ཀྱང་ཐམས་ཅད་ལས་བཞིར་ཕྱེ་བའི་ལྷའི་རྣལ་འབྱོར་དང་སྔགས་ཀྱི་མཐའ་རྟེན་རྣམས་མ་གསུངས་པས་མ་ཚང་བ་ཁ་སྐོང་བ་དང་མི་གསལ་བ་གསལ་བར་བྱེད་པ་ཡིན་ནོ། སྤྱིའི་དོན་ཏོ། །ཡན་ལག་གི་དོན་ལས་ལྷའི་ང་རྒྱལ་དང༌། བསམ་པ་དང༌། དམིགས་པ་རྣམས་ཀྱི་ཚིགས་དོན་ནི་རྟོགས་པར་སླ་ལ་ཆུས་བྱུང་གི་བུ་མོ་ལྔ་ཞེས་བྱ་བའི་ལོ་རྒྱུས་ཅུང་ཟད་ཅིག་བརྗོད་དགོས་ཏེ། སྔོན་ལྷ་དང་ལྷ་མ་ཡིན་གྱིས་རི་རབ་ཀྱིས་སྲུབ་ཤིང་བྱས་ཀླུ་དགའ་བོ་དང་ཉེ་དགས་སྲུབ་ཐག་བྱས་ཏེ། རྒྱ་མཚོ་ཆེན་པོ་བསྲུབས་པ་ལས་ཤིན་ཏུ་མཛེས་པའི་བུ་མོ་ལྔ་རིམ་པ་བཞིན་དུ་བྱུང་བ་དེ་དག་ལྷ་སྟོབས་དང་ལྡན་པ་ལྔས་རིམ་པ་བཞིན་དུ་ཁྱེར་ཏེ་སོང་ངོ་ཞེས་ཐོས་སོ། །དེ་དག་ཀྱང་དབང་དུ་བྱས་ལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བསྒོམས་ན་ཉེས་པས་མི་གོས་སོ་ཞེས་བྱ་བའི་དོན་ཏོ། །དེའང་གང་ལས་གང་དབྲོག་ཅེ་ན། འཕྲོག་པ་ཞེས་བྱ་བ་དབང་ཕྱུག་ལས་དཀར་མོ་ཨུ་མ་དང༌། སྐྱེས་གཉིས་པ་ཚངས་པ་ལས་ཚངས་མ་དང༌། སྲེད་མེད་ཀྱི་བུ་ཁྱབ་འཇུག་ལས་དཔལ་མོ་དང༌། གང་གིས་ཀྱང་ང་རྒྱལ་བཅག་པར་མ་ནུས་པ་བརྒྱ་བྱིན་ལས་རཾ་པ་ཞེས་བྱ་བའི་ཐིག་ལེ་མཆོག་དང༌། ཆུ་སྲིན་གྱི་རྒྱལ་མཚན་འཛིན་པ་བདུད་སྡིག་ཅན་ལས་དགའ་མ་མེ་ཏོག་གི་མདའ་ཅན་དབྲོག་གོ་ཞེས་བྱ་བ་ཡིན་ནོ། །དེ་ལྟར་ན་ཉེས་པར་མི་འགྱུར་ཏེ་ཕྱག་རྒྱ་ཆེན་པོ་བསྒྲུབ་པའི་ཕྱིར་རོ། །ཚིག་འདིའི་མཐུས་བཀུག་པའང་གྲོལ་བའི་རྟེན་དུ་འགྲོ་བས་ཀྱང་མངོན་ནོ། །སྭཱ་ཧཱ་ལ་སོགས་པ་ནི་ལས་གང་བསྒྲུབ་པའི་སྔགས་ཀྱི་མཐའ་རྟེན་ཡིན་ནོ། །ལེའུ་བཅུ་གཅིག་པ་ཚིགས་སུ་བཅད་པ་དྲུག་པ་དང་རྐང་པ་གསུམ་གྱི་རྣམ་པར་འགྲེལ་པ་བསྟན་ཟིན་ཏོ།།  །།ད་ནི་ལེའུ་བཅུ་གཉིས་པ་བཤད་པར་བྱ་སྟེ། དེ་ལ་ལེའུ་འདིའི་རྒྱུད་བཤད་ཐབས་ཀྱི་མན་ངག་ལས་བརྗོད་བྱའི་དོན་ནི་སྤྱི། རྗོད་བྱེད་ཀྱི་སྒྲ་ནི་ཡན་ལག མངོན་པར་རྟོགས་པ་ནི་བསྐྱེད་པའི་རིམ་པ་དང་བཟླས་པའི་རྣལ་འབྱོར། རྩ་བའི་རྒྱུད་ཀྱི་གང་དུ་ཕན་འདོགས་ན། ལེའུ་གསུམ་པ་དང་བརྒྱད་པ་དང་ཕྱི་མའི་ལེའུ་ལྔ་པ་རྣམས་སུ་ཤིན་ཏུ་ཕན་འདོགས་ལ་ལེའུ་བཅུ་གཅིག་པའི་ཀུ་རུ་ཀུལླེ་ལ་ཡང་ཞར་ལས་བྱུང་བའི་ཚུལ་གྱིས་ཕན་འདོགས་སོ། །བཟླས་པའི་མན་ངག་ནི་ལེའུ་གཉིས་པ་དང་ཕྱི་མའི་ལྔ་པ་དང་དགུ་པ་དང་བཅུ་པར་ཚུལ་མི་འདྲ་བའི་ཚུལ་གྱིས་ཕན་འདོགས་སོ། །སྤྱིའི་དོན་ཏོ། །གཞུང་གི་དོན་ལ་འདི་ཉིད་ཀྱིའང་ལེའུ་དང་པོ་དང་ལྔ་པ་དང་བདུན་པར་མདོར་བསྡུས་པ་དང་རབ་ཏུ་དབྱེ་བའི་ཚུལ་གྱིས་གསུངས་ཀྱང་རིམ་པ་བཞིན་ཞིབ་ཏུ་མ་གསུངས་པས་འདིས་གསལ་བར་བྱེད་པ་ཡིན་ཏེ། དེའང་ལེའུ་བདུན་པར། བླ་མ་རྡོ་རྗེ་རྣམས་མཆོད་ཅིང༌། །བདུན་པོ་ཡོངས་སུ་དག་པར་བྱ། །བྱང་ཆུབ་སེམས་ནི་བསྐྱེད་ནས་ནི། །ཆོས་ཀྱི་འབྱུང་གནས་རྣམ་པར་བསྒོམ། །དེ་ལ་སངས་རྒྱས་གནས་བསམ་བྱ། །ཞེས་མདོར་བསྡུས་པའི་དོན་གསལ་བར་བྱེད་པ་ནི་འདིར་ཚོགས་ཀྱི་ཞིང་སྤྱན་དྲངས་ཤིང་མཆོད་པ་ནས་བརྩམས་ཏེ། བྷྲཱུྃ་ལས་གནས་ནི་བསམས་ནས་སུ། །ཞེས་གཞལ་ཡས་ཁང་བསྐྱེད་པའི་བར་གྱི་རིམ་པ་བཞིན་དུ་བསྟན་པ་ཡིན་ཏེ་མངོན་པར་རྟོགས་པ་ནི་གོང་དུ་བརྗོད་ཟིན་ཏོ། །དེ་ནས་རྒྱུ་རྡོ་རྗེ་འཛིན་པ་མངོན་བྱང་ལྔ་ལས་བསྐྱེད་པ་ནི། རྣམ་པ་ལྔར་ནི་རབ་བརྟག་བྱ། །ཡེ་ཤེས་ལྔ་ལས་བྱུང་བ་ཡི། །ཞེས་བྱ་བ་མངོན་བྱང་སྟེ། ཡེ་ཤེས་ལྔ་ནི་ཟླ་བ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་ཡེ་ཤེས་ལྔ་ལས་རྒྱུ་རྡོ་རྗེ་འཛིན་པ་བསྐྱེད་པ་ཡིན་ནོ། །དེ་ནས་འཁོར་གྱི་ལྷ་མོ་དབྱུང་བ་དང་རྒྱུ་རྡོ་རྗེ་འཛིན་པ་འོད་དུ་ཞུ་བ་དང་གླུས་བསྐུལ་ཏེ་འབྲས་བུ་རྡོ་རྗེ་འཛིན་པར་བཞེངས་པ་ནི། ལེའུ་བཞི་པ་ལས། མཁའ་འགྲོ་མ་ཡི་འཁོར་ལོ་སྤྲོ། །དྲི་ཟ་མཉམ་དུ་ཞུགས་ནས་ནི། །ཁུ་བའི་རྡོ་རྗེ་རྗེས་སུ་དྲན། །མཚམས་ཀྱི་ལྷ་མོས་བསྐུལ་ནས་ནི། །འཁོར་ལོའི་འདྲེན་པ་བཞེངས་པའོ། །ཞེས་བྱ་བ་སྟེ་གླུ་ནི་ལེའུ་བརྒྱད་པ་ཉིད་ལས་འབྱུང་ངོ༌། །དེ་ནས་འབྲས་བུ་རྡོ་རྗེ་འཛིན་པ་བཞེངས་པ་ནི་འདིར། རྡོ་རྗེ་སེམས་དཔའ་ལས་བྱུང་བ། །ཞེས་བྱ་བ་ནི་རིགས་དྲུག་པ་རྒྱུ་རྡོ་རྗེ་འཛིན་པ་ལས་བྱུང་བའོ། །རིག་མའི་སྐྱེས་བུ་ཞེས་བྱ་བ་ལ་ཁ་ཅིག་ཡུམ་ཡིན་ནོ་ཞེས་ཟེར་ཏེ། དེ་ནི་མ་ཡིན་ཏེ་རིག་མ་ནི་ཡུམ་ཡིན་ལ་སྐྱེས་བུ་ནི་ཡབ་ཡིན་པས་འབྲས་བུ་རྡོ་རྗེ་འཛིན་པ་ཡབ་ཡུམ་བཞེངས་པའོ། །དེ་ནས་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་ནི། མིག་ལ་སོགས་པ་གཏི་མུག་སོགས། །ཞེས་བྱ་བ་སྟེ་ཡབ་ཀྱི་མངོན་པར་རྟོགས་པའོ། །རྡོ་རྗེ་དཀར་མོ་ཆུ་བདག་མ། །ཞེས་བྱ་བས་ཡུམ་གྱི་མངོན་པར་རྟོགས་པ་བསྟན་ཏེ། དེ་ཡང་ཚོགས་ཀྱི་ཞིང་སྤྱན་དྲང་བ་ནས་གཞལ་ཡས་ཁང་བསྒོམ་པའི་བར་སྔ་མ་དང་འདྲ་ལ། དེ་ནས་མངོན་པར་བྱང་ཆུབ་པ་རིམ་པ་ལྔ་ཡིས་འདི་ནས་འབྱུང་བ་བཞིན་ལྷ་མོ་བཅོ་ལྔ་བསྒོམ་པར་བྱའོ། །དེ་ནས་ཡབ་ཡུམ་གཉིས་ཀའི་ཐུན་མོང་དུ་ཡེ་ཤེས་འཁོར་ལོ་དགུག་གཞུག་བྱ་སྟེ། ཡེ་ཤེས་གཞུག་པ་དེ་བཞིན་ཡང༌། །ཞེས་བྱ་བ་དང༌། ཡང༌། དམ་ཚིག་འཁོར་ལོ་ཆེན་པོ་འབར། །ཡེ་ཤེས་འཁོར་ལོ་མཉམ་བཅུག་པས། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །བསྒྲུབ་ཏེ་གཞན་དུ་ཡང་མ་ཡིན། །ཞེས་བྱ་བ་དང༌། ལེའུ་དགུ་པའི་བཛྲ་གཽ་རཱི་ཨཱ་ཀརྵ་ཡ་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །དེ་ནས་དབང་བསྐུར་བ་ནི། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །ཞེས་བྱ་བ་ལ་སོགས་པ་འདི་ཉིད་ཀྱི་གཞུང་ཡིན་ལ། རིགས་ཀྱི་བདག་པོའི་རྒྱས་གདབ་པ་ནི། ཅོད་པན་རང་གི་ལྷག་པའི་ལྷ། །ཞེས་བྱ་བ་སྟེ། རིགས་རྐྱང་པ་ཡིན་ན་ལུས་ལ་སེམས་དང་སེམས་ལ་ལུས་ལ་སོགས་པ་རྩ་བའི་རྒྱུད་བཞིན་དུ་རྒྱས་གདབ་ལ། རིགས་བསྡུས་པ་ལ་ནི་རང་རང་གི་གཙོ་འཁོར་ལ་རང་རང་གི་རིགས་ཀྱི་བདག་པོའི་རྒྱས་གདབ་བོ་ཞེས་གསུང་ངོ༌། །བཟླས་པའི་སྐབས་སུ་ནང་དུ་བརྗོད་པའི་སྦྱོར་བ་ཞེས་བྱ་བ་ནི་ལྷ་མོའི་ཞལ་ནས་བདག་གི་ཞལ་དུ་འཇུག་པའམ་བདག་གི་ལྟེ་བ་ནས་འཐོན་ཏེ་ཞལ་དུ་འཇུག་པའི་ཚུལ་དུ་བཟླས་པ་བྱ་བ་ཡིན་ལ། ཡང་འདིས་བདག་མེད་པ་ལ་དམིགས་ཏེ་ཆོས་ཉིད་ཀྱི་བཟླས་པའམ་རླུང་མནན་ཏེ་འགོག་པའི་བཟླས་པའམ་ཤུབ་བུའི་བཟླས་པའང་གཟུང་དུ་རུང་ངོ༌། །ལེའུ་བཅུ་གཉིས་པ་ཚིགས་སུ་བཅད་པ་ཉི་ཤུ་རྩ་དྲུག་དང་རྐང་པ་གཅིག་གི་རྣམ་པར་འགྲེལ་པ་བསྟན་ཟིན་ཏོ།།  །།ད་ནི་ལེའུ་བཅུ་གསུམ་པ་བརྗོད་པར་བྱ་སྟེ། དེ་ལ་ལེའུ་འདིའི་རྒྱུད་བཤད་ཐབས་ཀྱི་མན་ངག་ལས་བརྗོད་བྱའི་དོན་ནི། རྗོད་བྱེད་རྣམས་ནི་སྤྱི་ལ་སོགས་པ་གསུམ་ཀའི་ཐུན་མོང་ཡིན་ལ། འོག་ནས་འབྱུང་བའི་བརྗོད་བྱའི་ཚོགས་རྣམས་ནི་སྤྱི་ཡིན་ནོ། །རྗོད་བྱེད་ཀྱི་སྒྲ་ནི་ཡན་ལག་གི་དོན་ཡིན་ནོ། །མངོན་པར་རྟོགས་པ་ནི་རྒྱུད་གསུམ་ཀ་ཐུན་མོང་ཡིན་ལ། བརྗོད་བྱ་ནི་དེ་ཁོ་ན་ཉིད་རྟོགས་པའི་ལྟ་བ་དང་དམ་ཚིག་དང་འབྲེལ་ལོ། །རྩ་བའི་རྒྱུད་ཀྱི་གང་དུ་ཕན་འདོགས་ན་རྗོད་བྱེད་རྣམས་ལས་ལྟ་བ་ནི་ལེའུ་དང་པོ་དང་ལེའུ་ལྔ་པ་དང་དགུ་པ་དང་ཕྱི་མའི་ལེའུ་གསུམ་པ་དང་བཞི་པར་ཕན་འདོགས་སོ། །དམ་ཚིག་དང་སྡོམ་པ་སྤྱོད་ལམ་དང་བཅས་པ་ནི་ལེའུ་གཉིས་པ་དང་གསུམ་པ་དང་ཕྱི་མའི་གསུམ་པར་ཕན་འདོགས་སོ། །སྤྱིའི་དོན་ཏོ། །ཡན་གལ་གི་དོན་ལས་ཐོག་མར་རྣལ་འབྱོར་མའི་སྒྲ་འཇུག་པའི་རྒྱུ་མཚན་ནི། ཤེས་རབ་ཕ་རོལ་ཕྱིན་པའི་ཐབས། །རྣལ་འབྱོར་མ་ཞེས་མངོན་པར་བརྗོད། །ཅེས་པ་སྟེ་ལྟ་བ་བདག་མེད་པ་གཙོར་སྟོན་ཅིང་བསྐྱེད་པའི་སྐབས་སུ་མཁའ་འགྲོ་མའི་དཀྱིལ་འཁོར་གཙོ་ཆེ་ལ། རྫོགས་པའི་སྐབས་སུ་ཕྱག་རྒྱའི་ལམ་གཙོ་ཆེ་བ་ནི་རྣལ་འབྱོར་མའི་རྒྱུད་དོ་ཞེས་བྱ་བའི་དོན་ཏོ། །དགའ་མཛེས་མཁའ་འགྲོ་ཞེས་བྱ་བ་ལ་སོགས་པ་རྒྱུད་ཀྱི་རབ་ཏུ་དབྱེ་བ་འདི་ལ་ཁ་ཅིག་ན་རེ་འདི་མ་རྒྱུད་བཅུ་གསུམ་ཡིན་ནོ་ཞེས་ཟེར་ཏེ། དེ་ནི་མ་ཡིན་ཏེ་འདི་ལ་རྒྱུད་བཅུ་བཞིའང་སྣང་སྟེ། རྡོ་རྗེ་མཁའ་འགྲོ་ཕན་རྒྱུད་བརྒྱད། །ཅེས་སྔ་མ་ལ་བརྒྱད་ཡོད་ལ། ཕྱི་མ་ལ་རྣལ་འབྱོར་མ་རྒྱུད་དྲུག་ཏུ་རབ་ཏུ་གྲགས་ཞེས་དྲུག་བཞུགས་པ་ཡིན་ནོ། །ཡང་གཞུང་ཚན་གཅིག་ལས། རྡོ་རྗེ་མཁའ་འགྲོ་ཕན་རྒྱུད་བརྒྱད། །ཅེས་བྱ་བའི་བརྒྱད་ཀྱི་སྒྲ་མི་སྣང་བ་ནི་འགྱུར་མ་ཤེས་པ་སྟེ་ཨཥྚ་ནཱཾ་བཛྲ་ཌཱ་ཀ་ཏནྟྲཾ་ཏྲ་ཞེས་བྱ་བ་རྒྱ་དཔེ་ཐམས་ཅད་ལ་བརྒྱད་ཀྱི་སྒྲ་སྣང་ངོ༌། །དེ་ལ་རྒྱུད་ཀྱི་སྒྲ་ལ་གསེར་གྱི་ཆར་པ་ནི་རྡོ་རྗེ་གདན་བཞི་ཡིན་ལ་གྷསྨ་རཱི་ནི་སཾ་པུ་ཊ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་འཆད་པ་ནི་ནོར་བ་སྟེ། གྷསྨ་རཱི་ཞེས་བྱ་བ་དང་གསང་བའི་ཡིད་འཕྲོག་ཅེས་བྱ་བ་དང་གསང་བའི་མཛོད་ཅེས་བྱ་བ་དང་རྡོ་རྗེ་བདུད་རྩི་ཞེས་བྱ་བ་ལ་སོགས་པ་དེ་དག་གི་མིང་དང་ལྡན་པའི་རྒྱུད་སོ་སོ་བ་མཐོང་བའི་ཕྱིར་རོ། །དེ་ལ་རྒྱུད་བཅུ་བཞི་པོ་འདི་དག་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པའི་རྒྱུད་འབའ་ཞིག་ཡིན། དེ་ལས་ཀྱང་ཅུང་ཟད་ཙམ་ཐབས་གཙོ་བོར་གྱུར་པ་དང༌། ཅུང་ཟད་ཤེས་རབ་གཙོ་བོར་གྱུར་པ་བཅུ་བཞི་ཡིན་པར་མངོན་ཏེ་འོག་ནས་ཐབས་ཤེས་རབ་ཀྱི་རྒྱུད་བཤད་པའི་དགོས་པའང་འབྱུང་བ་ཡིན་ནོ། །དེས་ན་རྒྱུད་སྡེ་བཅུ་བཞི་པོ་འདི་དག་ཏུ་རྣལ་འབྱོར་ཆེན་པོ་རྣམས་འདུས་སོ་སྙམ་ན་འདུས་པ་མ་ཡིན་ཏེ་གསང་བ་འདུས་པ་ལ་སོགས་པ་དུ་མ་བཞུགས་ལ། མའི་རྒྱུད་ཉིད་ཀྱང་འདུས་པ་མ་ཡིན་ཏེ་ཟླ་གསང་ཐིག་ལེ་ལ་སོགས་པ་དུ་མ་བཞུགས་ལ། ཀྱེ་རྡོ་རྗེ་ཉིད་ཀྱང་འདུས་པ་མ་ཡིན་ཏེ་ཕྱག་རྒྱ་ཆེན་པོ་ཐིག་ལེ་དང་ཡེ་ཤེས་ཐིག་ལེ་ལ་སོགས་པ་དུ་མ་བཞུགས་པའི་ཕྱིར་རོ། །འོ་ན་འདི་དག་ཇི་ལྟར་ཡིན་སྙམ་ན་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པའི་རྒྱུད་ཉིད་ལའང་ཤིན་ཏུ་ཟབ་པ་རྩ་བའི་རྒྱུད་རེ་ལ་དེ་ཉིད་ལ་བྱེ་བྲག་ཏུ་ཤིན་ཏུ་ཕན་འདོགས་པའི་བཤད་པའི་རྒྱུད་རེ་སྨོས་པ་ཡིན་ཏེ། དེ་ལའང་ཅུང་ཟད་ཐབས་གཙོ་བོར་གྱུར་པ་དགའ་མཛེས་མཁའ་འགྲོ་ལ་སོགས་པ་རྩ་བའི་རྒྱུད་བཞི་ལ་དགའ་ཆེན་མ་ལ་སོགས་པ་བཤད་པའི་རྒྱུད་བཞི་གསུངས་ལ། ཅུང་ཟད་ཤེས་རབ་གཙོ་བོར་གྱུར་པ་རྩ་བའི་རྒྱུད་དགྱེས་པའི་རྡོ་རྗེ་ལ་བཤད་རྒྱུད་གུར་དང༌། འཁོར་ལོ་བདེ་མཆོག་ལ་བཤད་རྒྱུད་མངོན་པར་འབྱུང་བ་དང༌། གསང་བའི་མཛོད་ལ་བཤད་རྒྱུད་རྡོ་རྗེ་བདུད་རྩི་ཞེས་བྱ་བ་གསུངས་པ་ཡིན་ནོ། །དེ་ལྟར་མ་ཡིན་ན་ཀྱེ་རྡོ་རྗེ་དང་གུར་གཉིས་སྨོས་ལ་ཕྱག་རྒྱ་ཆེན་པོ་ཐིག་ལེ་ལ་སོགས་པ་མི་སྨོས་པ་མི་འཐད་དོ། །སྤྱིར་རྡོ་རྗེ་འཆང་གི་བཀའ་གཏིང་དཔག་དཀའ་བ་སུས་ཤེས་པར་ནུས་ཁོ་བོས་གཞན་གྱི་ལོག་པར་རྟོག་པ་བཀག་ནས་འདི་ཙམ་ཞིག་སྨྲ་བར་ནུས་པ་ཡིན་ནོ། །དེ་ནས་རྣལ་འབྱོར་ཆེན་པོ་ཉིད་ཀྱི་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རྒྱུད་དང༌། གཉིས་སུ་མེད་པ་ཉིད་ཀྱིའང་ཐབས་ཤེས་རབ་ཀྱི་རྒྱུད་ཀྱི་དགོས་པ་ནི་གཙོ་བོར་སྐྱེས་པས་ཞུས་ཤིང་སྐྱེས་པ་གདུལ་བའི་དོན་དུ་གསུངས་པ་ནི་ཐབས་ཀྱི་རྒྱུད་ཡིན་ལ། བུད་མེད་ཀྱིས་ཞུས་ཤིང་བུད་མེད་གདུལ་བའི་དོན་དུ་གསུངས་པ་ནི་ཤེས་རབ་ཀྱི་རྒྱུད་ཡིན་ཏེ། སྐྱེས་བུ་རྣམས་ནི་གདུལ་བའི་ཕྱིར། །ཞེས་བྱ་བ་ལ་སོགས་པའི་དོན་ཡིན་ནོ། །དེ་ལྟར་ན་གཉིས་སུ་མེད་པ་ལ་ཐབས་དང་ཤེས་རབ་ཀྱི་རྒྱུད་མི་འཐད་སྙམ་ན་འགལ་བ་མེད་དེ་ཅུང་ཟད་ཙམ་ལ་དགོངས་ནས་རེ་རེ་ལ་ཡང་གཉིས་ཀ་ཡོད་དེ་བརྟག་པ་གཉིས་པའི་ཡང་བརྟག་པ་གོང་མ་ནི་ཐབས་ཀྱི་རྒྱུད་ཡིན་ལ་འོག་མ་ནི་ཤེས་རབ་ཀྱི་རྒྱུད་ཡིན་ཏེ། འདི་ཉིད་ཀྱི་ལེའུ་བཞི་པ་ལས། ཀྱེ་ཡི་རྡོ་རྗེ་རྣལ་འབྱོར་རྒྱུད། །དང་པོ་རྒྱལ་བ་རྣམས་ཀྱིས་བཤད། །ཕྱི་མ་རྣལ་འབྱོར་མ་རྒྱུད་ནི། །དེ་ཉིད་བུད་མེད་གཟུང་ཕྱིར་རོ། །ཞེས་གསུངས་པ་ཡིན་ནོ། །རྒྱུད་སྡེ་བཞིའི་རབ་ཏུ་དབྱེ་བ་ནི་གང་ཟག་ཤིན་ཏུ་སྦྱངས་པ་ཆུང་ཞིང་རྟོག་པ་ཆེ་བ་ལ་བྱ་བའི་རྒྱུད་ལེགས་པར་གྲུབ་པ་ལ་སོགས་པ་བྱ་བའི་རྒྱུད་གསུངས་ཏེ་དེའང༌། དམན་པ་རྣམས་ལ་བྱ་བའི་རྒྱུད། །ཅེས་བྱ་བ་ཡིན་ནོ། །བྱ་མིན་རྣལ་འབྱོར་དེ་ལྟག་ལ། །ཞེས་བྱ་བ་ནི་བྱ་བ་མ་ཡིན་པའི་རྣལ་འབྱོར་ནི་ཏིང་ངེ་འཛིན་ཅུང་ཟད་ལ་གནས་པའི་ཕྱིར་སྤྱོད་པའི་རྒྱུད་རྣམ་སྣང་མངོན་པར་བྱང་ཆུབ་པ་ལ་སོགས་པ་གསུངས་ཏེ། གང་ཟག་བློ་ཅུང་ཟད་སྦྱངས་ཤིང་རྟོག་པ་ཅུང་ཟད་ཆུང་བ་ལ་བསྟན་ནོ། །སེམས་ཅན་མཆོག་ལ་རྣལ་འབྱོར་མཆོག །ཅེས་བྱ་བ་ནི་གང་ཟག་སྦྱངས་པ་ཆེ་ཞིང་རྟོག་པ་ཆུང་བ་ལ་དེ་ཉིད་བསྡུས་པ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ལ་རྣལ་འབྱོར་གྱི་རྒྱུད་ལ་རྣལ་འབྱོར་མཆོག །ཅེས་ཅིའི་ཕྱིར་བྱ་སྙམ་ན་སྤྱོད་པའི་རྒྱུད་ལ་རྣལ་འབྱོར་དུ་བཏགས་ན་དེ་ལ་ལྟོས་ནས་འདི་མཆོག་ཡིན་པའོ། །གང་ཟག་སྦྱངས་པ་ཤིན་ཏུ་ཆེ་ཞིང་རྟོག་པ་ཤིན་ཏུ་ཆུང་བ་ལ་རྣལ་འབྱོར་ཆེན་པོའི་རྒྱུད་སྟོན་ཏེ། རྣལ་འབྱོར་བླ་མེད་དེ་ལྟག་ལ། །ཞེས་བྱ་བ་སྟེ་གསང་བ་འདུས་པ་དང་དགྱེས་པའི་རྡོ་རྗེ་ལ་སོགས་པ་རྣམས་དེའི་ལྟག་མ་ཞེས་བྱ་བ་གོང་མ་ལ་སྟོན་ཏོ། །ཞེས་བྱ་བའི་དོན་ནོ། །རྗོད་བྱེད་ཀྱི་ཚོགས་བསྟན་པའི་ཞུ་བ་ནི་རེ་ཞིག་བདག་ཅག་གིས་ཡུལ་རྣམས་ནི་འཚལ་ན་ཞེས་བྱ་བ་ནི་བརྗོད་བྱ་རྗོད་བྱེད་ཐམས་ཅད་བདག་ཅག་གིས་རྟོགས་ཀྱང་སེམས་ཅན་རྣམས་ཀྱི་རྗོད་བྱེད་ཀྱི་ཚོགས་མཐའ་དག་ཉན་པར་མི་ནུས་པ་བརྗོད་བྱའི་ཚོགས་མཐའ་དག་བསྡུས་ཏེ་གསུང་དུ་གསོལ་ཞེས་བྱ་བའི་དོན་ཡིན་ནོ། །ལན་ལ་དོན་གསུམ་གྱི་དང་པོ་ནི། སྟོང་པ་དང་སྙིང་རྗེ་གཉིས་སུ་མེད་པར་ནི་དཀོན་མཆོག་གསུམ་གྱི་བསྟན་པ་ཐམས་ཅད་འདུས་སོ་ཞེས་བྱ་བ་དང༌། གཉིས་པ་ནི་སྙིང་རྗེ་ཆེན་པོ་ལས་བྱུང་བ་བདག་གཞན་གཉིས་ཀ་བསྒྲལ་བའི་ཕྱིར་སྨོན་འཇུག་གཉིས་ཀྱི་བྱང་ཆུབ་ཀྱི་སེམས་སུ་བསྟན་པ་ཐམས་ཅད་འདུས་སོ་ཞེས་བྱ་བ་དང༌། གསུམ་པ་ནི་སྟོང་པར་འཛིན་དུ་དོགས་ནས་སྣང་བ་དང་སྟོང་པ་དབྱེར་མེད་པ་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་བརྗོད་བྲལ་དུ་སངས་རྒྱས་ཀྱི་བསྟན་པ་ཐམས་ཅད་འདུས་སོ་ཞེས་བྱ་བའོ། །དམ་ཚིག་གི་ཚོགས་བསྟན་པ་ནི་གཞུང་མང་ཡང་རང་དེ་བཞིན་གཤེགས་པར་བསམས་ནས། འདོད་ཡོན་ཐམས་ཅད་སྦྱང་ན་བསོད་ནམས་ཆེ་བ་དང༌། དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་རིགས་ལྔ་དང་དྲུག་གི་བདག་ཉིད་ཐམས་ཅད་ཀྱང་བླ་མར་འདུས་པས་བླ་མ་མཉེས་པར་བྱས་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མཉེས་ཏེ་དངོས་གྲུབ་འབྱུང་ངོ་ཞེས་བྱ་བ་གཉིས་སུ་འདུས་པ་ཡིན་ནོ། །ཚིག་གི་དོན་ལྷག་མ་རྣམས་ནི་གཞུང་ཉིད་ཀྱི་སྟེང་དུ་རྟོགས་པར་བྱའོ། །ལེའུ་བཅུ་གསུམ་པ་ཚིགས་སུ་བཅད་པ་ཉི་ཤུ་རྩ་བཞི་པའི་རྣམ་པར་འགྲེལ་པ་བསྟན་ཟིན་ཏོ།།  །།ད་ནི་ལེའུ་བཅུ་བཞི་པ་བཤད་པར་བྱའོ། །དེ་ལ་ལེའུ་འདིའི་རྒྱུད་བཤད་ཐབས་ཀྱི་མན་ངག་ལས་བརྗོད་བྱའི་དོན་ནི་སྤྱི་དང་སྦས་པ་མཐར་ཐུག་གསུམ་ཀ་འཇུག་གོ །རྗོད་བྱེད་ཀྱི་སྒྲ་ནི་ཡན་ལག་གི་དོན་གཙོ་བོ་ཡིན་ལ། ཡན་ལག་མེད་པའི་སྒྲུབ་ཐབས་ཀྱི་ས་བོན་ཧྃ་ནི་ཧཱུྃ་དུ་བསྒྲུབ་པ་ཡི་གེའི་དོན་དང༌། རོལ་མོའི་སྒྲ་ལ་བསྡུས་པའི་དོན་ཅུང་ཟད་ཅིག་སྣང་ངོ༌། །མངོན་པར་རྟོགས་པ་ནི་སྨིན་པར་བྱེད་པ་དབང་ལས་གསང་བ་དང་ཤེས་རབ་ཡེ་ཤེས་དང༌། དཀྱིལ་འཁོར་དང་འབྲེལ་པའི་བྱ་བ་སྣ་ཚོགས་དང་སའི་ཆོ་ག་བསྟན་ལ། མཆོད་པ་ནི་དཀྱིལ་འཁོར་དང་བསྐྱེད་རིམ་དང་རབ་གནས་ལ་སོགས་པ་ལའང་འཇུག་གོ །རིགས་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སེམས་ནི་ལྟ་བ་དང་ཡང་འབྲེལ་ལ་དམིགས་པ་མེད་པའི་རྫོགས་པའི་རིམ་པར་ཡང་འགྲོའོ། །རིམ་པ་གཉིས་ཀྱི་སྤྱིའི་མངོན་པར་རྟོགས་པ་ཡང་བསྟན་ལ། རྫོགས་པའི་རིམ་པ་ཕྲ་མོའི་རྣལ་འབྱོར་དང་དཀྱིལ་འཁོར་འཁོར་ལོ་དང་ཡང་འབྲེལ་ལོ། །སེམས་ཅན་དངོས་གྲུབ་དམན་པ་ལ་མོས་པའི་གང་ཟག་རྗེས་སུ་གཟུང་བར་བྱ་བའི་ཕྱིར་ལས་ཀྱི་ཚོགས་རབ་འབྱམས་ལ་གྲུབ་ཆེན་བརྒྱད་དང་གདུག་པ་ཅན་བསྒྲལ་བ་དང་ཐུན་མོང་གི་ཁྲོ་བོ་བཅུའི་སྲུང་འཁོར་ཡང་བསྟན་ནོ། །ནང་གི་སྦྱིན་སྲེག་ནི་དམ་ཚིག་ཏུ་ཡང་འགྲོ་ལ་ཕྱིའི་སྦྱིན་སྲེག་ཀྱང་བསྟན། འབྲས་བུ་སངས་རྒྱས་ཀྱི་ས་དང་ཡང་འབྲེལ་ལོ། །རྩ་བའི་རྒྱུད་ཀྱི་གང་དུ་ཕན་འདོགས་ན། སྨིན་བྱེད་རྣམས་ནི་ལེའུ་བཅུ་པ་དང་ཕྱི་མའི་ལེའུ་གསུམ་པ་དང་ལྔ་པར་ཕན་འདོགས་ལ། ལྟ་བ་ནི་དང་པོ་དང་ལྔ་པ་དང་དགུ་པ་དང་ཕྱི་མའི་ལེའུ་གསུམ་པ་དང་བཞི་པར་ཕན་འདོགས་སོ། །རིམ་པ་གཉིས་ཀྱི་སྤྱིའི་ངག་ནི་ལེའུ་བརྒྱད་པ་དང་ཕྱི་མའི་ལེའུ་གཉིས་པར་ཕན་འདོགས། རྫོགས་པའི་རིམ་པ་ཕྲ་མོའི་རྣལ་འབྱོར་ནི་ལེའུ་དང་པོ་དང་བརྒྱད་པར་མ་ཚང་བ་ཁ་སྐོང་ལ། ཕྱག་རྒྱའི་རྣལ་འབྱོར་ནི་ལེའུ་ལྔ་པ་དང་བརྒྱད་པར་མི་གསལ་བ་གསལ་བར་བྱེད་པའི་ཚུལ་གྱིས་ཕན་འདོགས་སོ། །ལས་ཀྱི་ཚོགས་རྣམས་ནི་ལེའུ་གཉིས་པ་དང་ཕྱི་མའི་ལེའུ་དགུ་པ་དང་བཅུ་པར་གྲུབ་ཆེན་བརྒྱད་ནི་མ་ཚང་བ་ཁ་སྐོང་ལ། མངོན་སྤྱོད་ཀྱི་ལས་ནི་མི་གསལ་བ་གསལ་བར་བྱེད་ཅིང༌། ཁྲོ་བོ་བཅུའི་སྲུང་བའི་འཁོར་ལོ་ནི་དེ་དག་ཏུའང་མ་ཚང་བ་ཁ་སྐོང་ལ་ལེའུ་གསུམ་པ་ལ་སོགས་པ་བསྐྱེད་པའི་རིམ་པ་ཀུན་ཏུ་ཡང་མ་ཚང་བ་ཁ་སྐོང་ངོ༌། །ནང་གི་སྦྱིན་སྲེག་ནི་བརྟག་པ་གོང་འོག་གི་བདུན་པ་གཉིས་སུ་གསལ་བར་བྱེད་ལ་ཕྱིའི་སྦྱིན་སྲེག་ནི་ཕྱི་མའི་ལེའུ་དང་པོར་མི་གསལ་བ་གསལ་བར་བྱེད་པ་ཡིན་ནོ། །འབྲས་བུ་ནི་ལེའུ་དང་པོ་དང་ཕྱི་མའི་ལེའུ་གཉིས་པར་མ་ཚང་བ་ཁ་སྐོང་བར་ཡང་བྱེད་དོ། །སྤྱིའི་དོན་ཏོ། །ཡན་ལག་གི་དོན་ལས་ཐོག་མར་འབྲིང་གི་དངོས་གྲུབ་གྲུབ་པ་ཆེན་པོ་བརྒྱད་ལས་རལ་གྲི་མིང་ཙམ་དུ་སྒྲུབ་པའི་ཐབས་རྒྱུད་འདི་དག་ཏུ་མ་གསུངས་ལ། ཚེ་དང་ལུས་ཀྱི་བཅུད་ལེན་གཉིས་ནི་གོང་ལེའུ་བདུན་པར་བཤད་དོ། །འདི་ནས་རི་ལུ་ལ་སོགས་པ་ལྔ་གསུངས་པ་ཡིན་ནོ། །དེ་ལ་ཐོག་མར་རི་ལུ་ནི་མི་སྣང་བ་ཙམ་དུ་བསྒྲུབ་ན་འབྲིང་གི་དངོས་གྲུབ་ཡིན་ལ། འདི་ཉིད་ཀྱིས་མཁའ་སྤྱོད་དམ་རིག་འཛིན་ནམ་འཁོར་ལོས་སྒྱུར་བ་གྲུབ་པར་བཤད་པས་དེ་བསྒྲུབ་ན་དམན་པའི་མཆོག་ཅེས་བྱ་བ་ཡིན་ནོ། །དེ་ལ་མཁའ་སྤྱོད་ཀྱི་མཚན་ཉིད་ནི་ཅི་འདོད་པ་ནམ་མཁའ་ལས་འབྱུང་ཞིང་ཅི་འདོད་པའི་གཞལ་ཡས་ཁང་ནམ་མཁའ་ལ་སྤྲུལ་ནས་གནས་ལ་ནམ་མཁའ་ལ་རྫུ་འཕྲུལ་གྱིས་འགྲོ་བའི་ཕྱོགས་ནས་མཁའ་སྤྱོད་དུ་གདགས་སོ། །རིག་འཛིན་ཞེས་བྱ་བ་ནི་གསང་སྔགས་ཀྱི་རིག་པ་ལ་བརྟེན་ནས་གྲུབ་པས་ན་དེ་སྐད་ཅེས་གདགས་སོ། །དེ་གཉིས་ཀའི་མཚན་ཉིད་ནི་དེ་གཉིས་བསྡུས་པའི་རྒྱུད་ཕྱི་མ་ལས་ཚེ་ཉི་ཟླ་གནས་ཀྱི་བར་དུ་ཐུབ་པ་ལུས་ཤིན་ཏུ་མཛེས་པ་ལོ་བཅུ་དྲུག་གི་ཆ་བྱད་ཅན་སྤྲུལ་པའི་སྐུ་ལས་ཆོས་ཉན་པ་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་ནུས་པ་ཅི་བསམས་པའི་ལོངས་སྤྱོད་ནམ་མཁའ་ལས་འབྱུང་བ་ལུས་དེ་ཉིད་ཀྱིས་སངས་རྒྱས་ཀྱི་སར་འགྲོ་བར་ནུས་པ་ཞེས་བྱ་བ་ཡིན་ནོ། །འཁོར་ལོས་སྒྱུར་བ་ནི་རིན་པོ་ཆེ་བདུན་ལ་དབང་སྒྱུར་བ་ཡིན་ནོ། །རི་ལུས་དེ་ལྟ་བུ་གྲུབ་བམ་སྙམ་ན་འགྲུབ་སྟེ། རིག་འཛིན་འཁོར་ལོས་སྒྱུར་བ་ཉིད། །དོགས་པ་མེད་པར་འགྲུབ་པར་འགྱུར། །ཞེས་བྱ་བའི་དོན་ཡིན་ནོ། །དེ་ལ་རི་ལུ་ལ་སོགས་པ་ཇི་ལྟར་བསྒྲུབ་ཅེ་ན་གཞུང་ནས་འབྱུང་བ་བཞིན་རི་ལུ་རྣམས་སྦྱར་ལ། སྲན་མ་ཙ་ནའི་རུས་པའི་ཚད་ཙམ་བྱ་སྟེ་དེ་གསེར་གྱི་ཤོག་བུས་དྲིལ་དེ་ཡང་དངུལ་གྱིས་དྲིལ་དེ་ཡང་ཟངས་ཀྱིས་དྲིལ་བར་བྱའོ། །ཡང་མིག་སྨན་ནི་མིག་ལ་བསྐུས་པས་འཇིག་རྟེན་གསུམ་མཐོང་བ་སྟེ། དེ་ཡང་སྦྲུལ་མགོ་གཉིས་པའི་མགོ་བསྲེགས་ལ་རང་བྱུང་གི་མེ་ཏོག་གིས་སྦྱར་ལ་རི་ལུ་བྱ་བའོ། །ཡང་རྐང་པ་བྱུག་པ་ནི་རྐང་པ་ལ་རྫས་བྱུགས་པས་གང་འདོད་པར་ཉི་མ་གཅིག་གིས་སླེབ་པ་སྟེ། ལྡོང་རོས་དང་སྟག་གི་པགས་པ་ལ་སྦྱར་བའི་ཚིལ་བུས་རིལ་ལུ་བྱ་བའོ། །དེ་ལྟར་དེ་གསུམ་ཀ་གང་སྒྲུབ་པའི་རྣལ་འབྱོར་པས་ཐོད་པ་ཁ་སྦྱར་རམ་ཟ་མ་ཏོག་ཏུ་བཅུག་སྟེ་དཀྱིལ་འཁོར་རམ་མཎྜལ་གྱི་དབུས་སུ་བཞག་ལ་རྡོ་རྗེ་ལ་གཟུངས་ཐག་བཏགས་པས་མནན་ཏེ། རྫས་དེ་དག་ཀྱང་ཡན་ལག་བཞི་རྫོགས་ཀྱི་རང་རང་གི་ཡི་དམ་གྱི་ལྷར་བསྐྱེད་ལ། ཡི་དམ་གྱི་ལྷའི་སྙིང་པོ་བཟླས་ན་སྒྲའམ་དྲི་ཞིམ་པོའམ་འོད་བྱུང་ནས་གོང་དུ་བརྗོད་པའི་རྫས་རྣམས་ཁར་བཅུག་པ་དང་མིག་ལ་བསྐུ་བ་དང་རྐང་པ་ལ་བྱུག་པ་བྱས་ན་གང་འདོད་པའི་ལས་འགྲུབ་པར་འགྱུར་རོ། །རི་ལུ་ལ་བརྟེན་ནས་རིག་འཛིན་བསྒྲུབ་ན་སྒྲ་དང་དྲི་དང་འོད་གསུམ་ཀ་བྱུང་ན་འགྲུབ་པར་འགྱུར་རོ། །ལྷ་མོའམ་གནོད་སྦྱིན་མོ་ལ་སོགས་པ་དབང་དུ་བྱ་བ་དང༌། ས་འོག་གི་གཏེར་ཆེན་པོ་བསྒྲུབ་པ་གཉིས་ཀ་ནི་རྡོ་རྗེ་གནོད་མཛེས་ཀྱི་ང་རྒྱལ་གྱིས་བྱ་སྟེ། དེའང་གནོད་སྦྱིན་མོ་ལ་ནི་གནས་ཡུལ་དབུས་ཀྱི་དབང་པོའི་བྲག་ཕུག་ཡིན་ནོ་སྙམ་དུ་བསམས་པ་དང༌། གཏེར་ཆེན་པོ་ལ་ནི་ཨུ་ཌི་ཡན་གྱི་ཨ་མྲའི་རི་ཡིན་ནོ་སྙམ་དུ་བསམས་ལ། རྡོ་རྗེ་གནོད་མཛེས་སྐུ་མདོག་ནག་པོ་གཡས་གཏུན་ཤིང་གཡོན་སྡིགས་མཛུབ་ལ་སྦྲུལ་ཞགས་ཀྱི་དཀྲིས་པ་ཡན་ལག་བཞི་རྫོགས་སུ་བསྐྱེད་ལ། སྔ་མ་ལ་ནི་ཧཱུྃ་བཞི་པའི་གཤམ་དུ་ལྷ་མོའམ་གནོད་སྦྱིན་མོ་ཆེ་གེ་མོ་དབང་དུ་གྱུར་ཅིག་ཅེས་བཟླས་ན་འགྲུབ་ལ། ཕྱི་མ་ལ་ནི་ཧཱུྃ་ཕུཿཧཱུྃ་ས་འོག་གི་གཏེར་བདག་གི་དབང་དུ་གྱུར་ཅིག་ཅེས་བརྗོད་ན་འགྲུབ་པར་འགྱུར་ཏེ། ས་འོག་ནས་བུམ་པ་ཆེན་པོ་བླངས་ནས་སེམས་ཅན་ཐམས་ཅད་ལ་ཅི་འདོད་པ་སྟེར་བ་ཡིན་ཏེ། རྡོ་རྗེ་མཛོད་ནི་བླངས་ནས་ནི། །ཞེས་བྱ་བའི་དོན་ཡིན་ནོ། །དོན་དམ་པར་རང་བཞིན་མེད་ཀྱང་ཀུན་རྫོབ་ཏུ་དངོས་གྲུབ་འབྱུང་བའི་འཐད་པའི་དོན་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་མཚམས་སྦྱར་ནས། སྙིང་པོ་མེད་པའི་ཆུ་ཤིང་ལ། །ཞེས་བྱ་བ་ལ་སོགས་པའི་དོན་ནི་འདི་ཡིན་ཏེ། དངོས་གྲུབ་ཐམས་ཅད་འབྱུང་བ་སེམས་ཉིད་ཡིན་ཏེ་དེ་ཡང་ཆུ་ཤིང་སྙིང་པོ་མེད་པ་ལས་འབྲས་བུ་ཁ་དོག་དང་དྲི་དང་རོ་དང་ནུས་པ་ཕུན་སུམ་ཚོགས་པ་འབྱུང་བ་བཞིན་དུ་སེམས་ཉིད་སྟོང་པ་ལས་མཆོག་ཐུན་མོང་གི་འབྲས་བུ་སྣ་ཚོགས་འབྱུང་སྟེ་དངོས་གྲུབ་དེ་དག་ཀྱང་སེམས་ཉིད་ཀྱི་ཆོ་འཕྲུལ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ནམ་མཁའ་འབྱུང་པོ་ཐམས་ཅད་དང༌། །ཞེས་བྱ་བ་ལ་སོགས་པའི་དོན་ནི་ནམ་མཁའ་ཐམས་ཅད་ཀྱི་རྟེན་ཡིན་པ་བཞིན་སེམས་ཉིད་ཐམས་ཅད་ཀྱི་འབྱུང་གནས་ཏེ། ཕྱི་དང་ནང་གིས་བསྡུས་པའི་ཆོས་ཐམས་ཅད་རྒྱུ་དང་ལམ་དང་འབྲས་བུས་བསྡུས་པའི་ཆོས་ཐམས་ཅད་རང་གི་སེམས་ཡིན་ལ། སེམས་ལས་མ་གཏོགས་པའི་ཆོས་ནི་ཅི་ཡང་མེད་དེ། སེམས་ནི་ནམ་མཁའ་ལྟ་བུར་དག་སྟེ་རང་བཞིན་མེད་ཅེས་པ་ལ་སོགས་པ་ཡིན་ནོ། །སེམས་ཀྱི་རང་བཞིན་སྐྱེ་བ་མེད་ཅིང་འགག་པ་མེད་པ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་རང་བཞིན་གྱིས་འོད་གསལ་བ་ཡིན་ནོ། །ཇི་ལྟར་ན་སེམས་སྟོང་ལ་སེམས་ལས་ཕྱི་རོལ་གྱི་དོན་མི་སྟོང་པ་རབ་ཏུ་འབྱུང་ཞེས་བགྱི་ཞེས་པ་ནི། དེ་ལྟར་ན་སེམས་སྟོང་པ་ཉིད་ལ་ཕྱི་རོལ་གྱི་དོན་སྣ་ཚོགས་དང་དངོས་གྲུབ་སྣ་ཚོགས་འབྱུང་བ་ཅིའི་ཕྱིར་ཞེ་ན། ཐོག་མེད་སྲིད་པའི་བག་ཆགས་ཀྱིས། །ཕྱི་རོལ་དོན་ནི་རྣམ་པར་བརྟགས། །ཞེས་བྱ་བ་ལ་སོགས་པ་སྟེ། ཐོག་མ་མེད་པའི་དུས་ནས་རང་གི་སེམས་ལ་རང་གི་བག་ཆགས་ཀྱི་ཀུན་ཏུ་དཀྲིས་ནས་ཕྱི་རོལ་གྱི་དོན་དུ་མ་སྣང་ལ། དེ་དུ་མ་སྣང་ཡང་སེམས་ཉིད་ཀྱི་ཆོ་འཕྲུལ་ཉིད་ཡིན་ཏེ། དཔེར་ན་རྨི་ལམ་གྱི་རྟ་གླང་དང་གྲོང་དང་དགྲ་གཉེན་ལ་སོགས་པ་དུ་མར་སྣང་ཡང་གཉིད་ཀྱིས་བསླད་པའི་སེམས་ཉིད་ཀྱི་བག་ཆགས་ཡིན་ཏེ་ཕྱི་རོལ་གྱི་དོན་ནི་མེད་དོ། །དེས་ན་སེམས་ཀྱི་ཆོས་ཉིད་སྤྲོས་པ་དང་བྲལ་ཡང་ཕྱི་རོལ་དུ་སྣང་བ་ཐམས་ཅད་ཀྱང་རང་གི་སེམས་ཉིད་ཡིན་ཏེ། སེམས་ནི་ཀུན་ཏུ་འགྲོ་བར་བརྗོད། །ཅེས་བྱ་བའི་དོན་ཡིན་ནོ། །དེ་ནས་གསང་བའི་དབང་དང་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དམ་ཚིག་ནི་ལེའུ་བདུན་པ་དང་དགུ་པའི་གསལ་བྱེད་དེ། ངག་དོན་ནི་གོང་དུ་བསྟན་པ་བཞིན་རྟོགས་པར་བྱ་ལ་དེའང༌། རྡོ་རྗེ་སེམས་ནི་འབྱུང་བས་ནི། །རྡོ་རྗེ་ལྕེ་ཡིས་བཟའ་བར་བྱ། །ཞེས་པས་ནི་གསང་དབང་བསྟན་ལ། ཕྱི་ནས་དེ་ཡི་བདེ་ཆེན་དུ། །ཞེས་པས་ཤེས་རབ་ཡེ་ཤེས་ཏེ། སེམས་ནི་བརྟུལ་ཞུགས་ཅན་གྱིས་དབྲོག་ནི་མཁའ་ནས་རླུང་གི་འཕྲོ་བའོ། །ལྷག་མའི་ཚིག་གི་དོན་ནི་གཞུང་དུ་ཞིབ་ཏུ་རྟོགས་པར་བྱའོ། །དེ་ནས་མངོན་སྤྱོད་ཀྱི་ལས་ནི་བརྟག་པ་གཉིས་པའི་ལེའུ་དགུ་པའི་དོན་གསལ་བར་བྱེད་པ་ཡིན་ཏེ། བསྒྲལ་བར་བྱ་བའི་ཡུལ་ནི་གང་གིས་དཀོན་མཆོག་གསུམ་བསད་པ་དང་ཞེས་བྱ་བ་ལ་སོགས་པ་སྡིག་པ་ཆེན་པོ་བྱེད་པའི་གདུག་པ་ཅན་རྣམས་ཡིན་ནོ། །སྒྲོལ་བའི་གང་ཟག་ནི་མཆོག་བསམ་གཏན་ཅན་ཙམ་གྱིས་འགྲུབ་པའམ། འབྲིང་རྫས་སྦྱོར་ལ་སོགས་པ་ལ་ཡང་ལྟོས་ཏེ་འགྲུབ་པའི་གང་ཟག་ཡིན་ནོ། །ཆོ་ག་ནི་བསམ་གཏན་ལ་བརྟེན་པ་ལ་ནི་མི་དགོས་ལ་རྫས་སྦྱོར་ལ་སོགས་པ་ལ་བརྟེན་པ་རྣམས་ཀྱིས་ནི། ལྕགས་ཀྱུ་ལ་སོགས་མི་ནུས་ན། །ཟན་གྱིས་ཀྱང་ནི་འདུ་བྱ་ཉིད། །ཅེས་གསུངས་པས་ན་རྐང་རྗེས་ཀྱི་རྡུལ་དང་བག་ཟན་ལ་དགྲ་བོའི་ལིང་ག་བྱས་ཏེ་ཤོག་བུ་ལ་རུས་དང་མིང་བྲིས་པའང་དེའི་སྙིང་གར་བཅུག་ནས་མདུན་དུ་ཆོས་འབྱུང་གི་དབྱིབས་ཀྱི་ནང་དུ་དེ་གཞག་པར་བྱའོ། །དེ་ནས་གཽ་རཱི་ལ་སོགས་པའི་རྣལ་འབྱོར་མས་ལྕགས་ཀྱུ་ལ་སོགས་པས་བསྒྲུབ་བྱ་དེ་མདུན་དུ་བཀུག་ནས་འོངས་ནས་སྐྱབས་མེད་པ་དང་སྐྲག་པར་བསམས་ལ། ཡང་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱང་སྤྱན་དྲངས་ཏེ། དེ་རྣམས་ལ་འདིས་འདི་ལྟ་བུའི་སྡིག་པ་ཆེན་པོ་བྱས་པས་སེམས་ཅན་དམྱལ་བར་འགྲོ་ལ་ད་དུང་ཡང་ཚེ་རིང་ན་སྡིག་པ་འཕེལ་བས་སེམས་ཅན་དམྱལ་བར་ཡུན་རིང་དུ་འགྲོ་བས་འདི་མྱུར་དུ་བསྒྲལ་བར་ཞུའོ་ཞེས་གསོལ་བ་གདབ་བོ། །འདི་ལ་གསང་བ་འདུས་པའི་འགྲེལ་པ་བྱེད་པ་ཁ་ཅིག་གིས་ཞིང་ལ་སྡིག་བསྒོ་བ་ཞེས་བྱ་བ་བསྒྲུབ་བྱ་དེའི་ལག་ཏུ་མཚོན་ཆ་ལ་སོགས་པ་གཏད་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མང་པོ་བཀྲོངས་པར་བསམས་ལ། དེ་ལྟར་ཞིང་ལ་སྡིག་བསྒོས་ནས་ཡང་འདིས་འདི་ལྟར་བྱས་ཞེས་བསྒྲགས་སོ་ཞེས་བཤད་ལ། འདིར་ཡང་དེའི་ལུང་ཁྱེར་ནས་གསུང་མོད་ཀྱི་འདི་ནི་རིགས་པར་མ་མཐོང་སྟེ་སྡིག་དེ་ནི་བདག་ཉིད་ཀྱིས་བྱས་པར་འགྱུར་ལ། ཞིང་དེས་ཀྱང་སྡིག་པ་མ་བྱས་པའི་ཕྱིར་བསྒྲགས་སུ་མི་བཏུབ་བོ་སྙམ་དུ་སེམས་སོ། །དེ་ལྟར་ཞིང་གི་སྡིག་བསྒྲགས་ལ་རྐང་རྗེས་ཀྱི་རྡུལ་གྱི་གཟུགས་ལ་བསྟིམ་པར་བྱ་བ་ལན་དུ་མ་བྱའོ། །དེ་ནས་དེའི་སྙིང་གའི་ཧཱུྃ་མི་བསྐྱོད་པའི་རང་བཞིན་དེ་བཏོན་ལ་མདུན་དུ་བཞག་སྟེ་མཆོད་ལ་འདི་སྐད་དུ། བདག་པོའི་དབང་དང་མཆོད་པ་ཡིས། །མི་བསྐྱོད་པ་ཡི་རང་བཞིན་ཁྱོད། །སྨད་པའི་ལས་ནི་ཀུན་འབྱུང་བའི། །ལུས་འདི་ཁྱོད་ཀྱིས་སྤང་བར་བྱ། །ཞེས་གསོལ་བ་བཏབ་ལ་དེ་མི་བསྐྱོད་པའི་སངས་རྒྱས་ཀྱི་ཞིང་དུ་བཏང་སྟེ། ལུས་དེ་ལ་ཁྲོ་བོ་བཅུ་ལ་སོགས་པ་རྣམས་ཀྱི་མཚོན་ཆས་འཚོག་པར་བསམ་ཞིང༌། བདག་གིས་ཀྱང་རྡོ་རྗེ་ལ་སོགས་པས་བརྡུང་བ་དང་དུག་དང་ཡུངས་ཀར་ལ་སོགས་པའི་ཐུན་བྲབ་ཅིང་ལན་མང་དུ་བསྒྲུབ་པར་བྱའོ། །དེ་ནས་ཆོས་འབྱུང་གི་ཐབ་དེ་ཉིད་དུ་དྲག་པོའི་སྦྱིན་སྲེག་བྱས་པས་ལས་ཀྱི་མཇུག་བསྡུས་ན་འདུག་པ་ཅན་བསྒྲལ་བ་འགྲུབ་པར་འགྱུར་རོ། །ཁྲོ་བོ་བཅུའི་སྲུང་བའི་འཁོར་ལོའི་མངོན་པར་རྟོགས་པ་ནི་གོང་ལེའུ་ལྔ་པར་ཞིབ་ཏུ་བཤད་པའི་ཕྱིར་དེ་བཞིན་དུ་འདིར་ཡང་རྟོགས་པར་བྱའོ། །གོང་དུ་བསྟན་པའི་མངོན་སྤྱོད་དང་ཁྲོ་བོ་བཅུའི་མངོན་རྟོགས་གཉིས་ཀའི་ཚིག་གི་དོན་ནི་གཞུང་ཉིད་དུ་ཞིབ་ཏུ་རྟོགས་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ཕྲ་མོའི་རྣལ་འབྱོར་བསྟན་ཏེ། དེའི་དོན་ནི་རིགས་བསྡུས་པའམ་སོ་སོའི་དཀྱིལ་འཁོར་གང་ཡང་རུང་བའི་བསྐྱེད་རིམ་ཡན་ལག་དྲུག་བསྒོམ་པ་སྔོན་དུ་སོང་བ་དང༌། སྙིང་གའི་དབུས་སུ་ཟླ་བར་འགྱུར། །ཞེས་བྱ་བ་ནི་རང་གི་སྙིང་གར་ཟླ་བའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་སྔོན་པོ་ནས་འབྲས་ཙམ་ལྟེ་བ་ལ། ཧཱུྃ་གིས་མཚན་པ་བསམས་པ་ནི། དེ་ལས་རྡོ་རྗེ་བསྒོམ་པར་བྱ། །ཞེས་བྱ་བའོ། །རྡོ་རྗེ་བདག་མེད་མཁའ་འགྲོ་མ། །ཞེས་བྱ་བ་ནི་དེ་ལས་འོད་འཕྲོས་པས་ལྟེ་བའི་ཨྃ་བདག་མེད་མའི་ངོ་བོ་ལ་ཕོག་པས་དེ་བསྐུལ་ཏེ་འབར་བས་སྙིང་གའི་ཧཱུྃ་བཞུ་ནས་དེའི་ཐིག་ལེ་ཕབ་ལ། ཡུམ་གྱི་ཀུན་འདར་གྱི་སྣ་རྩེར་ཐིག་ལེ་ཡུངས་ཀར་གྱི་འབྲུ་ཙམ་ཞིག་བསམ་པ་ནི། མཁའ་འགྲོའི་སྣ་ཡི་མཐར་གནས་པ། །ཡུངས་ཀར་ཙམ་དུ་རྣམ་པར་བསྒོམ། །ཞེས་བྱ་བའི་དོན་ཏོ། །དེའི་ནང་དུ་རྡོ་རྗེ་ལ་སོགས་པའི་ཕྱག་མཚན་གང་ཡང་རུང་བ་བསམ། དེའི་ལྟེ་བ་ལ་བསྡུས་པའི་དཀྱིལ་འཁོར་ལ་སོགས་པ་གང་ཡང་རུང་བའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ཤིན་ཏུ་ཕྲ་བ་བསམས་ལ། ཕྲ་མོ་དེའི་ཡུམ་གྱིས་སྣ་རྩེར་ཡང་ཐིག་ལེ་སྐྲའི་རྩེ་མོ་བརྒྱད་སྟོང་གི་ཚད་དུ་ཕྲ་བ་བསྒོམས། དེ་ཡང་ཕྱག་མཚན་ཕྲ་མོ་ས་བོན་གྱིས་མཚན་པ་བསམ། དེའི་ས་བོན་ལས་འོད་འཕྲོས་པས་སྣོད་བཅུད་ཐམས་ཅད་ལ་ཁྱབ་པས་རབ་ཏུ་གསལ་བར་སྤྲོས་ལ་དེས་སྣོད་བཅུད་ཐམས་ཅད་འོད་དུ་བྱས་ཏེ་ཕྱི་རོལ་གྱི་གཞལ་ཡས་ཁང་ལ་བསྡུ། དེ་ནས་རིམ་གྱིས་གཙོ་བོ་ཡབ་ཡུམ་གྱི་བར་དུ་བསྡུས་ལ་ཡབ་ཀྱང་ཡུམ་ལ་བསྡུ། ཡུམ་ཀྱང་གསང་བའི་ཐིག་ལེ་ལ་བསྡུ། དེ་ཡང་ཕྱག་མཚན་ལ། །དེ་སྲུང་འཁོར་ནས་ཡང་རིམ་པ་བཞིན་ཕྲ་མོའི་ས་བོན་གྱི་བར་དུ་རིམ་པས་བསྡུས་ལ་བསྒོམ་པ་ནི། ཡུང་ཀར་ལ་ནི་འགྲོ་བ་ཀུན། །ཁམས་གསུམ་རྒྱུ་དང་མི་རྒྱུ་བ། །ཞེས་བྱ་བ་ལ་སོགས་པ་སྟེ། དེ་ཉིད་ལ་ཤེས་པ་དྲག་ཏུ་གཏད་དེ་བསྒོམ་པའམ། ཡང་ན་དེ་ཡང་མི་དམིགས་ཏེ་སྟོང་པར་བཏང་ལ་དེའི་ངང་ལ་གཞག་གོ །མྱོས་བྱེད་ཅུང་ཟད་རབ་འཐུངས་པའི། །ཞེས་བྱ་བ་ལ་སོགས་པས་ཡེ་ཤེས་ཀྱི་ཕྱག་རྒྱའི་ཕྲ་མོ་བཞིན་དངོས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་བསྒོམས་ནའང་འགྲུབ་པར་འགྱུར་རོ་ཞེས་བྱ་བའོ། །གང་ལྟར་ཡང་རུང་སྟེ། ཡང་ནས་ཡང་དུ་གོམས་པར་བྱས་པ་ལས་དང་པོ་སྤྲིན་གྱི་རྣམ་པ་ལ་སོགས་པའི་རྟགས་རྣམས་གོ་རིམ་བཞིན་དུ་མཐོང་ནས་རིམ་གྱིས་མཆོག་གི་དངོས་གྲུབ་ཏུ་འགྱུར་རོ། །དགའ་བྲལ་དགའ་བ་དག་གི་མཐར། །རྟོགས་པའི་དྲྭ་བ་རྣམ་པར་སྤངས། །ཞེས་བྱ་བ་ལ་སོགས་པ་ནི་ལྷན་སྐྱེས་བཞི་པར་སྐྱེ་བ་ཡང་ཤིན་ཏུ་གསལ་བར་བསྟན་ཏོ། །ཚིག་དོན་ལྷག་མ་རྣམས་ནི་གཞུང་ཉིད་ཀྱི་སྟེང་དུ་ཞིབ་ཏུ་རྟོགས་པར་བྱའོ། །འབྱུང་པོ་འགྲོ་དང་འོང་བ་ཡི། །ཞེས་བྱ་བ་ལ་སོགས་པས་འབྲས་བུའི་རྒྱུད་བསྟན་ཏེ། དེ་ལ་འདི་དང་འོག་ཡེ་ཤེས་ཀྱི་སྐུའི་སྐབས་གཉིས་ཕྱོགས་གཅིག་ཏུ་བྱས་ལ། ཐོག་མར་སངས་རྒྱས་ཀྱི་མཚོན་བྱ་སྐུ་རྣམ་པ་ལྔ་ཡན་ལག་ལྔས་བཤད་པའི་ངག་དོན་བཞིན་དུ་ཅུང་ཟད་ཅིག་འདིར་བཤད་པར་བྱ་སྟེ། མངོན་པར་རྟོགས་པ་རྒྱས་པ་ལོགས་སུ་བསྟན་པ་བཞིན་འདིར་ཡང་བསྡུས་ཏེ་ཅུང་ཟད་ཅིག་བསྟན་པར་བྱའོ། །འདིའི་སྐབས་སུ་ཡན་ལག་ལྔ་འབྱུང་བ་ནི་ཐོག་མར་ཚིགས་སུ་བཅད་པ་ཕྱེད་དང་གཉིས་ཀྱིས་གནས་གྱུར་གྱི་མཚན་ཉིད་བསྟན། དེ་ནས་ཇི་ལྟར་ནམ་མཁའ་མི་དམིགས་ཤིང་ལ་སོགས་པས་གཉིས་སུ་མེད་པའི་མཚན་ཉིད་བསྟན། ལུས་ནི་བདེན་པ་ཉིད་བརྗོད་ཅིང༌། །ཞེས་བྱ་བ་ལ་སོགས་པ་མི་གནས་པའི་མྱ་ངན་ལས་འདས་པ་བསྟན། འོག་གི་སངས་རྒྱས་ཉིད་དེ་ཅི་ལགས་ཞེས་བྱ་བ་ལ་སོགས་པས་ཡེ་ཤེས་ཀྱི་སྐུའི་མཚན་ཉིད་རྒྱས་པར་བསྟན། མཛད་པ་རྒྱུན་མི་འཆད་པ་ནི་གོང་ལེའུ་བརྒྱད་པར་བསྟན་ཏོ། །དེ་ལ་གནས་གྱུར་ལས། འབྱུང་པོ་འགྲོ་དང་འོང་བ་ནི། །རང་གིས་ཀུན་མཁྱེན་ལྟ་བུར་གཟིགས། །ཞེས་བྱ་བ་ནི་ཡིད་གནས་གྱུར་ཏེ། དུས་གསུམ་ཐམས་ཅད་ཡེ་ཤེས་ཆེན་པོ་གཅིག་ཏུ་གནས་གྱུར་པའི་དོན་ཏོ། །དེ་ནས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་གནས་གྱུར་པ་ནི་ཡན་ལག་ཅེས་བྱ་བ་ཕུང་པོ་ལྔ་གནས་གྱུར་པ་ནི་སངས་རྒྱས་ལྔ་ཡིན་ལ་བུ་ག་ཞེས་བྱ་བ་ནི་སྐྱེ་མཆེད་གནས་གྱུར་པ་སངས་རྒྱས་སྲས་པོ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་རྣམས་ཡིན་ནོ། །ལུས་གནས་གྱུར་པ་ནི། མགོ་བོ་རྩ་ཡི་དྲྭ་བར་བཅས། །ལུས་ནི་ཡོད་མིན་ལྟར་གཟིགས་ཤིང༌། །ཞེས་བྱ་བ་སྟེ་ལུས་གནས་གྱུར་པ་སྣང་ལ་རང་བཞིན་མེད་པ་འཇའ་ཚོན་གྱི་རྣམ་པར་གྲུབ་པ་ཡིན་ནོ། །དེའི་མིང་ནི་ཧེ་རུ་ཀའམ་ཀྱེའི་རྡོ་རྗེ་ཞེས་བྱ་བ་ཡིན་ནོ། །གཉིས་སུ་མེད་པ་ནི། ཇི་ལྟར་ནམ་མཁའ་མི་དམིགས་ཤིང༌། །ཞེས་བྱ་བ་ལ་སོགས་པ་སྟེ་དེའི་དོན་ནི་ནམ་མཁའ་ལྟར་སྤྲོས་པ་ཐམས་ཅད་དང་བྲལ་ཡང་མེ་ལོང་གི་གཟུགས་བརྙན་ལྟར་སྣང་ཞིང་རང་བཞིན་མེད་པ་སྟེ། སཾ་པུ་ཊ་ལས། རིག་མའི་སྐྱེས་བུ་གྲུབ་པ་ནི། །གང་དུ་ཡང་མི་འགྲོ་གང་དུ་ཡང་མི་གནས། །ཞེས་བྱ་བ་ལ་སོགས་པ་མཚན་ཉིད་ཉི་ཤུ་རྩ་བདུན་དང་ལྡན་པ་ཡིན་ནོ། །མི་གནས་པའི་མྱ་ངན་ལས་འདས་པ་ནི། དེ་ཉིད་དོན་དང་དབང་པོ་དང༌། །ཞེས་བྱ་བ་ལ་སོགས་པ་སྟེ་དེ་བཞིན་གཤེགས་པ་ལ་ཡེ་ཤེས་ཀྱི་སྐུ་ཟག་པ་མེད་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་མངའ་ཡང་འཁོར་བའི་ཉེས་པས་མི་རྫི་སྟེ། འདུ་བྱེད་རྣམས་ཀྱི་ཟིལ་གྱིས་མི་གནོན་ཞེས་བྱའོ། །དེའི་རྒྱུ་མཚན་ནི་འཁོར་བ་ལ་མི་གནས་པ་སྟེ། གཟུགས་ནི་མིག་གིས་མི་འཛིན་ཏེ། །ཞེས་བྱ་བ་ལ་སོགས་པའི་དོན་ཡིན་ནོ། །དེ་ལྟར་ན་མྱ་ངན་ལས་འདས་པའི་མཐར་ལྷུང་ངམ་སྙམ་ན་མྱ་ངན་ལས་འདས་པ་ལ་མི་གནས་ཏེ། འོན་ཀྱང་བདེ་ཆེན་ཚུལ་ལས་ནི། །བུད་མེད་བཟང་མོའི་རིག་མ་བདེ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེས་ན་མི་གནས་པའི་མྱ་ངན་ལས་འདས་པ་སྟེ། སངས་རྒྱས་ལྔ་དང་དུ་མ་ནི། །བདེ་བར་ཕྱིན་ཅིང་རྣམ་པར་སད། །ཅེས་བྱ་བ་སྟེ། བདེ་བར་ཕྱིན་པ་ནི་མྱ་ངན་ལས་འདས་པའི་མཐའ་མནན་པ་ཡིན་ལ། རྣམ་པར་སད་པ་ནི་འཁོར་བའི་མཐའ་མནན་པ་ཡིན་ཏེ་དེས་ན་མི་གནས་པའི་མྱ་ངན་ལས་འདས་པའི་དོན་ཏོ། །རིམ་པ་གཉིས་བསྒོམ་པའི་འཐད་པ་ནི་སྤྱིར་སྦྱང་གཞི་ལ་དམིགས་པ་དང༌། འབྲས་བུ་ལ་དམིགས་པ་དང༌། རྟེན་དང་བརྟེན་པ་ལ་དམིགས་པ་དང་ཐབས་ཁྱད་པར་ཅན་གྱིས་ཟིན་པའི་ཕྱིར་ཅེས་བྱ་བ་གཞི་རྩ་བའི་རྒྱུད་ཀྱི་ལེའུ་གཉིས་པར་གསུངས་པ་ཡིན་ལ། དེའི་མངོན་པར་རྟོགས་པའི་ངག་ཀྱང་གུད་དུ་བསྟན་པའི་མངོན་པར་རྟོགས་པའི་ངག་བཞིན་འདིར་ཅུང་ཟད་ཅིག་བརྗོད་པར་བྱའོ། །དེ་ལ་རྩ་བའི་རྒྱུད་དུ་སྦྱང་གཞི་དང་འབྲས་བུ་ལ་དམིགས་པ་གཉིས་མི་གསལ་བས་འདིར་གསལ་བར་བྱས་པ་ཡིན་ཏེ། ཕལ་པའི་རྣམ་རྟོག་གཞོམ་པའི་ཕྱིར། །ཞེས་བྱ་བ་ལ་སོགས་པ་སྟེ་དེ་ལ་ཐ་མལ་གྱི་རྣམ་རྟོག་རྒྱུན་ཆགས་གཞོམ་པར་བྱ་བའི་ཕྱིར། བསྒོམ་པ་ཡང་དག་རབ་ཏུ་གྲགས། །ཞེས་བྱ་བ་སྟེ་ལྷའི་རྣམ་པ་བསྒོམ་པར་བྱའོ། །ལྷར་ཞེན་པའི་རྟོག་པ་གཞིག་པར་བྱ་བའི་ཕྱིར་རྫོགས་པའི་རིམ་པ་བསྒོམ་སྟེ་ཕལ་པའི་གནས་སྐབས་གཞོམ་པ་ཞེས་བྱ་བ་ལྷའི་རྣམ་པ་ནི་གནས་སྐབས་ཀྱི་རྟོག་པ་ཡིན་པའི་ཕྱིར་ཕལ་པའི་གནས་སྐབས་ཏེ་དེ་གཞོམ་པར་བྱ་བའོ། །བསྒོམ་པའང་ནི་ཞེས་བྱ་བ་སྟེ་གནས་སྐབས་ཀྱི་རྟོག་པ་བསྐྱེད་པའི་རིམ་པའོ། །བསྒོམ་པ་མིན་ཞེས་བྱ་བ་ནི་དེ་ཉིད་གཅིག་པུས་ཀྱང་གྲོལ་བ་མ་ཡིན་ཏེ་རྫོགས་པའི་རིམ་པ་བསྒོམ་མོ་ཞེས་བྱ་བའི་དོན་ཏོ། །བསྐྱེད་པའི་རིམ་པས་ཐ་མལ་གྱི་རྟོག་པ་ཇི་ལྟར་སྦྱོང་ཞེ་ན་འོན་ཀྱང་མི་གཙང་བའི་ཚད་མཉམ་པར་སྦྱང་བའི་ཕྱིར་ཞེས་བྱ་བ་ནི་མ་དག་པའི་སྣོད་དང་ལུས་འབྱུང་བ་ལྔ་ལུགས་བཟློག་དང་ལུགས་འབྱུང་ལས་གྲུབ་པ་དེ་སྦྱང་པའི་ཐབས་ལུགས་བྱུང་ལུགས་བཟློག་ལས་གྲུབ་པའི་སངས་རྒྱས་ཀྱི་ཞིང་གཞལ་ཡས་ཁང་དུ་བསྒྲུབ་པ་དང༌། མ་དག་པའི་སྐྱེ་གནས་བཞི་སྦྱང་བའི་ཕྱིར་དག་པའི་མངོན་བྱང་ལྔ་ལས་སངས་རྒྱས་ཀྱི་སྐུར་བསྒྲུབས་ཏེ་སྦྱོང་བ་སྟེ་མངོན་པར་རྟོགས་པའི་ངག་དོན་ཅུང་ཟད་ཅིག་ཀྱང་སྦྱར་བར་བྱའོ། །འབྲས་བུ་ལ་དམིགས་པ་ནི་ལུས་ཅན་བསྒོམས་པའི་དགོས་པ་ཅི་ལགས་ཞེས་དྲི་བ་སྟེ། སངས་རྒྱས་ཉིད་དོ་ཞེས་བྱ་བ་ནི་ལན་ཏེ་དེའི་དོན་ནི་འབྲས་བུ་སངས་རྒྱས་ཀྱི་ཞིང་དང་གཟུགས་ཀྱི་སྐུ་ཕུན་སུམ་ཚོགས་པ་ཐོབ་པར་བྱ་བའི་ཕྱིར། སངས་རྒྱས་ཀྱི་ཞིང་དང་གཟུགས་ཀྱི་སྐུ་ཕུན་སུམ་ཚོགས་པ་བསྐྱེད་པའི་རིམ་པ་བསྒོམ་པར་བྱ་སྟེ། ལེའུ་དང་པོ་ལས། སངས་རྒྱས་ང་རྒྱལ་རྣལ་འབྱོར་གྱིས། །སངས་རྒྱས་ཉིད་དུ་ངེས་པར་འགྲུབ། །སྟོན་པ་སུམ་ཅུ་རྩ་གཉིས་མཚན། །གཙོ་བོ་དཔེ་བྱད་བརྒྱད་ཅུར་ལྡན། །ཞེས་གསུངས་པ་ཡིན་ནོ། །བསྐྱེད་པའི་རིམ་པ་སྣང་ལ་རང་བཞིན་མེད་པ་ཆོས་ཀྱི་སྐུའི་ངོ་བོར་བསྒྲུབ་པ་ནི་སཾ་པུ་ཊའི་བརྟག་པ་དྲུག་པ་དངོས་ལས། རང་བྱུང་ངོ་བོ་འདི་ཉིད་ནི། །ཆོས་ཀྱི་སྐུར་ནི་རབ་ཏུ་གྲགས། །ཞེས་གསུངས་སོ། །རིམ་པ་གཉིས་བསྒོམ་པའི་འཐད་པ་བསྟན་ཏོ། །སངས་རྒྱས་ཀྱི་མཚན་ཉིད་ནི་སངས་རྒྱས་ཉིད་དེ་ཅི་ལགས་ཞེས་དྲིས་ན་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པའོ་ཞེས་བྱའོ། །དེ་ལྟར་ན་སངས་རྒྱས་བེམས་པོར་མི་འགྱུར་རམ་ཞེས་བྱ་བ་ནི་དྲི་བའོ། །མི་འགྱུར་ཏེ་ཡེ་ཤེས་ལྔའི་རང་བཞིན་དུ་གསུང་བ་ནི་ལན་ཏེ། ང་ཉིད་མེ་ལོང་ལྟ་བུའི་ཡེ་ཤེས་སོ་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་མེ་ལོང་ལྟ་བུའི་ཡེ་ཤེས་ནི་བདེན་པ་མ་ཡིན་པ་ནི་དཔེར་ན་མེ་ལོང་ནང་གི་གཟུགས་བརྙན་ནི་ཡང་དག་པར་གྲུབ་པ་མེད་པའོ། །བརྫུན་པ་མ་ཡིན་པ་ནི་ཀུན་རྫོབ་ཏུ་སྣང་བ་མི་འགག་པའོ། །བླང་བ་མ་ཡིན་པ་དང་དོར་བ་མ་ཡིན་པ་ནི་ཡང་དག་པར་གྲུབ་པ་མེད་པ་ཡིན་ནོ། །དེ་ལ་རྒྱུ་མ་ཡིན་པ་དང་སྐྱེ་བ་མ་ཡིན་པ་ཞེས་བྱ་བ་ནི་གཞུང་དུ་སྣང་ན་ཐོག་མར་སྐྱེ་བའི་རྒྱུ་དང་བྲལ་བའི་ཕྱིར་རྒྱུ་མ་ཡིན་ལ། མ་སྐྱེས་པའི་ཕྱིར་འགག་པ་མེད་པ་སྟེ་སྐྱེ་བ་མ་ཡིན་ཞེས་བྱ་བའི་དོན་ཏོ། །དེས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་ཡེ་ཤེས་ཀྱང་སྣང་བ་འགག་པ་ཡང་མ་ཡིན་ལ་ཡང་དག་པར་གྲུབ་པ་མེད་པ་སྟེ་མེ་ལོང་ལྟ་བུ་ནི་ཡེ་ཤེས་ཐམས་ཅད་ཀྱི་གཞི་ཡིན་ནོ། །མདོ་སྡེ་རྒྱན་ལས་ཀྱང༌། མེ་ལོང་ཡེ་ཤེས་ང་ཡི་མེད། །ཡོངས་སུ་མ་ཆད་རྟག་པར་ལྡན། །ཤེས་བྱ་ཀུན་ལ་ཐོགས་མེད་པ། །ཡེ་ཤེས་འབྱུང་གནས་ཆེན་པོ་འདྲ། །མེ་ལོང་ཡེ་ཤེས་མི་གཡོ་སྟེ། །ཡེ་ཤེས་གསུམ་ནི་དེ་ཡི་འཁོར། །མཉམ་པ་ཉིད་དང་སོ་སོར་རྟོག །བྱ་བ་གྲུབ་པ་ཁོ་ནའོ། །ཞེས་གསུངས་སོ། །འཕགས་པ་སངས་རྒྱས་ཀྱི་ས་ལས་ཀྱང་མེ་ལོང་གི་གཟུགས་བརྙན་དང་འདྲ་བའི་ཡེ་ཤེས་ཐུགས་སུ་ཆུད་པའོ། །ཞེས་གསུངས་ཏེ། དེའི་དོན་ནི་མེ་ལོང་གཡའ་ཡོངས་སུ་དག་པ་ལ་བཞིན་གྱི་དཀྱིལ་འཁོར་གྱིས་རྐྱེན་བྱས་ནས་མེ་ལོང་དང་ཐ་མི་དད་དུ་བཞིན་གྱི་དཀྱིལ་འཁོར་སྣང་བ་བཞིན། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ལ་ཁམས་གསུམ་སྣོད་བཅུད་ཀྱིས་རྐྱེན་བྱས་ནས་ཡེ་ཤེས་དང་ཐ་མི་དད་དུ་འཆར་ཏེ་དེ་བཞིན་གཤེགས་པས་ཤེས་བྱ་ཇི་སྙེད་པ་མི་མཁྱེན་པའང་མ་ཡིན་ལ། ཇི་སྙེད་པ་མཁྱེན་ནས་ཇི་ལྟ་བ་ལ་གནོད་པའང་མ་ཡིན་ནོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་མི་མཉམ་པ་འཁོར་འདས་ལ་སོགས་པ་ཐམས་ཅད་མཉམ་པ་ཉིད་དབྱེར་མེད་དུ་རྟོགས་པའོ། །སོ་སོར་རྟོག་པའི་ཡེ་ཤེས་ནི་ཆོས་ཅན་སོ་སོ་བའི་ཆོས་ཉིད་ཐམས་ཅད་སོ་སོར་རྟོག་པ་སྟེ་ཤེས་བྱ་ཐམས་ཅད་ལ་མ་རྨོངས་པའོ། །བྱ་བ་གྲུབ་པའི་ཡེ་ཤེས་ནི་རང་དང་གཞན་གྱི་དོན་ཐམས་ཅད་འགྲུབ་པའོ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི་དབྱིངས་དང་ཡེ་ཤེས་ཐ་དད་དུ་གྱུར་པ་མེད་པ་སྟེ། ཡེ་ཤེས་ཆོས་ཀྱི་དབྱིངས་དང་དབྱེར་མེད་པས། །ཆོས་ཀྱི་དབྱིངས་ལ་ཡེ་ཤེས་ཞེས་སུ་བཤད། །ཅེས་འབྱུང་ངོ༌། །དེས་ན་མེ་ལོང་ལྟ་བུའི་ཡེ་ཤེས་ནི་གཞན་སྣང་དུ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་སུ་སྣང་ལ། མཉམ་པ་ཉིད་ནི་དཔེ་བྱད་བཟང་པོ་བརྒྱད་ཅུར་སྣང་ཞིང༌། སོ་སོར་རྟོག་པ་ནི་ཤེས་བྱ་ཐམས་ཅད་མ་རྨོངས་པའི་ཐམས་ཅད་མཁྱེན་པར་སྣང་ལ། བྱ་བ་གྲུབ་པ་ནི་རང་གཞན་གྱི་དོན་མཛད་པར་སྣང་ཞིང༌། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི་དེ་དག་ཐམས་ཅད་ཟུང་འཇུག་སངས་རྒྱས་གཅིག་གི་ཡོན་ཏན་དུ་སྣང་བས་ན་མཚན་དང་དཔེ་བྱད་ནི་བེམས་པོ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡེ་ཤེས་ལྔ་པོ་འདི་དག་ཕུང་པོ་ལྔ་དང་རྣམ་པར་ཤེས་པ་ཚོགས་བརྒྱད་པོ་འདི་དག་གནས་གྱུར་པ་ལས་བྱུང་བ་དང་སྐུ་གསུམ་གང་དག་ཡེ་ཤེས་གང་ཡིན་པ་དང་དེ་དག་གི་ལུང་དང་བཅས་པ་རྒྱས་པར་མངོན་པར་རྟོགས་པ་ཉིད་དུ་བསྟན་ཟིན་པས་ན་དེ་བཞིན་དུ་འདིར་ཡང་སྦྱར་ཏེ་བརྗོད་པར་བྱའོ། །དེས་ན་རྣམ་པ་དང་བྲལ་བའི་བྱང་ཆུབ་དེ་སྐད་མ་སྨྲ་ཞིག་ཅེས་གསུང་པ་ནི་དོན་བསྡུ་བ་སྟེ་སངས་རྒྱས་ལ་གཟུགས་ཀྱི་སྐུ་དང་ཡེ་ཤེས་མེད་དོ་ཞེས་བརྗོད་པར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །ང་ཉིད་དངོས་པོ་དངོས་མེད་ང༌། །ཞེས་བྱ་བ་ལ་སོགས་པ་ནི་སྔར་སྨོས་པའི་གཉིས་སུ་མེད་པའི་མཚན་ཉིད་གསལ་བར་བཤད་པ་སྟེ། སྐྱེས་པ་དང་བུད་མེད་དབྱེར་མེད་པའི་ཕྱིར་མ་ནིང་ཞེས་བྱ་བའམ། ཐབས་དང་ཤེས་རབ་དབྱེར་མེད་པའི་ཕྱིར་གཉིས་མེད་ཅེས་བྱ་བའམ། སྣང་བ་དང་སྟོང་པ་དབྱེར་མེད་པའི་ཕྱིར་ཟུང་འཇུག་ཡིན་ནོ་ཞེས་བྱ་བ་སྟེ་ཚིག་གི་དོན་རྣམས་ནི་གཞུང་ཉིད་ཀྱི་སྟེང་དུ་རྟོགས་པར་བྱའོ། །འཇམ་པའི་རྡོ་རྗེ་ཡན་ལག་མེད་པའི་སྒྲུབ་ཐབས་ནི་ཚོགས་ཀྱི་ཞིང་སྤྱན་དྲང་བ་ནས་ཐུན་མོང་གི་སྲུང་འཁོར་བསྒོམ་པའི་བར་ལེའུ་བཅུ་གཉིས་པ་བཞིན་བྱས་ལ། དེའི་དབུས་སུ་པདྨ་དང་ཟླ་བའི་སྟེང་དུ་མངོན་པར་བྱང་ཆུབ་པ་ལྔའམ་ཧྃ་ལས་རལ་གྲི་ཧྃ་གིས་མཚན་པའམ་ཧྃ་ཙམ་ལས་རྡོ་རྗེ་ཡན་ལག་མེད་པ་ཕྱག་བཞི་པ་དམ་ཚིག་པ་བསྐྱེད་པ་དང༌། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང༌། ཡེ་ཤེས་འཁོར་ལོ་དགུག་པ་དང༌། དབང་བསྐུར་ནས་རིགས་ཀྱི་བདག་པོ་མི་བསྐྱོད་པའི་རྒྱས་བཏབ་ལ་ཨོཾ་མཉྫུ་གྷོ་ཥ་ཧྲཱིཿཛཿཞེས་བཞི་འབུམ་མམ་བདུན་འབུམ་བསྙེན་པ་བྱའོ། །དེ་ནས་བསྒྲུབ་པའི་དུས་སུ་མེ་ལོང་དང་ཀེང་གི་ལ་བསྣམས་པའི་ཕྱག་དྲུག་པར་བྱས་ལ། སྔགས་ཡོངས་སུ་རྫོགས་པ་ཉིན་རེ་ལ་ཁྲི་ཕྲག་རེ་ཟླ་བ་ཕྱེད་དུ་བཟླས་ན་འགྲུབ་པར་འགྱུར་རོ། །ཚིག་གི་དོན་རྣམས་ནི་རྟོགས་པར་སླའོ། །མ་བཅོམ་མཆོག་གི་ས་བོན་ཞེས་བྱ་བ་ལ་སོགས་པ་ནི་རིགས་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སེམས་ཀྱི་གཞི་བསྒྲུབ་པའི་ཕྱིར་ཧཱུྃ་བཏུ་བ་སྟེ། ཧ་ནི་བདེ་སྡུག་ཐམས་ཅད་ལ་ཁྱབ་པ་ཡིན་ལ་དེ་ཉིད་ལ་ཨཱུ་དང་ཟླ་ཕྱེད་ཐིག་ལེ་བསྣན་པས་ཧཱུྃ་དུ་འགྱུར་ལ། དེ་སེམས་ཅན་ཐམས་ཅད་ཀྱི་ཀུན་གཞི་ཡིན་ལ་རྒྱུད་ནས་འབྱུང་བའི་ལམ་དང་འབྲས་བུ་ཐམས་ཅད་ཀྱང་ཡིན་ནོ་ཞེས་རྡོ་རྗེ་འཆང་གིས་གསུངས་པས། འཁོར་གྱི་དེ་བཞིན་གཤེགས་པ་ཡབ་ཡུམ་འཁོར་དང་བཅས་པ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སེམས་གསལ་བར་གྱུར་ནས་ཆེད་དུ་བརྗོད་པ་གསུངས་པ་ཡིན་ནོ། །དེ་ལ་མི་བསྐྱོད་པའི་བྱང་ཆུབ་ཀྱི་སེམས་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་ནི་ཤེས་བྱ་ལྟ་བ་རང་བཞིན་མེད་པའི་ཕྱིར་སེམས་པ་མེད། དམིགས་པ་རང་བཞིན་མེད་པའི་ཕྱིར་བསྒོམ་པ་མེད། སྤྱོད་པ་རང་བཞིན་མེད་པའི་ཕྱིར་ལྷ་དང་སྔགས་མེད་དོ་ཞེས་བྱ་བའི་དོན་ཡིན་ནོ། །རྣམ་པར་སྣང་མཛད་ཀྱི་བྱང་ཆུབ་ཀྱི་སེམས་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ནི་འཁོར་འདས་དབྱེར་མེད་ཡིན་ཏེ་འཁོར་བའི་རྒྱུ་སྡིག་པ་མེད་པའི་ཕྱིར་འབྲས་བུ་ངན་སོང་མེད་ལ། ལམ་བསོད་ནམས་མེད་པའི་ཕྱིར་འབྲས་བུ་བྱང་ཆུབ་དང་སངས་རྒྱས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འཁོར་འདས་ཐམས་ཅད་ཡེ་ཤེས་ལྔའི་རང་བཞིན་ཡིན་པའི་ཕྱིར་རོ། །ཞེས་རྟོགས་པར་བྱའོ། །རིན་ཆེན་འབྱུང་ལྡན་གྱི་བྱང་ཆུབ་ཀྱི་སེམས་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་མཐོ་དམན་མེད་དེ། འཁོར་བ་འགྲོ་བ་གསུམ་ནི་མཐོ་རིས་དང་ངན་འགྲོ་དང་བར་དོ་གསུམ་ཡིན་ལ་ལམ་སྔགས་དང་བསྒོམ་པ་དང་སྒོམ་པ་པོ་ཞེས་བྱ་བ་དང་འབྲས་བུ་ཆོས་ཀྱི་དབྱིངས་མངོན་དུ་གྱུར་པ་ཞེས་བྱ་བ་གསུམ་མཐོ་དམན་མེད་པར་རྟོགས་པ་ཡིན་ནོ། །འོད་དཔག་ཏུ་མེད་པའི་བྱང་ཆུབ་ཀྱི་སེམས་སོ་སོར་རྟོག་པའི་ཡེ་ཤེས་ནི་ཀུན་རྫོབ་འཇིག་རྟེན་པ་ཡང་ཡོད་དེ། ཀུན་རྫོབ་ཏུ་ཤེས་བྱ་ཇི་སྙེད་པ་ཐམས་ཅད་ཀྱང་མཁྱེན་ལ་དོན་དམ་པར་དཔྱད་ན་ཀུན་རྫོབ་རང་བཞིན་མེད་པའི་ཤེས་བྱ་ཇི་ལྟ་བའང་ཐུགས་སུ་ཆུད་པ་སྟེ། ཇི་ལྟ་བ་དང་ཇི་སྙེད་པ་ཐམས་ཅད་སོ་སོར་རྟོག་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་དོན་ཡོད་གྲུབ་པའི་བྱང་ཆུབ་ཀྱི་སེམས་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས་གཞན་དོན་མཛད་པའི་ཚུལ་མ་སྐྱེས་པ་ནི་ཐོག་མར་སྐྱེ་བ་མེད་པ། མི་དམིགས་པ་ནི་བར་དུ་གནས་པ་མེད་པ། མི་ཕྱེད་པ་ནི་མཐར་འགག་པ་མེད་པ། དེའི་དཔེ་ནི་ནམ་མཁའ་ལྟ་བུར་རྟོགས་པར་དཀའ་བས་ཟབ་པ་རྣམ་པར་རྟོག་པ་མེད་པས་ཞི་བའི་ཚུལ་གྱིས་སེམས་ཅན་གྱི་དོན་བྱེད་པའོ། །ཡུམ་རྣམས་ཀྱི་བྱང་ཆུབ་ཀྱི་སེམས་ཀྱིས་རྣལ་འབྱོར་པས་ལམ་བསྒྲུབ་པའི་བསྒོམ་ཚུལ་སྟོན་པ་སྟེ། དེ་ལ་ཐོག་མར་བདག་མེད་མས་སྣང་བ་སྔོན་དུ་སོང་བའི་སྟོང་པས་ཟུང་དུ་འཇུག་པ་བསྒོམ་པ་ནི་སྒྱུ་མ་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་ནི་སྣང་བ་སྒྱུ་མ་དང་མེ་ལོང་གི་གཟུགས་བརྙན་ལྟ་བུ་ནམ་མཁའ་ལྟར་རང་བཞིན་མེད་པར་བྱས་ལ། བདེ་བ་ཇི་ལྟར་ནི་ཟུང་འཇུག་སྟེ་དེས་དངོས་པོ་ཐམས་ཅད་བསྒོམ་མོ། །མཱ་མ་ཀཱིའི་བྱང་ཆུབ་ཀྱི་སེམས་ཀྱིས་སྟོང་པ་སྔོན་དུ་སོང་བའི་སྣང་བས་ཟུང་འཇུག་ཏུ་བསྒོམ་པ་སྟེ། སྟོང་ཉིད་དྲི་མེད་ཅེས་བྱ་བ་ཆོས་ཐམས་ཅད་ཅི་ཡང་མེད་པ་ལས་རྨི་ལམ་དང་སྒྱུ་མ་ལྟ་བུའི་སྣང་བ་སྣ་ཚོགས་འབྱུང་ཡང་སྣང་ལ་རང་བཞིན་མེད་པས་ཉམས་སུ་བླངས་ཏེ་ཇི་སྲིད་དུ་ཐ་མལ་གྱི་རྣམ་རྟོག་མ་ཞིག་གི་བར་དུ་བསྒོམ་མོ། །སངས་རྒྱས་སྤྱན་གྱི་བྱང་ཆུབ་ཀྱི་སེམས་ཀྱིས་སྲིད་ཞི་མཉམ་པས་ལམ་གྱི་ཟུང་འཇུག་ཏུ་བསྒོམ་པ་སྟེ། སྲིད་མེད་ཅེས་པ་ལ་སོགས་པ་ནི་ངོ་བོ་ཉིད་ཀྱིས་སྲིད་པ་མ་གྲུབ་པས་ན་སྲིད་མེད་སྲིད་པ་ལ་ལྟོས་ནས་ཞི་བའང་མ་གྲུབ་པས་མྱ་ངན་ལས་འདས་པ་མེད་དེ། དེ་ལྟར་སྲིད་ཞི་མཉམ་པའི་ལམ་ཟུང་འཇུག་ནི་བདེ་ཆེན་རྡོ་རྗེ་ཞེས་བྱ་བ་སྟེ་དེ་བསྒོམ་པར་བྱ་བའོ། །གོས་དཀར་མོའི་བྱང་ཆུབ་ཀྱི་སེམས་ཀྱིས་དམིགས་མེད་དང་བརྗོད་བྲལ་གྱི་སྒོ་ནས་ཟུང་འཇུག་བསྒོམ་པ་ནི་སྔགས་དང་ཡི་གེ་སྤངས་ཞེས་བྱ་བ་ནི་ངག་ཏུ་བརྗོད་པའི་ཡུལ་ལས་འདས་པའོ། །སེམས་མེད་ཐིག་ལེ་མེད་ཅེས་བྱ་བ་ནི་དམིགས་པར་བྱ་བ་བསྒོམ་པའི་ཡུལ་ལས་འདས་པའོ། །དེ་ལྟར་ན་ཇི་ལྟར་བརྗོད་ཀྱང་མིང་དུ་འགྲོ་ལ་མིང་ལའང་འཛིན་པ་སྐྱེ། ཇི་ལྟར་བསྒོམས་ཀྱང་འཛིན་པར་འགྲོ་བས་ན་དམིགས་པ་གང་ཡང་མེད་དེ། དེ་ལྟར་ན་སྤང་བྱ་དང་གཉེན་པོ་གཉིས་ཀྱིས་བྲི་བ་དང་གང་བ་མེད་པར་བསྒོམ་མོ། །སྒྲོལ་མའི་བྱང་ཆུབ་ཀྱི་སེམས་ཀྱིས་སྒྱུ་མ་ལ་བློ་སྦྱངས་ལ་སྟོང་པའི་རྒྱས་གདབ་སྟེ་ཟུང་འཇུག་ཏུ་བསྒོམ་པ་ནི། དངོས་པོ་ཐམས་ཅད་མེ་ལོང་གི་གཟུགས་བརྙན་བཞིན་དུ་བསྒོམ་པ་ནི་གཟུགས་བརྙན་རང་བཞིན་ཞེས་བྱ་བའོ། །དེ་ལྟར་སྒྱུ་མ་ལ་བློ་འབྱོངས་ནས་དེ་རྣམས་རང་བཞིན་མེད་པར་བསྒོམ་པ་ནི་སྟོང་ཉིད་དྲི་མེད་ཅེས་བྱ་བའོ། །དེ་ལྟར་ན་སྣང་ལ་རང་བཞིན་མེད་པ་ནི་ཆོས་ཐམས་ཅད་ལ་བསོད་ནམས་དང་སྡིག་པའི་རེ་དོགས་དང་བྲལ་བའོ་ཞེས་བྱ་བར་བསྒོམ་པར་བྱའོ། །འཁོར་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སེམས་ནི་ཇི་ལྟར་ཆུ་ནང་ཞེས་བྱ་བ་ལ་སོགས་པ་སྟེ། སྣོད་བཅུད་དང་འཁོར་འདས་ཀྱི་ཆོས་ཐམས་ཅད་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་རྣམ་པ་ལས་མ་འདས་པར་བསྒོམ་པ་དེ་ཡང་སྣང་ལ་རང་བཞིན་མེད་པ་ཆུ་ནང་གི་ཟླ་བ་ལྟར་བདེན་པ་དང་བརྫུན་པ་ལས་གྲོལ་བར་བསྒོམ་མོ་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་ཀྱི་སེམས་བཅུ་གཅིག་བསྟན་ཏོ།།  །།དེ་ནས་སའི་ཆོ་ག་ལ་སོགས་པའི་དུས་སུ་བདུད་ཚར་གཅད་པར་བྱ་བའི་ཕྱིར་མདའ་གཞུའི་རིག་བྱེད། དཀྱིལ་འཁོར་མཆོད་པའི་ཕྱིར་རོལ་མོའི་རབ་ཏུ་དབྱེ་བ་དང༌། སྤོས་ཀྱི་བཀོད་པ་དང་རྐང་སྟབས་དང་ལག་སྟབས་ཀྱི་བཀོད་པ་མདོར་བསྡུས་པ་རྣམས་ནི་ཞིབ་ཏུ་གཞུང་མངས་སུ་དོགས་པས་མ་བྲིས་ལ་བླ་མའི་གསུང་ལ་ལེགས་པར་འདྲིས་པ་དང་བཅས་པས་ཐེ་ཚོམ་མེད་པར་ཤེས་པར་བྱའོ། །དེ་ནས་ཕྱི་དང་ནང་གི་སྦྱིན་སྲེག་གི་མངོན་པར་རྟོགས་པ་ནི་སྔར་ལེའུ་བརྒྱད་པར་ཡང་ཁོ་བོས་ལོགས་སུ་བྱས་པའི་མངོན་པར་རྟོགས་པ་བཞིན་ཅུང་ཟད་བསྟན་ལ་འདིར་ཡང་གསལ་བར་བྱས་སོ། །ཚིག་གི་དོན་ལས། ནང་གི་སྦྱིན་སྲེག་གི་རང་གི་ལྷག་པའི་ལྷར་དམིགས་ན་དཀྱིལ་འཁོར་གྱི་ལྷ་གྲངས་དང་མཐུན་པའི་དཀྱིལ་འཁོར་བཀོད་ལ་བསྒོམ་པའོ། །ཐམས་ཅད་འབྱོར་བའམ་དམིགས་ནས་ནི་དངོས་སུ་མ་འབྱོར་པ་རྣམས་བསམས་པས་འགྲུབ་བོ། །ཤར་ལྷོ་ལ་སོགས་པས་ནི་ལྷ་དགོད་པ་བསྟན་ཏོ། །དམ་པའི་ཚེ་ནི་ཚེ་བསྲིང་བའི་ཕྱིར་ཁ་ཟས་དཱུར་བར་བསམས་ཏེ་སྙིང་གའི་དཀྱིལ་འཁོར་མཆོད་པའོ། །ཡིད་ཀྱིས་མར་ཁུ་བསམས་པ་ལ་སོགས་པ་ནི་ཕྱི་ནང་གཉིས་ཀའི་ཐུན་མོང་སྟེ་མ་འབྱོར་པ་ཐམས་ཅད་བསམ་གཏན་རྡོ་རྗེ་སྦྱིན་སྲེག་བྱ་ཞེས་བྱ་བའོ། །འདིས་ནི་རྡོ་རྗེ་མཉེས་པར་འགྱུར། །ཞེས་པ་མན་ཆོད་ཕན་ཡོན་ཏེ། ཕྱི་ནང་གི་སྦྱིན་སྲེག་གཉིས་ཀའི་ཕན་ཡོན་ཏེ། ཕྱིའི་ནི་དངོས་སུ་བསྟན་ལ། ནང་གི སྦྱིན་སྲེག་ཆོ་གས་དགྱེས་པ་ཉིད། །དེ་བཞིན་ཚོགས་ཀྱི་དཀྱིལ་འཁོར་རོ། །ཞེས་གསུངས་པས་སོ། །ཚིག་དོན་ལྷག་མ་རྣམས་ནི་གཞུང་ཉིད་ཀྱི་སྟེང་དུ་ཞིབ་ཏུ་བཤད་པར་བྱ་སྟེ་རྟོགས་པར་སླའོ། །དཀྱིལ་འཁོར་འཁོར་ལོའི་ལམ་ཉེ་བའི་རྒྱུ་དང་ཐུན་མོང་དུ་བཤད་པ་ནི་འདུ་ཤེས་གསུམ་དང་ལྡན་པའི་མངོན་པར་རྟོགས་པ་སྟེ། རྡོ་རྗེ་སེམས་དཔར་བསྐྱེད་པ་ནི། །ཞེས་བྱ་བ་ནི་བདག་དང་ཕྱག་རྒྱ་གཉིས་ཀ་ལྷར་བསྐྱེད་པ་ལྷའི་འདུ་ཤེས་སོ། །རྡོ་རྗེ་པདྨར་བསྒོམ་པ་ནི་ཧཱུྃ་ལས་རྡོ་རྗེ་དང་ཨ་ལས་པདྨར་བསྐྱེད་པའོ། །དེ་ཡི་མགོ་བོའི་སྣ་རྩེ་ལ་བྱ་བ་ནི་རྡོ་རྗེའི་རྩེ་མོར་ཕྱག་འཚལ་ཞེས་བྱ་བ་ནི་ཨོཾ། ཡིད་བཞིན་ནོར་བུ་ཞེས་བྱ་བ་ནི་ཨོཾ་ལས་བྱུང་བའི་ནོར་བུ། བུ་གུའི་ནང་དུ་ཕཊ་ཅེས་བྱ་བ་ནི་ཧཱུྃ་མགོ་ཐུར་ལ་བལྟས་པ་དང༌། ཕཊ་གྱེན་ལ་བལྟས་པས་བྱང་ཆུབ་ཀྱི་སེམས་ཀྱི་འགྱུར་བ་འགེགས་པ་སྟེ། ཡེ་ཤེས་མ་ལྷུང་ཡང་དག་གནས། །ཞེས་འབྱུང་བ་ཡིན་ནོ། །དེ་ནས་ཕྱག་རྒྱ་ཆེན་པོ་བསྒྲུབ་པའི་བསམ་པ་ལྷན་ཅིག་སྐྱེས་པའི་ཆོས་ཀྱི་འདུ་ཤེས་མངོན་དུ་བྱའོ། །ལྷ་སོ་སོ་ཕྱག་རྒྱ་དང་བཅས་པའི་དམིགས་པ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་ནི་རིགས་ལྔའི་མིང་ཡིན་ལ། ཕྱག་རྒྱ་ཆེན་པོ་ལ་སོགས་པ་ནི་ཡུམ་ལྔའི་མིང་ཡིན་ནོ། །ལྷག་མ་རྟོགས་པར་སླའོ། །དཀྱིལ་འཁོར་གྱི་ས་ཡོངས་སུ་གཟུང་བའི་སྐབས་སུ་རྐང་སྟབས་དང་ལག་སྟབས་ལ་སོགས་པའི་བཀོད་པ་ནི་བགེགས་བསྐྲད་ལ་ས་ཡོངས་སུ་གཟུང་སྟེ་བྱིན་གྱིས་བརླབ་པའི་དགོས་པ་ཡིན་ནོ། །དེ་ལ་ཤར་དུ་གཡས་བརྐྱང༌། ལྷོར་གཡོན་བརྐྱང༌། ནུབ་ཏུ་མཉམ་པའི་སྟབས་ཞེས་བྱ་བ་ལ་ས་ག བྱང་དུ་དཀྱིལ་འཁོར་ཞེས་བྱ་བ་ཟླུམ་པོ། བྱང་ཤར་དུ་རྡོ་རྗེའི་རྐང་སྟབས། ཤར་ལྷོར་སྣ་ཚོགས་གཅོད་པ། ལྷོ་ནུབ་ཏུ་རུ་སྦལ་གྱི་རྐང་སྟབས། ནུབ་བྱང་དུ་བུང་བའི་འཕུར་སྟངས་ཏེ་རྐང་སྟབས་བརྒྱད་ཀྱིས་དཀྱིལ་འཁོར་ཁོར་གཅིག་བསྐོར་རོ། །དེ་ནས་རྒྱ་མཚོ་བསྐྱོད་པ་ལ་སོགས་པའི་རྐང་སྟབས་བཞིས་དཀྱིལ་འཁོར་གྱི་མཐའ་ཁོར་བཞིར་བསྐོར་རོ། །དེ་ནས་ལག་སྟབས་ཀྱི་རྣམ་པར་བཀོད་པ་ཐམས་ཅད་དཀྱིལ་འཁོར་གྱི་དབུས་ཉིད་དུ་བྱའོ། །ཞེས་ཀྱང་གསུང་ལ་རྐང་སྟབས་དང་བསྟུན་ནས་ལག་སྟབས་བྱེད་པའང་གསུང་ངོ༌། །དེ་ལྟར་བྱེད་ན་དབུས་སུ་རྡོ་རྗེ་འཕྱར་བའམ། རལ་གྲི་འཕྱར་བའི་ཚུལ་དུ་ཤར་དུ་འཁོར་ལོ། ལྷོར་རིན་པོ་ཆེ། ནུབ་ཏུ་པདྨ། བྱང་དུ་རལ་གྲི། ཡང་དབུས་སུ་མདུང་གི་ཚུལ་གཞུའི་ཚུལ་ནས་བརྩམས་ཏེ་རིམ་པ་བཞིན་ཤར་ནས་བྱང་གི་བར་དུ་གསུམ་གསུམ་བྱ། མེ་ཏོག་དང་སྒེག་མོ་དང་གླིང་བུ་གསུམ་བྱང་ཤར། དེ་བཞིན་དུ་བདུག་པ་དང་པི་ཝཾ་དང་ཕྲེང་བ་གསུམ་ཤར་ལྷོར་ཞེས་བྱ་བ་ལ་སོགས་པའོ། །འདུག་སྟངས་དྲུག་ནི་དཀྱིལ་འཁོར་གྱི་དབུས་སུ་བྱའོ། །ཉམས་དགུ་ནི་ལྷའི་ང་རྒྱལ་དང་ལྡན་པས་སྐུ་གསུང་ཐུགས་ཀྱི་ཉམས་གསུམ་གསུམ་ནི་དཀྱིལ་འཁོར་གྱི་དབུས་སུ་བྱའོ། །དབྱངས་ཀྱི་རིགས་མི་འདྲ་བ་རྣམས་ཀྱང་དཀྱིལ་འཁོར་གྱི་དབུས་སུ་བྱ་སྟེ། དེ་ལ་འདིར་བླ་མ་གོང་མ་རྣམས་ནི་གླུའི་ཚིག་ལ་གསུངས་ཏེ་དྲུག་གི་རྗེས་སུ་སྐྱེས་པ་ནི་ཥ་ཌ་པ་ཨ་ནུ་གྷི་ཏ་ཏེ་ཥ་ཡིས་མགོ་དྲངས་པའི་ཚིག་དྲང་སྲོང་གི་རྗེས་ནི་རྀ་ཥ་པ་ཨ་ནུ་གྷི་ཏ་སྟེ་རྀ་ཡིས་མགོ་དྲངས་བ། དྲི་ཟའི་རྗེས་ནི་གནྡྷརྤ་ཨ་ནུ་གྷི་ཏ་སྟེ་ག་ཡིས་མགོ་དྲངས་པ། བར་མའི་རྗེས་ནི་མ་དྷྱ་ན་ཨ་ནུ་གྷི་ཏ་སྟེ་མ་ཡིས་མགོ་དྲངས་པ། ལྔ་པའི་རྗེས་ནི་པཉྩ་ཨ་ནུ་གྷི་ཏ་ཏེ་པ་ཡིས་མགོ་དྲངས་པ། བློ་གསལ་གྱི་རྗེས་ནི་དྷཱི་བྷ་ས་ཨ་ནུ་གྷི་ཏ་སྟེ་དྷཱི་ཡིས་མགོ་དྲངས་པ། འཁོར་ཉན་པ་ནི་ནི་ཤ་སྟ་ཨ་ནུ་གྷི་ཏ་སྟེ་ནི་ཡིས་མགོ་དྲངས་པ་ཡིན་ནོ། །ཞེས་གསུང་ངོ༌། །སྒྲའི་བསྟན་བཅོས་ཨ་མ་ར་ཀོ་ཥ་ལས་འདི་དག་ནི་གྲེ་བའི་འགྱུར་གྱི་བྱེ་བྲག་ཡིན་ཏེ། ཚིག་གང་ལ་ཡང་འགྱུར་གྱི་བྱེ་བྲག་གིས་ཕྱེ་བ་ཡིན་ནོ། །ཞེས་བཤད་དེ་ཇི་སྐད་དུ། དྲུག་ལས་སྐྱེས་པ་རྨ་བྱའི་དབྱངས། །བ་ལང་དགའ་དབྱངས་རྀ་ཥ་པ། །གནྡྷརྤ་ནི་ར་སྐྱེས་སྒྲ། །ཁྲུང་ཁྲུང་བར་མའི་དབྱངས་སུ་སྒྲོགས། །མེ་ཏོག་ཐུན་མོང་རྒྱས་པའི་ཚེ། །ཁུ་བྱུག་སྒྲོགས་པ་ལྔ་པ་ཡིན། །རྟ་ནི་བློ་གསལ་དབྱངས་སུ་འཚེར། །འཁོར་ཉན་པ་ནི་གླང་ཆེན་སྒྲ། །རྨ་བྱ་ལ་སོགས་དེ་དག་རྣམས། །མྱོས་པའི་ཚེ་ན་ལྔ་པར་སྒྲོགས། །ཞེས་བཤད་ལ་སྒྲའི་དོན་ཅིའི་ཕྱིར་དྲུག་ལས་སྐྱེས་པ་ལ་སོགས་པ་ཞེས་གྲགས་ཤེ་ན་བཤད་པ། སྣ་དང་མགྲིན་པ་བྲང་དང་རྐན། །ལྕེ་དང་སོ་རྣམས་ལ་བརྟེན་ཏེ། དྲུག་པོ་དག་ལས་ཡོངས་སྐྱེས་པས། །དེ་ཕྱིར་དྲུག་ལས་སྐྱེས་ཞེས་བྱ། །རྣམ་པ་ཀུན་ཏུ་སེམས་འཇུག་ཕྱིར། །རྀ་ཥ་བྷ་ཞེས་རབ་ཏུ་གྲགས། །ཆ་ཤས་འཛིན་ཅིང་གནྡྷརྦའི། །ཡུལ་པས་ལེན་ཅིང་གནྡྷརྤ། བར་མ་ཞེས་བྱའི་འདྲེན་པ་ལས། །བྱུང་བས་བར་མ་ཞེས་སུ་གྲགས། །འབྱུང་བ་ལྔ་ཡིས་རྫོགས་བྱེད་པ། །དེས་ན་ལྔ་པ་ཞེས་སུ་སྨྲ། །བློ་གསལ་རྣམས་ཀྱིས་བྱས་པའི་ཕྱིར། །བློ་གསལ་ཞེས་ནི་ཤེས་པར་བྱ། །གང་ཕྱིར་དབྱངས་རྣམས་འདྲེས་གྱུར་པ། །དེ་ཡི་ཕྱིར་ན་ནི་ཤ་དང༌། །ཞེས་གསུངས་སོ། །ཉུང་ངུའི་དབྱེ་བ་ནི་ཚིག་གི་འགྱུར་བདུན་པོ་དེ་ཕྲ་མོར་ལེན་པ་བདུན་ནོ། །སྒྲོལ་བ་ནི་འབྲིང་དུ་ལེན་པ་བདུན་ནོ། །འཇིགས་པ་ནི་དྲག་པོ་བདུན་ཏེ་གཉིས་གཅིག་གོ །གང་བ་ནི་ཚིག་དང་ངག་རྫོགས་པ་གཉིས་གཅིག་གོ །ཕྱེད་ཕྱི་བ་ནི་ཕྱེད་མི་གསལ་བ་གཉིས་གཅིག་གོ །རྣམ་པར་འདྲེ་བ་ནི་འགྱུར་རམ་ཚིག་འདྲེས་པ་སྟེ། བཞིའམ་ལྔའམ་དྲུག་གམ་བདུན་འདྲེས་པ་ལ་སོགས་པའང་ཤེས་པར་བྱའོ། །འདོད་ཆགས་གཉིས་མཚུངས་པ་ནི་གཉིས་འདྲེས་བཞི་གཉིས་སོ། །གསུམ་མཚུངས་པ་ནི་གསུམ་འདྲེས་སོ། །ལྐོག་མ་ཉེད་པ་སྣ་གླུ་ལྟ་བུ། རྐན་དང་ལྕེ་དང་སོ་ཉེད་པ་ནི་ཇེ་གསལ་ཇེ་གསལ་ལེན་པའོ། །མདོར་ན་དེ་དག་ཐམས་ཅད་ནི་བླ་མའི་ལུས་ངག་གི་ལག་ལེན་མཐོང་ཞིང་ལེགས་པར་དྲིས་ཏེའང་རྟོགས་པར་བྱའོ། །མེ་ཏོག་འདི་དག་བཟང་ཞིང་དགེ །ལ་སོགས་པའི་ཚིག་གི་དོན་ནི་རྟོགས་པར་སླའོ། །ལེའུ་བཅུ་བཞི་པ་ཚིགས་སུ་བཅད་པ་ཉིས་བརྒྱའི་རྣམ་པར་འགྲེལ་པ་བསྟན་ཟིན་ཏོ།།  །།ད་ནི་ལེའུ་བཅོ་ལྔ་པ་བཤད་པར་བྱ་སྟེ། དེ་ལ་ལེའུ་འདིའི་རྒྱུད་བཤད་ཐབས་ཀྱི་མན་ངག་ལས་བརྗོད་བྱའི་དོན་ནི་སྤྱི་དང་སྦས་པ་སྟོན་ལ་བླ་མ་མཉེས་པའི་ཞར་ལ་འབྲས་བུ་ཅུང་ཟད་ཀྱང་བསྟན་ཏོ། །རྗོད་བྱེད་ཀྱི་སྒྲ་ནི་ཡན་ལག་གི་དོན་གཙོ་བོ་ལ་ལྷ་རྣམས་ཀྱི་ས་བོན་གྱི་ཞར་ལ་ཡི་གེའི་དོན་ཡང་ཅུང་ཟད་བསྟན་ཏོ། །མངོན་པར་རྟོགས་པ་ནི་སྨིན་པར་བྱེད་པ་དབང་དང༌། བསྐྱེད་པའི་རིམ་པ་དང༌། ཉེ་བའི་རྒྱུ་དང༌། ལས་ཀྱི་ཚོགས་དང༌། དམ་ཚིག་དང་སྡོམ་པ་བསྟན་ལ། བླ་མ་མཉེས་པ་ནི་སྡོམ་པའི་ཁོངས་སུ་འདུ་ཞིང༌། བསྟོད་པ་ནི་དཀྱིལ་འཁོར་དང་འབྲེལ་པ་དང༌། བསྐྱེད་པའི་རིམ་པ་ཐམས་ཅད་དང་ཡང་འབྲེལ་ལོ། །རྩ་བའི་རྒྱུད་ཀྱི་གང་དུ་ཕན་འདོགས་ན་ཧེ་རུ་ཀ་གསུམ་ནི་ལེའུ་གསུམ་པར་ཕྱག་བཞི་པའི་ཞལ་གསལ་བར་བྱེད་ལ། གཞན་རྣམས་མདོར་བསྡུས་པའི་ཚུལ་གྱིས་ཕན་འདོགས་སོ། །དངོས་གྲུབ་མཐའ་དག་སྒྲུབ་པའི་ལྷའི་རྣལ་འབྱོར་རྣམས་ནི་ལེའུ་གཉིས་པ་དང༌། བཅུ་གཅིག་པ་དང༌། ཕྱི་མའི་དགུ་པ་དང༌། བཅུ་པར་ཀུ་རུ་ཀུལླེ་དོན་བསྡུས་པའི་ཚུལ་གྱིས་གསལ་བར་བྱེད་ལ། གཞན་རྣམས་མ་ཚང་བ་ཁ་སྐོང་བའི་ཚུལ་དུ་གསལ་བར་བྱེད་དོ། །ཉེ་བའི་རྒྱུ་ནི་ལེའུ་བརྒྱད་པ་དང༌། ཕྱི་མའི་ལེའུ་གཉིས་པར་མི་གསལ་བ་གསལ་ཞིང་མ་ཚང་བ་ཁ་སྐོང་བའི་ཚུལ་དུ་ཤིན་ཏུའང་ཕན་འདོགས་སོ། །དབང་གི་རྐང་གྲངས་ནི་ལེའུ་བཅུ་པ་དང༌། ཕྱི་མའི་གསུམ་པ་དང༌། ལྔ་པ་དང༌། བཅུ་གཉིས་པར་དོན་བསྡུས་པའི་ཚུལ་གྱིས་ཕན་འདོགས་སོ། །དམ་ཚིག་གི་ཚོགས་བླ་མ་མཉེས་པར་བྱེད་པ་དང་བཅས་པ་ནི་ལེའུ་གཉིས་པ་དང༌། ཕྱི་མའི་ལེའུ་གསུམ་པར་མ་ཚང་བ་ཁ་སྐོང་བའི་ཚུལ་གྱིས་ཕན་འདོགས་སོ། །བསྟོད་པ་ནི་དཀྱིལ་འཁོར་དང༌། བསྐྱེད་པའི་རིམ་པ་འབྱུང་བའི་ཕྱོགས་ཀུན་ཏུ་ཁ་སྐོང་ངོ༌། །གླེང་གཞིའི་ཚིག་བསྡུས་པ་ནི་བརྗོད་བྱ་དང༌། རྗོད་བྱེད་དང༌། མངོན་པར་རྟོགས་པ་དང༌། རྩ་བའི་རྒྱུད་ཀྱི་གསལ་བྱེད་ཐམས་ཅད་ཚང་བ་ཡིན་པས་འདི་ལ་ཀུན་འཇུག་གོ །སྤྱིའི་དོན་ཏོ། །ཡན་ལག་གི་དོན་ལས་ཧེ་རུ་ཀ་གསུམ་ནི་འདིར་དཔའ་བོ་གཅིག་པའམ་ལྷན་ཅིག་སྐྱེས་པའི་རྣལ་འབྱོར་དུ་གསུངས་ཏེ། དེ་ལྟ་བུའི་མངོན་པར་རྟོགས་པ་བསྒོམ་ན་འོག་ཀུ་རུ་ཀུལླེ་ལ་སོགས་པ་དང་འདྲ་བས་དེར་བརྗོད་པར་བྱའོ། །དཀྱིལ་འཁོར་དུ་བསྒོམ་ན་རྩ་བའི་རྒྱུད་དང་ཐུན་མོང་དུ་བྱས་ཏེ་ཚོགས་ཀྱི་ཞིང་སྤྱན་དྲང་བ་ནས་གཞལ་ཡས་ཁང་བསྒོམ་པའི་བར་ལེའུ་བཅུ་གཉིས་པ་བཞིན་བྱ། དེ་ནས་མངོན་བྱང་ལྔ་ལས་རྒྱུ་རྡོ་རྗེ་འཛིན་པ་བསྐྱེད་པ་དང༌། འཁོར་གྱི་ལྷ་མོ་དབྱུང་བ་ནས་བརྩམས་ཏེ་ཡན་ལག་ཐམས་ཅད་གོང་དུ་བསྟན་པ་བཞིན་རྒྱས་པར་ཤེས་པར་བྱའོ། །ཡང་ཕྱག་གཉིས་པ་ལ་ཡུམ་མེད་པས་འཁོར་གྱི་ལྷ་མོ་སྙིང་ག་ནས་འབྱིན་ལ་དེའི་ཕྱིར་རྒྱུ་རྡོ་རྗེ་འཛིན་པ་འོད་དུ་ཞུ་བ་དང༌། གླུས་བསྐུལ་བ་དང༌། འབྲས་བུ་རྡོ་རྗེ་འཛིན་པ་བཞེངས་པའང་འདིའི་ཕྱོགས་ལ་མི་དགོས་སོ། །ཡང་བདག་མེད་མ་ནི་ཕྱིའི་ཡུམ་ཡིན་པས་ཡུམ་བདག་མེད་མས་བྱས་ལ། མཁའ་གསང་བྱིན་གྱིས་བརླབ་པ་ལ་སོགས་པ་ནི་ཐམས་ཅད་ཕྱག་བཅུ་དྲུག་པ་བཞིན་དུ་བྱས་ཀྱང་འགྲུབ་པ་ཡིན་ནོ། །དེ་ལྟར་མི་བསྐྱོད་པའི་ཕྱོགས་ཀྱི་ཧེ་རུ་ཀ་བཞི་བསྟན་པ་བཞིན་རྣམ་པར་སྣང་མཛད་ལ་སོགས་པ་ལ་ཡང་བསྟན་ནས། དཀྱིལ་འཁོར་དྲུག་ཅུ་རྩ་གཉིས་སུ་བྱེད་པའི་མན་ངག་ནི་སྔར་ལེའུ་ལྔ་པར་བསྟན་ཟིན་ཏོ། །འདི་སྐད་བདག་གིས་ཐོས་པ་སྟེ། །ཞེས་བྱ་བ་ལ་སོགས་པ་གླེང་གཞིའི་ཚིག་གི་དོན་འདི་ལ་སྤྱི་དང་སྦས་པ་མཐར་ཐུག་གསུམ་གྱི་ངག་གི་དོན་ཅུང་ཟད་ཅིག་བརྗོད་པར་བྱའོ། །དེ་ལྟར་གླེང་གཞི་བསྡུས་པ་འདིར་ཅིའི་ཕྱིར་འབྱུང་སྙམ་ན། རྡོ་རྗེ་གུར་འདིས་རྩ་བའི་རྒྱུད་རྒྱས་བསྡུས་གཉིས་ཀའི་དོན་བསྡུས་ཤིང་གསལ་བར་བྱེད་པ་ཡིན་པས་གོང་འོག་གི་ཚིག་ཐམས་ཅད་ཀྱིས་ནི་རྒྱུད་རྒྱས་པའི་ཚིག་དང་དོན་བསྡུས་ཏེ། ཉུང་ངུའི་རྒྱུད་འདི་ལ་མི་གསལ་བ་གསལ་ཞིང་མ་ཚང་བ་ཁ་སྐོང་བའི་ཚུལ་གྱིས་ཕན་འདོགས་པ་ཡིན་ལ། ཉུང་ངུའི་རྒྱུད་འདིའི་ཚིག་གི་དོན་བསྡུས་པ་ནི་གླེང་གཞི་དང༌། ལུས་རྣམ་པར་གཞག་པ་འདི་ཙམ་ཞིག་ཏུ་འདུས་སོ་ཞེས་བྱ་བའི་དོན་ཡིན་ནོ། །ཀུ་རུ་ཀུལླེ་དང་སྤྱན་རས་གཟིགས་ནས་བརྩམས་ཏེ་རྡོ་རྗེ་ནག་པོ་ཆེན་པོ་བསྐྱེད་པའི་མངོན་རྟོགས་ནི་འདི་ཡིན་ཏེ། རང་གང་བསྒོམ་པའི་ལྷའི་སྐུ་དྲན་པར་བྱས་ལ་སྙིང་གར་པདྨ་དང་དེའི་སྟེང་དུ་ཞི་བ་རྣམས་ཀྱི་ནི་ཟླ་བ་ཁྲོ་བོ་རྣམས་ཀྱི་ཉི་མའི་སྟེང་དུ་རང་རང་གི་ས་བོན་བསམས་ལ། དེ་ལས་འོད་བྱུང་སྟེ་ཚོགས་ཀྱི་ཞིང་སྤྱན་དྲང་ཞིང་མཆོད་པ་དང༌། དེའི་སྤྱན་སྔར་ཡན་ལག་བདུན་བྱ་བ་དང༌། ཚད་མེད་པ་བཞི་བསྒོམ་པ་དང༌། ཡེ་ཤེས་ཀྱི་ཚོགས་བསགས་ཆོས་ཐམས་ཅད་སྟོང་པ་ཉིད་བསྒོམ་པའི་བར་བྱས་ལ། དེ་ནས་སྲུང་བའི་འཁོར་ལོ་བསྒོམ་པའམ་མ་བསྒོམས་ཀྱང་རུང་སྟེ། པདྨ་དང་ཉི་མའམ་ཟླ་བའི་སྟེང་དུ་རང་རང་གི་ས་བོན་ལས་བསྐྱེད་ཀྱང་རུང་ས་བོན་ལས་ཕྱག་མཚན་ས་བོན་གྱིས་མཚན་ཏེ་དེ་སྤྲོས། སེམས་ཅན་གྱི་དོན་བྱས་ཚུར་འདུས་པ་ལས་བསྐྱེད་ཀྱང་རུང་སྟེ་རང་རང་གི་དམ་ཚིག་སེམས་དཔའ་བསྐྱེད། སྐུ་གསུང་ཐུགས་བྱིན་གྱིས་བརླབ། ཡེ་ཤེས་འཁོར་ལོ་དགུག་གཞུག་བྱ། དབང་བསྐུར་ནས་རིགས་ཀྱི་བདག་པོའི་རྒྱས་བཏབ་ལ་སྙིང་གར་ཟླ་བའམ་ཉི་མའི་སྟེང་དུ་རང་རང་གི་ས་བོན་ལ་རང་རང་གི་སྔགས་ཀྱིས་བསྐོར་བ་ལ་དམིགས་ཏེ། རང་རང་གི་སྙིང་པོ་ཡི་གེ་གྲངས་ཀྱི་འབུམ་མམ་དེ་བཞི་འགྱུར་རམ་བརྒྱད་འགྱུར་གྱི་བསྙེན་པ་བྱས་ན་ལས་སྦྱོར་གྱི་དུས་སུ། འཇིག་རྟེན་མགོན་གྱིས་ནད་རྣམས་ཞི། །ཞེས་བྱ་བ་ལ་སོགས་པ་འགྲུབ་པར་འགྱུར་རོ། །ཚིག་གི་དོན་ལྷག་མ་རྣམས་ནི་རྟོགས་པར་སླ་ལ། ཛཾ་བྷ་ལའི་སྐབས་སུ་སྐྱོར་གང་རྡོ་རྗེ་ཆུ་བླུགས་ཞེས་བྱ་བའི་མངོན་རྟོགས་ནི་བསྙེན་པ་འབུམ་ཕྲག་བཞི་སོང་ནས་ཐུན་མཚམས་སུ་ཆུ་དབུལ་བར་བྱ་སྟེ། དེའང་བདག་ཛཾ་བྷ་ལར་བསྒོམས་ལ། ཕྱག་གཡས་པའི་བི་ཛ་པཱུ་ར་ལས་བདག་གི་དྲི་ཆུའམ་ཆུ་རང་ཡེ་ཤེས་ཀྱི་བདུད་རྩིར་གྱུར་བ་མདུན་དུ་རྡོ་རྗེ་ཆོ་ག་བཞིས་བསྐྱེད་པའི་ཛཾ་བྷ་ལའི་ཞལ་དུ་དབུལ་བར་བསམ་ཞིང་ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་རྡོ་རྗེའི་ཆུའམ་ཆུ་གཙང་མ་རྡོ་རྗེའི་ཆུར་བསྒོམས་ལ། ཁྱོར་བ་བརྒྱ་རྩ་བརྒྱད་ཕུལ་ལ་མཆོད་པས་མཆོད་དེ་གཏོར་མ་བཏང་ལ་བསྟོད་པས་བསྟོད་དེ་དངོས་གྲུབ་བླང་ལ་བཟོད་པར་གསོལ་ཏེ་མདུན་གྱི་ཡེ་ཤེས་པ་གཤེགས་ལ་དམ་ཚིག་པ་བདག་ལ་བསྡུའོ། །སོ་སོར་འབྲང་མའི་སྐབས་སུ། ཟླུམ་པོའི་བཞུགས་ཚུལ་ཡང་དག་གནས། །ཞེས་བྱ་བ་ནི་སོ་སོར་འབྲང་མ་ཉིད་ཀྱང་ཞབས་ཀྱི་སོར་མོ་རྣམས་ནང་དུ་བསྟན་ནས་བར་དུ་མཐོ་གསུམ་ཙམ་ཡོད་པར་བསྒོམ་པ་ནི་ཟླུམ་པོའི་འདུག་སྟངས་ཏེ་པཱུ་ཛའི་འཁྲུལ་འཁོར་རོ། །རང་ལས་རབ་འཐོན་དུས་བཞིན་དུ། །ནམ་མཁའི་གནས་ནས་འཇམ་པའི་དབྱངས། །འབྱུང་བར་རྣམ་པར་བསམ་པར་བྱ། །རྗེ་བཙུན་མའི་མངལ་ནས་འཕགས་པ་འཇམ་པའི་དབྱངས་མང་པོ་སྤྲུལ་ནས་སྤྲོ་ཞིང་སྔགས་བཟླས་ན་བུད་མེད་དེ་བུ་དང་ལྡན་པར་འགྱུར་རོ། །ནག་པོ་ཆེན་པོའི་བསྙེན་པའི་སྔགས་མ་གསུངས་པ་ནི་ཨོཾ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ་ཅེས་བདུན་འབུམ་མམ་འབུམ་ཕྲག་ལྔ་བཅུ་ང་དྲུག་བཟླས་པ་ནི་བསྙེན་པའོ། །དེ་ནས་སྒྲུབ་པ་ནི་བསྒྲུབ་བྱ་གདུག་པ་ཅན་དེའི་སྤྱི་བོར་རང་འདུག་པར་བསམས་ཏེ། གཡས་ཀྱི་གྲི་གུག་གིས་ཤ་བཅད་ཅིང་ཟ་བ་གཡོན་ཀྱི་ཐོད་པས་ཁྲག་འཐུང་བར་བསམ། དེ་བཞིན་དུ་སྙིང་ག་ནས་རང་འདྲ་བའི་སྤྲུལ་པ་དཔག་ཏུ་མེད་པ་སྤྲོས་པས་ཀྱང་ཤ་ཁྲག་ཟ་འཐུང་བར་བསམ་མོ། །དེའི་དུས་ཀྱི་གཏོར་མ་ཤ་ལྔ་བདུད་རྩི་ལྔ་དང་བཅས་པ་ལ་ཨོཾ་ཨཱཿཧཱུྃ་གིས་བྱིན་གྱི་བརླབས་ལ་སྔགས་རིང་གིས་དབུལ་ལོ། །དེའི་བཟླས་བསྒོམ་གཉིས་ཀྱིས་མ་གྲུབ་ན་དགྲ་བོའི་རྐང་རྗེས་ཀྱི་རྡུལ་དང་བག་ཟན་ལ་ཚ་བ་གསུམ་གྱིས་བསྲེས་པ་ལས་ལིངྒ་བྱས་ལ་དུག་དང་སྐེ་ཚེ་ལ་སོགས་པ་དྲག་པོའི་རྫས་ཀྱིས་དེའི་མིང་མཱ་ར་ཡ་དང་བཅས་པ་བྲིས་ཏེ་ལིངྒའི་སྙིང་གར་གཞུག དེ་ནས་ལིངྒ་དེ་ལ་སྤྲ་ཚིལ་གྱིས་གཡོགས་ལ་ལུས་ལ་ཚེར་མས་དགང༌། དེ་ནས་བསྒྲུབ་བྱ་དགུག་གཞུག་ལན་མང་དུ་བྱས་ཏེ། སྔགས་རིང་གི་མཐར་ཆེ་གེ་མོ་མཱ་ར་ཡ་ཧཱུྃ་ཕཊ་ཅེས་བཟླས་ཤིང་འབྲས་ཕུབ་ཀྱི་མེ་ལ་ཇི་སྲིད་དུ་སྤྲ་ཚིལ་མ་ཞུའི་བར་དེ་སྲིད་དུ་གདུང་བར་བྱའོ། །དེ་ལྟར་ཞག་བདུན་བྱས་ནས་ཟླ་བ་ཕྱེད་ཀྱི་བར་དུ་གདུངས་ན་གདུག་པ་ཅན་ངེས་པར་འཆི་བར་འགྱུར་རོ། །ཉེ་བའི་རྒྱུའི་མངོན་པར་རྟོགས་པ་ནི། ཉེ་བའི་རྒྱུ་སྒྲུབ་པའི་གང་ཟག་དང༌། གྲོགས་དང༌། དུས་དང༌། གནས་དང༌། ཆོ་ག་དང༌། རང་གི་ངོ་བོ་ཞེས་བྱ་བ་དྲུག་ལོགས་སུ་བྱས་པའི་མངོན་པར་རྟོགས་པ་བཞིན་འདིར་ཞིབ་ཏུ་བརྗོད་པར་བྱའོ། །ཚིག་གི་དོན་ནི། དངོས་གྲུབ་ཀུན་གྱི་སྤྱོད་ཡུལ་མིན། །ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པའི་སྡེ་སྣོད་དང་རྣལ་འབྱོར་གྱི་རྒྱུད་མན་ཆད་ཀྱིས་ཀྱང་འབྲས་བུ་འདི་ལྟ་བུ་འགྲུབ་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་དུས་དེ་ཡི་ལུས་ཐོབ་ཅིང༌། ཞེས་བྱ་བ་ནི་ཞག་དྲུག་པའི་ཐོ་རངས་ཀྱི་མཐར་རྡོ་རྗེ་འཆང་ཆེན་པོ་སྐད་ཅིག་དེ་ཉིད་ལ་འགྲུབ་བོ་ཞེས་བྱ་བའི་དོན་ཏོ། །སྐད་ཅིག་ལ་ནི་དེ་འཁོར་ལྡན། །ཞེས་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་དེའི་འཁོར་དུ་འགྱུར་རོ། །སྐད་ཅིག་སངས་རྒྱས་རྣམ་སྣང་མཛད། །སྤྱན་གྱིས་ཕྲག་ནས་འཁྱུད་པའོ། །ཞེས་བྱ་བ་ནི་རང་རྣལ་འབྱོར་གང་ལ་གནས་པའི་གཉིས་མེད་ཀྱི་ལྷའི་སྐུ་དེ་ཐོག་མར་འགྲུབ་ལ། དེ་ནས་རིགས་ཐམས་ཅད་ཀྱི་བདག་ཉིད་རྡོ་རྗེ་འཆང་ཆེན་པོ་ཉིད་འགྲུབ་སྟེ། རིགས་ཐ་དད་པ་རིམ་གྱིས་བསྒོམ་དགོས་པ་ལྟ་བུ་ནི་མ་ཡིན་ནོ། །དེ་ལྟ་བུའི་ཉེ་བའི་རྒྱུ་དེ་དུས་ཇི་སྲིད་ཅིག་བསྒོམ་སྙམ་ན། ཉི་མ་གཅིག་གིས་འགྲུབ་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་སྟེ། ཉིན་ཞག་དང་པོ་ཁོ་ནས་ཀྱང་འགྲུབ་སྲིད་ལ། ཉིན་ཞག་ལྔ་ཚུན་ཆོད་ཀྱིས་ཀྱང་འགྲུབ་སྲིད་པས། ཉི་མ་ལྔ་ཡི་སྦྱོར་བ་ཡིས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་བྱ་བའི་དོན་ཡིན་ནོ། །དེས་ཀྱང་མ་གྲུབ་ན་ཞག་དྲུག་པའི་སྲོད་ལ་བར་ཆད་མེད་པའི་དུས་བདུད་འདུལ་བ་ནི། རྡོ་རྗེ་ཉི་མ་ནུབ་པ་ན། །སྦྱོར་བ་འདི་ནི་ཡང་དག་བརྩམ། །ཞེས་བྱ་བ་ཡིན་ནོ། །དེ་ནས་ཐོ་རངས་ཁམས་ཤིན་ཏུ་དྭངས་བའི་དུས་རྣམ་པར་གྲོལ་བའི་ལམ་མངོན་པར་རྫོགས་པར་འཚང་རྒྱ་བ་ནི། སྐྱ་རེངས་འཆར་བའི་དུས་སུ་ནི། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་བྱ་བའི་དོན་ཡིན་ནོ། །ཆགས་ཆེན་ཏིང་འཛིན་གནས་ནས་ནི། །ཞེས་བྱ་བ་ནི་འདོད་ཆགས་ཀྱི་རང་བཞིན་སྙིང་རྗེ་ཆེན་པོ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱིས་མྱ་ངན་ལས་འདར་མི་སྟེར་བ་སྟེ། དེས་ན་ཟུང་འཇུག་གི་སྐུ་ལ་ཕྱག་རྒྱའི་ལམ་ངེས་པར་དགོས་པས། ཕྱག་རྒྱ་ཆེན་པོ་རབ་གྲུབ་བྱ། །ཞེས་པའི་དོན་ཡིན་ནོ། །སྒྲུབ་པའི་ཐབས་ཀྱི་ཁྱད་པར་ནི། །པདྨར་རྡོ་རྗེ་ཅན་བཅུག་ནས། །ཞེས་བྱ་བ་ལ་སོགས་པ་སྟེ་འདུ་ཤེས་གསུམ་དང་ལྡན་པའི་ཉེ་བའི་རྒྱུ་སྒྲུབ་པའི་མངོན་པར་རྟོགས་པ་ནི་གོང་དུ་བསྟན་ཟིན་ཏོ། །འབྲས་བུ་གང་འགྲུབ་ཅེ་ན། སྔགས་པས་ཕན་པ་འགྲུབ་འགྱུར་ཞིང༌། །ཞེས་བྱ་བ་ལ་སོགས་པ་སྔར་བསྟན་པ་བཞིན་ཐོག་མར་རང་གི་ལྷའི་རྣལ་འབྱོར་གང་ཡིན་པ་གྲུབ་ནས། དེ་ནས་རིགས་སོ་སོའི་རྣལ་འབྱོར་བྱ་མི་དགོས་ཏེ་ཐམས་ཅད་ཀྱིས་ཀྱང་རྡོ་རྗེ་འཆང་བ་ཉིད་འགྲུབ་པ་ཡིན་ཏེ། ཐམས་ཅད་འདྲེན་པ་འགྲུབ་པར་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །ཚིག་གི་དོན་ལྷག་མ་རྣམས་ནི་རྟོགས་པར་སླའོ། །དབང་གི་བསྡུ་བའི་ཚིག་ནི་གོང་ལེའུ་བཞི་པར་སྤྱིའི་མངོན་རྟོགས་བཤད། ལེའུ་བདུན་པ་དང་བརྒྱད་པར་ཐུན་མོང་མ་ཡིན་པའི་དབང་བཞི་གསལ་བར་བྱས་ལ། འདིར་དབང་ཀུན་གྱི་ཐུན་མོང་གི་རྐང་གྲངས་མ་ཚང་བ་ཁ་སྐོང་བ་ཡིན་ནོ། །དེ་ལ་དྲུག་པ་ཡན་ཆད་ནི་ཐུན་མོང་གི་དབང་ཡིན་ལ། བདུན་པ་མན་ཆད་ནི་ཐུན་མོང་མ་ཡིན་པའི་དབང་ཡིན་ནོ། །དེ་ཉིད་རྡོ་རྗེའི་སྦྱོར་བ་ཡིས། །ཞེས་བྱ་བ་ནི་དབང་བཞི་པ་ཡིན་ཏེ་རྡོ་རྗེ་ལྟར་མི་ཕྱེད་པའི་ཆོས་ཉིད་སྟོན་པའི་ཕྱིར་རོ། །ཀུན་གྱི་དེ་ཉིད་བརྟུལ་ཞུགས་སྦྱིན། །ཞེས་བྱ་བ་ནི་རྡོ་རྗེ་སློབ་དཔོན་གྱི་དབང་སྟེ། སློབ་མའི་ཚོགས་རྣམས་བསྡུ་བར་གྱིས། །ཞེས་བྱ་བའི་ཚིག་གིས་བུམ་དབང་གི་མཐའ་རྟེན་རྗེས་གནང་ངོ༌། །སྟོན་པ་རང་གིས་ལུང་བསྟན་ཏེ། །ཞེས་བྱ་བ་ནི་གསང་དབང་གི་མཐའ་རྟེན་ལུང་བསྟན་ནོ། །ཤེས་རབ་ཡེ་ཤེས་ཀྱི་མཐའ་རྟེན་དབུགས་དབྱུང་དང༌། དབང་བཞི་པའི་མཐའ་རྟེན་གཟེངས་བསྟོད་ནི་གོང་ལེའུ་བཞི་པར། དབུགས་འབྱིན་ཐམས་ཅད་བྱིན་ནས་ནི། །ཞེས་བསྟན་ཟིན་ཏོ།།  །།དམ་ཚིག་གི་སྐབས་སུ་ཐོག་མར་རྩ་བའི་ལྟུང་བ་བཅུ་བཞི་སྟོན་ཏེ། དེ་དག་གི་ངག་དོན་ནི་ལྟུང་བའི་ངོ་བོ་ཉིད་རྣམ་པར་གཞག་པ་དང༌། ལྟུང་བ་ཉིད་དུ་འགྱུར་བའི་རྒྱུ་མཚན་དང༌། མི་འབྱུང་བར་བྱ་བའི་ཕྱིར་བསླབ་པ་དང༌། ཡན་ལག་ཏུ་ཚང་ན་ལྟུང་བར་འགྱུར་བ་དང༌། བྱུང་བ་ཕྱིར་བཅོས་པའི་ཐབས་དང༌། ཆེ་འབྲིང་རྣམ་པར་གཞག་པ་ཞེས་བྱ་བ་དྲུག་གིས་ངག་དོན་ཅི་རིགས་པ་ཅིག་བྱས་ལ་གཞུང་གི་ཚིག་དོན་བཤད་པར་བྱའོ། །གཞུང་ན་ཡང་རྩ་བའི་ལྟུང་བ་དང༌། མི་འབྲལ་བའི་དམ་ཚིག་དང༌། སེམས་བརྟན་པ་ཐོབ་པའི་དམ་ཚིག་དང༌། ལས་དང་པོ་པའི་དམ་ཚིག་ཅེས་བྱ་བ་བཞིར་འདུ་ལ། ཚིག་གི་དོན་ལ། སེམས་ཅན་རྣམས་ལ་གདུག་བྱམས་དང༌། །ཞེས་བྱ་བས་ལྟུང་བ་བཞི་པ་དང་ལྔ་པ་བསྟན། སྐལ་མེད་དེ་ཉིད་གཏམ་མི་བྱ་ནི་བདུན་པ་དང་བཅུ་པ་ཡིན་ནོ། །ཆོས་ཉིད་ཚད་ནི་ངེས་མི་གཟུང་གིས་དགུ་པ་དང་བཅུ་གཅིག་པ་བསྟན་ལ། གསུམ་པ་ནི་འོག་རྟག་ཏུ་དམ་ཚིག་བསྲུང་བར་བྱ་ཡིས་བསྟན་ཏོ། །དཀོན་མཆོག་གསུམ་ནི་སྤང་མི་བྱ་ནི་སྤྱིའི་དམ་ཚིག་གོ །རྡོ་རྗེ་དྲིལ་བུ་ནི་ཕྱི་བརྡའི་དང༌། ནང་ཐབས་དང༌། ཤེས་རབ་ཀྱི་མཁའ་དང་གསང་བའི། བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་སུ་བཤད། །གཙུག་ཏོར་ནི་ཕྱི་རྫས་ཀྱི་དབུ་རྒྱན། ནང་རིགས་བདག གསང་བ་སྤྱི་གཙུག་གི་ཧྃ། སྤྱིན་སྲེག་ནི་ཕྱི་མེ་ཐབ། ནང་ཁ་ཟས། གསང་བ་སྔགས་དང་ཆོས། རབ་གནས་ནི་ཕྱི་སྐུ་གཟུགས། ནང་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལ་ཡེ་ཤེས་པ། གསང་བ་སྔགས་དང་ཆོས་ཀྱི་བྱང་སེམས། གཞིར་གནས་ལ་ཡས་བྱོན་སྤྱན་དྲང་བ། གཏོར་མ་ནི་ཕྱི་འབྱུང་པོ་ལ། ནང་ཁ་ཟས། གསང་བ་སྔགས་དང་ཆོས་སོ། །སྔགས་ཕྱི་ཨྃ་ལ་སོགས་པ། ནང་སྔགས་དང་ཆོས། གསང་བ་སྐྱེ་བ་མེད་པ། དེ་དག་ཀྱང་ཕྱིའི་རྣམས་རྟག་ཏུ་མ་གྲུབ་ཀྱང༌། ནང་དང་གསང་བ་རྟག་ཏུ་མི་འབྲལ་བར་བྱ་དགོས་ཏེ། དེ་དག་ཀྱང་ཇི་ལྟར་བྱ་ཞེ་ན། མི་འབྲལ་བར་བྱ་བ་ནི་བསྐྱེད་པ་དང་རྫོགས་པའི་རིམ་པ་ཐུན་བཞིར་ཁ་ཟས་ཀྱི་རྣལ་འབྱོར་དང་མི་འབྲལ་བར་བྱས་ན་འགྲུབ་པར་འགྱུར་བ་ཡིན་ནོ། །སེམས་བརྟན་པ་ཐོབ་པ་ནི་སྤྱོད་པའི་གནས་སྐབས་ཡིན་ནོ། །གཞན་རྣམས་ནི་གཞུང་ཡི་གེ་ཇི་ལྟ་བ་བཞིན་ནོ། །ཚིག་གི་དོན་དེ་དག་ཀྱང་གཞུང་དུ་བླ་མས་སྟོན་པར་འགྱུར་རོ། །དམ་ཚིག་གི་ཁོངས་སུ་འདུ་བས་བླ་མའི་བསྙེན་བཀུར་སྔོན་དུ་བརྗོད་དགོས་ཏེ། དེ་ལ་དོན་ནི་འདི་ཡིན་ཏེ། སློབ་དཔོན་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་ཕྱག་དང་བསྙེན་བཀུར་བྱ་བའི་གནས་ཡིན་ཏེ། སངས་རྒྱས་ཐམས་ཅད་བསྐྱེད་པའི་ཕ་དང་མ་ཡིན་པའི་ཕྱིར་རོ། །དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བ་ལ་སོགས་པ་ནི་བདག་ལས་དང་པོ་པས་བསྙེན་བཀུར་བྱས་ན་མཆོག་གི་དངོས་གྲུབ་དང༌། མི་སྣང་བ་དང་ཞེས་སོགས་གྲུབ་པ་ཆེན་པོ་བརྒྱད་ལ་སོགས་པ་ཐམས་ཅད་ཀྱང་སྟེར་བར་འགྱུར་རོ་ཞེས་བྱའོ། །དེ་ལྟར་འབྱུང་བ་ཅིའི་ཕྱིར་ཞེ་ན། རྡོ་རྗེ་འཆང་ཉིད་ཕལ་པའི་གཟུགས་བཟུང་ནས་སེམས་ཅན་གྱི་དོན་མཛད་པའི་ཕྱིར་ཏེ། རྡོ་རྗེ་སེམས་དཔའ་ཇི་ལྟ་བུའི། །དེ་ལྟས་སློབ་དཔོན་གཟུགས་འཛིན་ཏེ། །སེམས་ཅན་རྗེས་སུ་གཟུང་དམིགས་ནས། །ཕལ་པའི་གཟུགས་སུ་གནས་པ་ཡིན། །ཞེས་བྱ་བའི་དོན་ཡིན་ནོ། །དེ་ལྟར་བཞུགས་པའི་དུས་སུ་བསྙེན་བཀུར་བྱས་ལ་གལ་ཏེ་སློབ་དཔོན་འདས་ན་ཇི་ལྟར་བསྐུར་སྙམ་ན། སློབ་དཔོན་གྱིས་ནི་མཐར་དུས་སུ། །ཞེས་བྱ་བ་ལ་སོགས་པ་སྟེ། འཇིག་རྟེན་པ་རྣམས་ཤི་ཞེས་ཟེར་མོད་ཀྱི་འཆི་བ་ནི་རྣམ་རྟོག་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་དང་ལྡན་པས་བསུ་སྟེ་མཁའ་ལ་སྤྱོད་པའམ་བདེ་བ་ཅན་དུ་ཁྱེར་བར་བྱེད་པ་ཡིན་ནོ། །དེ་ནས་སློབ་མས་སྐུ་གཟུགས་དེ་ལ་བསྙེན་པ་དང་ས་ཆོག་དང༌། སྟ་གོན་དཀྱིལ་འཁོར་གྱི་བྱ་བ་དང་བདག་འཇུག་ཡོངས་སུ་རྫོགས་པར་བྱས་ལ། རྟེན་དེ་ལ་ཡང་ཕྱི་ནང་གི་བྱ་བ་དང་དབང་བཞི་ཡོངས་སུ་རྫོགས་པར་བསྐུར་ལ་ཞག་བདུན་ནམ། ཉི་ཤུ་རྩ་གཅིག་གམ། བཞི་བཅུ་ཞེ་དགུའི་བར་དུ་བྱས་ལ། དེ་ནས་ཡན་ལག་བཞི་ཡིས་ཡི་དམ་གྱི་ལྷར་བྱས་པ་དེ་ཐབ་ཀྱི་དབུས་སུ་བཞུགས་ལ། སྦྱིན་སྲེག་གི་ཡོ་བྱད་ཐམས་ཅད་དེ་ལ་དབུལ་བའི་ཚུལ་གྱིས་སྦྱིན་སྲེག་རྒྱས་པར་བྱས་ལ། ཉི་མ་གསུམ་པ་ན་རིང་བསྲེལ་རྣམས་འོ་མ་དང་དྲི་བཟང་པོས་བཀྲུས་ཏེ་མཆོད་རྟེན་རྒྱས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལ་སྔོན་དུ་སྦྱིན་སྲེག་བྱས་ནས་ཕྱིས་ཞག་བདུན་ལ་སོགས་པར་རིང་བསྲེལ་ལ་དབང་རྒྱས་པར་བསྐུར་ཡང་ཉེས་པ་མེད་དོ། །བླ་མ་ལ་སློབ་མས་དེ་ལྟར་བྱ་བ་མི་རིགས་སྙམ་ན་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པས་ཤིན་ཏུ་བསོད་ནམས་ཆེ་བ་ཉིད་ཡིན་ནོ། །སེམས་ཅན་གཞན་རྣམས་ལའང་དེ་བཞིན་དུ་བྱས་ནའང་བསོད་ནམས་ཤིན་ཏུ་ཆེའོ། །རིགས་ལྔ་ཡུམ་དང་བཅས་པའི་བསྟོད་པའི་སྐབས་སུ་དང་པོ་ནི་ངོ་བོ་ཉིད་ལ་ངོ་བོ་ཉིད་ཀྱི་ཕྱག་རྒྱས་བསྟོད་ལ། སྡང་བས་མནན་པ་ཞེས་བྱ་བ་ནི་རིགས་མི་བསྐྱོད་པ་ཡིན་ཞིང་གཏི་མུག་རྡོ་རྗེ་ནི་རིགས་བདག་རྣམ་སྣང་ཡིན་པས་སེམས་ལ་ལུས་ཀྱི་རྒྱ། ཡུམ་གྱི་བསྟོད་པ་ནི་སྣང་བ་ལ་སྟོང་པའི་རྒྱ། གཏི་མུག་མནན་པ་ནི་རིགས་རྣམ་སྣང་རྡོ་རྗེ་སེམས་དཔའ་ནི་རིགས་བདག་སྟེ་ལུས་ལ་སེམས་ཀྱི་རྒྱ། ང་རྒྱལ་མནན་པ་ནི་རིགས་རིན་འབྱུང་འདོད་ཆགས་རྡོ་རྗེ་ནི་རིགས་བདག་འོད་དཔག་མེད་དེ་འབྲས་བུ་ལ་རྒྱུའི་རྒྱ། འདོད་ཆགས་མནན་པ་ནི་རིགས་འོད་དཔག་མེད་སེར་སྣ་རྡོ་རྗེ་ནི་རིགས་བདག་རིན་འབྱུང་སྟེ་རྒྱུ་ལ་འབྲས་བུའི་རྒྱ། དོན་ཡོད་གྲུབ་པ་ནི་ཕྲག་དོག་དང་བྱ་བ་གྲུབ་པའི་ཡེ་ཤེས་ཀུན་ལ་ཁྱབ་པས་ངོ་བོ་ཉིད་ལ་ངོ་བོ་ཉིད་ཀྱི་ཕྱག་རྒྱ་ཡིན་པས། ཐམས་ཅད་གཟིགས་ལ་ཕྱག་འཚལ་བསྟོད། །ཅེས་བྱ་བའི་དོན་ཡིན་ནོ། །མཇུག་འཁོར་གྱི་རྗེས་སུ་ཡི་རང་བ་ནི་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྟེ། ཐམས་ཅད་དང་ལྡན་པའི་འཁོར་ནི་དེ་བཞིན་གཤེགས་པའི་འཁོར་ཏིལ་གྱི་གང་བུ་དང་མཉམ་པ་དང༌། དཔའ་བོའི་འཁོར་བྱེ་བ་ཕྲག་བརྒྱད་ཅུ་དང༌། རྣལ་འབྱོར་མའི་འཁོར་རི་རབ་ཀྱི་རྡུལ་ཕྲ་རབ་དང་མཉམ་པ་རྣམས་སོ། །ཡང་འགྲོ་བ་རྒྱུད་ཡོངས་སུ་དག་པས་ཐོབ་པའི་ལྷ་མ་སྲིན་སྡེ་བརྒྱད་དེ་ལྷ་ནི་བརྒྱ་བྱིན་ལ་སོགས་པ། མི་དངོས་གྲུབ་ཐོབ་པའི་དཔའ་བོ་དང་རྣལ་འབྱོར་མ། ལྷ་མ་ཡིན་ཐག་ཟངས་རིས་ལ་སོགས་པ། དྲི་ཟ་ནི་ཡུལ་འཁོར་སྐྱོང་ལ་སོགས་པ། བཅས་པ་ཞེས་བྱ་བ་ནི་ཀླུའི་རྒྱལ་པོ་དགའ་བོ་ལ་སོགས་པ་དང༌། གནོད་སྦྱིན་གྱི་རྒྱལ་པོ་རྣམ་ཐོས་སྲས་ལ་སོགས་པ་དང༌། ནམ་མཁའ་ལྡིང་གི་རྒྱལ་པོ་གསེར་མིག་ལ་སོགས་པ་དང༌། མིའམ་ཅིའི་རྒྱལ་པོ་རྟ་མགོ་ཅན་ལ་སོགས་པ་དང༌། ལྟོ་འཕྱེའི་རྒྱལ་པོ་སྦྲུལ་མགོ་བདུན་པ་ལ་སོགས་པ་རྣམས་ཡིན་ནོ། །དེ་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་རྣམས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་དགའ་བས་བསྟོད་ནས་མཆོད་དེ་རྗེས་སུ་ཡི་རང་ངོ་ཞེས་བྱ་བའི་དོན་ཏོ། །ལེའུ་བཅོ་ལྔ་པ་ཚིགས་སུ་བཅད་པ་བརྒྱ་དང་གསུམ་གྱི་རྣམ་པར་འགྲེལ་པ་བསྟན་ཟིན་ཏོ།།  །།རྗེ་བཙུན་མཐུ་སྟོབས་དབང་ཕྱུག་བིརྺ་པ། །ཌོཾ་བི་ཧེ་རུ་ཀ་དཔལ་བཅས་པའི་གསུང༌། །འདོད་དགུ་འབྱུང་བའི་རིན་ཆེན་ལྟ་བུ་འདི། །སྐྱེ་དགུའི་བསམ་པ་ཚིམ་པར་བྱེད་པ་ཡིན། །དེ་ལས་བྱུང་བའི་གུར་གྱི་རྒྱན་འདི་ནི། །ཤཱཀྱའི་དགེ་བསྙེན་གྲགས་པ་རྒྱལ་མཚན་གྱིས། །ལྕགས་པོ་རྟ་ཡི་སྨིན་དྲུག་ཟླ་བ་ལ། །གཙང་སྟོད་དཔལ་ལྡན་ས་སྐྱའི་དགོན་པར་བྲིས། །ཚིག་འགྲེལ་རྒྱས་མིན་དོན་རྣམས་ཤིན་ཏུ་གསལ། །བླ་མའི་མན་ངག་དང་ལྡན་སྡེབ་སྦྱོར་མཛེས། །འདི་ལ་ཉེས་པ་མ་མཆིས་མཆིས་སྲིད་ན། །བླ་མ་མཁའ་འགྲོའི་ཚོགས་ཀྱིས་བཟོད་པར་གསོལ། །དད་ལྡན་སྐྱེ་བོས་གསོལ་བ་འདེབས་པ་མང༌། །དགེ་བའི་བསམ་པས་རྩོམ་པར་འདོད་མོད་ཀྱང༌། །མཁའ་འགྲོ་གཉན་ཞིང་བྱ་མང་གིས་བྲེལ་བས། །ཡུན་རིང་མ་བརྩམས་དེ་ཡང་བཟོད་པར་མཛོད། །དེ་བརྩམས་བླ་མའི་ཞལ་བཞེས་གྲུབ་པར་བགྱིས། །རྩོམ་པར་འདོད་པ་བདག་ཀྱང་རབ་ཏུ་ཚིམ། །ཅང་སྟོན་བརྩོན་འགྲུས་གྲགས་ཀྱང་ཡིད་དགའ་ལ། །མུ་ཚུ་བྱང་ཆུབ་གྲགས་ཀྱང་གློ་བ་སྤྲོ། །ལྷ་ཐོག་ཡོན་ཏན་གཟུངས་ཀྱང་ཡིད་དགའ་ཞིང༌། །རིགས་ལྡན་ཤེས་རབ་རིན་ཆེན་བསམ་པ་ཚིམ། །གཞུང་འདིར་དད་ཅིང་ཤེས་པར་འདོད་པ་ཡི། །གང་ཟག་ཀུན་ཀྱང་རྗེས་སུ་ཡི་རང་ངོ༌། །བསམ་པ་དགེ་ཞིང་ཀུན་ཀྱང་ཚིམ་པ་དང༌། །དཀའ་བ་རྣམ་འགྲེལ་བགྱིས་པའི་བསོད་ནམས་ཀྱིས། །སྐྱེ་དགུའི་ལམ་གྱི་བར་ཆད་ཞི་བ་དང༌། །ཀུན་ཀྱང་སངས་རྒྱས་ས་ལ་གནས་པར་ཤོག།  །།འཕགས་པ་རྡོ་རྗེ་གུར་གྱི་རྣམ་འགྲེལ་བདག་གི་བླ་མ་བསོད་ནམས་རྩེ་མོ་བློ་གྲོས་ཆེན་པོའི་ཞལ་སྔ་ནས་ལ་རོང་སྟོན་སེང་གེ་རྒྱལ་མཚན་གྱིས་གསོལ་བ་བཏབ་ནས་ཞལ་གྱིས་བཞེས་ཏེ་མཆོད་པར་བརྗོད་པ་དང་བཤད་པར་དམ་བཅའ་བ་ཙམ་ཞིག་མཛད་ནས་རྣམ་འགྲེལ་མ་མཛད་དོ། །ཡང་དུས་ཕྱིས་ཁོ་བོ་ལ་ཙོང་གའི་དགེ་སློང་ཅང་སྟོན་བརྩོན་འགྲུས་གྲགས་དང་མུ་ཚུ་བྱང་ཆུབ་གྲགས་ཀྱིས་གསོལ་བ་བཏབ་སྟེ་ཁས་བླངས་བཞིན་དུ་མ་གྲུབ་བོ། །ཡང་དུས་ཕྱིས་བདག་ཅག་གི་བླ་མ་ཨའི་དབོན་པོ་ལྷ་ཐོག་སྟོན་པ་ཡོན་ཏན་འོད་ཀྱིས་གསོལ་བ་བཏབ་སྟེ་ཁས་བླངས་པ་བཞིན་དུ་མ་གྲུབ་བོ། །དེ་ལྟར་དུས་རྟག་ཏུ་གསོལ་བ་འདེབས་པ་རྣམས་ལ་ཁས་བླངས་པ་དྲན་ཞིང་རྩོམ་པའི་བློ་ཡོད་ཀྱང་མི་འགྲུབ་པ་དེ་དག་ཀྱང་མཁའ་འགྲོ་གཉན་ཞིང་སྐབས་བདེ་བ་མ་རྙེད་པས་སོ། །ཡང་དུས་ཕྱིས་རྒྱང་རོའི་ཁུན་འཛུ་ཇོ་སྲས་དགེ་སློང་ཤེས་རབ་རིན་ཆེན་གྱིས་ལན་མང་དུ་གསོལ་བ་བཏབ་སྟེ། མཁའ་འགྲོ་མཉེས་པའི་མཆོད་པ་ཡང་མང་དུ་བྱས་ནས་གསོལ་བ་བཏབ་སྟེ། འཕགས་པ་རྡོ་རྗེ་གུར་གྱི་རྒྱན་ཞེས་བྱ་བའི་རྣམ་འགྲེལ་འདི་ཡོངས་སུ་རྫོགས་སོ། །ཉེས་པ་རྣམས་བླ་མའི་ཚོགས་ལ་བཟོད་པར་གསོལ་ཞིང༌། འདིས་སེམས་ཅན་དཔག་ཏུ་མེད་པའི་ལམ་གྱི་བར་ཆད་ཞི་ནས་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཐོབ་པའི་རྒྱུར་གྱུར་ཅིག།  །།འཇམ་དབྱངས་ཐུགས་མངའ་བླ་མ་རྗེ་བཙུན་ཆེན་པོ་ཡི། །ཞབས་རྡུལ་དྲི་མེད་གུས་པས་སྤྱི་བོར་བླངས་ནས་ནི། །རྡོ་རྗེ་གུར་གྱི་རྣམ་འགྲེལ་རྒྱན་ཞེས་བགྱི་བ་འདི། །རང་ཉིད་ཐོས་གྲངས་ཉུང་དང་གཞན་ལ་ཕན་པའི་བློས། །དཔལ་ལྡན་ས་སྐྱར་གསོལ་བ་བཏབ་ནས་ཞུས་འདི་ལ། །རྗེས་སུ་ཡི་རང་བྱེད་རྣམས་རྒྱུད་འདིར་མོས་པ་ཡིན།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

 

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*