གུར་གྱི་བསྡུས་དོན།

༼ཇ༽

༄༅། །གུར་གྱི་བསྡུས་དོན་བཞུགས་སོ།།

༄༅། །འཕགས་པ་མཁའ་འགྲོ་མ་རྡོ་རྗེ་གུར་ལ་ཕྱག་འཚལ་ལོ། །རྡོ་རྗེ་གུར་གྱི་རྒྱུད་ལ་དོན་གསུམ་སྟེ། ལེའུ་དང་པོ་གླེང་གཞི་ཕུན་སུམ་ཚོགས་པས་རྒྱུད་ཀྱི་ལུས་མདོར་བསྟན་པ་དང༌། རྒྱུད་ཀྱི་ལུས་དངོས་དང༌། འཁོར་གྱི་རྗེས་སུ་ཡི་རང་བའི་མདོའོ། །དང་པོ་ལ་གཉིས། ལེའུའི་དོན་དང༌། ལེའུའི་མིང་ངོ༌། །དོན་ལ་ལྔ་སྟེ། གནས་དང༌། སྟོན་པ་དང༌། དུས་དང༌། འཁོར་དང༌། དེའི་ཕྲིན་ལས་ཆོས་ཕུན་སུམ་ཚོགས་པའོ། །དང་པོ་ལ་གསུམ་སྟེ། བཤད་པ་དུ་མ་ལ་སྦྱོར་ཡང་གཙོར་རྒྱུའི་རྒྱུད་ལ་བཞུགས་པར་བསྟན་པ་དང༌། གཙོར་ཐབས་ཀྱི་རྒྱུད་ལ་བཞུགས་པར་བསྟན་པ་དང༌། འབྲས་བུའི་རྒྱུད་ལ་བཞུགས་པར་བསྟན་པའོ། །དང་པོ་ལ་གསུམ། སྦྱང་གཞི་དང་སྦྱོང་བྱེད་ཀྱི་ཚུལ་གྱིས་འབྱུང་བ་ལྔས་བསྡུས་པ་ལ་བཞུགས་པ་དང༌། སྦྱང་གཞི་དང་སྦྱོང་བྱེད་ཀྱི་བསྐྱེད་རིམ་པ་ལ་བཞུགས་པ་དང༌། སྦྱང་གཞི་གཙོར་སྦྱོང་བྱེད་དང་བཅས་པ་སྣོད་བཅུད་ལ་བཞུགས་པར་བསྟན་པའོ། །འདི་ལ་གསུམ་སྟེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་དང༌། རབ་ཏུ་རྒྱས་པར་བཤད་པའོ། །དེ་ལ་གཉིས། ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱིས་བསྡུས་པ་དང༌། ཁམས་གསུམ་གྱིས་བསྡུས་པའོ། །ལམ་ལ་བཞུགས་པ་ལ་ཆོས་ལྔ་སྟེ། མངོན་པར་རྟོགས་པ་རྒྱུད་གསུམ་ལ་འཇུག་ཅིང་འཕགས་པ་ཉན་ཐོས་ཀྱིས་བསྟན་པའི་ལམ་དང་འབྲས་བུ་ལ་བཞུགས་པ་དང༌། རྒྱུད་གསུམ་ལ་འཇུག་ཅིང་རང་སངས་རྒྱས་ཀྱིས་བསྟན་པའི་ལམ་དང་འབྲས་བུ་ལ་བཞུགས་པ་དང༌། རྣལ་འབྱོར་སྤྱོད་པ་བས་ཁས་བླངས་པའི་ལམ་དང་འབྲས་བུ་ལ་བཞུགས་པ་དང༌། དབུ་མ་པས་ཁས་བླངས་པའི་ལམ་དང་འབྲས་བུ་ལ་བཞུགས་པ་དང༌། རྡོ་རྗེ་ཐེག་པ་བས་ཁས་བླངས་པའི་ལམ་དང་འབྲས་བུ་ལ་བཞུགས་པའོ། །འཁོར་ཕུན་སུམ་ཚོགས་པ་ལ་གཉིས། དེ་བཞིན་གཤེགས་པའི་འཁོར་དང༌། ལྷ་མོའི་འཁོར་རོ། །དེ་ལ་གཉིས། ལྷ་མོའི་གྲངས་དང༌། དེ་རྣམས་ཀྱི་སྤྱིའི་རྣམ་པ་བསྟན་པའོ། །འཁོར་གྱི་ཕྲིན་ལས་ཆོས་ཕུན་སུམ་ཚོགས་པ་ལ་གསུམ། ཕྲིན་ལས་ཀྱི་སྒོ་ནས་དོན་ཇི་ལྟར་མཛད་པ་དངོས་དང༌། དོན་མཛད་པའི་འཐད་པ་དང༌། ཕྲིན་ལས་ལ་རྩོད་པ་སྤང་བའོ། །དང་པོ་ལ་གཉིས། ཕྲིན་ལས་རྒྱས་པར་བསྟན་པ་དང༌། བསྡུས་ཏེ་བསྟན་པའོ། །དང་པོ་ལ་གཉིས་ཏེ། ལྷ་མོ་རྣམས་ཀྱི་ཕྲིན་ལས་དང༌། དེ་བཞིན་གཤེགས་པ་རྣམས་ཀྱི་ཕྲིན་ལས་སོ། །དེ་ལ་གཉིས། གསུང་གིས་དོན་མཛད་པ་དང༌། སྐུས་དོན་མཛད་པའི་ཚུལ་ལོ། །བསྡུས་ཏེ་བསྟན་པ་ལ་ཡང་གཉིས། སྐུས་མཛད་པ་དང༌། གསུང་གིས་མཛད་པའོ། །ཕྲིན་ལས་ལ་རྩོད་པ་སྤང་བ་ལ་ཡང་གཉིས། རྒོལ་བ་དགོད་པ་དང༌། ལན་གདབ་པའོ། །དེ་ལ་བཞི། སྟོང་པ་ཙམ་གྱིས་སངས་རྒྱས་མི་ཐོབ་པ་དང༌། སྟོང་པ་གསུངས་པའི་དགོས་པ་དང༌། ཐབས་ཀྱི་རྣམ་པས་དོན་མཛད་པའི་འཐད་པ་དང༌། དོན་བསྡུ་བའོ། །ལེའུ་དང་པོའོ།།  །།རྒྱུད་ཀྱི་ལུས་རྒྱས་པ་ལ་ལེའུ་བཅུ་བཞིས་སྟོན་ཏོ། དེ་ལ་ལེའུ་གཉིས་པ་ལ་དོན་གཉིས་ཏེ། ལེའུའི་དོན་དང༌། ལེའུའི་མིང་ངོ༌། །དང་པོ་ལ་དོན་ལྔ། མཆོད་པ་ལ་སོགས་པ་མི་འདྲ་བའི་ཁྱད་པར་རིགས་ལྔས་ཕྱེ་བ་དང༌། ལས་རྒྱས་པའི་ལྷའི་རྣལ་འབྱོར་དང༌། སངས་རྒྱས་ཀྱི་དེ་ཁོ་ན་ཉིད་དང༌། རྒྱུད་འབུམ་ཕྲག་ལྔའི་གྲངས་དང༌། སངས་རྒྱས་ཀྱི་གར་བསྟན་པའོ། །དང་པོ་ལ་བཞི། མཆོད་པ་དང༌། དཀྱིལ་འཁོར་གྱི་ཚད་དང༌། སྤྱོད་ལམ་གྱི་རྣལ་འབྱོར་དང༌། རྡུལ་ཚོན་གྱི་ཁ་དོག་བསྟན་པའོ། །དང་པོ་ལ་ལྔ། མཚམས་སྦྱར་བ་དང༌། འདོད་ཡོན་ལྔའི་མཆོད་པ་སྤྱིར་བསྟན་པ་དང༌། བྱེ་བྲག་ཏུ་དྲིའི་མཆོད་པ་དང༌། བྱེ་བྲག་ཏུ་རོའི་མཆོད་པ་དང༌། མེ་ཏོག་གི་ཁ་དོག་གིས་ཕྱེ་བའི་མཆོད་པ་བྱེ་བྲག་ཏུ་བསྟན་པའོ། །ལས་རྒྱས་པའི་ལྷའི་རྣལ་འབྱོར་ལ་གཉིས། འབྱུང་པོ་འདུལ་དང༌། སྟོབས་པོ་ཆེའོ། །སྔ་མ་ལ་བཞི་སྟེ། མཚམས་སྦྱར་བ་དང༌། རྣལ་འབྱོར་དངོས་དང༌། རྣལ་འབྱོར་གྱི་དགོས་པ་དང༌། སྔགས་བསྟན་པའོ། །སྟོབས་པོ་ཆེའི་རྣལ་འབྱོར་ལ་ལྔ། མཚམས་སྦྱར་བ་དང་ལྷའི་རྣལ་འབྱོར་དང༌། སྔགས་བསྟན་པ་དང༌། ཞལ་གྱི་ཁ་དོག་དང༌། རྒྱན་དང༌། རྣལ་འབྱོར་གྱི་དགོས་པའོ། །སངས་རྒྱས་ཀྱི་དེ་ཁོ་ན་ཉིད་ལ་གསུམ་སྟེ། མཚམས་སྦྱར་བ་དང༌། དེ་ཁོ་ན་ཉིད་དངོས་དང༌། དེ་ཁོ་ན་ལ་གནས་ཀྱང་མ་གྲུབ་ན་སྟོབས་ཀྱིས་བསྒྲུབ་པའོ། །དེ་ཁོ་ན་ཉིད་དངོས་ལ་གཉིས། དཀྱིལ་འཁོར་འཁོར་ལོའི་ཐབས་མདོར་བསྟན་པ་དང༌། རྒྱས་བཤད་གཉིས་ཀྱིས་རང་བྱིན་བརླབ་སྟོབས་ཀྱིས་བསྒྲུབ་པ་དང་བཅས་པ་བསྟན་པའོ།།  །།སངས་རྒྱས་ཀྱི་གར་ལ་གཉིས། མཚམས་སྦྱར་བ་དང༌། དོན་དངོས་སོ། །དེ་ལ་བརྒྱད་དེ། སངས་རྒྱས་ཀྱི་གར་གྱི་དགོས་པ་དང༌། གར་དངོས་དང༌། གར་བྱ་བའི་དུས་དགོས་པ་དང་བཅས་པ་དང༌། གར་གྱི་ལྷའི་གྲངས་དང༌། གར་གྱི་རྒྱན་ལ་སོགས་པའི་རྒྱུ་དང༌། གར་གྱི་གནས་དང༌། གར་གྱི་ཡན་ལག་དང༌། དགོས་པ་དང་ལྡན་པའི་གར་སྒྲུབས་པར་གདམས་པའོ། །གར་དངོས་ལ་གཉིས། རྡོ་རྗེ་སློབ་དཔོན་གྱིས་དམ་བཅའ་བའི་ཚིག་དང༌། མི་གཡོ་བའི་ཆེ་བས་བརྒལ་བའི་སྒོ་ནས་དེ་ཁོ་ན་ཉིད་བསྟན་པའོ། །དེ་ལ་གསུམ། བརྒལ་བ་དང་ལན་གྱི་སྒོ་ནས་ལྷ་དགུ་སོ་སོའི་དེ་ཁོ་ན་ཉིད་བསྟན་པ་དང༌། ཁྱད་པར་དུ་རིགས་ལྔའི་དེ་ཁོ་ན་ཉིད་དང༌། དམ་བཅའ་བ་བརྫུན་གྱི་ཚིག་ཏུ་བསྟན་པའོ། །ལེའུ་གཉིས་པའོ།།  །།ལེའུ་གསུམ་པ་ལ་གཉིས། ལེའུའི་དོན་དང༌། ལེའུའི་མིང་ངོ༌། །དང་པོ་ལ་གཉིས། གཏོར་མའི་ཆོ་ག་དང༌། མིང་གི་དབང་བསྟན་པའོ། །དང་པོ་ལ་གཉིས། མཚམས་སྦྱར་བ་དང༌། དོན་དངོས་སོ། །དེ་ལ་གསུམ། མགྲོན་གྱི་ཏིང་ངེ་འཛིན་དང༌། དེ་ལ་མཆོད་པའི་ཆོ་ག་དང༌། གཤེགས་སུ་གསོལ་བའི་བྱ་བའོ། །དང་པོ་ལ་བཞི་སྟེ། མགྲོན་བསྒོམ་པའི་གནས་དང༌། མགྲོན་དངོས་དང༌། དེའི་དབུ་རྒྱན་དང༌། དགུག་གཞུག་ཇི་ལྟར་བྱ་བའོ། །མགྲོན་དངོས་ལ་བཞི། མགྲོན་གྱི་གྲངས་སྤྱིར་བསྟན་པ་དང༌། དམ་ཚིག་པ་བསྐྱེད་པའི་ས་བོན་དང༌། མགྲོན་གྱི་ཁ་དོག་དང༌། ཐུན་མོང་གི་མཚན་ཉིད་བསྟན་པའོ། །རྡོ་རྗེའི་མིང་ལ་བཞི་སྟེ། མཚམས་སྦྱར་བ་དང༌། མིང་གི་དུས་དགོས་པ་དང་བཅས་པ་དང༌། མིང་དངོས་རྒྱས་པར་བསྟན་པ་དང༌། མིང་མཇུག་བསྡུས་ཏེ་བསྟན་པའོ། །རྒྱས་པར་བསྟན་པ་ལའང་གསུམ། ཕྱག་རྒྱ་ཆེན་པོ་གྲུབ་པའི་མིང་དང༌། རྡོ་རྗེ་མཁའ་འགྲོ་མའི་མིང་དང༌། དེ་བཞིན་གཤེགས་པ་རྣམས་ཀྱི་མིང་བསྟན་པའོ། །ལེའུ་གསུམ་པའོ།།  །།ལེའུ་བཞི་པ་ལ་དོན་གཉིས། ལེའུའི་དོན་དང༌། ལེའུའི་མིང་ངོ༌། །ལེའུའི་དོན་ལ་བདུན། རྗོད་བྱེད་སྒྲའི་རྒྱུད་རྒྱས་པ་དང་བསྡུས་པའི་དོན་གཏན་ལ་དབབ་པ་དང༌། རིགས་ལྔ་སོ་སོ་བསྒོམ་པའི་གནས་བསྟན་པ་དང༌། ཕྱག་རྒྱ་རྣམ་པར་རྒྱལ་བའི་དོན་བསྟན་པ་དང༌། རིག་པའི་དབང་བསྐུར་བ་བསྟན་པ་དང༌། རིམ་པ་གཉིས་ཀྱི་དོན་བསྒོམ་པ་འབྲས་བུ་གྲུབ་པའི་རྟགས་དང་བཅས་ཏེ་བསྟན་པ་དང༌། མི་བསྐྱོད་པའི་མངོན་པར་རྟོགས་པའི་མཚན་ཉིད་དང༌། ཁྲོ་བོ་བཅུའི་སྔགས་དང་ལས་ཀྱི་ཚོགས་བསྟན་པའོ། །དང་པོ་ལ་གསུམ་སྟེ། རྒྱུད་རྒྱས་པའི་བརྟག་པའི་གྲངས་དང༌། ཐབས་དང་ཤེས་རབ་ཀྱི་རྒྱུད་ཀྱི་གནས་ལུགས་དང༌། རྒྱུད་བསྡུས་པའི་དགོས་པ་བསྟན་པའོ། །ཕྱག་རྒྱ་རྣམ་པར་རྒྱལ་བ་ལ་ལྔ། ཕྱག་རྒྱའི་དེ་ཁོ་ན་ཉིད་བསྟན་པ་དང༌། དེས་ན་མཁའ་འགྲོ་མའི་རྒྱུད་དུ་བསྟན་པ་དང༌། མཁའ་འགྲོ་མའི་ངེས་པའི་ཚིག་བསྟན་པའི་ཕྱིར་སྒྲ་བསྒྲུབ་པ་དང༌། མཁའ་འགྲོ་མའི་རྒྱུད་གསུངས་པའི་དགོས་པ་དང༌། དེ་ལ་བདག་མེད་མ་དགེས་པ་ཉིད་ཀྱི་སྒྲུབ་པའི་ཐབས་གསུངས་པའོ། །དང་པོ་ལ་གསུམ། མཚམས་སྦྱར་བ་དང༌། སྐུ་གསུང་ཐུགས་ཀྱི་ཕྱག་རྒྱར་བསྡུ་བ་དང༌། ལྷ་མོ་རྣམས་ཀྱི་ཕྱག་མཚན་སྐུའི་ཕྱག་རྒྱའི་དེ་ཁོ་ན་ཉིད་དོ། །མཁའ་འགྲོ་མའི་སྒྲ་བསྒྲུབ་པ་ལ་གསུམ། ཞུས་པ་དང༌། ལུང་དང་ངེས་ཚིག་གཉིས་ཀྱིས་དེའི་ལན་བསྟན་པ་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཆེད་དུ་བརྗོད་པའོ། །མཁའ་འགྲོ་མའི་རྒྱུད་གསུངས་པའི་དགོས་པ་ལ་གཉིས་ཏེ། དེ་བཞིན་གཤེགས་པ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་ལ་བསྐུལ་བ་དང༌། བྱང་ཆུབ་སེམས་དཔས་ལན་གསོལ་བའོ། །འདི་ལ་གཉིས་ཏེ། མཁའ་འགྲོ་མའི་རྒྱུད་གསུངས་པའི་འཐད་པ་དང༌། དེ་རྒྱུད་ཐམས་ཅད་ཀྱི་སྙིང་པོར་བསྟན་པའོ། །བདག་མེད་མའི་སྒྲུབ་ཐབས་ལ་གཉིས། མཚམས་སྦྱར་བ་དང༌། དོན་དངོས་སོ། །དེ་ལ་གཉིས། བདག་མེད་མའི་ཆེ་བ་དང༌། སྒྲུབ་པའི་ཐབས་སོ། །སྔ་མ་ལ་བཞི་སྟེ། བདག་མེད་མ་སྤངས་ན་དངོས་གྲུབ་མི་འབྱུང་བར་བསྟན་པ་དང༌། དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་ཡིན་པའི་འཐད་པ་དང༌། མཉེས་ན་དངོས་གྲུབ་ཐམས་ཅད་འབྱུང་བའི་རྩ་བ་ཡིན་པའི་འཐད་པ་དང༌། སྤངས་ན་མི་འགྲུབ་ཅིང་མཉེས་ན་འགྲུབ་པ་བསྡུས་ཏེ་བསྟན་པའོ། །སྒྲུབ་པའི་ཐབས་དངོས་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དེ་ལ་བཞི། སྣང་ལ་རང་བཞིན་མེད་པར་བསྒོམ་པ་དང༌། རང་བཞིན་མེད་པར་རྟོགས་པར་བྱ་བའི་ཕྱིར་དེ་ཁོ་ན་ཉིད་ཀྱི་མཆོད་པའི་ཆོ་ག་དང༌། ཐུགས་བསྐུལ་བའི་སྔགས་བསྟན་པ་དང༌། དཀྱིལ་འཁོར་འཁོར་ལོའི་མངོན་པར་རྟོགས་པ་བསྒོམ་པའི་ཚུལ་ལོ། །སྤྱི་དོན་བཞི་པ་རིག་པའི་དབང་བསྐུར་བ་ལ་གཉིས། མཚམས་སྦྱར་བ་དང༌། དོན་དངོས་སོ། །དེ་ལ་བཞི་རིག་པའི་དབང་ལྔ་དང༌། ཐུན་མོང་གི་བརྟུལ་ཞུགས་དང༌། རྡོ་རྗེ་འཆང་ཆེན་པོའི་དབང་དང༌། དབང་གི་མཐའ་རྟེན་ལུང་བསྟན་དང་དབུགས་དབྱུང་བསྟན་པའོ། །རིམ་པ་གཉིས་ཀྱི་དོན་བསྒོམ་པ་འབྲས་བུ་གྲུབ་པའི་རྟགས་དང་བཅས་ཏེ་བསྟན་པ་ལ་གཉིས་ཏེ། ལམ་རིམ་པ་གཉིས་བསྒོམ་པ་དང༌། གྲུབ་པའི་རྟགས་འབྲས་བུ་དང་བཅས་པའོ། །དང་པོ་ལ་གཉིས། རྒྱུ་ཏིང་ངེ་འཛིན་ལ་བཞུགས་པ་དང༌། ལམ་དངོས་སོ། །དེ་ལ་གཉིས། བསྐྱེད་པའི་རིམ་པ་དང༌། རྫོགས་པའི་རིམ་པའོ། །གྲུབ་པའི་རྟགས་ལ་གཉིས། རྟགས་དངོས་དང༌། རིམ་གཉིས་བསྒོམ་པ་ལ་སངས་རྒྱས་རྣམས་རྗེས་སུ་ཐུགས་རང་བའོ། །མི་བསྐྱོད་པའི་མངོན་རྟོགས་བསྟན་པ་ལ་གསུམ། འབྲས་བུ་རྡོ་རྗེ་འཛིན་པ་བཞེངས་པ་དང༌། ཀུན་ལ་འཇུག་པ་སྐྱེ་མཆེད་དང༌། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང༌། འཁོར་གྱི་ལྷ་མོ་བསྟན་པའོ། །ཁྲོ་བོ་བཅུའི་སྔགས་དང་ལས་བསྟན་པ་ལ་གསུམ་སྟེ། ཁྲོ་བོ་བཅུའི་སོ་སོའི་མངོན་པར་རྟོགས་པ་དང༌། གཙུག་ཏོར་འཁོར་ལོས་སྒྱུར་བ་ལ་གཞི་བཅས་ནས་ཐམས་ཅད་ཀྱི་མངོན་པར་རྟོགས་པ་སྤྱིར་བསྟན་པ་དང༌། དེ་དག་གི་གནས་དང་བསྒོམ་ཚུལ་ཕན་ཡོན་དང་བཅས་པ་བསྟན་པའོ། །ལེའུ་བཞི་པའོ།།  །།ལེའུ་ལྔ་པ་ལ་དོན་གཉིས་ཏེ། ལེའུའི་དོན་དང༌། ལེའུའི་མིང་ངོ༌། །དང་པོ་ལ་བཞི། རིགས་ཐམས་ཅད་ཀྱི་དམ་ཚིག་སེམས་དཔའ་སུམ་བརྩེགས་སུ་བསྒོམ་པ་བསྟན་པ་དང༌། རིགས་དང་རྗེས་སུ་མཐུན་པའི་མཆོད་པ་དང༌། བསྡུས་པ་ཆེན་པོའི་དམ་ཚིག་དང༌། གཙོ་བོ་རྣམས་ཀྱི་ཕྱག་མཚན་དང་དེའི་དག་པ་བསྟན་པའོ། །བསྡུས་པ་ཆེན་པོའི་དམ་ཚིག་ལ་དགུ། གཞལ་ཡས་ཁང་སྲུང་བའི་འཁོར་ལོའི་དབུས་སུ་བསྒོམ་པ་དང༌། དཀྱིལ་འཁོར་ལྔའི་མཚན་ཉིད་རྡུལ་ཚོན་དང་བཅས་ཏེ་བསྟན་པ་དང༌། རིགས་ལྔའི་དག་པ་དང༌། མི་བསྐྱོད་པ་གཙོ་བོར་གྱུར་པའི་དཀྱིལ་འཁོར་གྱི་བཀོད་པ་དང༌། དཀྱིལ་འཁོར་གྱི་རྡུལ་ཚོན་གྱི་རྣམ་པར་གཞག་པ་དང༌། གཙོ་བོ་འཕོ་བའི་གནད་དང༌། དཀྱིལ་འཁོར་བསྡུས་པ་དང༌། རྐྱང་པ་བསྒོམ་པ་དང༌། བསྡུས་པ་རྒྱས་བསྡུས་གཉིས་ཀྱི་ལྷའི་གྲངས་དང༌། བསྡུས་པ་གཉིས་པ་དགོས་པའི་སྒོ་བ་བསྟན་པའོ། །ཕྱག་མཚན་དག་པ་དང་བཅས་ཏེ་བསྟན་པ་ལ་གཉིས། གཙོ་བོ་བཞིའི་ཕྱག་མཚན་བསྟན་པ་དང༌། ལྔ་ཀའི་གཡས་ཀྱི་ཕྱག་མཚན་རྣམས་ཀྱི་དག་པ་བསྟན་པའོ། །ལེའུ་ལྔ་པའོ།།  །།ལེའུ་དྲུག་པ་ལ་གཉིས། ལེའུའི་དོན་དང༌། ལེའུའི་མིང་ངོ༌། །སྔ་མ་ལ་བདུན་ཏེ། གཙོ་བོ་རྣམས་ལ་ཕྱག་རྒྱ་བཞིའི་རྒྱས་གདབ་པ་དང༌། ཏིང་ངེ་འཛིན་སེམས་དཔའ་ལ་སྤྲོ་བསྡུ་བསྒོམ་པ་དང༌། ཏིང་ངེ་འཛིན་སེམས་དཔའ་ཉིད་ཇི་ལྟར་བསྒོམ་པ་དང༌། བསམ་གཏན་གྱི་དཀྱིལ་འཁོར་གྱི་རྒྱ་ཁྱོན་དང༌། ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲང་བ་དང༌། བཟླས་པའི་ཡུལ་བཟླས་པའི་ཕན་ཡོན་དང་བཅས་ཏེ་བསྟན་པ་དང༌། རིམ་པ་གཉིས་ལ་བརྟེན་ནས་དངོས་གྲུབ་འབྱུང་བའི་རྒྱུ་མཚན་དང་བཅས་པའོ། །དེ་ཉིད་ལ་གཉིས་ཏེ། དངོས་གྲུབ་འབྱུང་བ་དངོས་དང༌། དེའི་འཐད་པའོ། །དེ་ལ་བཞི། སེམས་རང་བཞིན་གྱིས་དྲི་མ་དང་བྲལ་བ་དང༌། སེམས་ཀྱི་ཡོན་ཏན་དང༌། སེམས་ཀྱི་རང་བཞིན་ཡོན་ཏན་དང་བཅས་པ་དང༌། སེམས་ཀྱི་ནུས་པའི་མཐུ་བསྟན་པའོ། །ལེའུ་དྲུག་པའོ།།  །།ལེའུ་བདུན་པ་ལ་གཉིས་ཏེ། ལེའུའི་དོན་དང༌། ལེའུའི་མིང་ངོ༌། །སྔ་མ་ལ་ལྔ་སྟེ། བསྐྱེད་པའི་རིམ་པ་ཡན་ལག་དྲུག་ཏུ་བསྒོམ་པ་དང༌། གཞལ་ཡས་ཁང་བསྐྱེད་ཅིང་ལྷ་དགོད་པ་དང༌། ཐུན་མོང་མ་ཡིན་པའི་དབང་བཞི་བསྟན་པ་དང༌། བཟའ་བའི་དམ་ཚིག་བཅུད་ཀྱིས་ལེན་དང་བཅས་པ་དང༌། རྣལ་འབྱོར་པའི་ཁམས་ཀྱི་དག་པ་བསྟན་པའོ། །དང་པོ་ལ་གསུམ། རྒྱུའི་ཏིང་ངེ་འཛིན་དང༌། ཡན་ལག་དྲུག་མདོར་བསྟན་པ་དང༌། སྔགས་དང་བཅས་ཏེ་རྒྱས་པར་བཤད་པའོ། །དབང་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དེ་ལ་བཞི། བུམ་པ་དང༌། གསང་བ་དང༌། ཤེས་རབ་ཡེ་ཤེས་དང༌། བཞི་པའོ། །བཟའ་བའི་དམ་ཚིག་ལ་གསུམ། ཤ་ལྔ་བསྟེན་པ་ཕན་ཡོན་དང་བཅས་པ་དང༌། བདུད་རྩི་ལྔ་བསྟེན་པ་ཕན་ཡོན་དང་བཅས་པ་དང༌། ཞུ་བ་དང་ཁྲག་བསྟེན་པ་ཕན་ཡོན་དང་བཅས་པའོ། །ལེའུ་བདུན་པའོ།།  །།ལེའུ་བརྒྱད་པ་ལ་གཉིས། ལེའུའི་དོན་དང༌། ལེའུའི་མིང་ངོ༌། །དང་པོ་ལ་བཅུ་གཅིག འབྲས་བུ་རྡོ་རྗེ་འཛིན་པར་བཞེངས་པའི་ཕྱིར་གླུས་བསྐུལ་བ་དང༌། སྐྱེ་མཆེད་དྲུག་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་ཕན་ཡོན་དང་བཅས་ཏེ་བསྟན་པ་དང༌། དོན་དམ་པར་སྦྱང་དུ་མེད་ཀྱང་ཀུན་རྫོབ་ཏུ་སྦྱོང་བའི་ཐབས་ཁྱད་པར་ཅན་དང་བཅས་པ་དང༌། ལས་རྒྱས་པའི་ལྷའི་རྣལ་འབྱོར་བསྟན་པ་དང༌། རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་བསྟན་པའི་སྒོ་ནས་བརྙས་པའི་ཉེས་དམིགས་དང་མཉེས་པའི་ཕན་ཡོན་བསྟན་པ་དང༌། ནང་གི་སྦྱིན་སྲེག་གཙོར་བསྟན་ཅིང་ཞར་ལ་ཕྱིའི་སྦྱིན་སྲེག་ཀྱང་ཅུང་ཟད་བསྟན་པ་དང༌། མཆོག་ཐུན་མོང་གི་འབྲས་བུའི་རྒྱུད་བསྟན་པ་དང༌། ཕྱག་རྒྱ་དང་སྒྲུབ་པ་པོའི་མཚན་ཉིད་བསྟན་པ་དང༌། རིགས་ལྔ་ལ་བསྟོད་པ་བསྡུས་པ་དང༌། དཀྱིལ་འཁོར་གྱི་བྱ་བ་དང༌། སྦྱིན་སྲེག་གི་ཡན་ལག་བསྟན་པའོ། །གསུམ་པ་ལ་གསུམ། དོན་དམ་པར་སྦྱང་དུ་མེད་པ་དང༌། ཀུན་རྫོབ་ཏུ་སྦྱང་དགོས་པ་དང༌། ཐབས་ཁྱད་པར་ཅན་བསྟན་པའོ། །དེ་ལ་ལྔ་སྟེ། བསྣན་པའི་གཉེན་པོ་དང༌། རིགས་འདྲའི་གཉེན་པོ་དང༌། སྦམས་པའི་གཉེན་པོ་དང༌། བཟློག་པའི་གཉེན་པོ་དང༌། རིགས་འདྲའི་གཉེན་པོ་རྒྱས་པར་བཤད་པའོ། །ལས་རྒྱས་པ་ལ་གཉིས། རྡོ་རྗེ་སྒྲོལ་མ་དང༌། ཤེས་རབ་ཕ་རོལ་ཕྱིན་མའོ། །དང་པོ་ལ་གཉིས། བཤད་པར་དམ་བཅའ་བ་དང༌། དོན་དངོས་སོ། །དེ་ལ་བཞི་གཟུངས་སྔགས་དང༌། མངོན་པར་རྟོགས་པ་དང༌། སྔགས་ཕན་ཡོན་དང་བཅས་པ་དང༌། ལས་ཀྱི་ཚོགས་བཅུ་བཞི་སོ་སོར་བསྟན་པའོ། །ཕ་རོལ་ཏུ་ཕྱིན་མ་ལ་གཉིས་ཏེ། བཤད་པར་དམ་བཅའ་བ་དང༌། དོན་དངོས་སོ། །དེ་ལ་དྲུག བསྒོམས་པའི་ཕན་ཡོན་དང༌། མངོན་པར་རྟོགས་པ་དངོས་དང༌། བསྒྲུབ་པའི་ཚད་ཕན་ཡོན་དང་བཅས་པ་དང༌། བསྙེན་པའི་གྲངས་ཕན་ཡོན་དང་བཅས་པ་དང༌། གསང་སྔགས་དངོས་དང༌། སྒྲུབ་པའི་ཐབས་ཕན་ཡོན་དང་བཅས་པའོ། །རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་བསྟན་པའི་སྒོ་ནས་བརྙས་པའི་ཉེས་དམིགས་དང་མཉེས་པའི་ཕན་ཡོན་ལ་གསུམ། མཚན་ཉིད་དང༌། ཉེས་དམིགས་དང༌། གུས་པའི་ཕན་ཡོན་ནོ། །ནང་གི་སྦྱིན་སྲེག་གཙོར་བསྟན་ཅིང་ཕྱིའི་སྦྱིན་སྲེག་ལ་གཉིས། ནང་གི་སྦྱིན་སྲེག་དང༌། ཕྱིའི་དང་ཐུན་མོང་དུ་ཁ་དོག་དང་མེ་ཏོག་བསྟན་པའོ། །འབྲས་བུ་ལ་གསུམ་སྟེ། སྤང་བར་བྱ་བའི་གང་ཟག་དང༌། བསྒྲུབ་པར་བྱ་བའི་ལམ་དང༌། འབྲས་བུ་དངོས་སོ། །དེ་ལ་གཉིས། ཐུན་མོང་གི་འབྲས་བུ་དང༌། མཆོག་གི་འབྲས་བུའོ། །དེ་ལ་བཞི། འཁོར་གྱི་ཁྱད་པར་དང༌། ཆོས་སྐུའི་མཚན་ཉིད་དང༌། ལོངས་སྐུའི་མཚན་ཉིད་དང༌། སྤྲུལ་སྐུའི་མཚན་ཉིད་དོ། །དེ་ལ་གཉིས། སངས་རྒྱས་ཀྱི་མཛད་པ་བཅུ་གཉིས་དང༌། གང་ལ་ཅིས་འདུལ་གྱི་རྣམ་པའོ། །དཀྱིལ་འཁོར་གྱི་བྱ་བ་ལ་བཞི། ཡེ་ཤེས་ཀྱི་ཐིག་དང༌། སའི་ཆོ་ག་དང༌། ཐིག་གི་ཆོ་གས་སྦྱང་བ་དང་བཅས་པ་དང༌། རྡུལ་ཚོན་གྱི་བྱ་བའོ། །སྦྱིན་སྲེག་གི་ཡན་ལག་ལ་ལྔ། ཐབ་ཀྱི་དབྱིབས་དང༌། མེ་ལྷ་སྤྱན་དྲངས་ཏེ་མཆོད་པ་དང༌། བསྲེག་རྫས་བཅུ་པའི་སྔགས་དང༌། འཇིག་རྟེན་ལས་འདས་པའི་མེ་ལྷ་སྤྱན་དྲང་བ་དང༌། གཤེགས་སུ་གསོལ་བའོ། །ལེའུ་བརྒྱད་པའོ།།  །།ལེའུ་དགུ་པ་ལ་གཉིས། ལེའུའི་དོན་དང༌། ལེའུའི་མིང་ངོ༌། །སྔ་མ་ལ་བདུན། རབ་གནས་དང༌། སྟོབས་ཀྱིས་བསྒྲུབ་པ་དྲག་ཤུལ་གྱི་ལས་དང༌། གཙོ་བོ་རིགས་བཞི་སོ་སོའི་མཚན་ཉིད་སྐུ་མདོག་ལ་སོགས་པ་དང༌། སློབ་དཔོན་ལ་རིགས་དང་རྗེས་སུ་མཐུན་པའི་ཡོན་དབུལ་བ་དང༌། རིགས་ལྔ་སོ་སོའི་གསང་སྔགས་ཕན་ཡོན་དང་བཅས་པ་དང༌། དཀྱིལ་འཁོར་གྱི་ཕྱིའམ་ནང་ངམ་ལྷའི་རང་སའི་དབྱིབས་བསྟན་པ་དང༌། གཙོ་བོ་རྣམས་ཀྱི་རྒྱན་བསྟན་པའི་ཞར་ལ་ལས་ཀྱི་ཕྱག་རྒྱ་བསྟེན་པའི་ཚུལ་བསྟན་པའོ། །དང་པོ་རབ་ཏུ་གནས་པ་ལ་ལྔ། དགོས་པ་དང༌། རྡོ་རྗེ་སློབ་དཔོན་གྱི་ཆས་གོས་དང༌། སྟ་གོན་དང༌། རབ་ཏུ་གནས་པ་དངོས་དང༌། དེ་ལ་མཆོད་པའོ། །སྟ་གོན་ལ་བཞི། བུམ་པ་སྟ་གོན་དང༌། ཡེ་ཤེས་པ་གཞུག་ཅིང་བརྟན་པར་བྱ་བ་དང༌། རྟེན་བཀྲུ་བ་དང༌། མཆོད་པའོ། །ལྔ་པ་མཆོད་པ་ལ་བཞི། བདུད་རྩི་དང༌། ལྷ་མོ་བརྒྱད་དང༌། བསྟོད་པ་དང༌། བདུད་རྩིའི་མཆོད་པ་རྒྱས་པའོ། །ལེའུ་དགུ་པའོ།།  །།ལེའུ་བཅུ་པ་ལ་གཉིས། ལེའུའི་དོན་དང༌། ལེའུའི་མིང་ངོ༌། །དང་པོ་ལ་གསུམ། ཀུན་འདར་དང༌། ཀུན་ཏུ་བཟང་པོའི་སྤྱོད་པ་དང༌། སྐྱེ་མཆེད་བྱིན་གྱིས་བརླབ་པའི་དགོས་པ་མངོན་པར་ཤེས་པ་དྲུག་བསྟན་པའོ། །དེ་ལ་གཉིས། ཐུན་མོང་གི་མངོན་ཤེས་ལྔ་དང༌། ཐུན་མོང་མ་ཡིན་པའི་ཟག་པ་ཟད་པའི་མངོན་པར་ཤེས་པའོ། །དང་པོ་ལ་བཞི། ལྷའི་མིག་དང་རྣ་བའི་མངོན་ཤེས་དང༌། གཞན་གྱི་སེམས་ཤེས་པ་དང༌། སྔོན་གྱི་གནས་རྗེས་སུ་དྲན་པ་དང༌། འཆི་འཕོ་དང་སྐྱེ་བ་ཤེས་པ་གཉིས་ཕྱོགས་གཅིག་ཏུ་བསྟན་པ་དང༌། རྫུ་འཕྲུལ་གྱི་མངོན་པར་ཤེས་པ་བསྟན་པའོ། །ལེའུ་བཅུ་པའོ།།  །།ལེའུ་བཅུ་གཅིག་པ་ལ་དོན་གཉིས། ལེའུའི་དོན་དང༌། ལེའུའི་མིང་ངོ༌། །དོན་ལ་བཞི། ལས་བཞིའི་ལྷའི་རྣལ་འབྱོར་དང༌། ལས་བཞིའི་བསམ་པའི་ཁྱད་པར་དང༌། གང་ལས་གང་དབང་དུ་བྱ་བ་ཕྱག་རྒྱ་བསྟེན་པའི་ཐབས་དང་བཅས་པ་དང༌། ལས་ཀྱི་སྔགས་ཀྱི་མཐའ་རྟེན་བསྟེན་པའོ། །ལེའུ་བཅུ་གཅིག་པའོ།།  །།ལེའུ་བཅུ་གཉིས་པ་ལ་དོན་གཉིས། ལེའུའི་དོན་དང༌། ལེའུའི་མིང་ངོ༌། །དང་པོ་ལ་གསུམ། བཤད་པར་དམ་བཅའ་བ་དང༌། བསྒོམ་པའི་གནས་དང༌། མངོན་པར་རྟོགས་པ་དངོས་སོ། །དེ་ལ་གསུམ། ཚོགས་གཉིས་བསག་པ་དང༌། རྣལ་འབྱོར་བསྒོམ་པའི་གོ་རིམ་དང༌། རྗེས་ལ་བཟླས་པ་བྱ་བའོ། །དང་པོ་ལ་གཉིས། བསོད་ནམས་ཀྱི་ཚོགས་དང༌། ཡེ་ཤེས་ཀྱི་ཚོགས་སོ། །རྣལ་འབྱོར་བསྒོམ་པའི་གོ་རིམ་ལ་གཉིས། རྟེན་བསྒོམ་པ་དང༌། བརྟེན་པ་བསྒོམ་པའོ། །བརྟེན་པ་ལ་ཡན་ལག་དྲུག་སྟེ། གཞལ་ཡས་ཁང་བསྐྱེད་པ་རྣམ་པར་སྣང་མཛད་ཀྱི་ཡན་ལག་དང༌། རྗེས་སུ་ཆགས་པ་རྡོ་རྗེ་སེམས་དཔའི་ཡན་ལག་དང༌། དབང་བསྐུར་བ་མི་བསྐྱོད་པའི་ཡན་ལག་དང༌། བསྟོད་པ་རིན་ཆེན་འབྱུང་ལྡན་གྱི་ཡན་ལག་དང༌། མཆོད་པ་དོན་ཡོད་གྲུབ་པའི་ཡན་ལག་དང༌། བདུད་རྩི་མྱང་བ་འོད་དཔག་ཏུ་མེད་པའི་ཡན་ལག་གོ །ཡན་ལག་གཉིས་པ་ལ་བཞི། རྒྱུ་རྡོ་རྗེ་འཛིན་པར་བསྐྱེད་པ་དང༌། འབྲས་བུ་རྡོ་རྗེ་འཛིན་པར་བཞེངས་པ་དང༌། སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང༌། ཞར་ལས་བྱུང་བ་བདག་མེད་མའི་དཀྱིལ་འཁོར་བསྟན་པའོ། །ལེའུ་བཅུ་གཉིས་པའོ།།  །།ལེའུ་བཅུ་གསུམ་པ་ལ་གཉིས། ལེའུའི་དོན་དང༌། ལེའུའི་མིང་ངོ༌། །དང་པོ་ལ་བཞི། རྗོད་བྱེད་ཀྱི་ཚོགས་བསྟན་པ་དང༌། བརྗོད་བྱའི་ཚོགས་བསྟན་པ་དང༌། དེ་ལ་འཁོར་རྣམས་ཀྱི་རྗེས་སུ་ཡི་རང་བ་བསྟན་པ་དང༌། སྤྱོད་པ་དང་དམ་ཚིག་བསྟན་པའོ། །དང་པོ་ལ་བཞི། ཞུས་པ་དང་ལན་གྱི་སྒོ་ནས་རྣལ་འབྱོར་མའི་རྒྱུད་ཀྱི་སྒྲ་འཇུག་པའི་རྒྱུ་མཚན་དང༌། ཐབས་ཀྱི་རྒྱུད་བརྒྱད་དང་ཤེས་རབ་ཀྱི་རྒྱུད་དྲུག་ཏུ་བསྟན་པ་དང༌། ཐབས་དང་ཤེས་རབ་ཀྱི་རྒྱུད་བསྟན་པའི་དགོས་པ་དང༌། རྒྱུད་སྡེ་བཞི་བསྟན་པའི་དགོས་པའོ། །བརྗོད་བྱའི་ཚོགས་བསྟན་པ་ལ་གསུམ། ཞུས་པ་དང་ལན་གྱི་སྒོ་ནས་སྟོང་པ་སྙིང་རྗེ་གཉིས་སུ་མེད་པར་བསྟན་པ་དང༌། བྱང་ཆུབ་ཀྱི་སེམས་སུ་འདུས་པ་དང༌། བདག་འཛིན་བཟློག་པའི་ཕྱིར་གཉིས་སུ་མེད་པར་འདུས་པའོ། །བཞི་པ་སྤྱོད་པ་དང་དམ་ཚིག་ལ་གསུམ། རྣལ་འབྱོར་ཆེན་པོ་སྤྱོད་པ་བདེ་བས་འགྲུབ་པ་དང༌། དམ་ཚིག་གི་རྣམ་གྲངས་གཞན་བསྟན་པ་དང༌། བླ་མ་མཉེས་པར་བྱ་བ་འཐད་པ་དང་བཅས་ཏེ་བསྟན་པའོ། །ལེའུ་བཅུ་གསུམ་པའོ།།  །།ལེའུ་བཅུ་བཞི་པ་ལ་གཉིས། ལེའུའི་དོན་དང༌། ལེའུའི་མིང་ངོ༌། །ལེའུའི་དོན་ལ་བཅོ་ལྔ། འབྲིང་གི་དངོས་གྲུབ་བསྒྲུབ་པ་དང༌། ཀུན་རྫོབ་ཏུ་དངོས་གྲུབ་ཐམས་ཅད་འབྱུང་བའི་འཐད་པ་དང༌། གསང་བ་དང་ཤེས་རབ་ཡེ་ཤེས་ཀྱི་དབང་གི་གསལ་བྱེད་དང༌། གདུག་པ་ཅན་བསྒྲལ་བའི་ཆོ་ག་དང༌། ཁྲོ་བོ་བཅུའི་སྲུང་འཁོར་དང༌། རྫོགས་རིམ་བསྒོམ་པ་དང༌། འབྲས་བུ་སངས་རྒྱས་ཀྱི་མཚན་ཉིད་དང༌། རིམ་པ་གཉིས་བསྒོམ་དགོས་པའི་འཐད་པ་སངས་རྒྱས་ཀྱི་མཚན་ཉིད་དང་བཅས་པ་དང༌། རྡོ་རྗེ་ཡན་ལག་མེད་པའི་སྒྲུབ་ཐབས་དང༌། རིགས་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སེམས་རྒྱས་པར་བསྟན་པ་དང༌། དཀྱིལ་འཁོར་དང་འབྲེལ་བའི་བྱ་བ་སྣ་ཚོགས་བསྟན་པ་དང༌། ཕྱི་དང་ནང་གི་སྦྱིན་སྲེག་དང༌། རྫོགས་རིམ་དཀྱིལ་འཁོར་གྱི་འཁོར་ལོ་ཉེ་བའི་རྒྱུ་དང་ཐུན་མོང་དུ་བསྟན་པ་དང༌། དཀྱིལ་འཁོར་གྱི་ས་གཟུང་བའི་བྱ་བ་དང༌། མཆོད་པའི་བྱ་བའོ། །དང་པོ་ལ་དྲུག རི་ལུ་དང༌། མིག་སྨན་དང༌། རྐང་བྱུག་དང༌། གནོད་སྦྱིན་མོ་དང༌། ས་འོག་གི་གཏེར་བསྒྲུབ་པ་དང༌། དེ་དག་གི་གཞུང་བསྡུ་བའོ། །ཀུན་རྫོབ་ཏུ་དངོས་གྲུབ་ཐམས་ཅད་འབྱུང་བའི་འཐད་པ་ལ་གཉིས། དངོས་གྲུབ་ཐམས་ཅད་སེམས་ལས་འབྱུང་བ་དཔེའི་སྒོ་ནས་བསྟན་པ་དང༌། སེམས་ལས་ཕྱི་རོལ་གྱི་དོན་འབྱུང་བ་བག་ཆགས་ཀྱིས་བསླད་པར་བསྟན་པའོ། །དབང་གི་གསལ་བྱེད་ལ་གསུམ། གསང་བའི་དབང་དང༌། ཤེས་རབ་ཡེ་ཤེས་ཀྱི་དབང་དང༌། བཟའ་བའི་དམ་ཚིག་གོ །གདུག་པ་ཅན་བསྒྲལ་བ་ལ་གསུམ། བསྒྲལ་བའི་ཡུལ་དང༌། བསྒྲལ་བའི་བསམ་གཏན་དང༌། བསམ་གཏན་གྱིས་མ་འགྲུབ་ན་ཚོགས་པ་ལ་བརྟེན་པ་བསྟན་པའོ། །ཁྲོ་བོ་བཅུའི་སྲུང་བའི་འཁོར་ལོ་ལ་དགུ། བཤད་པར་དམ་བཅའ་བ་དང༌། ཞལ་དང་ཕྱག་གི་གྲངས་དང༌། ཕྱག་མཚན་དང༌། བཞུགས་ཚུལ་དང༌། སྐུ་མདོག་དང༌། དབུ་རྒྱན་དང༌། དེའི་ཕྱི་རོལ་དུ་ཐུན་མོང་གི་སྲུང་འཁོར་བསྒོམ་པ་དང༌། དེའི་ནང་དུ་གཞལ་ཡས་ཁང་བསྒོམ་པ་དང༌། སྲུང་བའི་འཁོར་ལོའི་མཚན་ཉིད་ཚད་དང་བཅས་ཏེ་བསྟན་པའོ། །རྫོགས་པའི་རིམ་པ་བསྒོམ་པ་ལ་གསུམ། ཕྲ་མོའི་རྣལ་འབྱོར་དང༌། དེའི་ཉམས་སུ་མྱོང་བ་དང༌། ཕྱག་རྒྱའི་རྣལ་འབྱོར་བསྟན་པའོ། །འབྲས་བུ་སངས་རྒྱས་ཀྱི་མཚན་ཉིད་ལ་གསུམ། གནས་གྱུར་པ་དང༌། ཟུང་དུ་འཇུག་པ་དང༌། མི་གནས་པའི་མྱ་ངན་ལས་འདས་པའོ། །དང་པོ་ལ་བཞི། ཡིད་གནས་གྱུར་གྱི་མཚན་ཉིད་དང༌། ཕུང་པོ་དང་སྐྱེ་མཆེད་གནས་གྱུར་གྱི་མཚན་ཉིད་དང༌། བྱེ་བྲག་ཏུ་ལུས་གནས་གྱུར་གྱི་མཚན་ཉིད་དང༌། སངས་རྒྱས་དེའི་མིང་ངོ༌། །རིམ་པ་གཉིས་བསྒོམ་དགོས་པའི་འཐད་པ་སངས་རྒྱས་ཀྱི་མཚན་ཉིད་དང་བཅས་པ་ལ་གཉིས་ཏེ། འཐད་པ་དང༌། སངས་རྒྱས་ཀྱི་མཚན་ཉིད་དོ། །དང་པོ་ལ་གཉིས། སྦྱང་གཞི་གཉིས་པ་དམིགས་ནས་རིམ་པ་གཉིས་བསྒོམ་པར་འཐད་པ་དང༌། འབྲས་བུ་གཉིས་ལ་དམིགས་ནས་རིམ་པ་གཉིས་བསྒོམ་པར་འཐད་པའོ། །སངས་རྒྱས་ཀྱི་མཚན་ཉིད་ལ་གསུམ། མཚན་དང་དཔེ་བྱད་ཀྱིས་བསྡུས་པ་དང༌། ཡེ་ཤེས་ལྔས་བསྡུས་པ་དང༌། གཉིས་སུ་མེད་པའམ་ཟུང་འཇུག་གིས་བསྡུས་པའོ། །རྡོ་རྗེ་ཡན་ལག་མེད་པའི་སྒྲུབ་ཐབས་ལ་བཞི། བསྙེན་པ་དང༌། སྒྲུབ་པ་དང༌། སྔགས་ཕན་ཡོན་དང་བཅས་པ་དང༌། ས་བོན་གྱི་ཡི་གེའོ། །བྱང་ཆུབ་ཀྱི་སེམས་ལ་གཉིས། རིགས་ཐམས་ཅད་ཀྱི་བྱང་ཆུབ་སེམས་ཀྱི་ཡི་གེ་ཧཱུྃ་གི་ཆེ་བ་དང༌། སོ་སོའི་བྱང་ཆུབ་ཀྱི་སེམས་སོ། །དེ་ལ་གསུམ། ངོ་བོ་ཉིད་དང་འབྲས་བུའི་ཡེ་ཤེས་ལྔའི་རང་བཞིན། བསྟན་པའི་ཕྱིར་རིགས་ལྔའི་བྱང་ཆུབ་ཀྱི་སེམས་དང༌། ལམ་ཇི་ལྟར་སྒྲུབ་པའི་ཐབས་བསྟན་པའི་ཕྱིར་ཡུམ་ལྔའི་བྱང་ཆུབ་ཀྱི་སེམས་དང༌། འཁོར་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སེམས་སོ། །དང་པོ་ལ་ལྔ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང༌། མེ་ལོང་ལྟ་བུ་དང༌། མཉམ་པ་ཉིད་དང༌། སོ་སོར་རྟོག་པ་དང༌། བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་སྒོ་ནས་བསྒོམ་པའོ། །ཡུམ་གྱི་ལ་ལྔ། སྣང་བ་སྔོན་དུ་སོང་བའི་སྟོབས་དང༌། སྟོང་པ་སྔོན་དུ་སོང་བའི་སྣང་བ་དང༌། སྲིད་ཞི་མཉམ་པ་དང༌། དམིགས་མེད་བརྗོད་བྲལ་དང༌། སྒྱུ་མ་ལ་བློ་སྦྱངས་ལ་སྟོང་པས་རྒྱས་གདབ་པའོ། །དཀྱིལ་འཁོར་དང་འབྲེལ་པའི་བྱ་བ་སྣ་ཚོགས་ལ་བཞི། མདའ་གཞུའི་བཀོད་པ་དང༌། རོལ་མོའི་བྱ་བ་དང༌། བདུག་སྤོས་ཀྱི་སྦྱར་ཐབས་དང༌། རྐང་སྟབས་དང་ལག་སྟབས་ཀྱི་བཀོད་པ་མདོར་བསྟན་པའོ། །སྦྱིན་སྲེག་ལ་ལྔ་སྟེ། ནང་གི་སྦྱིན་སྲེག་དང༌། གཉིས་ཀ་ལ་ཐུན་མོང་དུ་རྫས་མ་འབྱོར་པ་རྣམས་ནི་ཡིད་ཀྱིས་བསམས་ལ་དབུལ་བ་དང༌། ཐུན་མོང་དུ་བསྲེག་རྫས་ཀྱི་སྔགས་དང༌། བསྲེག་རྫས་ཀྱི་ཁྱད་པར་བསྟན་པ་དང༌། ཕྱི་ནང་གི་སྦྱིན་སྲེག་གི་ཕན་ཡོན་བསྟན་པའོ། །དཀྱིལ་འཁོར་གྱི་ས་གཟུང་བའི་བྱ་བ་ལ་དྲུག རྐང་སྟབས་ཀྱི་བཀོད་པ་དང༌། ལག་སྟབས་ཀྱི་བཀོད་པ་དང༌། འདུག་སྟངས་ཀྱི་བཀོད་པ་དང༌། བཞིན་གྱི་བསྒྱུར་ཚུལ་དང༌། གླུའི་རབ་ཏུ་དབྱེ་བ་དང༌། དེ་རྣམས་ས་གཟུང་བའི་དུས་སུ་བྱ་བར་བསྟན་པའོ། །མཆོད་པ་ལ་གཉིས། མེ་ཏོག་ལ་སོགས་པའི་མཆོད་པ་དང༌། རྡོ་རྗེ་དྲིལ་བུ་གཟུང་བའི་སྔགས་བསྟན་པའོ། །ལེའུ་བཅུ་བཞི་པའོ།།  །།ལེའུ་བཅོ་ལྔ་པ་ལ་དགུ། ཧེ་རུ་ཀ་གསུམ་གྱི་རྣལ་འབྱོར་དང༌། ཀུ་རུ་ཀུལླེ་དང༌། རྣལ་འབྱོར་གྱི་རྒྱུད་ཀྱི་གླེང་གཞི་དང༌། ལས་རྒྱས་པའི་ལྷའི་རྣལ་འབྱོར་དང༌། ཉེ་བའི་རྒྱུ་བསྟན་པ་དང༌། དབང་གི་རྐང་གྲངས་དང༌། དམ་ཚིག་གི་ཚོགས་བསྟན་པ་དང༌། རིགས་ལྔ་བདག་མེད་མ་དང་བཅས་པའི་བསྟོད་པ་དང༌། དངོས་གྲུབ་ཐམས་ཅད་འབྱུང་བའི་རྩ་བ་བླ་མ་ལ་གུས་པར་བྱ་བའོ། །ལས་རྒྱས་པའི་ལྷའི་རྣལ་འབྱོར་ལ་བཞི། ལྷའི་རྣལ་འབྱོར་བཅུ་བསྟན་པ་དང༌། དེ་དག་གི་སྔགས་བཅུ་བསྟན་པ་དང༌། ཕན་ཡོན་བཅུ་བསྟན་པ་དང༌། རྡོ་རྗེ་ནག་པོ་ཆེན་པོའི་སྒྲུབ་ཐབས་ཕྲིན་ལས་དང་བཅས་ཏེ་བསྟན་པའོ། །ཉེ་བའི་རྒྱུ་ལ་བཞི། འབྲས་བུ་འགྲུབ་པའི་ཚུལ་ཐབས་དང་བཅས་པ་དང༌། འགྲུབ་པའི་དུས་དང༌། ཐབས་ཀྱི་ཁྱད་པར་དང༌། འབྲས་བུ་དངོས་སོ། །དམ་ཚིག་དང་སྡོམ་པ་ལ་བཞི། རྩ་བའི་ལྟུང་བ་དང༌། མི་འབྲལ་བའི་དམ་ཚིག་དང༌། སེམས་བརྟན་པ་ཐོབ་པའི་དམ་ཚིག་དང༌། ལས་དང་པོ་པའི་དམ་ཚིག་གོ །དངོས་གྲུབ་ཐམས་ཅད་འབྱུང་བའི་རྩ་བ་བླ་མ་མཉེས་པར་བྱ་བ་ལ་གསུམ། འཐད་པ་དང༌། ཕྱག་རྒྱ་ཆེན་པོ་འགྲུབ་ཚུལ་དང༌། རྗེས་ལ་བསྙེན་བཀུར་བྱ་བའི་ཚུལ་ལོ། །དང་པོ་ལ་བཞི། སངས་རྒྱས་ཀྱིས་ཀྱང་བསྙེན་བཀུར་བྱེད་པའི་ཕྱིར་དང༌། དེ་མཉེས་ན་མཆོག་གི་དངོས་གྲུབ་འགྲུབ་པའི་ཕྱིར་དང༌། དེ་མཉེས་ན་ཐུན་མོང་གི་དངོས་གྲུབ་འགྲུབ་པའི་ཚུལ་དང༌། བླ་མ་རྡོ་རྗེ་འཆང་ཉིད་ཀྱིས་སྤྲུལ་པ་ཡིན་པའི་ཕྱིར་རོ། །གསལ་བའི་སྙིང་པོས་དོན་བསྡུས་མཛད། །བླ་མས་ལེའུ་བཞི་ཞིག་ཕྱེ། །དགེ་བསྙེན་གྲགས་པ་རྒྱལ་མཚན་གྱིས། །ཤིན་ཏུ་གསལ་བར་ཕྱེ་བ་ལགས། །འཕགས་པ་རྡོ་རྗེ་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་སིནྡྷཱརྠ་རྫོགས་སོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*