༼ཇ༽
༄༅། །ཧེ་རུ་ཀའི་ཆས་དྲུག་བཞུགས།།
༄༅། །མ་བླ་རྗེ་བཙུན་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱི་ཞབས་ལ་སྤྱི་བོས་གུས་པས་ཕྱག་འཚལ་ལོ། །རྗེ་བཙུན་བླ་མ་མཆོག་ལ་ཕྱག་འཚལ་ཞིང༌། །འཇིག་རྟེན་དྲེགས་པ་ཀུན་གྱི་བདག་པོ་ནི། །འཇིགས་བྱེད་དྲག་པོ་ཞེས་བྱ་ཡུམ་དང་བཅས། །འདུལ་མཛད་ཧེ་རུ་ཀ་དཔལ་བདག་ཕྱག་འཚལ། །ལུས་རྒྱན་སྣོད་དང་ལག་ཆ་རོལ་མོ་དང༌། །གོས་དང་སྟན་ཏེ་དེ་ལྟར་དྲུག་པོ་ནི། །དྲག་པོ་འདུལ་བའི་ཆས་ཏེ་དེ་ཉིད་མཚོན། །དེ་དག་འདིར་ནི་ཞིབ་ཏུ་བརྗོད་པར་བྱ། །དེའང་སྔོན་བཅོམ་ལྡན་འདས་ཀྱིས་དྲག་པོ་དབང་ཕྱུག་ཆེན་པོ་འདུལ་བའི་ཕྱིར། དུར་ཁྲོད་ཀྱི་ཆས་དང་ལྡན་པས་གཙོ་བོ་དབང་ཕྱུག་ཆེན་པོ་ནི་བཅོམ་ལྡན་འདས་ཉིད་ཀྱིས་གདན་དུ་བཏིང༌། ཚངས་པ་ལ་སོགས་པའི་འཁོར་ཆེན་པོ་རྣམས་ནི་གཽ་རཱི་ལ་སོགས་པའི་གདན་དུ་བཏིང༌། དེ་དག་གི་ཆུང་མ་རྣམས་ནི་ཕྲིན་ལས་ཀྱི་ཕོ་ཉའི་ཚུལ་དུ་དུར་ཁྲོད་དུ་བཀྱེ་ནས་འཇིག་རྟེན་གྱི་དྲེགས་པ་ཅན་བཏུལ་བའི་ཆས་ཡིན་ནོ། །དེའང་རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པའི་གསུང་གི་མན་ངག་རྒྱུད་ཀྱི་ལུང་གིས་བསྟན་པར་བྱས་པ་རྗེ་བཙུན་བླ་མ་དམ་པ་རྣམས་ལས་བརྒྱུད་དེ་སྙན་བརྒྱུད་དུ་གསུངས་པ་འདིར་བྲི་བར་བྱའོ། །དེ་ལ་དོན་དྲུག་གི་དང་པོ་ཧེ་རུ་ཀའི་ཆས་རུས་པའི་རྒྱན་གྱི་རྣམ་པར་བཤད་པ་ནི། ཀུན་ཏུ་སྤྱོད་པའི་ལེའུ་བཅུ་བདུན་པ་ལས། ཡན་ལག་ཅན་དང་ཚིག་ཅན་དང༌། །སྡུད་དང་དེ་བཞིན་སྙིང་སྟོབས་ཅན། །གར་གྱི་ཚུལ་ནི་བཞི་པོ་འདིས། །དེ་ཉིད་མཐོང་བས་ཤེས་པར་བྱ། །ཞེས་འབྱུང་སྟེ། དེ་ལ་ཡན་ལག་ཅན་ནི་ལུས་ཀྱི་རྣམ་འགྱུར་དུ་མའོ། །ཚིག་ཅན་ནི་ངག་གི་འགྱུར་བ་དུ་མའོ། །སྡུད་པ་ཞེས་པ་ནི་ལུས་ཀྱི་འགྱུར་བ་ཅུང་ཟད་བཤོལ་ཏེ་ལྷའི་ང་རྒྱལ་དང་ལྡན་པས་ངལ་བསོ་བའོ། །སྙིང་སྟོབས་ཅན་ནི་ལྷའི་ང་རྒྱལ་དང་ལྡན་པས་བདུད་ཚར་གཅོད་པའི་ཕྱིར་ཁྲོ་བོའི་སྐུར་བསྒོམ་པའོ། །དེ་དག་ཀྱང་ལག་ལེན་མཐོང་ནས་ཤེས་པས་དེ་ཉིད་མཐོང་བས་ཞེས་བྱའོ། །དེ་ལྟར་གར་གྱི་བྱ་བ་ཀུན་ལའང་རྒྱན་དགོས་ཏེ། དེ་ཉིད་ལས། གར་གྱི་གནས་སུ་གནས་པ་ཀུན། །དེ་ཡི་རྒྱན་རྣམས་ཡིན་ཞེས་བྱ། །ཞེས་འབྱུང་ངོ༌། །དེས་ན་རྡོ་རྗེའི་གླུ་ལས་ཀྱང༌། ནི་རཾ་སུ་ཨཾ་གེ་ཙ་ཌ་ཝི་ཞེས་འབྱུང་བ་ཡིན་ནོ། །ཡང་རྣལ་འབྱོར་པའི་ཉམས་བསྐྱང་བའི་སྐབས་སུའང་དགོས་ལ། རྟོགས་པ་ཅུང་ཟད་སྐྱེས་ནས་སྤྱོད་པ་ལ་བློ་སྦྱང་བའི་སྐབས་དང༌། ཀུན་ཏུ་བཟང་པོའི་སྤྱོད་པའི་དུས་སུའང་དགོས་པ་ཡིན་ནོ། །དེ་དག་ཀྱང་གང་ཞེ་ན། བརྟག་པ་གཉིས་པའི་ལེའུ་དྲུག་པ་ལས། སྒོམ་པ་པོ་ཡིས་རྣམ་འཛིན་པ། །རྣ་བ་དག་ལ་རྣ་ཆ་བཟང༌། །སྤྱི་བོར་འཁོར་ལོ་རྣམ་པར་འཛིན། །ལག་པ་དག་ལ་ལག་གདུབ་ཉིད། །རྐེད་པ་ལ་ཡང་སྐ་རགས་ཉིད། །རྐང་པར་དེ་བཞིན་རྐང་གདུབ་བོ། །ལག་པའི་རྩ་བར་དཔུང་རྒྱན་ཉིད། །མགྲིན་པར་རུས་པའི་ཕྲེང་བ་སྟེ། །ཞེས་པ་དང༌། རྐུན་མའི་སྐྲ་ལས་ཅོད་པན་བྱས། །དེ་ལ་ཧཱུྃ་བྱུང་སྦྱར་བར་བྱ། །སངས་རྒྱས་ལྔ་ཡི་ཐོད་པ་རྣམས། །རྣལ་འབྱོར་སྤྱོད་པས་རྣམ་པར་འཛིན། །ཐོད་པ་སོར་ལྔ་པ་ཡི་ཚད། །བྱས་པས་ཅོད་པན་འཛིན་པར་བྱེད། །ཅེས་བྱ་བ་དང༌། ཐལ་བ་སྐྲ་ཡི་མཆོད་ཕྱིར་ཐོགས། །ཞེས་བྱ་བ་དང༌། དེ་ཉིད་ཀྱི་དོན་གསལ་བར་བྱ་བའི་ཕྱིར། །ཀུན་ཏུ་སྤྱོད་པའི་ལེའུ་བཅུ་བདུན་པ་ལས། ཀུན་ཏུ་མི་དབུག་བཅིང་བ་དང༌། །གཞུང་དང་དེ་བཞིན་བསྐྱོད་པ་དང༌། །འབེབས་པ་དང་ནི་འཁྱིལ་པའོ། །དང་པོ་འདིར་ནི་བརྒྱན་པ་དང༌། །རྣམ་པ་ཀུན་ཏུ་བཅིང་བ་དང༌། །དཔུང་རྒྱན་དང་ནི་དེ་བཞིན་དུ། །ལག་པའི་རྒྱན་ནི་ཉིད་དག་དང༌། །རྐང་གདུབ་རབ་ཏུ་གཞུག་པའོ། །འོག་པག་དག་ནི་བརྒྱད་པའོ། །རོ་ལྡན་བཅུ་དྲུག་ཤེས་པར་བྱ། །ཚངས་སྐུད་སྐུད་པ་གཅིག་ཏུ་གྱུར། །ཕྲེང་བ་ཉི་ཤུ་རྩ་ལྔ་ཡིན། །ཞེས་འབྱུང་ངོ༌། །དེ་ལྟར་དེ་དག་གི་ཚིག་གི་དོན་ཡང༌། ཀུན་ཏུ་མི་དབུག་ནི་བུ་ག་མེད་པ་སྟེ། མགོ་རྒྱན་ཡིན་པས་མགོ་ལ་བསྐོན་པ་སྟེ། དང་པོ་འདིར་ནི་བརྒྱན་པ་དང༌། །ཞེས་པའི་དོན་ཡིན་ནོ། །བཅིང་བ་ནི་རྣ་རྒྱན་ཏེ། རྣམ་པ་ཀུན་ཏུ་བཅིང་བ་དང༌། །ཞེས་པའི་དོན་ཡིན་ནོ། །གཞུག་པ་ནི་གདུ་བུ་དྲུག་སྟེ། དཔུང་རྒྱན་དག་དང༌། ལ་སོགས་པའི་ཚིག་རྐང་གསུམ་གྱིས་བསྟན་ཏོ། །དེ་བཞིན་བསྐྱོད་པ་ནི་སྐ་རགས་ཏེ། འོག་པག་དག་ནི་བརྒྱད་པ་ཡིན། །ཞེས་པས་ཕྲེང་བ་རིམ་པ་བརྒྱད་ཡོད་དོ། །འབེབས་པ་ནི་མགུལ་རྒྱན་ཏེ། །མགྲིན་པ་ནས་སྒྲ་འབེབས་པ་ཡིན་ལ། དེ་ཉིད། རོ་ལྡན་བཅུ་དྲུག་ཤེས་པར་བྱ། །ཞེས་པ་སྟེ། རོ་ལྡན་ནི་མགྲིན་པ་ཡིན་ལ། དེར་ཕྲེང་བ་བརྒྱད་དང༌། དོ་ཤལ་བརྒྱད་དེ་བཅུ་དྲུག་ཡིན་ནོ། །འདི་ལ་ཨ་བྷ་ཡ་ཀ་ར་ན་རེ། རོ་ལྡན་ནི་བུད་མེད་ཡིན་ལ། དེའི་སྐ་རགས་ནི་རིམ་པ་བཅུ་དྲུག་ཡིན་ནོ་ཞེས་ཀྱང་ཟེར་རོ། །ཀུན་ཏུ་འཁྱིལ་པ་ནི་སེ་རལ་ཁ་རྒྱ་གྲམ་དུ་འཁྱིལ་པ་དང༌། ཐོད་པའི་དོ་ཤལ་ཡིན་ཏེ་དེའང་དང་པོ་ནི། ཚངས་སྐུད་སྐུད་པ་གཅིག་ཏུ་འགྱུར། །ཞེས་བྱ་བ་རྒྱ་གྲམ་དུ་འཁྱིལ་བ་ལ་སྲད་བུ་རེ་རེ་ལས་མེད་པ་བྱའོ། །གཉིས་པ་དོ་ཤལ་ནི་ཕྲེང་བ་ཉི་ཤུ་རྩ་ལྔ་ཉིད་ཅེས་བྱ་བ་ཉི་ཤུ་ལྔ་ཉིད་དམ། ཉིས་ལྟབ་ཏུ་བྱས་ན་ལྔ་བཅུ་ཐམ་པ་ཡིན་ནོ། །དེ་ལྟར་ལུང་དེ་དག་གི་དོན་བླ་མའི་གསུང་དང་མི་འགལ་བར་བརྗོད་ན་སྤྱི་དོན་བཞི་སྟེ། མཚན་ཉིད་དང༌། དག་པ་དང༌། དགོས་པ་དང༌། མིང་དོན་ནོ། །དང་པོ་མཚན་ཉིད་བརྗོད་ན། ཐོག་མར་མགོ་རྒྱན་ནི་སྤྱི་བོའི་རུས་པའི་འཁོར་ལོ་ལ་བུ་ག་བརྒྱད་ཕུག་སྟེ། རུས་པའི་ཕྲེང་བ་འཁོར་ལོའི་རྩིབས་ལྟ་བུར་གྱུར་པ་བརྒྱད་བྱ། དེ་ལ་རྒྱབ་ཀྱི་རྩིབས་གསུམ་མ་གཏོགས་པ་རྩིབས་ལྔའི་ཐད་ཀར་མིའི་ཐོད་པ་སོར་ལྔ་པའི་ཚད་མི་མགོའི་རི་མོ་བྲིས་པ་རེ་བཞག དེ་དག་གི་སྟེང་འོག་གཉིས་ན་ཕར་རུས་པའི་ཕྲེང་བ་ཐོད་པ་ལྟ་བུར་འཁོར་བ་རེ་བྱ། ཐོད་པའི་བར་མཚམས་བསྡམས་པའི་ཕྲེང་བ་ཐོད་པ་ལྟར་འཁོར་བ་གསུམ་བྱ། དཔྲལ་བའི་ཐད་ཀར་སོར་གསུམ་ཙམ་གྱི་ཐད་ཀར་དྲྭ་བ་དྲྭ་ཕྱེད་བྱ། གཞན་རྣམས་སུ་རྣ་བའི་ཕྱེད་ནོན་ཙམ་གྱི་དྲྭ་བ་དྲྭ་ཕྱེད་བྱ། འཁོར་ལོའི་རྒྱབ་ངོས་ཀྱི་ཐད་ཀར་སྣ་ཚོགས་རྡོ་རྗེ་དང་དེའི་གཡོན་ངོས་སུ་ཚེས་གཅིག་གི་ཟླ་བ་བྱས་ལ། སྐྲའི་ཐོར་ཚུགས་ཀྱི་ཅོད་པན་ལ་བརྟེན་པར་བྱ། སྐྲ་མེད་ན་བཅོས་མའི་སྐྲ་བྱས་ལ། དེའི་ནང་དུ་རྡོ་རྗེའམ། བྲིས་སྐུའམ། གླེགས་བམ་བཅུག་ལ། སྤྱི་གཙུག་དབུ་རྒྱན་གྱི་ནང་ན་ཡར་བཏོན་ལ་ཐོར་ཚུགས་སུ་རྐུན་པོ་བསད་པའི་སྐྲ་ལ་བཅིངས་ཏེ། ཐག་པའི་མཐའ་མ་གཉིས་སུ་རེ་རེ་འཇོག་པ་ནི་ཅོད་པན་ཞེས་བྱ་བ་ཡིན་ནོ། །རྣ་རྒྱན་ནི་རུས་པའི་འཁོར་ལོ་ལ་ཁུག་པ་གསུམ་དང༌། ཁུག་ཕྱེད་གཉིས་ཏེ་ལྔས་བརྒྱན་པ་ཡིན་ནོ། །མགུལ་རྒྱན་ནི་གཞུང་གཡས་གཡོན་གཉིས་དབུས་དང་གསུམ་ལ་ཕྲེང་བ་བརྒྱད་ཀྱི་བར་བསྡམས་པ་དང༌། དེ་ལ་དོ་ཤལ་གྱི་ཚུལ་དུ་འཕྱང་བ་རུས་པའི་མདུང་རྩེ་དུ་མས་མཛེས་པར་བྱས་པ་བརྒྱད་དེ་བཅུ་དྲུག་ཡིན་ནོ། །དཔུང་རྒྱན་གཉིས་དང་ལག་རྒྱན་གཉིས་དང་རྐང་རྒྱན་གཉིས་ཏེ་གདུ་བུ་དྲུག་ནི་ཕ་ད་ཚུ་ད་གཉིས་དབུས་དང་རུས་པའི་གཞུང་གསུམ་ལ་ཕྲེང་བ་ལྔ་ལྔས་བར་བསྡམས་པ་སྨད་ངོས་སུ་མདུང་རྩེ་དང་ཨེར་ཀ་དུ་མས་མཛེས་པར་བྱས་པ་ཡིན་ནོ། །དེའང་དཔུང་རྒྱན་གཉིས་རིང༌། དེ་བས་རྐང་གདུབ་ཐུང༌། དེ་བས་ཀྱང་ལག་གདུབ་ཐུང་ངོ༌། །སྐ་རགས་ཀྱི་གཞུང་གསུམ་ཕ་ད་ཚུ་ད་སྟེ་ལྔའི་བར་ཕྲེང་བ་བརྒྱད་རིམ་མམ། བཅུ་དྲུག་རིམ་གྱིས་བར་བསྡམས་པ་ལ་དེ་ལ་དྲྭ་བ་དྲྭ་ཕྱེད་ཨེར་ཀ་དང་རུས་པའི་མདུང་རྩེ་དུ་མས་མཛེས་པར་བྱས་པ། མཐེབ་སོར་བརྒྱད་ཀྱི་ཚད་དང་མཉམ་པ། དྲྭ་བ་ལྔ་དང༌། དྲྭ་ཕྱེད་བཅོ་བརྒྱད་ཀྱིས་མཛེས་པར་བྱས་པ་ཡིན་ལ། གཡས་གཡོན་གྱི་དྲྭ་ཕྱེད་གསུམ་གསུམ་ལ་གཉིས་ཀྱིས་ནི་པུས་མོའི་ཐད་ཀར་སླེབ། དབུས་མས་ནི་བྱིན་པའི་དཀྱིལ་ཙམ་དུ་སླེབ་པ་ཡིན་ཏེ། དེ་དག་ལ་དྲིལ་བུ་ཆུང་ངུ་མཛེས་པ་རེ་གདགས་པར་བྱའོ། །རུས་པའི་ཚངས་སྐུད་ནི་རུས་པའི་འཁོར་ལོ་གཉིས་ལ་བུ་ག་བརྒྱད་ཕུག་སྟེ་རྒྱ་གྲམ་དུ་བསྡམས་ལ། འཁོར་ལོ་མདུན་དང་རྒྱབ་ཏུ་འོང་བར་བྱས་ཏེ་རྒྱ་གྲམ་དུ་བཅིང་བར་བྱའོ། །རུས་པའི་ཚངས་སྐུད་འདི་ཡོད་ཀྱང་རུང༌། མེད་ཀྱང་ཆོག་སྟེ། རྐུན་པོ་བསད་པའི་སྐྲ་ལས་སྐུད་པ་སུམ་བསྒྲིལ་བྱས་པ་དེའང་སྐོར་ལྔའམ་གསུམ་བྱས་ཏེ། རྡོ་རྗེའི་མདུད་པ་གསུམ་གྱིས་བར་མཚམས་མེད་པར་བསྡམས་ལ་དེ་ལྟ་བུ་སེ་རལ་ཁར་ལག་པ་གཡས་པ་བཏོན་ལ། གོན་པ་ནི་ཚངས་པའི་སྐུད་པ་དངོས་ཡིན་ནོ། །དགུ་བསྒྲིལ་དུ་བྱས་པའི་སྐུད་པ་གཅིག་ལ་སྔ་མ་བཞིན་དུ་རྡོ་རྗེའི་མདུད་པ་བྱས་པས་ཀྱང་བཏུབ་བོ། །ཐོད་པའི་ཚལ་བུ་སོར་ལྔའི་ཚད་དང་མཉམ་པ་བྱ་སྟེ། དེའང་སྐྱེས་པ་ལ་གཞོན་ནུ་མའི་ཐོད་པ་ཡིན་ཞིང༌། བུད་མེད་ལ་སྐྱེས་པའི་ཡིན་ནོ། །སྟག་གི་པགས་པའི་ཤམ་ཐབས་ཀྱི་སྟེང་དུ་རྐུན་མ་བསད་པའི་སྐྲ་ལས་བྱས་པའི་སྐ་རགས་ཉིས་སྐོར་གྱིས་བསྡམས་ལ། དེའི་སྟེང་དུ་རུས་རྒྱན་གྱི་སྐ་རགས་བཅིང་བར་བྱའོ། །ཁ་ཅིག་ན་རེ། ཕོ་རྒྱན་མོ་རྒྱན་ཞེས་བྱ་བ་ཡོད་དོ་ཞེས་ཟེར་ན་ཨ་བྷ་ཡ་ཀ་རས་བྱས་པའི་སྐ་རགས་དང༌། མི་མགོའི་དོ་ཤལ་གཉིས་མིན་པ་ཁྱད་པར་མ་མཐོང་ལ། ལུས་ཀྱི་ཚད་དང་མཉམ་པར་བྱེད་ན་སྐྱེས་པ་རྣམས་ནི་མགོ་ཆེ་ལ། ཡན་ལན་གཞན་དང་རྐེད་པ་ཕྲ་བས་མགོ་རྒྱན་ཆེ་ལ་གཞན་ཕྲ་བར་བྱ། བུད་མེད་རྣམས་ནི་མགོ་ཆུང་ལ་ཡན་ལག་གཞན་སྦོམ་པས་མགོ་རྒྱན་ཆུང་ལ་གཞན་ཆེ་བར་བྱའོ། །རྒྱན་དྲུག་གི་མཚན་ཉིད་དོ།། །།སྤྱི་དོན་གཉིས་པ་རྣམ་པར་དག་པ་བརྗོད་པར་བྱ་སྟེ། དེ་ལ་ལྔ་གྲངས་དང་ཚད་ཀྱི་རྣམ་པར་དག་པ་དང༌། ཕར་ཕྱིན་དྲུག་གི་དག་པ་དང༌། སྔགས་ཀྱི་དག་པ་དང༌། ལྷའི་དག་པ་དང༌། སྤྱིའི་དག་པའོ། །དེ་ལ་དང་པོ་གྲངས་དང་ཚད་ཀྱི་དག་པ་ནི། སྣ་ཚོགས་རྡོ་རྗེ་ནི་སྤྲུལ་པའི་སྐུ་སྣ་ཚོགས་ཀྱིས་སེམས་ཅན་གྱི་དོན་མཛད་པའོ། །གཡོན་ཕྱོགས་ཀྱི་ཚེས་གཅིག་གི་ཟླ་བ་ནི་ཡོན་ཏན་གྱི་ཚོགས་འཕེལ་བའོ། །འཁོར་ལོ་རྩིབས་བརྒྱད་ནི་སངས་རྒྱས་ཀྱི་སའི་དབང་ཕྱུག་བརྒྱད་དེ། དེའང༌། སྐུ་ཡི་དབང་ཕྱུག་དང་ནི་གསུང་གི་དབང་ཕྱུག་དང༌། །དེ་བཞིན་དུ་ནི་ཐུགས་ཀྱི་དབང་ཕྱུག་དང༌། །རྫུ་འཕྲུལ་ཀུན་ཏུ་འགྲོ་བའི་དབང་ཕྱུག་དང༌། །ཅི་འདོད་བསྐྱེད་དང་ཡོན་ཏན་བརྒྱད་པའོ། །ཞེས་རྒྱུད་རྒྱས་པའི་ལུང་ཟླ་བ་གྲགས་པས་སྦྱར་བའི་སྒྲོན་གསལ་ལས་འབྱུང་ངོ༌། །ཐོད་པ་སྐམ་པོ་ལྔ་ནི་རིགས་ལྔ་ཡིན་ལ། རེ་རེའང་སོར་ལྔའི་ཚད་ནི་ཡེ་ཤེས་ལྔ་ཡིན་ལ། བར་བསྡམས་པའི་ཕྲེང་བ་ཚར་ལྔ་ལྔ་ནི་ཡུམ་ལྔ་ཡེ་ཤེས་ལྔའི་རང་བཞིན་དུ་དག་པ་ཡིན་ནོ། །དྲྭ་བ་དང་དྲྭ་བ་ཕྱེད་པ་ནི་སངས་རྒྱས་ཀྱི་མཛད་པ་རྒྱ་ཆེན་པོ་མཛད་པའོ། །ཐོར་ཚུགས་བཅིང་བའི་རྐུན་མའི་སྐྲའི་ཅོད་པན་ནི། ཆོས་ཐམས་ཅད་བདག་མེད་པས་ཁྱབ་པ་མཚོན་ནོ། །རྣ་རྒྱན་གྱི་རུས་པའི་འཁོར་ལོ་ནི་དབྱིངས་ཀྱི་རང་བཞིན། དྲྭ་བ་དང་དྲྭ་བ་ཕྱེད་པ་ནི་ཡེ་ཤེས་ཀྱི་རང་བཞིན་ནོ། །མགུལ་རྒྱན་གྱི་གཞུང་གསུམ་པ་ནི་སྐུ་གསུམ་གྱི་རང་བཞིན། ཕྲེང་བ་བཅུ་དྲུག་ནི་སྟོང་ཉིད་བཅུ་དྲུག་གི་སྒྲ་སྒྲོགས་པའོ། །སྐ་རགས་ཀྱི་གཞུང་ལྔ་ནི་ཡེ་ཤེས་ལྔའི་རང་བཞིན་ཡིན་ལ། བར་བསྡམས་པའི་ཕྲེང་བ་བརྒྱད་རིམ་མམ། བཅུ་དྲུག་རིམ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་ཡིན་ལ། བཅུ་དྲུག་རིམ་བྱེད་ན་དེའི་སྟེང་དུ་བདེན་པ་བཞི་དང༌། ཚད་མེད་པ་བཞི་བསྣན་པར་བྱའོ། །དྲྭ་བ་དང་དྲྭ་བ་ཕྱེད་པ་ནི་སེམས་ཅན་གྱི་དོན་རྒྱ་ཆེན་པོ་བྱེད་པ་སྟེ། དེའང་མཉམ་པ་རྣམས་ཀྱིས་ནི་མཉམ་པ་ཉིད་ཀྱིས་སེམས་ཅན་གྱི་དོན་བྱེད་པ་ཡིན་ལ། གཡས་གཡོན་གྱི་རིང་བ་ཚན་གཉིས་ཀྱི་གསུམ་གསུམ་གྱིས་ནི་རྣམ་པར་ཐར་པའི་སྒོ་གསུམ་སྙིང་རྗེ་ཆེན་པོས་དབང་བྱས་ནས། སེམས་ཅན་གྱི་དོན་ལ་སྙེགས་པར་བྱེད་པའོ། །ཐོད་པའི་ཚལ་བུ་ལྔ་བཅུ་ཐམ་པ་ནི་ཡི་གེ་ཨཱ་ལི་ཀཱ་ལི་ལྔ་བཅུ་དག་པས་ན་གསུང་དབྱངས་མ་ལུས་པས་སེམས་ཅན་གྱི་དོན་མཛད་པ་མཚོན་པ་ཡིན་ནོ། །དེ་ལྟར་གྲངས་དང་ཚད་ཀྱི་རྣམ་པར་དག་པ་འདི་ནི་བཀའ་དང་བསྟན་བཅོས་དག་ལས་འདི་ལྟར་ཞིབ་ཏུ་གསུངས་པ་མ་མཐོང་མོད་ཀྱི། ཡང་དག་པའི་མན་ངག་བརྒྱུད་དེ་འོངས་པའི་བླ་མ་རྗེ་བཙུན་གྱི་གསུང་ཡིན་ནོ། །གཉིས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་དག་པ་ནི། བདེ་མཆོག་རྩ་བའི་རྒྱུད་ལས། ཕ་རོལ་ཕྱིན་པ་རྒྱན་དྲུག་སོགས། །ཞེས་བྱ་བའི་དོན་ཏོ། །གདུ་བུ་དྲུག་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ། སྐ་རགས་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ། རྣ་རྒྱན་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ། མགུལ་རྒྱན་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ། མགོ་རྒྱན་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ། ཐལ་བ་དང་མཆོད་ཕྱིར་ཐོགས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །གསུམ་པ་སྔགས་ཀྱི་དག་པ་ནི། ཀུན་ཏུ་སྤྱོད་པའི་ལེའུ་བཅོ་ལྔ་པ་ལས། རྩ་བའི་སྔགས་ཀྱི་དཔའ་བོ་ནི། །མཆོད་ཕྱིར་ཐོགས་ལ་སོགས་པ་བརྟག །ཅེས་བྱ་བ་རྒྱན་དྲུག་པོ་རེ་རེ་ཞིང་རྩ་བའི་སྔགས་རྐང་པ་བརྒྱད་པ་འཁོར་དང་བཅས་པ་ཡིན་ནོ། །རྣམ་སྣང་མཛད་སྔགས་གང་ཡིན་པ། །ཐོད་པ་མགོ་བོས་རྣམ་པར་བརྒྱན། །ཞེས་བྱ་བ་སྟེ། མགོ་རྒྱན་ནི་ཡུམ་གྱི་སྙིང་པོའི་སྔགས་སོ། །ཡི་གེ་བདུན་གྱི་གསང་སྔགས་ནི། །རྣ་ཆ་བརྒྱད་པས་མཛེས་པ་ཡིན། །ཞེས་བྱ་བ་རྣ་རྒྱན་ནི་ཡབ་ཀྱི་ཉེ་བའི་སྙིང་པོའོ། །རྡོ་རྗེ་ཕག་མོའི་རྩ་སྔགས་གང༌། །མགུར་ཆུས་མགྲིན་པ་མཛེས་པ་ཡིན། །ཞེས་བྱ་བ་མགུལ་རྒྱན་ནི་ཡུམ་གྱི་རྩ་བའི་སྔགས་སོ། །རྣལ་འབྱོར་མ་དྲུག་གསང་སྔགས་གང༌། སྐ་རགས་བྱས་པས་བརྒྱན་པ་ཡིན། །ཞེས་སྐ་རགས་ནི་ཡུམ་གྱི་གོ་ཆའི་དཔའ་མོ་དྲུག་ཡིན་ནོ། །དཔའ་བོའི་གོ་ཆ་དྲུག་གི་ནི། །རྒྱན་འདིས་ལུས་ནི་མཛེས་པ་ཡིན། །ཞེས་བྱ་བ་རྒྱན་དྲུག་དཔའ་བོའི་གོ་ཆ་དྲུག་གམ། གདུ་བུ་དྲུག་དཔའ་བོའི་གོ་ཆ་དྲུག་ཡིན་ནོ། །དཔའ་བོའི་སྙིང་པོའི་གསང་སྔགས་ནི། །ཕྲེང་བ་བརྒྱ་ཡི་ཕྱེད་ཀྱིས་བརྒྱན། །ཞེས་པ་མི་མགོ་ལྔ་བཅུ་ཐམ་པ་ནི། །བཅོམ་ལྡན་འདས་ཀྱི་སྙིང་པོའི་སྔགས་ཡིན་ཏེ། །རྒྱན་དྲུག་གི་དག་པའོ།། །།ཞར་ལས་བྱུང་བ་ནི། སངས་རྒྱས་ཀུན་གྱི་མཁའ་འགྲོ་མ། །པགས་པའི་གོས་ནི་འཛིན་པར་བརྗོད། །ཅེས་བྱ་བ་སྟག་གི་པགས་པ་དང༌། མིའི་པགས་པ་དང༌། གླང་པོ་ཆེའི་པགས་པ་ལ་སོགས་པ་ཡུམ་གྱི་ཉེ་བའི་སྙིང་པོ་ཡིན་ནོ། །འཁོར་ལོ་ཀུན་གྱི་རྣལ་འབྱོར་མའི། །སྔགས་ནི་བཏུང་བའི་ཐོད་པ་ཡིན། །ཞེས་བྱ་བ་ཕྱག་གི་ཐོད་པ་ནི་གཙོ་འཁོར་ཀུན་ཀྱི་ལྷ་མོའི་སྔགས་ཀྱི་ངོ་བོ་ཡིན་ནོ། །ཁ་ཊྭཱཾ་ག་ནི་ལྷ་ཡི་སྐུ། །ཤེས་རབ་ཌཱ་མ་རུ་ཡི་སྒྲ། །ཞེས་པས་ཁ་ཊྭཱྃ་ག་ནི་ལྷའི་རང་བཞིན་ཐབས་ཀྱི་ངོ་བོ་ཡིན་ལ། ཌཱ་མ་རུ་ནི་ཤེས་རབ་ཀྱི་རང་བཞིན་སྟོང་པ་ཉིད་ཀྱི་སྒྲ་སྒྲོགས་པའོ། །དེ་ལྟར་དེ་དག་འཁོར་ལོ་བདེ་མཆོག་འབའ་ཞིག་ལ་ཡོད་ཀྱི། དཀྱིལ་འཁོར་གཞན་ལ་མེད་དམ་སྙམ་ན་འདྲ་སྟེ་གང་ཡང་རུང་བའི་ཡབ་ཡུམ་གྱི་རྩ་སྔགས་དང༌། སྙིང་པོ་དང་ཉེ་སྙིང་གསུམ་གྱི་གོང་མ་བཞིན་དུ་དེ་དག་གི་དོད་བྱེད་ལ། སྔགས་གཅིག་གམ་གཉིས་ལས་མེད་པའི་རིགས་ཀྱིས་ཀྱང་ཡབ་ཡུམ་སོ་སོའི་དེ་དག་ཉིད་ཀྱིས་དོད་བྱེད་དོ། །གོ་ཆའི་སྔགས་མེད་པ་རྣམས་ལ་སྐྱེ་མཆེད་དྲུག་བྱིན་གྱིས་བརླབས་པའི་ས་བོན་དང༌། ཨོཾ་ཨཱཿཧཱུྃ་ཞེས་བྱ་བས་དོད་བྱེད་དེ་སྔགས་ཀྱི་དག་པའོ།། །།བཞི་པ་ལྷའི་དག་པ་ནི། །བརྟག་པ་གཉིས་པའི་ལེའུ་དྲུག་པ་ལས། སྤྱི་བོའི་འཁོར་ལོ་མི་བསྐྱོད་པ། །རྣ་ཆའི་བདག་ཉིད་འོད་དཔག་མེད། །མགུལ་གྱི་ཕྲེང་བ་རིན་ཆེན་བདག །གདུ་བུ་རྣམ་པར་སྣང་མཛད་དེ། །སྐ་རགས་ལ་ནི་དོན་ཡོད་གནས། །ཁ་ཊྭཱྃ་ག་གཟུགས་ཤེས་རབ་སྟེ། །ཐབས་ཀྱི་གཟུགས་ཀྱིས་ཅང་ཏེའུ་ཉིད། །ཅེས་འབྱུང་ངོ༌། །དེ་ལ་ཞབས་ཀྱི་ཚིག་རྐང་གཉིས་ཀུན་ཏུ་སྤྱོད་པ་དང་མི་འདྲ་བ་ཅིའི་ཕྱིར་ཞེ་ན། ལྷའི་རང་བཞིན་མེད་པར་བྱེད་པ་ནི་ཤེས་རབ་ཡིན་ལ། སྟོང་ཉིད་སྒྲའི་ཚུལ་དུ་སྒྲོགས་པ་ནི་ཐབས་ཡིན་ཏེ། དེ་ལྟར་ན་ཟུང་དུ་འཇུག་པར་བྱེད་དོ། །སློབ་དཔོན་མཚོ་སྐྱེས་ཀྱིས་རྒྱུད་རྒྱས་པའི་ལུང༌། ཡན་ལག་ཀུན་ལ་རྡོར་འཛིན་མགོན། །ཞེས་པ་མཚོ་སྐྱེས་སུ་བསྣན་པས་ཐལ་བ་དང་མཆོད་ཕྱིར་ཐོགས་རྡོ་རྗེ་འཆང་ཆེན་པོའི་ངོ་བོ་སྟེ་ལྷའི་དག་པའོ། །ལྔ་པ་སྤྱིའི་དག་པ་ནི་རུས་པ་བདག་མེད་པ་ཡིན་ལ། བདག་མེད་ལས་ལམ་དང་འབྲས་བུའི་ཆོས་ཐམས་ཅད་འབྱུང་ངོ་ཞེས་མཚོན་པ་ཡིན་ནོ། །དག་པ་བསྟན་ཟིན་ཏོ།། །།སྤྱི་དོན་གསུམ་པ་རྒྱན་དྲུག་གི་དགོས་པ་ནི་དྲུག་སྟེ། ཚོགས་ཀྱི་འཁོར་ལོའི་དུས་སུ་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པའི་ཕྱིར་གར་བྱ་བའི་དུས་སུ་གདགས་པ་དང༌། ས་ཆོག་ལ་སོགས་པའི་སྐབས་སུ་ལྷའི་ང་རྒྱལ་དང་ལྡན་པས་བདུད་ཚར་གཅད་པ་དང༌། གནས་སྐབས་སུ་སྦྱང་གཞི་སྦྱོང་བྱེད་ངོ་སྤྲོད་པའི་ཕྱིར་རྒྱན་བཏགས་ལ་ཉམས་བསྐྱང་བ་དང༌། སྟོང་ཉིད་ཀྱི་ཉམས་འབྱམས་ན་ཟུང་འཇུག་ཏུ་བླང་བའི་ཕྱིར་དྲན་པ་གསོ་བའི་རྟགས་དང༌། ཏིང་ངེ་འཛིན་བརྟན་མི་བརྟན་བརྟགས་པའི་དོན་དུ་མཚན་མོ་རྒྱན་བཏགས་ཏེ། བརྟུལ་ཞུགས་ཀྱི་སྤྱོད་པ་བྱ་བ་དང༌། བརྟན་པ་ཆེར་ཐོབ་ནས་ཀུན་ཏུ་བཟང་པོའི་སྤྱོད་པའི་དུས་སུ་རྒྱན་དྲུག་བཏགས་ཏེ། སྤྱོད་པ་སྤྱད་པའི་དགོས་པའོ། །དེ་ལྟར་གཞན་རྣམས་ལ་དབྱེ་བ་མེད་ལ། སྟོང་ཉིད་ལ་འབྱམས་ན་ཟུང་འཇུག་ཏུ་བླངས་པའི་དོན་ནི། བརྟག་པ་གཉིས་པའི་ཕྱི་མའི་ལེའུ་དྲུག་པ་ལས། བླ་མ་སློབ་དཔོན་འདོད་ལྷ་ལ། །ཕྱག་འཚལ་དོན་དུ་འཁོར་ལོ་འཛིན། །བླ་མ་རྡོ་རྗེ་འཛིན་པ་ལ། །སྨོད་ཚིག་མི་ཉན་པ་ཡི་ཕྱིར། །རྣ་བ་དག་ལ་རྣ་ཆ་བཟང༌། །སྔགས་ཀྱི་བཟླས་པ་མགུལ་རྒྱན་ཉིད། །གདུ་བུ་སྲོག་ཆགས་གསོད་པ་སྤོང༌། །ཕྱག་རྒྱ་བསྟེན་ཕྱིར་སྐ་རགས་ཉིད། །སངས་རྒྱས་ལྔ་ཡི་ཕྱག་རྒྱས་ནི། །རྟག་ཏུ་ལུས་ལ་ཕྱག་རྒྱས་གདབ། །ཅེས་གསུངས་ཏེ་དགོས་པའོ། །སྤྱི་དོན་བཞི་པ་མིང་དོན་ནི། ལུས་ལ་མཛེས་པ་བསྐྱེད་པས་ན་རྒྱན་ཡིན་ལ། གྲངས་དྲུག་ཡོད་པས་ན་རྒྱན་དྲུག་ཡིན་ནོ། །རྒྱན་དྲུག་གི་མཚན་ཉིད་དག་པ། དགོས་པ། མིང་དོན་དང་བཅས་པ་ཐམས་ཅད་བསྟན་ཟིན་ཏོ།། །།རྒྱན་གསུམ་པོ་འདི་སངས་རྒྱས་མཉམ་སྦྱོར་གྱི་རྟོག་པ་དགུ་པ་ལས། རྡོ་རྗེ་སེམས་དཔའ་དཔལ་སྦྱོར་བ། །ཇི་ལྟའི་གཟུགས་དང་དབྱིབས་ལྡན་པ། །དུར་ཁྲོད་ལྷ་ཡི་གནས་རྣམས་དང༌། །མ་མོ་རྣམས་ཀྱི་ཐལ་བ་མཆོག །ཐམས་ཅད་དཔྲལ་བའི་སྲུང་བ་ནི། །ཐིག་ལེའམ་ཟོ་རིས་གསུམ་དུ་བྱ། །ཕྱོགས་མཚམས་ནམ་མཁའ་ས་བཅིངས་ནས། །སྲུང་བ་ཀུན་གྱི་བླ་མེད་ཡིན། །ཞེས་འབྱུང་བའི་དོན་ལ་བཞི་སྟེ། མཚན་ཉིད་དང༌། དག་པ་དང༌། དགོས་པ་དང༌། མིང་དོན་ནོ། །དང་པོ་བརྗོད་ན་སྨིན་མ་གཉིས་ཀྱི་སྟེང་གི་དཔྲལ་བར་ཞག་ཆེན་པོའི་རི་མོ་རེ་རེའམ་གསུམ་བྱ་བ་ནི་ཞག་གི་ཟོ་རིས་ཞེས་བྱ་བ་ཡིན་ནོ། །དཔྲལ་བ་དང་ལུས་ལ་ཐལ་ཆེན་གྱི་རྒྱས་མཉེས་པའི་སྟེང་དུ་སྐྱེས་པའི་རུས་པའི་ཕྱེ་མ་ཞིབ་པར་བཏགས་ལ་སོར་མོ་ལྔས་བསྡུས་ནས། ལུས་ཀྱི་གནས་ཅི་རིགས་པར་སོར་མོ་ལྔ་བསྡམས་ཏེ་རེག་པས་སྔར་བས་དཀར་བའི་མཚན་མ་ལྔ་བྱུང་སྟེ་ཐལ་ཆེན་གྱི་ཚོམ་བུ་ཞེས་བྱ་བ་ཡིན་ནོ། །རང་བྱུང་གི་མེ་ཏོག་གིས་སྨིན་མཚམས་དང་དེ་མ་ཡིན་པ་ཅི་རིགས་པར་ཐིག་ལེ་རེ་བྱ་བ་ནི་རཀྟའི་ཐིག་ལེ་ཞེས་བྱ་བ་ཡིན་ནོ། །གཉིས་པ་འདི་གསུམ་གྱི་དག་པ་ནི། ཟོ་རིས་ཀྱིས་ནི་གཏི་མུག་ཞི་བར་བྱེད། ཚོམ་བུས་ནི་ཞེ་སྡང་ཞི་བར་བྱེད། ཐིག་ལེས་ནི་འདོད་ཆགས་ཞི་བར་བྱེད་པ་ཡིན་ནོ། །གསུམ་པ་དགོས་པ་ནི་དག་པ་དེ་དག་ཉིད་དྲན་པར་བྱ་བ་དང༌། བརྟུལ་ཞུགས་ཀྱི་སྒོ་ནས་དྲག་པོས་གདུལ་བར་བྱ་བའི་དགོས་པ་ཡིན་ཏེ། དེའང་ཟོ་རིས་ཀྱིས་སྲིན་པོ་ལ་སོགས་པ་དྲེགས་པ་ཅན་གཞན་འདུལ། ཚོམ་བུས་དྲེགས་པ་ཕོ་ཐམས་ཅད་འདུལ། ཐིག་ལེས་དྲེགས་པ་མོ་ཐམས་ཅད་འདུལ་བར་བྱེད་པའོ། །བཞི་པ་ངེས་པའི་ཚིག་ནི་གྲི་གུག་གི་དབྱིབས་སུ་འདུག་པས་ཟོ་རིས། ལྔ་ལྔ་ལྷན་ཅིག་ཏུ་འདོགས་པས་ཚོམ་བུ། ཟླུམ་པོར་བྲིས་པ་ཐིག་ལེའོ། །འདི་ནི་མཉམ་སྦྱོར་མིན་ཡང་བཅོམ་ལྡན་འདས་འཇམ་དཔལ་གྱི་རྟོག་པ་བདུན་པ་དང༌། དེ་ཉིད་ཀྱི་བསྟན་བཅོས་ཟབ་མོ་ཞིག་ནས་ཀྱང་འབྱུང་ངོ༌། །དེ་ལྟར་རྒྱན་དྲུག་གཅིག་ཏུ་བྱ་བ་དང༌། ཟོ་རིས་དང༌། ཚོམ་བུ་དང༌། ཐིག་ལེ་བཞི་ཧེ་རུ་ཀའི་ཆས་རྒྱན་ཞེས་བྱ་བ་ཡིན་ལ། དེ་དག་བསྟན་ཟིན་ཏོ། །ལུས་རྒྱན་བསྟན་པའི་ལེའུ་སྟེ་དང་པོའོ།། །།དོན་གཉིས་པ་སྣོད་བསྟན་པ་ལ་ལྔ་སྟེ། མཚན་ཉིད་དང༌། དག་པ་དང༌། བཅང་པའི་ཐབས་དང༌། དགོས་པ་དང༌། མིང་དོན་ནོ། །དང་པོ་ལ་དབྱིབས་དང༌། ཁ་དོག་དང༌། རྣམ་པ་དང༌། དུམ་བུ་དང༌། རི་མོ་དང༌། དྲི་སྟེ་དྲུག་ཡིན་ནོ། །གཉིས་པ་དག་པ་ནི། དེ་ལྟར་དྲུག་པོ་དེ་དག་ལ་དེ་ཁོ་ན་ཉིད་ཀྱང་དྲུག་ཡོད་དོ། །གསུམ་པ་བཅང་བའི་ཐབས་ནི། བཟང་པོ་ལ་དངོས་གྲུབ་འབྱུང་བའི་བཅང་ཐབས་དང༌། འབྲིང་པོ་ལ་ཕྲིན་ལས་འགྲུབ་པའི་བཅང་ཐབས་དང༌། ངན་པ་ལ་ཉེས་པ་མི་འབྱུང་བའི་བཅང་ཐབས་དང་གསུམ་མོ། །བཞི་པ་དགོས་པ་ནི་དེ་ཁོ་ན་ཉིད་བསམ་པ། སྤྱོད་པ་ལ་བློ་སྦྱོང་བ། འཇིག་རྟེན་གྱི་དྲག་པོ་འདུལ་བ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་གྲུབ་པ་དང་བཞི་ཡིན་ནོ། །ལྔ་པ་མིང་དོན་ནི། ཀ་པཱ་ལ་སྟེ། སུ་ཀ་ན་བདེ་བའམ། ཀཱ་ཡ་ན་ལུས། པཱ་ལ་ཤ་ན་སྐྱོང་བ་སྟེ་ལུས་སམ་བདེ་བ་ཆེན་པོ་སྐྱོང་བའི་དོན་ཏེ། མདོར་བསྟན་པ་ཙམ་ཡིན་ནོ། །རྒྱས་པར་ནི་ཀྱེའི་རྡོ་རྗེའི་རྒྱུད་ཀྱི་དུམ་བུ། གསང་སྔགས་ཐམས་ཅད་ཀྱི་སྤྱོད་པ་མཆོག་ཏུ་གྱུར་པ་རྒྱ་མཚོའི་ལེའུ་གཅིག་དང༌། བདེ་མཆོག་སྡོམ་འབྱུང་གི་ལེའུ་གཅིག་དང༌། གཤིན་རྗེ་གཤེད་ཀྱི་རྒྱུད་ཕྱི་མ་གཞོན་ནུ་གདོང་དྲུག་པའི་ལེའུ་གཅིག་དང༌། འཇིག་རྟེན་ན་འཇིགས་བྱེད་ཀྱི་རྒྱུད་ཀྱི་དུམ་བུ་ལྷ་མོ་གནས་མཁར་དུ་གྲགས་པ་དང༌། མིང་དོན་ཅུང་ཟད་ཡེ་ཤེས་ཐིག་ལེའི་རྒྱུད་ལས་འབྱུང་བ་དང༌། བླ་མ་རྗེ་བཙུན་གྱི་ཡང་དག་པའི་མན་ངག་རྣམས་ལས་རྟོགས་པར་བྱའོ། །གཞན་དུ་ན་བུམ་རིལ་ཐོད་མཁར་དང༌། རྐང་གཉིས་བྱ་འཕུར་དང༌། འཇིགས་བྱེད་ཀྱི་རྒྱུད་དཀར་མོ་སྤྱན་གཅིག་གིས་ཞུས་པ་ལ་སོགས་པ་རྣམས་ནི་རང་དགའ་བ་རྣམས་ཀྱིས་ངན་རྟོག་འབའ་ཞིག་བྲིས་པར་ཟད་དོ། །དེ་བ་ཨ་ཀ་ར་ཙནྡྲས་ཐོད་པའི་མཚན་ཉིད་ཀྱི་བསྟན་བཅོས་ཤིག་བྲིས་པ་མཐོང་ན་དེ་ནི་ལྷ་མོ་གནས་མཁར་གྱི་དོན་འབའ་ཞིག་བྲིས་པ་ལས་གཞན་ཅི་ཡང་མི་སྣང་ངོ༌། །སྣོད་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།དོན་གསུམ་པ་ཁ་ཊྭཱཾ་ག་ལ་བཞི་སྟེ། མཚན་ཉིད་དང༌། དག་པ་དང༌། དགོས་པ་དང༌། མིང་དོན་ནོ། །དང་པོ་ནི་ཁ་ཊྭཱཾ་གས་ནི་རྒྱུ་དང་ལམ་དང་འབྲས་བུའི་ཆོས་ཐམས་ཅད་མཚོན་པ་ཡིན་ནོ། །དེའང་ཨ་བྷི་དྷ་ནའི་ལེའུ་དགུ་པ་ལས། རྡོ་རྗེ་ཁ་ཊྭཱཾ་གའི་སྟེང་དུ་རྩེ་མོ་ལྔ་པའི་རྡོ་རྗེ་རབ་ཏུ་འཇིགས་པ་དྲིལ་བུ་འཕྱང་ཞིང་སྣ་ཚོགས་པའི་བ་དན་རབ་ཏུ་དཔྱངས་པ། དབུས་སུ་སྣ་ཚོགས་རྡོ་རྗེས་མཚན་པ། འོག་ཏུ་རྡོ་རྗེ་རྩེ་གཅིག་པ་ཞེས་འབྱུང་སྟེ་མཚན་ཉིད་དོ། །གཉིས་པ་ཞར་ལས་མཚན་ཉིད་ཞིབ་ཏུ་བསྟན་པའི་དོན་འདི་ཡིན་ཏེ། རྭ་དབུས་མ་རིང་བས་ན་རྡོ་རྗེ་རྩེ་གཅིག་པ་ཡིན་ལ། དོན་གྱི་རྩེ་མོ་ལྔ་པའི་རྡོ་རྗེ་ཕྱེད་པ་ནི་བྱང་ཆུབ་ཀྱི་སེམས་མཚོན་པའོ། །དེའི་སྟེང་དུ་མི་རྐང་ངམ་སྒལ་ཚིགས་ཀྱི་དབྱུག་པ་སྟེ། དེ་ནི་ཆོས་ཐམས་ཅད་བདག་མེད་པར་མཚོན་པ་ཡིན་ནོ། །དེ་ལྟར་སྟོང་པ་དང་སྙིང་རྗེ་གཉིས་སུ་མེད་པའི་ལམ་ལས་སྐུ་གསུམ་གྱི་བདག་ཉིད་འབྱུང་བས་ན། དེའི་སྟེང་དུ་སྣ་ཚོགས་རྡོ་རྗེ་ནི་སྤྲུལ་པའི་སྐུ་མཚོན་ཏེ། ཕྲིན་ལས་སྣ་ཚོགས་ཀྱིས་སེམས་ཅན་གྱི་དོན་མཛད་པའི་ཕྱིར་རོ། །དེར་དྲིལ་བུ་དང༌། དར་དཔྱངས་དང༌། བ་དན་རྣམས་ཀྱང་གདགས་པར་བྱ་སྟེ། སེམས་ཅན་གྱི་དོན་རྒྱ་ཆེན་པོ་འབྱུང་བའི་ཕྱིར་རོ། །དེའི་སྟེང་དུ་བུམ་པ་བདུད་རྩིས་བཀང་བས་ནི་ལོངས་སྤྱོད་རྫོགས་པའི་སྐུ་མཚོན་ནོ། །དེའི་སྟེང་དུ་ཐོད་པ་སྐམ་པོ་སུམ་བརྩེགས་ནི་ཆོས་ཀྱི་སྐུ་མཚོན་ཏེ། རྣམ་པར་ཐར་པའི་སྒོ་གསུམ་མཚོན་པའོ། །དེའི་སྟེང་དུ་རྡོ་རྗེ་རྩེ་ལྔ་པ་ནི་སྦྱང་གཞི་ཉོན་མོངས་པ་ལྔའམ་ཕུང་པོ་ལྔ་སྦྱངས་ནས་འབྲས་བུ་སྐུ་ལྔ་དང༌། ཡེ་ཤེས་ལྔ་དང༌། རིགས་ལྔ་སྒྲུབ་པར་བྱེད་པ་ལ་དགོངས་ཏེ་ཞིབ་ཏུ་ནི་རྡོ་རྗེའི་མཚན་ཉིད་ལྟར་ཤེས་པར་བྱའོ། །དེ་ལྟར་ན་དབྱིབས་ཀྱི་དག་བྱེད་ལམ་དང་འབྲས་བུ་ལ་སྦྱར་བ་ཡིན་ནོ། །འདིའི་རིང་ཐུང་གི་ཚད་ཀྱི་དག་བྱེད་སྦྱང་གཞི་སྦྱོང་བྱེད་ལ་སྦྱར་ན་འོག་གི་རྡོ་རྗེ་ཕྱེད་པ་ནི་སོར་ལྔ་པ་སྟེ། ཕུང་པོ་ལྔའི་གནས་ནས་ཡེ་ཤེས་ལྔར་འདྲེན་པ་མཚོན་ཏེ་ལུས་ཀྱི་རྐང་པའི་སོར་མོ་ལྔ་མཚོན་པའོ། །བར་གྱི་དབྱུག་པ་ནི་ལོང་བུ་ནས་མགྲིན་པའི་མཚམས་མན་ཆད་ཀྱི་ལུས་འདི་མཚོན་པས་ན་ཁྲུ་གསུམ་པ་ཡིན་ལ། རྐང་མཚོན་པར་བྱེད་པ་ནི་སོར་ཉི་ཤུ་རྩ་བཞི་ཚད་ཡིན་ནོ། །དེའང་ཁྲུ་གསུམ་པར་བྱེད་ན་རྣམ་པར་ཐ་ར་པའི་སྒོ་གསུམ་མཚོན་ལ། སོར་ཉི་ཤུ་རྩ་བཞིར་བྱེད་ན་ནང་གི་དབང་པོ་ཉི་ཤུ་གཉིས་ཀྱི་སྟེང་དུ་ཡུལ་ཆོས་ཅན་དང༌། ཆོས་ཉིད་བསྣན་པས་ཉི་ཤུ་རྩ་བཞི་སྟེ། དེའང་ནང་གི་བྱེད་པ་པོ་ཟུང་དུ་འཇུག་པའི་ཡེ་ཤེས་སྟོན་པར་ཤེས་པར་བྱའོ། །ལག་པ་གཉིས་ནི་བ་དན་དང༌། དྲིལ་བུ་སྟེ་སྤྲུལ་པའི་སྐུ་སེམས་ཅན་གྱི་དོན་རྒྱ་ཆེན་པོ་བྱེད་པའོ། །སྣ་ཚོགས་རྡོ་རྗེ་དང་བུམ་པས་མགྲིན་པའི་གནས་རྣམས་མཚོན་ནོ། །སྣ་ཚོགས་རྡོ་རྗེ་ལ་སོར་གཉིས་དང༌། བུམ་པ་ལ་སོར་བཞི་ཡིན་ནོ། །དེའང་དང་པོ་སོར་གཉིས་ནི་སྤྲུལ་པའི་སྐུས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་གཉིས་ཀའི་དོན་བྱེད་པར་མཚོན་ལ། སོར་བཞིས་ནི་ལོངས་སྤྱོད་རྫོགས་པས་དགའ་བ་བཞི་ལ་ལོངས་སྤྱོད་པ་མཚོན་ནོ། །དེ་ནས་མགོ་བོའི་དང་པོས་ནི་སྦྱང་གཞི་དེ་ཉིད་སྦྱང་ལ། དེའང་སོར་བཅུ་གཉིས་ཀྱི་ཚད་ཡིན་ལ། རྟེན་འབྲེལ་བཅུ་གཉིས་མཚོན་པ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དོ། །དེ་ལྟར་དེ་མན་ཆད་ཀྱིས་ནི་སྦྱང་གཞི་འདོད་པའི་ཁམས་རྣམ་པར་དག་པ་ཡིན་ནོ། །དེའི་སྟེང་ན་ཡར་མགོ་བོ་སྐམ་པོ་གཉིས་ནི་གཟུགས་དང་གཟུགས་མེད་པའི་ཁམས་གཉིས་རྣམ་པར་ཐར་པ་མཚན་མ་མེད་པ་དང་སྨོན་པ་མེད་པ་གཉིས་རྣམ་པར་དག་པའོ། །དེའི་སྟེང་གི་རྡོ་རྗེ་ལ་འོག་ཏུ་བལྟས་པའི་རྩེ་མོ་ལྔ་ནི་ཁམས་གསུམ་གྱི་ཕུང་པོ་ལྔ་སྦྱོང་བ་ཡིན་ལ། ཡར་བལྟས་པའི་རྩེ་མོ་ལྔ་ནི་སངས་རྒྱས་ཀྱི་ཡེ་ཤེས་ལྔ་མཚོན་ནོ། །དེ་ལྟར་རིང་བའི་ཚད་ནི་འདོམ་གང་ལས་ལྷག་པ་ཡིན་ལ། ཤིན་ཏུ་ཐུང་བའི་ཚད་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་ལུགས་སུ་འབྱུང་བས་འཁོར་བ་དང༌། ལུགས་ལས་བཟློག་པས་མྱ་ངན་ལས་འདས་པ་མཚོན་པའི་ཕྱིར་སོར་བཅུ་གཉིས་པ་ཡང་བཏུབ་ལ། ལུས་ཀྱི་གྲུ་མོར་འཆང་བའི་ཕྱིར་ཇི་ལྟར་འཚམ་པ་ཡིན་ནོ། །ཞེས་ཀྱང་བླ་མ་རྣམས་གསུང་ངོ༌། །གསུམ་པ་དགོས་པ་ནི་དེས་ན་ཁ་ཊྭཱྃ་ག་འདིས་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་སམ། ལུས་ཀྱི་རྐང་མཐིལ་ནས་སྤྱི་བོའི་བར་རམ། ལམ་དང་འབྲས་བུའི་ཆོས་ཐམས་ཅད་མཚོན་པས་ན་དེའང་ཅི་ཤེས་པས་འཛིན་པར་བྱེད་པ་ནི་དགོས་པའོ། །ཞར་ལས་བྱུང་བ་ཡང་འཇིག་རྟེན་པའི་མཁའ་འགྲོ་མ་སྟེ། ཡེ་ཤེས་པའི་བཀའ་ལ་རྟོགས་པའི་མཁའ་འགྲོ་མ་རྣམས་ཀྱིས་ཀྱང་འཆང་བ་ནི་ཀེང་རུས་ཙམ་ལས་མེད་པའི་སྟེང་དུ་རྡོ་རྗེ་ཕྱེད་པ་བཞག་པའམ། མིའི་རྐང་པ་ལ་མིའི་མགོ་བོ་བཞག་ནས་དེའི་སྤྱི་བོར་རྡོ་རྗེ་ཕྱེད་པ་བཞག་པ་ཡིན་ནོ། །ཡེ་ཤེས་པའི་བཀའ་ལ་མ་རྟོགས་པའི་སྲིན་པོ་དང་ཌཱ་ཀི་ནཱི་རྣམས་ཀྱིས་འཛིན་པ་ནི་རྐང་པ་ནི་རྐང་གི་མགོ་བོར་མི་མགོ་སྐམ་པོ་བསྒར་ནས་རྡོ་རྗེ་ཕྱེད་པ་མེད་པ་ཡིན་ནོ། །བཞི་པ་མིང་དོན་ནི། ཁ་ཞེས་བྱ་བ་ནམ་མཁའ་ཡིན་ལ། ཊྭཱཾ་ག་ཞེས་པ་ནི་ཀེང་རུས་སམ་དབྱུག་པ་སྟེ། ནམ་མཁའི་ཀེང་རུས་སམ། དབྱུག་པ་ཞེས་བྱ་བའི་ནི་སྒྲ་དོན་ནོ། །གང་ལྟར་ཡང་དེ་དག་ཀུན་ལ་ཁ་ཊྭཱཾ་ག་ཞེས་བྱ་བའི་སྒྲ་འཇུག་ཅིང་རྩེ་གསུམ་པ་དང༌། ནམ་ཡང་འཁྲུལ་པར་མི་བྱའོ། །ཁ་ཊྭཱྃ་གའི་རྣམ་པར་བཤད་པ་བསྟན་ཟིན་ཏོ།། །།གྲི་གུག་ནི་རྡོ་རྗེ་ཕྱེད་པ་ལས་ཡུ་བ་བྱས་པའི་སོར་བརྒྱད་དམ། བཅུ་གཉིས་པའི་སོར་གཉིས་པའི་གྲི་གུག་རྩེ་མོ་བསྣུར་བའི་ཕྱོགས་སུ་ཅུང་ཟད་གུག་པར་བྱས་པ་སྟེ། གྲི་གུག་གི་མཚན་ཉིད་དོ།། །།གཉིས་པ་རྣམ་པར་དག་པ་ལ་ཡུ་བ་ནི་རྡོ་རྗེའི་ཕྱེད་དང་དག་པ་མཚུངས་ལ། སོ་ནི་རྟེན་འབྲེལ་བཅུ་གཉིས་ལུགས་སུ་འབྱུང་བའམ། ལུགས་ལས་བཟློག་པ་ཐུགས་སུ་ཆུད་པའམ། སངས་རྒྱས་ཀྱི་དབང་ཕྱུག་བརྒྱད་ཐུགས་སུ་ཆུད་པ་སྟེ། མདོར་ན་ཡེ་ཤེས་ཐམས་ཅད་ཡོངས་སུ་རྫོགས་པ་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་རང་བཞིན་ཅན་ནོ། །དེ་བཞིན་གཤེགས་པའི་ཕྱག་མཚན་རྣམས་ཀྱི་ནང་ནས་མཆོག་ཡིན་ནོ། །ཞེས་དུས་ཀྱི་འཁོར་ལོའི་འགྲེལ་པ་དྲི་མ་མེད་པ་ལས་འབྱུང་ངོ༌། །གསུམ་པ་དགོས་པ་ནི་དེ་ཁོ་ན་ཉིད་དྲན་པར་བྱ་བ་དང༌། འཇིག་རྟེན་གྱི་དྲག་པོ་འདུལ་བར་བྱ་བའི་ཕྱིར་ཞིང་སྤྲོ་བ་ལ་སོགས་པའི་བྱ་བ་བྱེད་པ་ཡིན་ནོ། །བཞི་པ་མིང་དོན་ནི། ཉོན་མོངས་པ་གཅོད་པས་ན་གྲི་གུག་ཅེས་བྱ་བ་ཡིན་ནོ། །ལག་ཆ་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དོན་བཞི་པ་རོལ་མོའི་ཆ་བྱད་ནི་གསུམ་སྟེ། དེ་རེ་རེ་ལའང་བཞི་བཞི་སྟེ། མཚན་ཉིད་དང༌། དག་པ་དང༌། དགོས་པ་དང༌། མིང་དོན་ནོ། །དེ་ལ་དང་པོ་ཌཱ་མ་རུའི་མཚན་ཉིད་ནི། རྡོ་རྗེའི་ཤིང་ངམ་སེང་ལྡེང་གི་ཤིང་ལ་སོགས་པ་དངོས་པོ་གང་ཡང་རུང་བ་ལས་བྱ་སྟེ། ཆུར་ཇི་ཙམ་ཡོད་པའི་ཕྱེད་ཁའི་ཞེང་ལ་བྱ། རྐེད་པ་ཇི་ཙམ་ཕྲ་བར་བྱ་སྟེ་ཚད་མེད་དོ། །དེའང་སཾ་པུ་ཊའི་བརྟག་པ་དགུ་པ་དངོས་ལས་དེ་ནས་ཅང་ཏེའུའི་མཚན་ཉིད་བཤད། བཛྲི་ཤིར་ཤའི་རྩ་བ་དང༌། །ཙནྡན་དམར་པོ་ལས་བྱུང་དང༌། །གཞན་རྣམས་གང་རྣམས་དེ་རྣམས་ནི། །ཡིད་ལ་འདོད་པ་རྣམས་ལ་བྱ། །དེ་ཡི་ཚད་ནི་བཀའ་སྩལ་པ། །བཅུ་གཉིས་པ་དང་བཅུ་པ་ཉིད། །ཁ་ལ་སོར་ནི་དྲུག་དང་ལྔ། །དགུ་པ་དང་ནི་བཅུ་གཅིག་དང༌། །ཁ་ལ་དེ་ཡི་ཕྱེད་ཉིད་དོ། །ཞེས་གསུངས་སོ། །གཞན་ཐོད་པ་གཉིས་ལྟག་པ་སྤྲད་དེ་བར་ལེགས་པར་བསྡམས་ལ་བྱ་བ་ནི། དེ་ཉིད་ལས། དེ་ལས་གཞན་པའི་རྔེའུ་ཆུང་ནི། །ཐོད་པ་ལས་ནི་བསྐོར་བ་ཉིད། །ཅེས་སོ། །གང་ལྟར་ཡང་རུང་སྟེ་སྦ་ལ་སོགས་པ་ཤིང་བུ་མཉེན་པ་ཞིག་ལ་ཅང་ཏེའུའི་ཁ་ལས་མཐེབ་སོར་གང་ཙམ་ཕྱིར་བསྐྱེད་པའི་ཚད་ཟླུམ་པོའམ་ཐོད་པའི་དབྱིབས་ལྟར་བསྡམས་ལ། དེ་ལ་སྤྲེའུའི་པགས་པ་སྤུ་མེད་པས་གཡོགས་ནས་ལེགས་པར་བརྒྱངས་ཏེ་གར་སྤྱིན་ལ་སོགས་པས་ལེགས་པར་བསྡམས། དེའི་སྟེང་ངོས་ཀྱི་ནང་དུ་རང་བྱུང་གི་མེ་ཏོག་གིས་པདྨ་འདབ་བརྒྱད་བྲིས་ལ། དེ་ལ་ཀྱེའི་རྡོ་རྗེ་ལྷ་དགུའམ། ཙཀྲ་སཾ་བ་ར་ལྷ་ལྔའམ། བཅུ་གསུམ་མམ། མ་ཧཱ་མཱ་ཡཱ་ལྷ་ལྔའམ། དེ་དག་ལ་སོགས་པ་ཡི་དམ་གྱི་ལྷ་གང་ཡིན་པའི་ས་བོན་ནམ་ཕྱག་མཚན་བྲི། འོག་མ་ངོས་སུ་པདྨ་འདབ་བརྒྱད་བྲིས་པའི་ལྟེ་བར་ནག་པོ་ཆེན་པོ་ལ་སོགས་པའི་ཕྱག་མཚན་གྲི་གུག་གམ་ཐོད་པ་བྲི། འདབ་མ་བརྒྱད་ལ་ཤར་ནས་བཟུང་སྟེ་གཡས་སྐོར་དུ་རྡོ་རྗེ། ཐོད་པ། དགྲ་སྟྭ། མཆེ་བ། འཁོར་ལོ། རྒྱལ་མཚན། རལ་གྲི་དང་མདུང་རྣམས་བྲིའོ། །སྟེང་འོག་མི་འཁྲུལ་བར་བྱ་བའི་ཕྱིར་སྟེང་གི་ཕྱི་རོལ་དུ་པདྨའི་སྟེང་དུ་རྡོ་རྗེའམ་ཧཱུྃ་བྲི། འོག་གི་ཕྱི་རོལ་དུ་པདྨ་གཅིག་བྲི། དེའང་དགུ་པ་དངོས་ལས། སྤྲེའུའི་པགས་པས་གཡོགས་པའོ། །དེ་བཞིན་ཁ་སྦྱོར་གཉིས་ལ་ནི། །པདྨ་དག་ནི་བྲི་བར་བྱ། །བུད་མེད་ཁྲག་གིས་མཛེས་པ་སྟེ། །ཁྱིམ་གྱི་མེ་ཏོག་ཉིད་ཀྱིས་ནི། །པདྨའི་ཟེ་འབྲུ་གཉིས་པ་ལ། །དཀྱིལ་འཁོར་ཉིད་ནི་བྲི་བར་བྱ། །ཞེས་གསུངས་སོ། །དེ་ནས་རྐུན་པོ་བསད་པའི་སྐྲ་ལས་ཤིན་ཏུ་གྲིམས་པའི་སྐུད་པ་བྱས་ལ་ཅང་ཏེའུ་གཡོགས་པའི་པགས་པའི་ཤིང་བུ་ལ་བུ་ག་བཅུ་དྲུག་ཕུག་སྟེ་སྐྲའི་སྐུད་པས་འཁོར་ལོའི་རྩིབས་ལྟར་དམ་ལྷོད་རན་པར་བསྡམས། དེ་ནས་ནང་གི་ཤིང་བུ་ལ་བཏགས་པའི་མིའི་རྒྱུས་པའམ། སྐྲ་སྦྲེལ་བ་ལ་ཆུ་སྐྱར་གྱི་རྐང་པ་རློན་པ་ལེགས་པར་བསྒོངས་ལ། སྤྲ་ཚིལ་ལམ་དར་གྱིས་གཡོགས་ཏེ་ཅང་ཏེའུའི་དཀྱིལ་ཙམ་དུ་འོང་བར་ལེགས་པར་གདགས། དེ་ནས་མིའི་པགས་པ་ལེགས་པར་མཉེས་པའམ། གཞན་གྱི་ཡིན་ཡང་ཉེས་པ་མེད་དེ་སོར་གཅིག་ཙམ་གྱི་ཞེང་ཡོད་པའི་ནང་གི་ཤིང་བུ་ལ་བཏགས་ལ། དེས་འཛིན་པའི་ཐག་པ་བྱ། རྩེ་སོར་གཉིས་ཙམ་ཡོད་པའི་ཐག་པ་གཅིག་གིས་མིའི་སྐྲའི་རྒྱུས་པ་ལས་བྱས་པའི་ཐག་པའི་ཕྲན་ཕྲན་ཡོད་པའི་ཐག་པའི་སྟེང་ནས་དཀྲིས་ལ་བྱ་སྟེ། འདི་ལ་ནི་སྐད་དུ་མ་འོང་བའི་དགོས་པ་ཡོད་པ་ཡིན་ནོ། །དེའང་དགུ་པ་དངོས་ལས། དུར་ཁྲོད་སྐྱེས་པའི་སྐྲ་ལས་ནི། །བཀལ་ནས་རུས་པ་ཉིད་ནི་བཅིངས། །ཞེས་པ་དང༌། ཆུ་སྐྱར་རྐང་པའི་རུས་པ་བརྡབས། །ཞེས་འབྱུང་ངོ༌། །དེ་ལྟ་བུའི་ཅང་ཏེའུ་དེ་འཇོག་པའི་དུས་སུ་སྟེང་འོག་མ་འཁྲུལ་པར་བཞག་པའམ། འཛིན་པའི་ཐག་པ་ནས་གཟེར་བུ་ལས་བླངས་ལ་གདགས་པར་བྱས་ཏེ་མཚན་ཉིད་དོ།། །།ད་ནི་གཉིས་པ་རྣམ་པར་དག་པ་བརྗོད་པར་བྱ་སྟེ། ཆོས་ཐམས་ཅད་ནི་སྐྱེ་བ་མེད་པ་ལ་སྐྱེ་བའི་ཆོ་འཕྲུལ་དུ་འབྱུང་བ་བྲག་ཅ་ལྟ་བུ་དང༌། རྟེན་ཅིང་འབྲེལ་པ་ལས་འབྱུང་བ་སྟེ། ཅང་ཏེའུ་ཁོག་པ་དང༌། པགས་པ་དང༌། རྒྱུད་དང༌། རྡུང་བྱེད་དང༌། སྐྱེས་བུའི་ལག་པའི་རྩོལ་བ་སྟེ། དེ་དག་གང་ཡང་རུང་བ་གཅིག་མེད་ཀྱང་མི་འབྱུང་སྟེ། ཚོགས་པ་ལས་འབྱུང་བའང་འདི་ལས་བྱུང་མེད་ལ། དེ་ནས་སྐྱེ་བ་མེད་ཅིང་འགག་པ་མེད་པས་རང་བཞིན་མེད་པར་ཤེས་པར་བྱའོ། །གསུམ་པ་དགོས་པ་ནི་འཁྲོལ་བའི་དུས་སུ་ཁྱིམ་དུ་འཁྲོལ་ན་ནི་བླ་མ་དང༌། སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་རྣམས་མཉེས་པར་བྱ་བ་དང༌། གསོལ་བ་གདབ་པར་བྱ་བའི་ཚུལ་དུ་རོལ་མོ་དབུལ་ཞིང༌། ཌཱ་མ་རུའི་དེ་ཁོ་ན་ཉིད་དྲན་པའི་ཚུལ་གྱིས་དཀྲོལ་ལོ། །ཕྱི་རོལ་དུ་འཁྲོལ་ན་ནི་ཕྲིན་ལས་བཅོལ་བ་ཡིན་ནོ། །ག་ཎ་ཙཀྲ་ཚར་བ་དང༌། ཕུད་དང་ལྷག་མ་བསྲེས་པའི་གཏོར་མ་ཁྱེར་ལ། ལམ་ཁའི་བཞི་མདོར་བཞག་སྟེ། རྐང་པ་གཡོན་པའི་མཐེ་བོས་གྲུ་བཞིར་བྲིས་ལ། མཚམས་སུ་རྡོ་རྗེ་ལྕགས་ཀྱུ་བྲི་ཞིང་དེའི་དབུས་སུ་བསྡད་ལ་གཡས་པས་ཅང་ཏེའུ་བཟུང་སྟེ་གཡོན་པའི་སྙིང་གའི་ཐད་ཀར་དཀྲོལ་ཞིང༌། ལྷའི་ང་རྒྱལ་བརྟན་པོ་དང་ལྡན་པས་བྱིན་གྱིས་བརླབས་ཏེ། བདག་མཁའ་འགྲོའི་དབང་དུ་མི་གཏང་ཞིང་མཁའ་འགྲོ་བདག་གི་དབང་དུ་འདུ་བར་བྱ་བའི་ཕྱིར་ཕུད་དང་ལྷག་མ་བསྲེས་པའི་གཏོར་མ་ལ་འབར་བའི་ཕྱག་རྒྱ་ཁ་ལ་གཏད་པའི་ནང་ནས་ཁ་ཕྲུ་བཏབ་ལ། གཡོ་ལྡན་མ་ཕྲེཾ་ཧཱུྃ། མར་མེ་མ་ཕྲེཾ་ཧཱུྃ་ཞེས་བྱ་བ་ལ་སོགས་པའམ། རེ་མ་ཏི་ཕྲེཾ་ཧཱུྃ། ཙ་མུན་ཏི་ཕྲེཾ་ཧཱུྃ་ཞེས་རང་རང་གི་མིང་བརྗོད་པ་སྔོན་དུ་འགྲོ་བའི་ཕྲེཾ་ཧཱུྃ་གི་སྒྲས་བོས་ཏེ། མཁའ་འགྲོ་བྲན་གྱི་ཚུལ་དེ་དག་ལ་བདག་ཧེ་རུ་ཀའི་ང་རྒྱལ་བརྟན་པོས་བྱིན་ཏེ། ཇི་ལྟར་འདོད་པའི་ཕྲིན་ལས་བཅོལ་ཞིང༌། ཌཱ་མ་རུ་དཀྲོལ་ན་འཇིགས་ཤིང་འདར་བའི་ཚུལ་གྱིས་ཇི་ལྟར་བསྒོ་བའི་ལས་ཐམས་ཅད་བྱེད་དེ། མ་འོངས་ཤིང་ལས་མ་བྱས་ན་ཌ་ཀི་ནཱི་ཐམས་ཅད་འཆི་བར་འགྱུར་རོ། །དེའང་དགུ་པ་དངོས་ལས། མཚན་མོ་བཞི་མདོ་དག་ཏུ་ནི། །རྐང་པ་གཡོན་པའི་མཐེ་བོང་གིས། །དཀྱིལ་འཁོར་གྲུ་བཞི་མཚམས་སུ་ནི། །རྡོ་རྗེ་ལྕགས་ཀྱུ་བྲི་བར་བྱ། །དེར་གནས་གཡོན་པའི་ངོས་སུ་ནི། །ཇི་ལྟར་དང་པོའི་མིང་གཟུང་བ། །ཕྲེཾ་ཧཱུྃ་ཞེས་ནི་བརྗོད་ནས་སུ། །ཆུ་སྐྱར་རྐང་པའི་རུས་པས་གདབ། །དེ་ལྟར་གཡོ་ལྡན་མ་ལ་སོགས། །ཐམས་ཅད་འགུགས་པར་བྱེད་པར་འགྱུར། །གལ་ཏེ་འོངས་པར་མ་གྱུར་ན། །དེ་ཚེ་མཁའ་འགྲོ་མ་ཀུན་འཆི། །ངེས་པ་ཉིད་དུ་འགྲུབ་འགྱུར་བས། །ངས་གསུངས་པ་ལ་ཐེ་ཚོམ་མེད། །གལ་ཏེ་ཁྲོས་པས་སློབ་དཔོན་གྱིས། །ཅང་ཏེའུ་རྡུང་བར་བྱེད་པ་ན། །དེ་ཚེ་མཆི་མ་འཛག་ཅིང་ངུ༌། །ཞེས་འབྱུང་སྟེ་དེ་དག་ནི་དགོས་པའོ། །བཞི་པ་ངེས་ཚིག་ནི་ཌཱ་མ་རུ་སྟེ། ཟག་པ་མེད་པའི་སྒྲ་སྒྲོགས་པའོ། །རོལ་མོ་དང་པོ་བསྟན་ཟིན་ཏོ། །གཞན་ཡང་རོལ་མོའི་ཆ་བྱད་ནི། སྐྱེས་པ་དང་མ་ཕྲད་པའི་བུད་མེད་ཀྱི་འདོམ་ཀྱི་རུས་པ་རྐང་པ་གཉིས་དང༌། ཚིགས་པའི་རུས་པ་བྲེགས་ཏེ་ལེགས་པར་འཇམ་པོར་བྱས་ལ། དེ་ཉིད་ཀྱི་ཀླད་རྒྱས་གཡོགས་པ་སྟེ། ལེགས་པར་སྦྱར་བའམ། ཌཱ་མ་རུ་ལྟར་ཕྲན་ཕྲན་བྱེད་པ་གཉིས་གང་རུང་བྱ། སྐྱེས་པའི་སྲིན་ལག་གིས་ཅང་ཏེའུ་བརྡུང་བའི་རི་ལུ་གཉིས་སམ། རྔ་ལྡིང་ལྟ་བུར་བྱའོ། །འདི་ནི་གསང་བའི་རྔེའུ་ཆུང་ཞེས་བྱ་བ་ཡིན་ནོ། །འདིའི་དེ་ཁོ་ན་ཉིད་ནི་ཌཱ་མ་རུ་དང་མཚུངས་སོ། །གཞན་ཡང་སྐྱེས་པའི་བརླའི་རྐང་གང་ཕྲ་བའི་ཕྱོགས་ནས་བུད་དུ་རུང་བར་མཐེབ་སོར་བཅུ་གཉིས་ཀྱི་ཚད་དུ་བྲེགས་ལ། ཕྱི་ནང་གཉིས་ལེགས་པར་ག་དར་བྱས་ལ་བུད་པར་བྱ་སྟེ། དུང་ཆེན་གྱི་གླིང་བུ་ཞེས་བྱ་བའི་མཚན་ཉིད་དོ། །འདིའི་དག་པ་རོ་ནི་བདག་མེད་པ་ཡིན་ལ། སྒྲ་ཐམས་ཅད་ནི་སྐྱེ་བ་མེད་པ་ཡིན་པས་བདག་མེད་ཅིང་སྐྱེ་བ་མེད་པའི་སྒྲ་སྒྲོགས་པའོ་ཞེས་དྲན་པར་བྱ་ཞིང་བུད་དོ། །རོལ་མོའི་ཆ་བྱད་ཕྱི་མ་འདི་གཉིས་ཀྱི་དགོས་པ་ནི་དེ་ཁོ་ན་ཉིད་དྲན་པའི་ཚུལ་གྱིས་འཇིག་རྟེན་གྱི་མཁའ་འགྲོ་མ་རྣམས་བོད་པ་དང༌། བསྐུལ་བའི་ལས་ལ་ཁྱད་པར་དུ་བསྔགས་པ་ཡིན་ནོ། །བཞི་པ་མིང་དོན་ལ་བདག་ནི་སྦ་ཞིང་གསང་བའི་ཕྱིར་ན་གསང་བ་ཡིན་ལ། དེ་ལས་སྒྲ་འབྱུང་བ་ནི་རྔེའུ་ཆུང་སྟེ། གསང་བའི་རྔེའུ་ཆུང་ཞེས་བྱ་བ་ཡིན་ནོ། །མིའི་རུས་པ་ནི་དུང་ཆེན་པོ་ཡིན་ལ། དེ་ལས་སྒྲ་འབྱུང་བ་ནི་གླིང་བུ་ཡིན་ནོ་ཞེས་གསང་སྔགས་ཀྱི་སྤྱོད་པ་མཆོག་ཏུ་གྱུར་པ་གསང་བ་རྒྱ་མཚོའི་རྒྱུད་ལས་འབྱུང་ངོ་ཞེས་གསུངས་སོ། །རྒྱུད་གཞན་ནས་ནི་མ་མཐོང་སྟེ། འཇིག་རྟེན་གྱི་མཁའ་འགྲོ་མ་འཁོར་བའི་རྒྱུད་དག་ནས་ནི་མཐོང་ངོ༌། །རོལ་མོའི་ཆ་བྱད་གསུམ་བསྟན་ཟིན་ཏོ། །རོལ་མོའི་ལེའུ་སྟེ་བཞི་པའོ།། །།དོན་ལྔ་པ་ཧེ་རུ་ཀའི་ཆས་ལ་གདིང་བ་སྟན་གྱི་དབང་དུ་བྱས་ན་བཞི་ལས། དང་པོ་མཚན་ཉིད་ནི་རོ་ལེགས་པར་སྐམ། དེ་ནས་ཅུང་ཟད་སྦངས་ལ་དབྱུག་པ་ཆེན་པོས་ཕྱི་རོལ་ནས་ཡང་དང་ཡང་དུ་བརྡུང་བས་རུས་པ་ལ་སོགས་པ་དྲི་མའི་ལམ་ནས་འཐོན་འཐོན་བརྡུངས་ཏེ། ལེགས་པར་འཇམ་པོར་སོང་སོང་ག་དར་བྱས་པས་ཤིན་ཏུ་འཇམ་པའི་སྟན་དུ་འགྱུར་རོ། །ཡང་ན་སྟག་གི་པགས་པ་མཉེན་པར་བྱས་པ་ཡང་རུང་ངོ༌། །དེ་དག་མ་འབྱོར་ན་དུར་ཁྲོད་ཀྱི་རས་ལ་རོའི་གཟུགས་གཡོགས་པའི་སྟན་ནང་ཚངས་ཅན་བྱའོ། །དེའང་བརྟག་པ་གཉིས་པའི་ཕྱི་མའི་ལེའུ་བདུན་པ་ལས། རོ་ཡི་གཟུགས་ཅན་དགུ་དང་ནི། །ཡང་ན་སྟག་གི་པགས་པ་ཉིད། །དུར་ཁྲོད་རས་ནི་དེ་བཞིན་ནོ། །ཞེས་པའི་དོན་ཡིན་ཏེ། སྟན་གྱི་མཚན་ཉིད་དོ།། །།དྲུག་པ་བགོ་བ་ནི་མིའི་པགས་པ་མཉེན་པར་བྱས་པའམ། སྟག་གི་པགས་པ་ཤིན་ཏུ་མཉེན་པས་སྨད་གཡོགས་ཏེ། བགོ་བ་སྟག་གི་པགས་པ་ཉིད། །ཅེས་བྱ་བའི་དོན་ཏེ་བགོ་བའི་མཚན་ཉིད་དོ། །གཉིས་པ་དེ་ལྟར་སྟན་དང་བགོ་བ་གཉིས་ཀྱི་དེ་ཁོ་ན་ཉིད་ནི། དོན་དུ་ན་རོ་ནི་བདག་མེད་པ་ཡིན་ཏེ། དེ་དྲན་པར་བྱ་བ་དང༌། སྟག་ནི་བྱཱ་གྷྲ་སྟེ། གྲ་ཧ་ཀ་ནི་འཛིན་པ། གྲ་ཧ་ཙ་ནི་གཟུང་བ། གཟུང་འཛིན་གཉིས་ཀྱི་སྟོང་པའི་རང་བཞིན་ནོ་ཞེས་དྲན་པར་བྱའོ། །གསུམ་པ་དགོས་པ་ནི་འཇིག་རྟེན་གྱི་མཁའ་འགྲོ་ཕོ་མོ་དྲེགས་པ་ཅན་དག་བདག་ལྷའི་ང་རྒྱལ་དང་ལྡན་པས་སྟན་ལ་བསྡད་ཅིང་བགོ་བ་གོན་ནས་སྔོན་བཅོམ་ལྡན་འདས་ཀྱིས་དྲག་པོ་དབང་ཕྱུག་ཆེན་པོ་བཏུལ་བའི་ཆ་ལུགས་ཡིན་པས་བདག་གིས་ཀྱང་དེ་དག་འདུལ་བར་འགྱུར་བ་ཡིན་ནོ་སྙམ་དུ་དྲན་པར་བྱས་ན་དེ་དག་ཐུལ་བར་འགྱུར་རོ། །བཞི་པ་མིང་དོན་ནི་རྟོགས་པར་སླའོ། །སྟན་དང་བགོ་བའི་མཚན་ཉིད་དང༌། དེ་ཁོ་ན་ཉིད་དང༌། དགོས་པ་དང༌། མིང་དོན་བསྟན་ཟིན་ཏོ། །སྟན་དང་གོས་ཀྱི་ལེའུ་སྟེ་ལྔ་པ་དང་དྲུག་པའོ།། །།རྒྱན་ལ་བཞི་དང་བཏུང་བའི་སྣོད་ལ་ལྔ། །ལག་ཆ་གཉིས་དང་རོལ་མོའི་ཆ་བྱད་གསུམ། །སྟན་དང་གོས་ལ་གཉིས་གཉིས་དེ་ལྟར་ན། །དྲུག་ལས་ཕྱེ་བའི་རྣམ་གྲངས་བཅུ་བཞིའོ། །རྡོ་རྗེ་འཆང་བ་གྲགས་པ་རྒྱལ་མཚན་ལ། །ཤཱཀྱ་གྲགས་ཀྱིས་མང་དུ་གསོལ་བཏབ་ནས། །དཔལ་ལྡན་ས་སྐྱའི་དགོན་པར་བྲིས་པ་ཡི། །དགེ་དེས་འགྲོ་ཀུན་ཧེ་རུ་ཀར་གྱུར་ཅིག །དེ་ལྟར་ལམ་གྱི་ཡན་ལག་དཔལ་ཧེ་རུ་ཀའི་ཆས་དྲུག་པོ་རྒྱུད་ཀྱི་ལུང་དང་མི་འགལ་ཞིང་རྗེ་བཙུན་རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པའི་གསུང་གི་མན་ངག་ལས་བརྒྱུད་དེ་འོངས་པས་མཛེས་པར་བརྒྱན་པ་འདི་ནི་ཤཱཀྱའི་དགེ་བསྙེན་ཐེག་པ་མཆོག་གི་རྣལ་འབྱོར་པ་རྡོ་རྗེ་འཛིན་པ་གྲགས་པ་རྒྱལ་མཚན་གྱིས་ཞིབ་ཏུ་ཉེ་བར་སྦྱར་བ་འདི་ཡོངས་སུ་རྫོགས་སོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply