༼ཇ༽
༄༅། །དགའ་སྟོན་ལ་སྤྲིང་ཡིག་བཞུགས།།
༄༅། །ཨོཾ་སྭ་སྟི་སིདྡྷཾ། དཔལ་ལྡན་ས་སྐྱའི་དགོན་པ་ནས་ནུབ་ཕྱོགས་སུ་དཔག་ཚད་དྲུག་བགྲོད་པའི་གནས་ལོ་ཧི་ཏའི་བྱང་ཕྱོགས་རྗེ་བླ་མ་བདེ་བ་ཅན་དུ་གཤེགས་པའི་ས་ནས་ལྷོ་ཕྱོགས་སུ་རྒྱང་གྲགས་གསུམ་བགྲོད་པའི་ས་ཉི་ལུང་དགོན་པ་ནས། ཤཱཀྱའི་དགེ་བསྙེན་རྡོ་རྗེ་འཛིན་པ་གྲགས་པ་རྒྱལ་མཚན་གྱི་བུའི་མཆོག་དགེ་སློང་རྡོ་རྗེ་འཛིན་པ་དགའ་སྟོན་རྡོ་རྗེ་གྲགས་ལ་སྤྲིང་བ། སྔར་བར་ཆད་མེད་པར་དགེ་སྦྱོར་འཕེལ་ཞིང་ཆོས་དང་མཐུན་པའི་སྤྱོད་པས་དུས་འདའ་བ་ཐོས། གློ་བ་སྤྲོ་ཞིང་རྗེས་སུ་ཡི་རང༌། སླད་ཀྱི་སྙུན་ཤོག་བུ་ལ་ཞུ་དོན། ཉིད་ཀྱིས་སྔ་ཕྱིར་བསྐུར་བའི་འབུལ་བ་ཐམས་ཅད་དང༌། ཡི་གེ་ཐམས་ཅད་བར་ཆད་མེད་པར་ཁོ་བོའི་ལག་ཏུ་ཕྱིན། ད་རེས་ཀྱང་ཡི་གེ་དམ་ཁ་ཅན་ཁྱེར་ནས་གཉེན་ཚ་གཡས་རུར་འོངས་པས་ལག་ཏུ་ཕྱིན། འབུལ་བ་རྣམས་ཀྱང་ས་སྐྱར་སླེབ། ཆ་བྱད་བཟང༌། རྗེས་སུ་ཡི་རང༌། དགེ་བའི་རྩ་བ་བྱང་ཆུབ་ཆེན་པོར་བསྔོ་ཞིང༌། ཚེ་འདི་ལ་ཡང་བར་དུ་གཅོད་པ་ཐམས་ཅད་ཞི་བ་དང༌། བསམ་པ་ཐམས་ཅད་ཆོས་དང་མཐུན་པར་འགྲུབ་པར་སྨོན། སྤྱིར་མདོ་སྡེ་དང་རྒྱུད་སྡེ་ཐམས་ཅད་ཀྱི་དགོངས་པ། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོའི་དགོངས་པ། ལམ་ཟབ་མོ་བླ་མའི་ལམ་ཞེས་བྱ་བ། བླ་མའི་མོས་གུས་ཁོ་ནས་གྲོལ་བར་འདོད་པ་ཡིན། གང་ཟག་འབྲིང་དམ་ཚིག་དང་སྡོམ་པའི་ལམ་ཞེས་བྱ་བ་བླ་མའི་མོས་གུས་ཀྱི་སྟེང་དུ་རྩ་བ་དང་ཡན་ལག་གི་དམ་ཚིག་དང་སྡོམ་པ་འཁོར་དང་བཅས་པ་བསྲུངས་པས་གྲོལ་བ་ཡིན་ནོ། །གང་ཟག་ཐ་མ་ལུས་སོ་སོར་བརྟགས་པས་འགོག་པ་རྟེན་འབྲེལ་ལྔ་ཞེས་བྱ་བ་མོས་གུས་དང་དམ་ཚིག་གི་སྟེང་དུ་ཡང་ལམ་ལ་འབད་རྩོལ་བྱས་པས་གྲོལ་བར་འདོད་པ་ཡིན་ནོ། །དེ་གསུམ་ཀ་ལ་ཡང་ཐོག་མར་རྒྱུ་དུས་སུ་བླ་མ་ལ་དབང་ཐོབ་པ་དགོས་ཏེ། དེ་ཉིད་ཀྱིས་ལེགས་པར་ཐོབ། དབང་གི་དུས་སུ་ཡོ་བྱད་བཏང་རྒྱུ་ཡོད་ནས་མ་བཏང་ན་ཉེས་པ་ཡོད་མོད་ཀྱི། མེད་པ་ལ་ནི་ཉེས་པ་མེད་དེ། མཉམ་པར་བཞག་པས་བླ་མ་ལ། །ཅི་འབྱོར་པ་ཡིས་མཆོད་བྱས་ཏེ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ལྟར་དབང་དང་དམ་ཚིག་དང་སྡོམ་པ་ཐོབ་ནས་ལམ་ལ་ནན་ཏན་བྱེད་པ་ཡིན་ཏེ། དེ་ཡང་སློབ་དཔོན་བིརྺ་པའི་བཞེད་པས་བརྩོན་འགྲུས་དང་བསྟུན་ནས་རབ་གདམས་ངག་དང་གེགས་སེལ་ལ་ཀློང་དུ་གྱུར་པ་ལ་དགོངས་ནས་ཁམས་འདུས་པ་དང་པོ་ལ་གཏུམ་མོ་རླུང་དང་དྲོད་རྟགས་ཀྱི་ལམ་ཁྲིད། ཁམས་འདུས་པ་བར་པ་ལ་ཐིག་ལེ་བདེ་སྟོང་གི་ལམ་ཁྲིད། ཁམས་འདུས་པ་ཐ་མ་ལ་སྐྱོན་མེད་གཉུག་མ་ཡེ་ཤེས་ཀྱི་ལམ་ཁྲིད་ཅེས་བྱ་བ་ཡིན། ལུས་སྦྱོང་ཡུན་རིང་དུ་བྱས། སྲོག་རྩོལ་རྟགས་ཐོན་ཐོན་བསྒོམ། རླུང་གི་སྦྱོར་བ་ལྷག་མ་དྲུག་པོ་རྟགས་ཐོན་ཐོན་བསྒོམ། དེ་ནས་ངག་འདྲེན་པ་རྟགས་ཐོན་ཐོན་བསྒོམས་ནས་ཏིང་ངེ་འཛིན་སེམས་ཀྱི་རྦ་རླབས་ལ་ཞུགས་ལ། ཏིང་ངེ་འཛིན་བསམ་གྱིས་མི་ཁྱབ་པ་སྐྱེ་བ་ཡིན་མོད་ཀྱི། ཉིད་གདམས་ངག་དང་གེགས་སེལ་ལ་ཀློང་དུ་གྱུར་པ་ཡང་མ་ཡིན། བླ་མའི་དྲུང་ན་ཡོད་པ་ཡང་མ་ཡིན་པས་གེགས་ཕྲ་མོ་བག་རེ་ཙམ་བྱུང་ཡང་བློ་མི་བདེ་བ་སྐྱེ་བས་ན་ལམ་བསྐྱེད་རྫོགས་སྦྲེལ་མར་བསྒོམས་པའི་ལུགས་འདི་རང་ཉིད་ལ་ཁེ་ཆེ་བར་ཡོང༌། ཡང་གང་ཟག་བརྩོན་འགྲུས་འབྲིང་ལ་དགོངས་ནས་ལམ་གྱི་ཐུན་བཞི་ལ་དབང་བཞི་བསྒོམས་པས་ལུས་ལ་བརྟེན་ནས་བདེ་ཆེན་གྱིས་སྒྲིབ་པ་འགག་ཅིང་འཚང་རྒྱ་བར་གསལ་བས། བཤད་རྒྱུད་ཅེས་གསུངས་པས། འདི་ལག་ཏུ་བླང་བའི་རིམ་པ་གཙོ་བོར་བྱ་སྟེ། དེའི་རིམ་པ་ནི་སྟན་བདེ་བ་ལ་བསྡད་ནས། ཚོགས་ཀྱི་ཞིང་མདུན་གྱི་ནམ་མཁའི་གནས་སུ་སྤྱན་དྲངས། གཽ་རཱི་ལ་སོགས་པ་ལྷ་མོ་བརྒྱད་ཀྱིས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་བྱ་བ་ལ་སོགས་པ་ལན་གསུམ་བརྗོད་པས་སྨོན་འཇུག་གི་བྱང་ཆུབ་ཏུ་སེམས་བསྐྱེད། སྲས་བཅས་སངས་རྒྱས་ཐམས་ཅད་དང༌། །དཔའ་བོ་རྣལ་འབྱོར་མ་རྣམས་ཀུན། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །ལ་སོགས་པ་ལན་གསུམ་བརྗོད་ལ། རིགས་ལྔའི་སྡོམ་པ་གཟུང༌། ཚད་མེད་པ་བཞི་བསྒོམ། དེ་ནི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང༌། ཐུན་མོང་གི་དབང་དུ་བྱས་པའི་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་པའི་དོད་ཡིན། རྡོ་རྗེ་འབྱུང་བ་ནས་ཀྱང་ཚོགས་གཉིས་བསགས་པ་རྫོགས་ནས་བསྐལ་པ་གྲངས་མེད་པ་གསུམ་དུ་ཚོགས་བསགས་པའི་ངེས་པ་བྱུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་མཉམ་པ་ཡིན་ནོ་ཞེས་འབྱུང༌། རྡོ་རྗེ་ཐེག་པའི་རྒྱུ་དུས་ཀྱི་སྟ་གོན་དང༌། ཡོལ་བའི་ཕྱི་འཇུག་དང༌། ནང་དུ་འཇུག་པ་ཐམས་ཅད་ཀྱི་སྡོམ་པའང་དེས་སོར་ཆུད་པ་ཡིན། དེ་ནས་སྲུང་བའི་འཁོར་ལོ་རྒྱས་པ་བརྟན་པར་བསྒོམ་སྟེ། དེ་ནི་བྱང་ཆུབ་ཀྱི་སྙིང་པོར་སྲོད་ལ་བདུད་བཏུལ་བ་དང་ཆ་མཐུན་ལ། ཚེ་འདིའི་བར་དུ་གཅོད་པ་ཡང་བསྲུང་བ་ཡིན་ནོ། །དེའི་ཕྱི་རོལ་དུ་དུར་ཁྲོད་ཆེན་པོ་བརྒྱད་བསྒོམས་པ་ནི། མ་དག་པ་འཁོར་བའི་འཇིག་རྟེན་མཚོན་པ་ཡིན་ལ། སྲུང་བའི་འཁོར་ལོའི་ནང་དུ་དུར་ཁྲོད་བརྒྱད་བསྒོམས་ཀྱང་ཉེས་པ་མེད་དེ་འཁོར་འདས་དབྱེར་མེད་ཡིན་པའི་ཕྱིར་རོ། །དེའི་ནང་དུ་ཆོས་ཀྱི་འབྱུང་གནས་བསྒོམས་པ་ནི་རྣམ་ཐར་སྒོ་གསུམ་གྱིས་ཆོས་ཐམས་ཅད་བསྡུས་པ་མཚོན། དེ་ནས་འབྱུང་བ་རིམ་བརྩེགས་ལས་གཞལ་ཡས་ཁང་དུ་གྱུར་པ་ནི་མ་དག་པའི་སྣོད་བཅུད་རྣམས་དག་པ་སངས་རྒྱས་ཀྱི་ཞིང་ཁམས་སུ་སྒྲུབ་པ་མཚོན། དེ་ནས་མངོན་བྱང་ལྔ་ལས་ལྷར་བསྐྱེད་པ་ནི། ཉི་ཟླ་ནི་ཁུ་ཁྲག་གམ་དྲོད་གཤེར་མཚོན། འདྲེས་པའི་ཐིག་ལེས་སྒོང་སྐྱེས་མཚོན། དེ་ལས་ཡིད་ཀྱི་ལུས་ལྷར་གྱུར་པ་ནི་བརྫུས་སྐྱེས་མཚོན། འཁོར་གྱི་ལྷ་མངལ་ནས་སྤྲོས་པས་མངལ་སྐྱེས་མཚོན་པ་ན་མ་དག་པའི་སྐྱེ་གནས་བཞི་དག་པའི་ཡེ་ཤེས་ལྔར་བྱིན་གྱིས་བརླབས་པས་སླར་མ་དག་པའི་སྐྱེ་གནས་བཞིར་མི་སྐྱེ་སྟེ། དག་པའི་སྐུར་སྒྲུབ་པའི་རྟེན་འབྲེལ་ཡིན་ནོ། །དེ་ལྟར་དམ་ཚིག་སེམས་དཔའ་བསྐྱེད་པ་ནི་སངས་རྒྱས་ཀྱི་སྐུར་གྲུབ་པ་མཚོན། དེ་ནས་སྣོད་བཅུད་སྦྱངས་ཏེ་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་རང་བཞིན་དུ་སྒྲུབ་པ་ཡིན་ནོ། །དེ་ནས་ཡེ་ཤེས་པ་སྤྱན་དྲངས་ལ། དེ་དང་བསྟུན་ནས་ལུས་ཀྱི་དཀྱིལ་འཁོར་གསལ་གདབ། འདི་ནི་སངས་རྒྱས་ལ་བསྟེན་པར་བྱེད་པའི་དོད་ཡིན་ནོ། །རྒྱུ་དུས་ཀྱི་དབང་གི་འཇུག་པ་བརྟན་པར་བྱེད་པའི་རྒྱུ་ཡང་འདི་ཡིན་ནོ། །དེ་ནས་གདན་གསུམ་ཚང་བའི་དབང་བསྐུར་གྱི་ལྷ་མདུན་གྱི་ནམ་མཁར་སྤྱན་དྲངས། ལྷ་མོ་བརྒྱད་ཀྱིས་མཆོད། བསྟོད་པ་བསྡུས་པས་བསྟོད། དབང་གི་དོན་དུ་གསོལ་བ་གདབ། དེ་དག་གི་མདུན་དུ་དབང་རྫས་བུམ་པ་དང་དབུ་རྒྱན་དང་རྡོ་རྗེ་དང་དྲིལ་བུ་བསམ། དེ་རྣམས་སྟོང་པའི་ངང་ལས་ས་བོན་དང་ཕྱག་མཚན་དུ་གྱུར་པ་ལས་ཕོ་བྲང་ལྔའི་གཙོ་བོ་དང་མཐུན་པར་ཞལ་གཅིག་ཕྱག་གཉིས་པ་ཡབ་ཡུམ་དུ་བསྐྱེད། སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབས། ཡེ་ཤེས་པ་གཞུག དབང་བསྐུར་ནས་སྤྱི་བོར་རིགས་ཀྱི་བདག་པོའི་རྒྱས་གདབ། དེ་དག་ཞུ་བ་ལས་བྱུང་བའི་བུམ་པ་ལ་སོགས་པར་བསམ། དེ་ནས་གཙོ་བོ་ཕྱིའི་ཧེ་རུ་ཀ་བདག་སྟོང་པའི་ངང་ལས་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ། དེ་གྱུར་པ་ལས་མི་བསྐྱོད་པ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ། ཡུམ་མཱ་མ་ཀཱི་དང་གཉིས་སུ་མེད་པར་བསྐྱེད། སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབས། ཡེ་ཤེས་པ་གཞུག བུམ་པའི་ཆུས་དབང་བསྐུར་ཏེ། དེའི་དུས་སུ་སྨིན་མཚམས་ཡན་ཆད་གང་བས་བུམ་པའི་དབང་ཐོབ། མགྲིན་པ་ཡན་ཆད་གང་བས་གསང་བའི་དབང་ཐོབ། སྙིང་ག་ཡན་ཆད་གང་བས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ལུས་ཐམས་ཅད་གང་བས་མཆོག་ཏུ་བདེ་བ་ཆེན་པོ་བཞི་པའི་དབང་ཐོབ། ལུས་ངག་ཡིད་གསུམ་གྱི་དྲི་མ་དག་པ་བརྟན་པར་བྱས་སྙམ་དུ་བསམ། ཆུ་ལྷག་མ་ཡར་ལུད་པ་ལས་རིགས་ཀྱི་བདག་པོའི་རྒྱས་གདབ། འོག་མ་རྣམས་ཀྱི་བུམ་པའི་ཆུའི་དུས་སུའང་དེ་བཞིན་དྲན་པར་བྱ། དེའི་དུས་སུ་རིག་མས་རྡོ་རྗེའི་གླུ་ལེན། བྱང་ཆུབ་སེམས་དཔས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད། ལྷ་མོ་རྣམས་ཀྱིས་མཆོད་པ་བྱེད། ཁྲོ་བོ་རྣམས་ཀྱིས་བགེགས་སྐྲོད་པར་བྱེད། དེ་ནས་གཙོ་བོའི་ཞལ་ནས་ཁྱོད་ལ་དབང་བསྐུར་བ་ལྔ་ལས་བུམ་པའི་དབང་ཐོབ་བྱ་བ་ལ་སོགས་པའི་ལྔ་ཚན་ལྔའི་བཤད་པའང་བྱས་པར་བསྒོམ། དེ་བཞིན་བསྒྲེས་ལ་རིག་པའི་དབང་ལྔ་དང༌། རྡོ་རྗེའི་བརྟུལ་ཞུགས་དང༌། རྡོ་རྗེ་སློབ་དཔོན་གྱི་དབང་དང༌། དེ་ནས་གསང་བའི་དབང་དང༌། ཤེས་རབ་ཡེ་ཤེས་དང༌། བཞི་པའང་བླང་ངོ༌། །མངོན་པར་རྟོགས་པ་འབྲིང་དུ་བསྒོམ་པ་ཡིན་ན་མཆོད་བསྟོད་བདུད་རྩི་མྱང་བ་བྱས་ལ། བུམ་དབང་གི་ལྟ་བ་ཟུང་འཇུག་ངོ་བོ་ཉིད་བསྒོམ་ཡང་བཏུབ། རྒྱུ་དུས་ཀྱི་འཁོར་འདས་དབྱེར་མེད་བསྒོམ་ཡང་བཏུབ། བཞི་པའི་ལྟ་བ་ནམ་མཁའ་དང་བསྲེར་ཡང་བཏུབ། དེའང་ནམ་མཁའ་ལ་སེམས་བསྲེ་ན་ཆོས་ཐམས་ཅད་རང་གི་སེམས་ཡིན་ཏེ། དེའང་སྒྱུ་མ་ཡིན། ངོ་བོ་ཉིད་མེད་པ་ནམ་མཁའ་ལྟ་བུ་ཡིན་ཏེ། མཐའ་དག་དབུས་མེད་པ་ནམ་མཁའ་ལྟ་བུ། ཐོག་མ་དང་ཐ་མ་མེད་པ་ནམ་མཁའ་ལྟ་བུ། སྐྱེ་བ་དང་འཇིག་པ་མེད་པ་ནམ་མཁའ་ལྟ་བུ། འགྲོ་བ་དང་འོང་བ་མེད་པ་ནམ་མཁའ་ལྟ་བུ། དེ་ཉིད་གསལ་བ་དང་མ་བྲལ་བ་ཡིན། དེ་འདྲའི་གསལ་སྟོང་དབྱེར་མེད་དེ་ཉིད་ལ་ཟུང་འཇུག་ཅེས་བྱ། འཁོར་འདས་དབྱེར་མེད་ཅེས་བྱའོ། །དེའི་ངང་ལ་བློ་གནས་ཚད་ཀྱིས་གཞག བཟླས་པ་མི་བྱ། བྱེད་ན་ཡང་བཟླས་པའི་དམིགས་པ་གཞན་མི་བྱ་བར་ལྟ་བ་དེ་ཉིད་ཀྱི་ངང་ལ་བྱའོ། །ཐུན་གཏོང་བར་འདོད་ན་དག་པ་རྗེས་སུ་དྲན་པར་བྱ་སྟེ། སྙིང་རྗེའི་སྤྱན་ནི་དམར་པོ་ལ། །ཞེས་བྱ་བ་ལ་སོགས་པ་བཅོམ་ལྡན་འདས་ཀྱི་དག་པ་དང༌། གཟུགས་ཕུང་རྡོ་རྗེ་མ་ཡིན་ཏེ། །ཞེས་པ་ལ་སོགས་པ་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་དག་པ་དྲན་པར་བྱས་ཏེ། དཀྱིལ་འཁོར་གྱི་འཁོར་ལོ་བསྡུས་ལ། སྤྱོད་ལམ་གྱི་རྣལ་འབྱོར་གྱིས་གནས་པར་བྱའོ། །འདི་ལྟ་བུའི་ཐུན་བཞིར་བསྒོམ་ན་ཐོག་མར་ཡུན་རིང་པོ་འགོར་བ་སྙམ་བྱེད་ཀྱང་བྱང་ན་ཡུན་ཅང་མི་འགོར། འདི་མ་ཆག་པར་བསྒོམས་ན་མྱུར་དུ་ཕྱག་རྒྱ་ཆེན་པོ་འགྲུབ་པ་ཡིན་ནོ། །དབང་བསྐུར་ཡང་གཞན་ལ་ནོད་མི་དགོས། རྡུལ་ཚོན་དང་བྲིས་སྐུ་ལ་བརྟེན་ནས་བུམ་པ་བཅས་ཏེ་སྒྲུབ་མཆོད་བདག་འཇུག་ཀྱང་གུད་དུ་བྱ་མི་དགོས་ཏེ་འདི་ཉིད་ལ་ཐམས་ཅད་ཚང་བ་ཡིན། དེས་ན་རྣལ་འབྱོར་ནང་ལ་མཆོག་ཏུ་གཞོལ་པས་དཀྱིལ་འཁོར་ཏིང་ངེ་འཛིན་གྱི་དཀྱིལ་འཁོར། རབ་གནས་ནི་བདག་ལ་ཡེ་ཤེས་སེམས་དཔའ་སྤྱན་འདྲེན་ནས་བསྟིམ། སྦྱིན་སྲེག་ནི་ཁ་ཟས་ཀྱི་རྣལ་འབྱོར་བསྟེན་པ། དེ་ཉིད་ཀྱི་ཕྱི་རོལ་གཏོར་མའང་འདུ། དེས་ན་རྡོ་རྗེ་གུར་ལས། རྟག་ཏུ་དཀྱིལ་འཁོར་བཞེངས་པར་བྱ། །རྟག་ཏུ་བདེ་གཤེགས་རབ་གནས་བྱ། །རྟག་ཏུ་སྦྱིན་སྲེག་དགང་བར་བྱ། །འབྱུང་པོ་ཆེ་ལ་གཏོར་མ་སྦྱིན། །ཞེས་བྱ་བ་ལ་སོགས་པའི་དོན་ཡང་འདི་ཡིན་ནོ། །དེས་ན་ཐུན་བཞིའི་རྣལ་འབྱོར་དང༌། ཁ་ཟས་ཀྱི་རྣལ་འབྱོར་ལ་ནན་ཏན་མཛོད། བསྐྱེད་པའི་རིམ་པ་ལ་སྦྱང་གཞི་དང༌། སྦྱོང་བྱེད་ངོ་སྤྲད་ཅིང་བསྒོམ་པ་གལ་ཆེ། དེ་ལྟར་བསྒོམ་ཞིང་བསྡད་ན་རང་ཁེ་ཆེ་བར་ཡོང༌། དེ་ཡར་ཡོང་བའི་བློ་ཐག་བཅད་ནས་བསྒོམ་ཞིང་བསྡད་ན་རང་ཁེ་ཆེ་བསམ། རྣམ་རྟོག་གང་སྐྱེས་ཡི་གེར་བྲིས་ཤིང་བསྐུར་བས་ཆོག རིང་ན་དུག་པོ་གྱོན་པའི་མི་ལྷོ་ལམ་བརྒྱུད་དེ་བཏང་བས་ཆོག བླ་མའི་རྣལ་འབྱོར་བསྒོམས་པས་དུས་རྟག་ཏུ་བླ་མ་དང་མ་བྲལ་བ་ཡིན། དབང་གི་དུས་སུ་དཀྱིལ་འཁོར་གྱི་གཙོ་བོ་ཉིད་བླ་མར་བསྒོམས་ནས་དབང་བླངས་པས་བླ་མས་ལས་དབང་བླངས་པར་འགྲོ་བ་ཡིན། གཙོ་བོའི་རྣམ་པར་བསྒོམས་ན་གཙོ་བོ་དང་བླ་མ་དབྱེར་མེད་པ་ཡིན། ཆོས་ཐམས་ཅད་རང་གི་སེམས་ཀྱི་རྣམ་འཕྲུལ་ཡིན་མོད། ད་རླུང་བསྒོམ་པ་ལ་སོགས་པ་རང་བས་ལམ་གྱི་ཐུན་བཞི་ལ་དབང་བཞི་བླངས་ནས་ལྟ་བ་བསྐྱང་བ་ཉིད་ཁེ་ཆེ། དེའང་བསྐྱེད་པའི་རིམ་པ་ལས་དང་པོ་པས་མྱུར་བ་གནད་དུ་ཆེ་བ་ཞེས་བྱ་བ་རྣམ་རྟོག་གཞན་གྱིས་བར་མ་ཆོད་པར་གསལ་རུང་མི་གསལ་རུང་བསམ་མནོ་གཏོང་བ་བཞིན་མྱུར་བ་ཁྲི་ལེར་བསྒོམ་པ་ཡིན། དེ་ལྟ་བུ་ལ་བློ་བྱང་ན་དེ་ནས་བློ་གང་དུའང་མ་ཆགས་པར་སྐྱོང་ཞིང་གསལ་བ་གནད་དུ་ཆེ་བར་བྱ་དགོས། སྤྱིར་སྦྱང་གཞི་སྦྱོང་བྱེད་ལེགས་པར་ངོ་འཕྲོད་ཅིང་གོ་ན་བསྒོམ་པ་ལ་བརྩོན་རུང་མི་བརྩོན་རུང༌། འཁོར་བའི་རྒྱ་མཚོ་ལས་བདག་གྲོལ་ཞིང་གཞན་སྒྲོལ་བའི་ནུས་པ་དང་ལྡན་པར་གྱུར་པ་ཡིན་ནོ། །ད་བསྒོམ་པའི་དུས་སུ་བྱ་བ་གཞན་ཚོ་ཐམས་ཅད་བློ་ཐག་ཆོད་ལ་ལམ་གྱི་ཐུན་བཞི་ལ་དབང་བཞི་བླངས་ལ་དག་བྱ་དག་བྱེད་ངོ་སྤྲད་ཅིང་ལྟ་བ་སྐྱོང་བ་ལ་ནན་ཏན་མཛད་པར་ཞུ། བྱ་བ་ཐམས་ཅད་བཏང༌། སྤྲོས་པ་ཐམས་ཅད་བཅད། རྣམ་རྟོག་ཐམས་ཅད་སྤང༌། སེམས་ཁོང་ཀློད་ནས་སྒྲུབ་པ་ལ་ནན་ཏན་མཛོད། འབུལ་བ་ལ་སོགས་པ་འགྲུབ་པ་བྱས་ཀྱང་མི་འགལ་མོད་ཀྱི། དགེ་སྦྱོར་གྱི་བར་ཆད་དུ་འགྲོ། དེ་བས་དགེ་སྦྱོར་ཉིད་ཞབས་ཏོག་ཆེ་བ་ཡིན་པས་དགེ་སྦྱོར་ཉིད་མཛད་པ་ཞུ། ཕྱོགས་ཐམས་ཅད་ནས་སེམས་ཀློད་ལ་ཤིག་གེ་བཞག་པར་ཞུ། སྐབས་སུ་མཚམས་བཏོན་ཞིང་ཡུལ་སྣ་ཚོགས་ཀྱི་བདུད་རྩི་བསྟན་པའི་སྒོ་ནས་བྱང་སེམས་ཀློད་ལ་བཞག གང་གི་སྒོ་ནས་ཀྱང་སེམས་བྲེལ་དུ་མི་གཞུག ཞལ་ཏའི་དངོས་གཞི་དེ་ཡིན་ནོ། །ཉིད་ལ་མེད་ཐབས་མེད་པའི་མན་ངག་གི་ཡི་གེ་བསྐུར་རྒྱུ་སྔར་བསྐུར་བ་དེ་རྣམས་ཡིན། སླད་མ་ཁ་ཆ་གཞན་མེད། ཡི་གེ་འདི་དང་མཇལ་ནས་ཐུགས་དགོངས་ཐམས་ཅད་འགྲུབ་པར་སྨོན། བྱི་བའི་ལོ་ནག་པ་ཟླ་བའི་ཚེས་བཅུའི་ཡི་གེའོ། །འདི་དག་ཞར་ལས་བྲི་བ་དང༌། དངོས་ལའང་གནང་བར་ཞུ། ཞེས་པ་ལྡེ་སྟོན་གྱིས་བགྱིས་སོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply