༼ཇ༽
༄༅། །རྣལ་འབྱོར་བྱང་ཆུབ་སེང་གེའི་དྲིས་ལན་བཞུགས།།
༄༅། །ཨོཾ་སྭ་སྟི་སིདྡྷཾ། གཙང་ལ་སྟོད་ཀྱི་གྲོམ་པ་ས་སྐྱའི་དགོན་པ་ནས་ཤཱཀྱའི་དགེ་བསྙེན་རྣལ་འབྱོར་པ་གྲགས་པ་རྒྱལ་མཚན་གྱིས་ཤཱཀྱའི་དགེ་སློང་བྱང་ཆུབ་སེང་གེའི་ཆབ་ཤོག་གི་ལན་ཡི་གེ་ཕྱག་ཏུ་ཕུལ་བ། སྔར་བཞིན་སྐུ་ཁམས་བདེ་ཞིང་ཆོས་དང་མཐུན་པར་སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་བྱེད་པར་ཞུ། གློ་བ་སྤྲོ་སླད་ཀྱི་བསྙུན་ཤོག་བུ་ལ་སྨོན། དོན་ལ་ཁྱེད་ཀྱི་ཡི་གེ་བར་ཆད་མེད་པར་ཁོ་བོའི་སུག་པར་ཕྱིན། དེའི་ལན་དུ་གྱུར་པ་ལ་སྤྱིར་མ་སྨིན་པ་ལ་གསང་སྔགས་བཤད་པར་བྱ་བའི་རྒྱུད་ཀྱི་བྱེ་བྲག་རྟོག་པའི་རྒྱུད་ཅེས་བྱ་བ། འཕགས་པ་དོན་ཡོད་ཞགས་པ་ལ་སོགས་པ་འགའ་མ་གཏོགས་པ་རྒྱུད་སྡེ་བཞི་པོ་ཐམས་ཅད་ལས་རང་རང་གི་ཆོ་གས་སྨིན་པར་བྱས་པ་ལས་མ་སྨིན་པ་གཞན་ལ་བཤད་པར་བྱ་བ་གནང་བ་མ་མཐོང་སྟེ། དེ་ཡང་བྱ་བའི་རྒྱུད་ཀྱི་རྩ་བ་ལྟ་བུར་དཔུང་པ་བཟང་པོ་ལས། རིགས་དང་དམ་ཚིག་མ་ཐོབ་སྙིང་རྗེ་མེད། །དེ་བཞིན་བྱང་ཆུབ་སེམས་ནི་མ་བསྐྱེད་ཅིང༌། །སངས་རྒྱས་མ་དད་ལྷ་གཞན་ལ་བརྟེན་པས། །ང་ཡི་གསང་སྔགས་བཟླས་ན་ཕུང་བར་འགྱུར། །ཞེས་བཤད། བྱ་བའི་རྒྱུད་ཀྱི་དཀྱིལ་འཁོར་ཀུན་ཏུ་འཇུག་པར་མ་ནུས་ན་ཡང་དཀྱིལ་འཁོར་གཅིག་ཙམ་དུ་འཇུག་དགོས་ཏེ། དེ་ཉིད་ལས། བསམ་པ་ཞན་ཅིང་ཉམས་ཀྱིས་མི་ལྕོགས་པས། །དཀྱིལ་འཁོར་ཐམས་ཅད་བལྟ་བར་མི་ནུས་ནའང༌། །དེ་ལས་གང་ཡང་རུང་བའི་དཀྱིལ་འཁོར་ནི། །གཅིག་ཙམ་ཞིག་ཀྱང་དད་པས་མཐོང་གྱུར་ན། །གནོད་སྤྱིན་ཚོགས་དང་མཚན་མོ་རྒྱུ་བ་དང༌། །ས་བླའི་གདོན་རྣམས་ཀུན་དང་ཀླུ་བདག་དང༌། །ལྷ་ལ་སོགས་དང་བགེགས་དང་ལོག་འདྲེན་དང༌། །བརྟུལ་ཞུགས་གནས་པ་དེ་ལ་གླགས་མི་ལྟ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྤྱོད་པའི་རྒྱུད། འཇམ་དཔལ་རྩ་རྒྱུད་ལས་ཀྱང༌། ཇི་ལྟར་ཡང་དག་པའི་ལྟ་བ་མེད་པ་ལ་སྡོམ་བརྩོན་མེད་པ་དང༌། སྐྱབས་སུ་མ་སོང་བ་ལ་ཆོས་པར་གཏོགས་པ་མེད་པ་དང༌། བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་ལ་བྱང་ཆུབ་སེམས་དཔའ་མེད་པ་ལྟར་མངོན་པར་དབང་བསྐུར་བ་མ་བྱས་པ་ལ་ཡང་སྔགས་པའི་ཐ་སྙད་མེད་པར་རིགས་པར་བྱའོ་ཞེས་པ་དང༌། དེའི་རྒྱུད་ཕྱི་མ་ཁྲོ་བོ་རྣམ་པར་རྒྱལ་བ་ལས་ཀྱང༌། ཁྱོད་ཀྱིས་དབང་མ་བསྐུར་བ་རྣམས་ལ་མིང་ཙམ་ཡང་བསྟན་པར་མི་བྱའོ་ཞེས་བཤད་དོ། །རྣལ་འབྱོར་གྱི་རྒྱུད་ཀྱི་འཕགས་པ་དེ་ཁོ་ན་ཉིད་འདུས་པ་ལས་ཀྱང༌། ཁྱོད་ཀྱིས་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ལ་སྨྲ་བར་མི་བྱ་སྟེ། ཁྱོད་དམ་ཚིག་ཉམས་པར་འགྱུར་ཏ་རེ། ཞེས་འབྱུང་ངོ༌། །དེ་དག་ཐམས་ཅད་པས་ཀྱང་རྣལ་འབྱོར་ཆེན་པོའི་རྒྱུད་འདི་ནི་ཤིན་ཏུ་གསང་ཞིང་སྦ་བར་བྱ་བ་སྟེ། དབང་གི་སྔོན་དུ་ཡང་དམ་ལ་བཞག་པ་བཞི་ལ་སོགས་པ་རྒྱས་པར་གསུངས་ལ། དཔལ་ཕྱག་རྒྱ་ཆེན་པོ་ཐིག་ལེ་ལས་ཀྱང༌། དབང་མེད་ན་ནི་དངོས་གྲུབ་མེད། །བྱེ་མ་བཙིར་ཡང་མར་མེད་བཞིན། །གང་ཞིག་རྒྱུད་ལུང་ང་རྒྱལ་གྱིས། །དབང་བསྐུར་མེད་པར་འཆད་བྱེད་པ། །སློབ་དཔོན་སློབ་མ་ཤི་མ་ཐག །དངོས་གྲུབ་ཐོབ་ཀྱང་དམྱལ་བར་སྐྱེ། །ཞེས་གསུངས་ཏེ། དངོས་གྲུབ་ཐོབ་ཀྱང་ཞེས་བྱ་བ་ནི་ཐུན་མོང་གི་དངོས་གྲུབ་ནམ་མཁའ་ལ་འགྲོ་བའི་བར་ཐོབ་ཀྱང་ངན་འགྲོར་འགྲོ་སྟེ། དབང་མ་ཐོབ་པར་ལམ་ཟབ་མོ་ཉམས་སུ་བླང་བའི་ཕྱིར་རོ། །ངེས་བརྗོད་བླ་མ་ལས་ཀྱང༌། གང་ཞིག་དབང་བསྐུར་མེད་པ་ལ། །གཞན་དུ་དེ་ཉིད་མ་བསྟན་ཅིག །ཅེས་བྱ་བ་ལ་སོགས་པ་གསུངས་སོ། །ལུང་གཞན་ཡང་བསམ་གྱིས་མི་ཁྱབ་པ་ཡོད་མོད་ཀྱི། གཞུང་མངས་ཀྱིས་དོགས་པས་མ་བྲིས་སོ། །རྣལ་འབྱོར་མའི་གཞུང་རྣམས་ལས་བྱིན་རླབས་ཕྲ་མོ་བཤད་པ་དེ་དག་གང་ཡིན་ཞེ་ན། དབང་ཐོབ་པའི་གང་ཟག་ལ་ཏིང་ངེ་འཛིན་གྱི་ཁྱད་པར་འགའ་ཞིག་རྒྱུད་ལ་བསྐྱེད་པར་བྱ་བའི་ཕྱིར་བྱིན་རླབས་ཀྱི་རྒྱུན་བསྒོམ་དུ་གཞུག་པ་ཞེས་བྱ་བའི་གདམས་ངག་ཡིན་གྱི། དབང་མ་ཐོབ་པ་རྣམས་ལ་རྡོ་རྗེ་རྣལ་འབྱོར་མ་ལ་སོགས་པའི་གསང་བ་བསྟན་དུ་ག་ལ་རུང༌། དེའང་རྡོ་རྗེ་རྣལ་འབྱོར་མ་རྣམས་ཀྱི་རྩ་བ་ལྟ་བུ། སློབ་དཔོན་རྒྱལ་པོ་ཨིནྡྲ་བྷཱུ་ཏིས་མཛད་པ་ཞལ་གཉིས་མ་ཆུང་ངུ་ཞེས་བྱ་བ་ལས། སྔགས་པས་ཐོག་མར་བླ་མ་དང་སངས་རྒྱས་ལ་མངོན་པར་གུས་པའི་ཡིད་ཅན་གྱིས་བྱང་ཆུབ་ཀྱི་སེམས་བརྟན་པར་བཟུང་སྟེ། དབང་བསྐུར་བ་ཡང་དག་པར་ཐོབ་ནས་ཞེས་འབྱུང་བ་ཡིན་ནོ། །རྡོ་རྗེ་རྣལ་འབྱོར་མ་ལ་ཡང་སྔོན་དུ་བསྙེན་པ་དང་སྟ་གོན་ཡང་བྱས། ལྷ་ལྔ་ལ་སོགས་པའི་དཀྱིལ་འཁོར་ཡང་བྲིས་ཏེ། སྒྲུབ་མཆོད་དང་བདག་འཇུག་མང་བར་བྱས། སློབ་མའི་ཕྱི་ནང་གི་འཇུག་པ་དང་དབང་བསྐུར་བ་ཡང་ཡོངས་སུ་རྫོགས་པར་བྱས་ན། སྦྱོང་གཞི་དང་སྦྱོང་བྱེད་ངོ་འཕྲོད་པ་ཡོད་པའི་ཕྱིར་འདིས་སྨིན་པར་བྱེད་པ་ཡོངས་སུ་རྫོགས་པ་ཡིན་ཏེ། འདི་ལྟ་བུའི་སྒོ་ནས་རྡོ་རྗེ་རྣལ་འབྱོར་མའི་ཆོ་ག་ཡོངས་སུ་རྫོགས་པར་བྱེད་པ་ནི་གཅིག་ཙམ་ཡང་མ་མཐོང་ངོ༌། །ཡང་གསང་སྔགས་སྔ་འགྱུར་རྙིང་མ་བ་འགའ་ཞིག་གིས་སྤྱོད་པས་གསང་བ་ཕྱོགས་ཐམས་ཅད་དུ་སྒྲོགས་པ་ལ་ཉེས་པ་མེད་པར་བྱེད་པ་འདི་ཡང་རང་གི་གཞུང་དང་ཡང་འགལ་བས་འདི་ཡང་དག་པ་མ་ཡིན་ཏེ། གསང་བའི་སྙིང་པོ་ལས། དབང་རྣམས་བསྐུར་བར་མ་བྱས་ཤིང༌། །བླ་མ་མཉེས་པར་མ་བྱས་པར། །མཉན་པ་ལ་སོགས་བརྩོན་པ་ནི། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །ཞེས་གསུངས་ལ། དེ་ལ་སོགས་པ་སྔ་འགྱུར་གྱི་བཀའ་དང་བསྟན་བཅོས་དུ་མ་ལས་མ་སྨིན་པ་ལ་གསང་བ་མི་བསྒྲགས་པར་གསུངས་སོ། །ཁྱེད་ཀྱི་ལུགས་ཀྱི་གསང་སྔགས་ཀྱི་སྤྱིའི་གོ་བ་ཇི་ལྟར་ལགས་ཞེས་གསུངས་པའི་ལན་ལ་སྤྱིར་རྡོ་རྗེ་ཐེག་པའི་ལུགས་ཀྱིས་ཐོག་མར་དབང་ཡོངས་སུ་རྫོགས་པར་བསྐུར་བས་སྦྱང་གཞི་དང་སྦྱོང་བྱེད་ངོ་འཕྲོད་པར་བྱས་ནས། དམ་ཚིག་དང་སྡོམ་པ་ལ་ཉེས་པ་མེད་པར་བྱས་ནས་བསྲུངས་ན་ལམ་ཟབ་མོ་མ་བསྒོམས་ཀྱང་སངས་རྒྱས་འགྲུབ་པར་གསུངས་ཏེ། དམ་ཚིག་ལྔ་པ་ལས། གལ་ཏེ་ལྟུང་བ་མེད་གྱུར་ན། །སྐྱེ་བ་བཅུ་དྲུག་དག་ན་འགྲུབ། །ཅེས་གསུངས་སོ། །དེའི་སྟེང་དུ་དབང་ཡང་དང་ཡང་དུ་བླངས་ན་སྐྱེ་བ་བདུན་ནས་འགྲུབ་པར་འགྱུར་ཏེ། དེ་ཁོ་ན་ཉིད་ཀྱི་རྒྱུད་ལས། དབང་བསྐུར་ཡང་དག་སྦྱིན་ལྡན་ན། །སྐྱེ་ཞིང་སྐྱེ་བར་དབང་བསྐུར་འགྱུར། །དེ་ཡིས་སྐྱེ་བ་བདུན་ལ་ནི། །མ་བསྒོམས་པར་ཡང་དངོས་གྲུབ་ཐོབ། །ཅེས་གསུངས་སོ། །དེས་ན་ཐོག་མར་དབང་ཡང་དག་པར་བླང་བ་གལ་ཆེ་ལ། དབང་ཐོབ་ནས་ཀྱང་ལམ་ཟབ་མོ་བསྒོམ་པ་བས་སྲུང་སྡོམ་གལ་ཆེ་སྟེ། མ་ཐོབ་ན་བསྲུང་རྒྱུ་མེད་ཅིང༌། མ་བསྲུངས་ན་བསྒོམས་ཀྱང་མི་ཕན་ལ། དབང་ཐོབ་ཅིང་དམ་ཚིག་བསྲུངས་ན་མ་བསྒོམས་ཀྱང་འགྲུབ་པར་བཤད་པའི་ཕྱིར་རོ། །ཐོབ་ཅིང་བསྲུངས་བའི་སྟེང་དུ་བསྒོམ་པར་བྱ་བ་ལ་བྱང་ཆུབ་ཀྱི་སེམས་དང་ལྟ་བ་མ་འཁྲུལ་བ་ལ་སོགས་པ་གོམས་པར་བྱས་ནས། གདོད་བསྐྱེད་པའི་རིམ་པ་སྔོན་དུ་སོང་བས་རྫོགས་པའི་རིམ་པ་བསྒོམ་པ་ཟུང་དུ་འབྲེལ་བ་ནི་ལམ་མ་འཁྲུལ་པ་ཞེས་བྱ་བ་གནད་དུ་ཆེ་བ་ཡིན་ཏེ། བརྟག་པ་གཉིས་པ་ལས། བསྐྱེད་པའི་རིམ་པ་ཉིད་དང་ནི། །རྫོགས་པ་ཡི་ཡང་རིམ་པ་ཉིད། །རིམ་གཉིས་མཉམ་པར་གནས་ནས་ནི། །རྡོ་རྗེ་ཅན་གྱིས་ཆོས་འཆད་དོ། །ཞེས་གསུངས་ལ། དེ་བཞིན་དུ་གསང་བ་འདུས་པ་ལ་སོགས་པའི་རྒྱུད་དུ་མ་ནས་ཀྱང་གསུངས་ཤིང༌། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང༌། རིམ་པ་ལྔ་པ་ལས། བསྐྱེད་པའི་རིམ་པར་ལེགས་གནས་ནས། །རྫོགས་པའི་རིམ་པ་འདོད་རྣམས་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་གདང་བུ་ལྟ་བུར་བསྟན། །ཞེས་གསུངས་སོ། །དེ་ལ་སོགས་པ་ཡང་དག་པའི་བསྟན་བཅོས་དུ་མ་ནས་ཀྱང་བཤད་དོ། །དེ་ལྟར་རིམ་པ་གཉིས་ལ་གནས་པ་དེས་ཚར་གཅད་པ་དང་རྗེས་སུ་གཟུང་བའི་ལས་གང་ཡང་རུང་བ་གཅིག་ནུས་ན་རྟོགས་པ་བརྟན་པར་བྱ་བའི་ཕྱིར་གསང་བའི་སྤྱོད་པ་བྱེད་པ་ཡིན་པས་དེ་ནས་མཐོང་བའི་ལམ་གྱི་ཡེ་ཤེས་སྐྱེས་ནས་སངས་རྒྱས་བརྒྱའི་ཞལ་མཐོང་ཞིང༌། ཞིང་ཁམས་བརྒྱ་བསྒུལ་བ་ལ་སོགས་པ་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ཐོབ་ནས། གྲུབ་པ་ཐོབ་པ་ཞེས་བྱ་བའི་མིང་དུ་ཐོབ་པ་ཡིན་ལ། དེས་ས་བཅུ་ཐོབ་ནས་གསང་སྔགས་ཀྱི་ཉེ་བའི་རྒྱུ་ཞེས་བྱ་བ་ལ་བརྟེན་ནས་ས་ལྷག་མ་རྣམས་བསྒྲུབས་ཏེ། ས་བཅུ་གསུམ་པ་རྡོ་རྗེ་འཛིན་པ་ཞེས་བྱ་བ་མངོན་དུ་བྱེད་པ་རྣལ་འབྱོར་ཆེན་པོའི་རྒྱུད་དུ་མ་དང༌། སྐྱོན་མེད་པའི་བསྟན་བཅོས་དུ་མ་ནས་ཀྱང་གསུངས་སོ། །ཇོ་བོ་ནཱ་རོ་ཏ་པ་དང་མར་པ་མཇལ་ལམ་མ་མཇལ་གསུངས་པའི་ལན་ནི། སྤྱིར་འདི་དག་ལ་ལུང་མེད་པའི་ཕྱིར་ལོ་རྒྱུས་ཙམ་ལ་བརྟེན་ཏེ་བརྗོད་པ་ལས་གཞན་ཤེས་པར་དཀའ་སྟེ། ནག་ཚོ་ལོ་ཙཱ་བའི་ཞལ་ནས། ང་བཙུན་ཆུང་གཅིག་གིས་ཇོ་བོ་སྤྱན་འདྲེན་དུ་ཕྱིན་ཙ་ན། ཇོ་བོ་མ་ག་དྷཱར་སྟབས་ཀས་ལོ་གཅིག་འགོར་བར་བྱུང་ནས། ཇོ་བོ་ནཱ་རོ་པ་སྙན་པ་ཆེ་བས་ཞལ་བལྟ་བ་ལ་འགྲོ་སྙམ་སྟེ། མ་ག་དྷཱ་ནས་ཟླ་བ་གཅིག་ཤར་ལྷོར་ཕྱིན་པ་ན། ཕུལླ་ཧ་རི་ཞེས་བྱ་བའི་གཙུག་ལག་ཁང་ན་ཇོ་བོ་བཞུགས་ཞེས་ཐོས་ཏེ་དེ་བལྟ་བར་ཕྱིན་པས་ང་བསོད་ནམས་ཆེ་བར་བྱུང་སྟེ། སླེབ་པའི་ཉིན་པར་ཇོ་བོ་ལ་རྒྱལ་ཕྲན་ཞིག་ཕྱག་འཚལ་བ་ཡིན་ཟེར་ནས་ཕྱིན་པས་ཁྲི་ཆེན་པོ་ཞིག་བརྩིགས་ནས་འདུག་པའི་རྩར་བསྡད། དེ་ནས་ཁྲོམ་ཐམས་ཅད་འུར་ལངས་ནས། ཇོ་བོ་བྱོན་ཀྱིན་འདུག་ཟེར་ཏེ་བལྟས་པས། ཇོ་བོ་སྐུ་བོངས་ཆེ་བ། དབུ་སྐྲ་དཀར་བ་ལས་ཐལ་ནས། དམར་སང་ངེ་བ་སིནྡྷཱུ་རའི་ཐོད་བཅིངས་པ། མི་བཞི་ཙམ་གྱིས་བཏེག་ནས་གོ་ལ་མུར་གིན་བྱོན་པ་མཐོང༌། ཞབས་ལ་འཇུ། གསུང་ཐོས་པ་བྱ་སྙམ་ཙ་ན། དབང་ཆེ་ཆེས་ཕར་ཕར་ཕུལ་ནས་ཐ་མར་བཏོན། དེར་ཇོ་བོའི་ཞལ་ནི་མཐོང༌། གསུང་ནི་མ་ཐོས། དེ་ནས་ཚུར་ལོག་ནས་ཇོ་བོ་རྗེ་དང་ངེད་དཔོན་སློབ་ལོ་གཅིག་བལ་པོར་བསྡད་པའི་དུས་ན་ཇོ་བོ་ནཱ་རོ་པ་སྐུ་ནི་བོར། ཐུགས་ནི་མཁའ་སྤྱོད་དུ་གཤེགས་ཏེ། ལྷའི་རོལ་མོ་དུ་མས་བསུས་ནས། པུར་སྦྱོང་བའི་སར་ཡང་ལྷའི་རོལ་མོ་དང༌། མེ་ཏོག་ལ་སོགས་པའི་མཆོད་པ་མང་པོ་བྱུང་ཞེས་ཐོས། དེ་ནས་ངེད་ཀྱིས་མངའ་རིས་སྟོད་དུ་ལོ་གསུམ་བསྡད། མར་འོང་ནས་གུང་ཐང་དུ་ལོ་གཅིག་བསྡད། དེ་ནས་མར་འོང་ནས་སྙེ་ཐང་འོར་དུ་ཇོ་བོ་ཆོས་གསུང་གིན་བཞུགས་ཙ་ན། མར་པ་བློ་གྲོས་ཀྱིས་ཆོས་ཐུན་འགའ་མཉན་ནས་སོང་བ་ཡིན་ཏེ། ཁོང་དང་ཇོ་བོ་མཇལ་ནས་ཆོས་ཡུན་རིང་དུ་ཉེན་ཟེར། མར་པ་མི་ཟེར་བྱ་བའི་ལོ་རྒྱུས་རྫུན་མེད་པ་གཅིག་ནས་གཅིག་ཏུ་བརྒྱུད་པའི་གཏམ་ལས་ཐོས་སོ། །བླ་མ་མར་པ་རང་གི་སློབ་མ་འཕན་ཡུལ་ན། གཙང་དར་དད་པ་ཡེ་ཤེས་བྱ་བ་ཅིག་ན་རེ། གཞན་ཅི་ཟེར་ཡང་ངའི་བླ་མ་དང་ཇོ་བོ་ནཱ་རོ་པ་དེ་དང་མཇལ་བ་ལ་མ་སླེབ་གསུང༌། ཇོ་བོའི་སློབ་མ་གདྒཱ་མེ་ཏྲཱི་བ་བྱ་བ་ལ་གདམས་ངག་ཐམས་ཅད་ཐོས་སོ་གསུང་ངོ༌། །ཞེས་དད་པ་ཡེ་ཤེས་ཀྱི་ཉིང་སློབ་གཅིག་ལས་ཁོ་བོས་ཐོས་སོ། །དེས་ན་མར་པ་རང་ཡང་གསུང་ངེས་མེད། མར་པའི་གླུ་ཡིན་ཟེར་བ་ཕལ་ཆེར་ཡང༌། རྔོག་དང༌། མེས་ཚོན་པོ་ལ་སོགས་པ་རྣམས་ལ་ནི་མ་བྱུང༌། ཕྱིས་ངོམ་ཤོད་པའི་རྣལ་འབྱོར་བ་ཅིག་ལ་བྱུང་ནས་འཕེལ་བ་ལས། མར་པ་རང་གིས་མ་བྱས་པར་ཤེས་པ་མང་པོ་འདུག མི་ལས་བླངས་པ་ཕལ་ཆེར་ངན་རྫོང་རས་པས་བྱས་པ་ལས། མི་ལ་རང་གིས་བྱས་པ་ཙམ་མི་སྣང་ངོ༌། །མར་པའི་མིན་པར་གང་གིས་ཤེས་ན། མར་པའི་གླུ་ཡིན་ཟེར་བ་ཀུན་ལ་ནང་འགལ་དང༌། རྒྱ་གར་གྱི་ཡུལ་གྱི་རྒྱུས་མེད་པ་ཅིག་གིས་ཡུལ་ནོར་བ་མང་པོ་བྲིས་ནས་འདུག་པས། མར་པའི་ཚིག་མ་ཡིན་པར་མངོན་ནོ། །ཕལ་ཆེར་བརྫུན་དང་རང་བཟོ་བྱེད། །ལུང་དང་རིགས་པ་རྣམ་པར་སྤངས། །རྙེད་གྲགས་འགྲུབ་ན་ཅི་ཡང་སྨྲ། །ལེགས་པར་སྨྲ་ལ་ཉན་པ་ཉུང༌། །སྙིགས་མའི་དུས་སུ་གྱུར་པས་ན། །དབུས་འགྱུར་ཀླ་ཀློས་རྒྱལ་པོ་བཅོམ། །ཆོས་ལྟར་བཅོས་པས་ས་སྟེངས་གང༌། །ཆོས་བཞིན་བྱེད་ལ་སྐུར་བ་འདེབས། །གང་ཟག་མཆོག་དང་འཕྲད་འདོད་དེ། །གནས་ཀྱིས་བསྐལ་ནས་མ་འཕྲད་ཀྱང༌། །ཚུལ་བཞིན་དམ་ཆོས་སྤྱད་པས་ན། །ཐུབ་དབང་ཞབས་དྲུང་མཇལ་བར་ངེས། །ཆབ་ཤོག་གི་ཡི་གེ་འདི་དང་མཇལ་ནས་བཀྲ་ཤིས་ཤིང༌། ཐུགས་དགོངས་ཐམས་ཅད་ཆོས་བཞིན་དུ་འགྲུབ་པར་སྨོན། གཙང་གྲོམ་པ་ས་སྐྱའི་དགེ་བསྙེན་གྲགས་པ་རྒྱལ་མཚན་གྱིས་དགེ་སློང་རྣལ་འབྱོར་བྱང་སེང་ལ་བསྐུར་བ་དགེའོ།། །།འདིས་བསྟན་པ་དང་སེམས་ཅན་རྣམས་ལ་ཕན་ཐོགས་པར་གྱུར་ཅིག། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply