༼ཇ༽
༄༅། །རིན་ཆེན་འབར་བའི་ས་བཅད་བཞུགས།།
༄༅། །བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །རིན་ཆེན་འབར་བ་སྒྲུབ་པའི་ཐབས་ལ་དོན་གསུམ་སྟེ། ཀླད་དོན་མཆོད་པར་བརྗོད་ཅིང་བཤད་པར་དམ་བཅའ་བ་དང༌། གཞུང་གི་དོན་དང་མཇུག་དོན་ནོ། །གཞུང་ལ་ལེའུ་བཅུ་གསུམ་དུ་གནས་ཏེ། དབང་བསྐུར་དང་རབ་གནས་དང་སྦྱིན་སྲེག་ལ་སོགས་པ་ཐམས་ཅད་སྔོན་དུ་བསྙེན་པ་དགོས་པས་བསྙེན་པའི་ལེའུ་དང༌། བསྙེན་པ་སོང་བས་དབང་བསྐུར་རབ་གནས་སྦྱིན་སྲེག་དང༌། ལྷ་ཁང་མཆོད་རྟེན་ལ་སོགས་པ་ཐམས་ཅད་ལ་ས་ཆོག་དགོས་པས་སའི་ལེའུ་དང༌། བསྙེན་པ་དང་ས་ཆོག་སྔོན་དུ་སོང་བས་དཀྱིལ་འཁོར་དང༌། དབང་བསྐུར་དང༌། རབ་གནས་ལ་ལྷ་སྟ་གོན་དགོས་པས་སྟ་གོན་གྱི་ལེའུ་དང༌། དེ་ལྟར་ཆོས་གསུམ་སྔོན་དུ་སོང་བས་སྒྲུབ་མཆོད་བྱར་རུང་བས་དཀྱིལ་འཁོར་གྱི་ལེའུ་དང༌། དེ་ལྟར་བཞི་སྔོན་དུ་སོང་བས་བདག་གི་དམ་ཚིག་གསོ་བ་དང་སློབ་མ་སྨིན་པར་བྱ་བའི་འོས་ཡིན་པས་དབང་བསྐུར་བའི་ལེའུ་དང༌། དེ་ནས་བསྐྱེད་རིམ་དང༌། རྫོགས་རིམ་དང༌། རབ་གནས་དང༌། སྦྱིན་སྲེག་དང༌། རོ་སྲེག་དང༌། ཚོགས་འཁོར་དང༌། གཏོར་མ་དང༌། མཆོད་པའི་ལེའུ་སྟེ་བཅུ་གསུམ་པས་སོ། །སྟ་གོན་གྱི་ལེའུ་ནི་དཀྱིལ་འཁོར་དང་སློབ་མའི་ཡན་ལག་ཙམ་ཡིན་པས་ཆོ་གའི་བྱ་བ་དེས་རྫོགས་པ་མ་ཡིན་ལ། གཞན་བཅུ་གཉིས་པོ་ནི་སྔོན་དུ་འགྲོ་དགོས་པས་སྔོན་དུ་སོང་སྟེ་རང་རང་གི་ཆོ་གས་རྫོགས་པ་ཡིན་ནོ། །ཡང་གཏོར་མ་དང་མཆོད་པ་ནི་རང་རང་གི་ཆོ་གའང་ཡིན་ལ་ཐམས་ཅད་ཀྱི་ཡན་ལག་ཀྱང་ཡིན་ནོ། །དེ་ལྟར་ན་སྔོན་འགྲོ་དང་ཡན་ལག་ལ་མ་ལྟོས་པའི་ལེའུ་རེ་རེས་ཆོག་པ་མེད་ཀྱང་སྔོན་འགྲོ་དང་ཡན་ལག་སོང་ནས་རང་རང་གི་བྱ་བ་རྫོགས་པའི་ལེའུ་བཅུ་གཉིས་དང༌། སྟ་གོན་གྱི་ཆོ་གས་ཀྱང་མི་ཐུབ་ཀྱང་དཀྱིལ་འཁོར་རབ་གནས་སློབ་མ་གསུམ་ཀ་ལ་དགོས་པ་སྤྱིའི་ཆོ་ག་ཡིན་པས་ལེའུ་ལོགས་སུ་བྱས་སོ། །དེ་ལྟར་ན་ལེའུ་བཅུ་གསུམ་ཡོད་བྱ་བའི་རིམ་པ་བཅུ་གསུམ་པ་ཞེས་པའོ། །གཙོ་ཆེ་བའི་དབང་དུ་བྱས་ན་མ་སྨིན་པ་སྨིན་པར་བྱེད་པ་ལ་ལེའུ་ལྔ། སྨིན་པ་གྲོལ་བར་བྱེད་པའི་ལམ་ལ་ལེའུ་བརྒྱད་དུ་གནས་སོ། །དེའང་གཙོ་ཆེ་བ་ཡིན་གྱི་དེ་ཁོ་ནར་མ་ངེས་པས་སློབ་དཔོན་གྱིས་ཀྱང་བསྙེན་པའི་སྔོན་དུ་བླ་མའི་མཚན་ཉིད་དང་སློབ་མ་རྗེས་སུ་གཟུང་བའི་ཆོ་ག་གསུངས་སོ། །དེ་བས་ན་ལེའུ་ལྔ་སྨིན་བྱེད་ཀྱི་ལམ་དུ་བྱེད་ན་སློབ་མ་གཟུང་བ་ལ་སོགས་པ་དགོས་པས་དེ་དག་གི་རྣམ་གཞག་གཞན་དུ་ཤེས་པར་བྱའོ།། །།དེ་ལ་ལེའུ་དང་པོ་བསྙེན་པའི་ལེའུ་ལ་དོན་ལྔ་སྟེ། རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་དང༌། བསྙེན་པའི་གནས་དང༌། བསྙེན་པ་མ་བྱས་པའི་ཉེས་པ་དང༌། བྱས་པའི་ཕན་ཡོན་དང༌། བསྙེན་པ་དངོས་དང༌། བསྙེན་པའི་དགོས་པའོ།། །།སའི་ལེའུ་ལ་དོན་ལྔ་སྟེ། ས་བརྟག་པ་དང༌། ས་བསླང་བ་དང༌། སྦྱང་བ་དང༌། བསླངས་པའི་རྗེས་ལ་བྱས་པའི་ཆོ་ག་དང༌། ས་བསྲུང་བའོ། །དང་པོ་ལ་གསུམ་སྟེ། སའི་ཕྱོགས་ལ་སོགས་པ་བརྟག་པ་དང༌། ས་སྤྲས་བརྟག་པ་དང༌། ཤིང་གི་མཚན་མ་དང༌། དབྱིབས་སྤང་བྱ་བསྟན་པའོ། །ས་སྦྱང་བ་ལ་གཉིས་ཏེ། ལས་དང་བྱ་བས་སྦྱང་བ་དང༌། སྔགས་དང་ཏིང་ངེ་འཛིན་གྱིས་སྦྱང་བའོ།། །།སྟ་གོན་གྱི་ལེའུ་ལ་དོན་གཉིས་ཏེ། ལྷ་གནས་ཀྱི་སྔོན་འགྲོ་ས་བཟུང་ཞིང་བགེགས་ཚར་གཅད་པ་དང༌། ལྷ་གནས་ཀྱི་ཆོ་ག་དངོས་སོ། །དང་པོ་ལ་བཞི་སྟེ། བདག་གི་རྣལ་འབྱོར་གྱི་ང་རྒྱལ་བསྐྱེད་པ་དང༌། ལངས་ཏེ་སྟང་སྟབས་ཀྱི་བཀོད་པས་ས་གཟུང་བ་དང༌། བགེགས་ལ་བཀའ་བསྒོ་བ་དང༌། བགེགས་མེད་པར་བྱ་བའི་ཕྱིར་ཕུར་བུས་གདབ་པའོ། །དང་པོ་ལ་བཞི་སྟེ། བདག་གི་དཀྱིལ་འཁོར་གྱི་རྣལ་འབྱོར་རྫོགས་པར་བྱ་བ་དང༌། སློབ་དཔོན་གྱིས་སངས་རྒྱས་ལ་གསོལ་བ་གདབ་པ་དང༌། སློབ་མས་སློབ་དཔོན་ལ་དཀྱིལ་འཁོར་བྲི་བའི་ཕྱིར་གསོལ་བ་གདབ་པ་དང༌། སློབ་དཔོན་གྱིས་རྡོ་རྗེ་འཆང་ཆེན་པོར་ང་རྒྱལ་བསྐྱེད་པའོ། །ལངས་ཏེ་སྟང་སྟབས་ཀྱིས་གཟུང་བ་ལ་དོན་དགུ་སྟེ། དཀྱིལ་འཁོར་བཏེག་ཏེ་ཁྲོ་བོའི་ལྟ་བས་ལྟ་བ་དང༌། རྡོ་རྗེའི་འགྲོས་ཀྱིས་བསྐོར་བ་དང༌། སངས་རྒྱས་ཐམས་ཅད་ལ་མཆོད་པའི་གར་བྱ་བ་དང༌། རྐང་སྟབས་ཀྱི་བཀོད་པ་དང༌། ལག་སྟབས་ཀྱི་བཀོད་པ་དང༌། འདུག་སྟབས་ཀྱི་བཀོད་པ་དང༌། གར་གྱི་ཉམས་བཞིན་གྱི་བཀོད་པ་དང༌། གླུའི་བཀོད་པ་དང༌། དེ་དག་ས་གཟུང་བ་ལ་སོགས་པའི་དུས་སུ་བྱ་བ་བསྟན་པའོ།། །།ལྷག་གནས་ཀྱི་ཆོ་ག་དངོས་ལ་བཞི་སྟེ། སའི་ལྷ་མོ་ལྷག་གནས་དང༌། ལྷ་ལྷག་གནས་དང༌། བུམ་པ་ལྷག་གནས་དང༌། སློབ་མ་ལྷག་པར་གནས་པའོ། །དང་པོ་ལ་གཉིས་ཏེ། ས་ཆོག་དང་མཆོད་པ་སོགས་སྔོན་འགྲོ་རྫོགས་ནས་ལྷག་གནས་བྱ་བར་གདམས་པ་དང༌། ལྷ་མོ་ལྷག་གནས་དངོས་སོ། །ལྷ་ལྷག་གནས་ལ་གསུམ་སྟེ། ལྷག་གནས་ཀྱི་གནས་ངེས་པར་བྱ་བ་དང༌། དེར་ཡན་ལག་བཞི་རྫོགས་ལ་མཆོད་པ་ལ་སོགས་པ་བྱ་བ་དང༌། ལྷ་ལ་སྙན་གསན་ཕབ་སྟེ་བུམ་པའི་ཆོ་ག་བྱ་བར་བསྟན་པའོ། །བུམ་པ་སྟ་གོན་ལ་བཞི་སྟེ། བུམ་པ་ཇི་ལྟར་བཅའ་བ་དང༌། བུམ་པའི་བཅུད་གཞུག་པ་དང༌། བུམ་པ་བྱིན་གྱིས་བརླབ་པའི་ཚུལ་དང༌། བུམ་པ་ཇི་ལྟར་དགོད་པའོ། །སློབ་མ་སྟ་གོན་ལ་གཉིས། སློབ་མའི་མཚན་ཉིད་དང༌། དེ་ལ་སྟ་གོན་བྱ་བ་དངོས་སོ། །དང་པོ་ལ་གསུམ་སྟེ། སྒྲུབ་པའི་ངོས་ནས་བསྟན་པ་དང༌། དགག་པའི་ཕྱོགས་ནས་བསྟན་པ་དང༌། ཡོན་ཏན་བསྡུས་ཏེ་བསྟན་པའོ། །སྟ་གོན་བྱ་བ་དངོས་ལ་བཞི་སྟེ། མྱ་ངན་ལས་འདས་པའི་བསམ་པ་བསྐྱེད་པ་དང༌། ཁྱད་པར་ཅན་ཞུ་བའི་སྔོན་དུ་སྣོད་དཔུང་བྱ་བ་དང་ཁྱད་པར་ཅན་གྱི་དོན་ཞུ་བ། རྡོ་རྗེ་ཐེག་པ་ལ་སྤྲོ་བ་བསྐྱེད་པ། སྡིག་པ་བཤགས་པ་ལ་སོགས་པ་རྒྱུན་བཤགས་བྱ་བ། བྱང་ཆུབ་ཏུ་སེམས་བསྐྱེད་པ། སེམས་བསྐྱེད་པའི་བར་ཆད་བསྲུང་བའི་ཕྱིར་ལྷར་བསྐྱེད་པ་བསྲུང་བ། དེ་ལ་མཆོད་པར་བྱ་བ། སོ་ཤིང་སྦྱིན་པ། འཐོར་འཐུང་སྦྱིན་པ། སྲུང་སྐུད་གདགས་པ། ཀུ་ཤ་སྦྱིན་པ། ཆོས་ཟབ་མོ་བཤད་པའི་སྤྲོ་བ་བསྐྱེད་པ། རྨི་ལམ་བརྟག་ཅིང་ངན་ན་བསྲུང་བའོ།། །།དཀྱིལ་འཁོར་གྱི་བྱ་བའི་ལེའུ་ལ་གཉིས། བྲི་ཞིང་རྒྱན་དགྲམ་པ་དང༌། སྒྲུབ་ཅིང་མཆོད་པའོ། །དང་པོ་ལ་གསུམ། བྲི་བ་དང༌། རྒྱན་དགྲམ་པ་དང༌། རྡོ་རྗེ་སློབ་དཔོན་གྱི་ཆས་གོས་སྔོན་དུ་འགྲོ་བས་དཀྱིལ་འཁོར་ལྷག་ཆད་བསྐང་བའོ། །དང་པོ་ལ་གཉིས། ཐིག་གིས་བྲི་བ་དང༌། ཚོན་གྱིས་བྲི་བའོ། །དང་པོ་ལ་དྲུག དཀྱིལ་འཁོར་གྱི་གཞི་སྔོན་དུ་འགྲོ་བས་ཐིག་གདབ་པར་གདམས་པ་དང༌། ཡེ་ཤེས་ཀྱི་ཐིག་བྱིན་གྱིས་བརླབ་པ་དང༌། ལས་ཀྱི་ཐིག་བྱིན་གྱིས་བརླབ་པ་དང༌། ཡེ་ཤེས་ཀྱི་ཐིག་གདབ་པ་དང༌། ཐེག་གི་ལྟས་དང༌། ལས་ཀྱི་ཐིག་གིས་ཆ་བགོ་བའོ། །ཚོན་གྱིས་བྲི་བ་ལ་གཉིས། ཚོན་བྱིན་གྱིས་བརླབ་པ་དང༌། བྲི་བའོ། །དེ་ལ་དྲུག ཐོག་མར་བླ་མས་བྲི་བ་དང༌། ཚོན་གྱི་ལྟས་དང༌། རྩིག་པའི་རིམ་པ་དང༌། ཕྱོགས་ཀྱི་ཁ་དོག་སྔོན་དུ་འགྲོ་བས་དཀྱིལ་འཁོར་ཇི་ལྟར་བྲི་བ་དང༌། ཚོན་གྱི་རྒྱུ་དང༌། ལྷའི་མཚན་མ་དགོད་པའོ། །སྒྲུབ་ཅིང་མཆོད་པ་ལ་གཉིས། བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས་དཀྱིལ་འཁོར་བསྒྲུབ་པ་དང༌། དེ་ལ་མཆོད་པའོ། །དེ་ལ་བཞི་སྟེ། དཀྱིལ་འཁོར་ལ་མཆོད་པ་རྒྱས་པར་བྱ་བ་དང༌། རང་གི་ལྕེ་ལ་བདུད་རྩི་མྱང་བ་དང༌། ཕྱི་རོལ་དུ་འབྱུང་པོ་ལ་གཏོར་མ་སྦྱིན་པ་དང༌། ཉེས་པ་རྣམས་བཟོད་པར་གསོལ་བའོ།། །།སློབ་མ་དབང་བསྐུར་བའི་བྱ་བ་ལ་གསུམ། འཇུག་པ་དང༌། དབང་བསྐུར་བ་དང༌། མཇུག་གི་བྱ་བའོ། །དང་པོ་ལ་གཉིས། སློབ་དཔོན་བདག་ཉིད་འཇུག་པ་དང༌། སློབ་མ་འཇུག་པའོ། །དང་པོ་ལ་གསུམ། བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས་མདུན་བསྐྱེད་མཆོད་པ་དང༌། བདག་ཉིད་དབང་རྫོགས་པར་བླང་བ་དང༌། དམ་ཚིག་དེ་ཁོ་ན་ཉིད་ཀྱི་གླུ་ཆོས་ཀྱི་གླུ་དམ་ཚིག་གི་གླུ་གསུམ་གྱི་གླུས་བསྟོད་ཅིང་གསོལ་བ་གདབ་པའོ། །སློབ་མ་འཇུག་པ་ལ་གཉིས། ཡོལ་བའི་ཕྱི་རོལ་དུ་བྱ་བ་དང༌། ནང་དུ་བྱ་བའོ། །དང་པོ་ལ་དྲུག གསོལ་བ་གདབ་པ་དང༌། བསྒྲགས་པ་དང༌། གཟུང་བ་གཉིས་ཀྱི་སྡོམ་པ་གཟུང་བ་དང༌། སློབ་མ་ཆས་སུ་གཞུག་པ་དང༌། འདོད་པ་དྲི་ཞིང་ལན་གདབ་པ་དང༌། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། དམ་ལ་བཞག་སྟེ་ནང་དུ་གཞུག་པའོ། །ཡོལ་བའི་ནང་དུ་བྱ་བ་ལ་ལྔ། དམ་ལ་གཞག་པ་དང༌། ཡེ་ཤེས་དབབ་པ། མེ་ཏོག་དོར་ཞིང་མགོ་ལ་བཅིང་བ། གདོང་གཡོགས་ཕྱེ་ལ་དཀྱིལ་འཁོར་བསྟན་པ་དང༌། སློབ་མས་ཆེད་དུ་བརྗོད་ཅིང་བླ་མས་དཀྱིལ་འཁོར་རྒྱས་པར་བསྟན་པའོ། །དང་པོ་ལ་བཞི་སྟེ། ཕན་ཡོན་གྱི་སྒོ་ནས་གསང་བར་གདམས་པ་དང༌། སྨྲས་པའི་ཉེས་པའི་སྒོ་ནས་གསང་བར་གདམས་པ་དང༌། ཕན་ཡོན་དང་ཉེས་པ་གཉིས་ཀའི་སྒོ་ནས་གསང་བར་གདམས་པ་དང༌། བླ་མའི་བཀའ་གཉེན་པའི་སྒོ་ནས་དམ་ལ་གཞག་པའོ། །ཡེ་ཤེས་དབབ་པ་ལ་གསུམ། གསོལ་བ་གདབ་པ་དང༌། དབབ་པ་དངོས་དང༌། ཡེ་ཤེས་བརྟན་པར་བྱ་བའོ། །དབང་བསྐུར་བ་ལ་གཉིས། དབང་གི་སྔོན་དུ་འགྲོ་བ་དང༌། དབང་བསྐུར་བ་དངོས་སོ། །དང་པོ་ལ་གཉིས། དབང་སྟེགས་སུ་གཞག་སྟེ་སྦྱང་བ་དང༌། བཀྲ་ཤིས་ཀྱི་ཚིགས་བཅད་བརྗོད་པའོ། །དེ་ལ་གཉིས། དཀོན་མཆོག་གསུམ་གྱི་བཀྲ་ཤིས་དང༌། མཛད་པ་བཅུ་གཉིས་ཀྱི་བཀྲ་ཤིས་སོ། །དབང་ལ་གཉིས། དབང་སྤྱིར་བསྟན་པ་དང༌། སོ་སོར་སྦྱར་བའོ། །དང་པོ་ལ་གཉིས། མངོན་པར་རྟོགས་པ་ཅུང་ཟད་བསྟན་པ་དང༌། དབང་གི་རྣམ་གྲངས་སོ། །སོ་སོར་སྦྱར་བ་ལ་གཉིས། ཐུན་མོང་གི་དབང་དྲུག་བསྐུར་བ་དང༌། ཐུན་མོང་མ་ཡིན་པའི་དབང་བཞི་བསྐུར་བའོ། །དང་པོ་ལ་དྲུག ཆུ་དང༌། ཅོད་པན་དང༌། རྡོ་རྗེ་དང༌། དྲིལ་བུ་དང༌། མིང་དང༌། རྫོགས་པའི་སངས་རྒྱས་སོ། །ཐུན་མོང་མ་ཡིན་པ་ལ་བཞི། དགོས་པ་དང༌། སྔོན་དུ་འགྲོ་བ་དང༌། གོ་རིམ་དང༌། དབང་དངོས་སོ། །དེ་ལ་བཞི། རྡོ་རྗེ་སློབ་དཔོན་དང༌། གསང་བ་དང༌། ཤེས་རབ་ཡེ་ཤེས་དང༌། བཞི་པའོ། །དང་པོ་ལ་གཉིས། དངོས་དང༌། མཐའ་རྟེན་བསྟན་པའོ། །གསང་དབང་ལ་གསུམ། སྔོན་འགྲོ་དང༌། དབང་དངོས་དང༌། མཐའ་རྟེན་ནོ། །ཤེས་རབ་ཡེ་ཤེས་ལ་གསུམ། སྔོན་འགྲོ་དང༌། དངོས་གཞི་དང༌། མཐའ་རྟེན་ནོ། །དངོས་གཞི་ལ་གསུམ། ཕྱག་རྒྱའི་མཚན་ཉིད་སྔོན་དུ་འགྲོ་བས་གཏད་པ་དང༌། ཕྱག་རྒྱས་དམ་ཚིག་དྲི་ཞིང་དེས་ལན་གདབ་པ་དང༌། ཡེ་ཤེས་དགའ་བ་བཞིའི་རྟོགས་པ་སྐྱེ་བའོ། །དེ་ལ་བཞི། དགའ་བ་དང་པོ་དང༌། གཉིས་པ་དང༌། གསུམ་པ་དང༌། བཞི་པའོ། །མཐའ་རྟེན་ལ་གཉིས་ཏེ། འབྲས་བུར་དབུགས་དབྱུང་བ་དང༌། ལམ་དུ་དབུགས་དབྱུང་བའོ། །དེ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །མཇུག་གི་བྱ་བ་ལ་གཉིས། དཀྱིལ་འཁོར་མཆོད་པ་དང༌། བཟོད་པར་གསོལ་ཏེ་གཤེགས་སུ་གསོལ་བ་དང༌། རྡུལ་ཚོན་བསྡུ་བའོ། །བསྐྱེད་པའི་རིམ་པའི་ལེའུ་དྲུག་པ་ལ་གསུམ། མདོར་བསྟན་པ་དང༌། གནས་དང༌། དངོས་གཞིའོ། །དེ་ལ་གཉིས། མཉམ་གཞག་དང༌། མཉམ་པར་མ་བཞག་པའོ། །དང་པོ་ལ་གཉིས། སྔོན་དུ་འགྲོ་བའི་རྣལ་འབྱོར་དང༌། དངོས་གཞི་ཡན་ལག་དྲུག་གོ །དང་པོ་ལ་གཉིས། ཚོགས་གཉིས་བསགས་པ་དང༌། སྲུང་བའི་འཁོར་ལོའོ། །དང་པོ་ལ་གཉིས། བསོད་ནམས་ཀྱི་ཚོགས་དང༌། ཡེ་ཤེས་ཀྱི་ཚོགས་སོ། །དང་པོ་ལ་གསུམ། ཚོགས་ཀྱི་ཞིང་སྤྱན་དྲངས་ཞིང་མཆོད་པ་དང༌། ཡན་ལག་བདུན་པ་བྱ་བ་དང༌། ཚད་མེད་པ་བཞི་བསྒོམ་པའོ། །དངོས་གཞི་ལ་དྲུག གཞལ་ཡས་ཁང་བསྐྱེད་པ་རྣམ་པར་སྣང་མཛད་ཀྱི་ཡན་ལག་དང༌། རྗེས་སུ་ཆགས་པ་རྡོ་རྗེ་སེམས་དཔའི་ཡན་ལག་དང༌། དབང་བསྐུར་བ་མི་བསྐྱོད་པའི་ཡན་ལག་དང༌། བདུད་རྩི་མྱང་བ་འོད་དཔག་མེད་ཀྱི་ཡན་ལག་དང༌། མཆོད་པ་དོན་ཡོད་གྲུབ་པའི་ཡན་ལག་དང༌། བསྟོད་པ་རིན་ཆེན་འབྱུང་ལྡན་གྱི་ཡན་ལག་གོ །དང་པོ་ལ་ལྔ། གཞིའི་ཡན་ལག་དང༌། རྒྱུ་འབྱུང་བ་དང༌། རྐྱེན་བར་དོའི་སེམས་དང༌། དེ་ལས་གཞལ་ཡས་ཁང་བསྐྱེད་པ་དང༌། སྔགས་ཀྱིས་བརྟན་པར་བྱ་བའོ། །རྗེས་སུ་ཆགས་པའི་ཡན་ལག་ལ་བཞི། དམ་ཚིག་སེམས་དཔའ་བསྐྱེད་པ་དང༌། དེ་ཉིད་སེམས་དཔའ་སུམ་བརྩེགས་སུ་བསྒོམ་པ་དང༌། ཡེ་ཤེས་ཀྱི་འཁོར་ལོ་དགུག་གཞུག་བྱ་བ་དང༌། སྐྱེ་མཆེད་དྲུག་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའོ། །དང་པོ་ལ་ལྔ། རྒྱུ་རྡོ་རྗེ་འཛིན་པ་བསྐྱེད་པ་དང༌། འཁོར་གྱི་ལྷ་མོ་དབྱུང་བའི་ཕྱིར་མཁའ་གསང་བྱིན་གྱིས་བརླབ་པ་དང༌། འཁོར་གྱི་ལྷ་མོ་དབྱུང་བ་དང༌། རྒྱུ་རྡོ་རྗེ་འཛིན་པ་ཞུ་བ་ལ་གླུས་བསྐུལ་བ་དང༌། འབྲས་བུ་རྡོ་རྗེ་འཛིན་པ་བཞེངས་པ་རྣམ་པར་དག་པ་དང་བཅས་པའོ། །འཁོར་དབྱུང་བ་ལ་གཉིས། རྣམ་དག་གི་ཚུལ་གྱིས་མདོར་བསྟན་པ་དང༌། སྐུ་མདོག་ལ་སོགས་པ་རྒྱས་པར་བཤད་པའོ། །མཉམ་པར་མ་བཞག་པ་ལ་ལྔ། དང་པོ་རྗེས་སུ་དྲན་པ་དང༌། བཟླས་པའི་རྣལ་འབྱོར་དང༌། ཐུན་བྱིན་གྱིས་བརླབ་པའི་ཕྱིར་རྡོ་རྗེའི་གླུ་བླང་བ་དང༌། སྨོན་ལམ་གདབ་པ་དང༌། སྤྱོད་ལམ་གྱི་རྣལ་འབྱོར་རོ།། །།རྫོགས་པའི་རིམ་པ་ལེའུ་བདུན་པ་ལ་གཉིས། རྫོགས་པར་སྒོམས་པར་གདམས་པ་དང༌། རྫོགས་རིམ་དངོས་སོ། །དེ་ལ་གཉིས། བསྒོམ་པ་དང༌། དེ་ལས་བྱུང་བའི་འབྲས་བུའོ། །དང་པོ་ལ་གཉིས། དམིགས་བཅས་དང༌། དམིགས་མེད་དོ། །དང་པོ་ལ་གཉིས། རང་བྱིན་གྱིས་བརླབ་པ་དང༌། དཀྱིལ་འཁོར་འཁོར་ལོའི་ལམ་མོ། །དང་པོ་ལ་གསུམ། གཏུམ་མོ་དང༌། ཐིག་ལེའི་རྣལ་འབྱོར་དང༌། ཕྲ་མོའི་རྣལ་འབྱོར་རོ། །དེ་ལ་གསུམ། ཕྲ་མོའི་སྔོན་འགྲོ་དང༌། དངོས་གཞི་དང༌། རྗེས་མི་དམིགས་པའི་ཚུལ་ལོ། །དཀྱིལ་འཁོར་འཁོར་ལོ་ལ་བཞི། ཐབས་ཤེས་རབ་ཀྱི་ཚུལ་དང༌། དགའ་བ་བཅུ་དྲུག་གི་ཚུལ་དང༌། དེ་རྒྱུན་མི་འཆད་པར་སྒོམས་པར་གདམས་པ་དང༌། ཡེ་ཤེས་ཀྱི་མཚན་ཉིད་དོ། །དེ་ལ་གཉིས། ཞུ་བ་ལྷན་སྐྱེས་དང༌། བདེ་བ་ལྷན་སྐྱེས་སོ། །དེ་ལ་གཉིས། དཔེའི་ཡེ་ཤེས་སུ་འགྱུར་བ་དང༌། དོན་གྱི་ཡེ་ཤེས་སོ། །རབ་ཏུ་གནས་པ་ལེའུ་བརྒྱད་པ་ལ་གཉིས། རབ་གནས་དང༌། དེའི་ཕན་ཡོན་ནོ། །དང་པོ་ལ་ལྔ། རྡོ་རྗེ་སློབ་དཔོན་བཟང་པོ་དང༌། དུས་བཟང་པོ་དང༌། གནས་བཟང་པོ་དང༌། ཡོ་བྱད་བཟང་པོ་དང༌། ཆོ་ག་བཟང་པོའོ། །དང་པོ་ལ་གསུམ། རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་དང༌། ཞར་ལས་བྱུང་བ་རབ་གནས་ནི་ཀུན་རྫོབ་ཙམ་དུ་བསྟན་པ་དང༌། རྡོ་རྗེ་སློབ་དཔོན་གྱི་ཆས་གོས་བསྟན་པའོ། །ཡོ་བྱད་ལ་གསུམ། ལྷ་མཆོད་པའི་ཡོ་བྱད་བུམ་པ་དང་བཅས་པ་དང༌། འབྱུང་པོ་མཆོད་པའི་ཡོ་བྱད་གཏོར་མ་དང༌། སྐུ་གཟུགས་ཀྱི་མཚན་ཉིད་སྔོན་དུ་འགྲོ་བས་རྟེན་བཀྲུ་བའི་ཡོ་བྱད་བསྟན་པའོ། །ཆོ་ག་བཟང་པོ་ལ་གསུམ། སྟ་གོན་དང༌། དངོས་གཞི་དང༌། རྗེས་ཀྱི་བྱ་བའོ། །དངོས་གཞི་ལ་གསུམ། སྔོན་འགྲོ་དང༌། དངོས་གཞི་དང༌། རྗེས་མཆོད་པའོ། །དང་པོ་ལ་གསུམ། ཁྲུས་ཀྱི་སྟེགས་བུ་དང༌། སྦྱང་བ་དང༌། བསྲུང་བའོ། །དངོས་གཞི་དངོས་ལ་བཞི། དམ་ཚིག་པ་བསྐྱེད་པ་དང༌། ཡེ་ཤེས་པ་སྤྱན་དྲངས་ཤིང་བརྟན་པར་བཞུགས་སུ་གསོལ་བ་དང༌། སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང༌། དབང་བསྐུར་ཞིང་སེམས་དཔའ་སུམ་བརྩེགས་སུ་བྱ་བའོ། །མཆོད་པ་ལ་གཉིས། མཆོད་པ་དང༌། བསྟོད་པའོ། །སྦྱིན་སྲེག་གི་ལེའུ་དགུ་པ་ལ་གཉིས། དུས་སྔོན་དུ་འགྲོ་བས་སྦྱིན་སྲེག་བྱ་བར་གདམས་པ་དང༌། དོན་དངོས་སོ། །དེ་ལ་གཉིས། ཆོ་ག་དང༌། ཕན་ཡོན་ནོ། །དང་པོ་ལ་གསུམ། སྦྱོར་བ་དང༌། དངོས་གཞི་དང༌། ལྷག་མའི་རྫས་ཀྱི་རྗེས་སུ་བྱ་བའོ། །སྦྱོར་བ་ལ་བདུན། སྒྲུབ་པ་པོའི་དབང་དུ་བྱས་པ་དང༌། ཐབ་ཀྱི་ཁྱད་པར་དང༌། དགང་གཟར་དང༌། བླུགས་གཟར་དང༌། མཆོད་པ་བཤམ་ཐབས་དང༌། བསྲེག་རྫས་དང༌། གཙོར་རབ་གནས་དང་འབྲེལ་པའི་དབང་དུ་བྱས་ནས་བུད་ཤིང་བརྩིག་པའོ། །དང་པོ་སྒྲུབ་པ་པོ་ལ་བཞི། ཁ་ལྟ་ཕྱོགས་དང༌། དུས་དང༌། ལྷའི་རྣལ་འབྱོར་དང༌། བསམ་པའི་ཁྱད་པར་རོ། །ཐབ་ཀྱི་ཁྱད་པར་ལ་གཉིས། ལས་སོ་སོ་བ་དང༌། ལས་ཐམས་ཅད་པའོ། །དང་པོ་ལ་ལྔ། དབྱིབས་དང༌། ཚད་དང༌། ཁ་ཁྱེར་དང༌། བྲི་བ་དང༌། ཐུན་མོང་དུ་ཁ་དོག་དང༌། མཚན་མའོ། །དགང་བླུགས་ལ་གསུམ། རྒྱས་པ་དང༌། བསྡུས་པ་དང༌། ཤིན་ཏུ་བསྡུས་པའོ། །བསྲེག་རྫས་ལ་ལྔ། ཡམ་ཤིང་གི་ཚད་དང༌། བསྲེག་རྫས་ཀྱི་རྣམ་གྲངས་གཞན་བསྟན་པ་དང༌། ནང་གི་སྦྱིན་སྲེག་གི་ཚུལ་དང༌། ལས་ཀྱི་དབྱེ་བས་མཆོད་རྫས་ཀྱི་ཁ་དོག་དང༌། ལས་ཀྱི་དབྱེ་བས་བསྲེག་རྫས་ཀྱི་ཁྱད་པར་བསྟན་པའོ། །དངོས་གཞི་ལ་གཉིས། འཇིག་རྟེན་པའི་མེ་ལྷ་མཆོད་པ་དང༌། འདས་པའི་ལྷ་མཆོད་པའོ། །དང་པོ་ལ་དགུ། ཏིང་ངེ་འཛིན་གྱིས་མེ་སྦར་བ་དང༌། མེ་ལྷ་བསྐྱེད་ལ་འཐོར་འཐུང་སྦྱིན་པ་དང༌། ཀུ་ཤ་དགྲམ་པ་དང༌། མེ་སྦར་ཞིང་པྲ་བརྟགས་ལ། ངན་ན་བསྲུང་བ་དང༌། འཇིག་རྟེན་པའི་མེ་ལྷ་བསྐྱེད་པ་དང༌། ཡེ་ཤེས་པ་སྤྱན་དྲངས་ཏེ་མཆོད་ལ་དམ་ཚིག་སྦྱིན་པ་དང༌། བྱོན་ཟན་དབུལ་བ་དང༌། བསྲེག་རྫས་རྒྱས་པས་མཆོད་པ་དང༌། མཆོད་ཅིང་བསྟོད་ལ་བཟོད་པར་གསོལ་བའོ། །འདས་པའི་ལྷ་མཆོད་པ་ལ་བཞི། བསྐྱེད་པ་དང༌། མཆོད་བསྟོད་དང༌། སྦྱིན་སྲེག་དབུལ་ཞིང་དངོས་གྲུབ་བླང་བ་དང༌། བཟོད་པར་གསོལ་ཞིང་གཤེགས་སུ་གསོལ་བའོ། །ཕན་ཡོན་ལ་གཉིས། ཕན་ཡོན་སྤྱིར་བསྟན་པ་དང༌། བྱེ་བྲག་ཏུ་བསྟན་པའོ། །དང་པོ་ལ་ལྔ། སངས་རྒྱས་མཉེས་པ་དང༌། འཇིག་རྟེན་པ་དགྱེས་པ་དང༌། བྱང་ཆུབ་སེམས་དཔའ་མཉེས་པ་དང༌། ཉན་ཐོས་དང༌། རང་སངས་རྒྱས་མཉེས་པ་དང༌། རིགས་དྲུག་མཉེས་པའོ།། །།རོ་ཧོམ་གྱི་ལེའུ་བཅུ་པ་ལ་གསུམ། སྒྲུབ་པའི་ཁྱད་པར་དང༌། གནས་དང༌། དུས་ཀྱི་ཁྱད་པར་དང༌། ཆོ་གའོ། །དེ་ལ་གསུམ། སྦྱང་བའི་སྔོན་དུ་འགྲོ་བ་དང༌། དངོས་གཞི་དང༌། རྗེས་ལ་བྱ་བའོ། །དང་པོ་ལ་གསུམ། བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས་རྟེན་བཀྲུ་བ་དང༌། རྟེན་ཡན་ལག་བཞི་རྫོགས་སུ་བྱས་ལ་སྡོམ་པ་སྦྱིན་པ་དང༌། དབང་བསྐུར་བའོ། །དངོས་གཞི་ལ་གཉིས། བརྩིག་པ་དང༌། སྦྱིན་སྲེག་བྱ་བའོ། །རྗེས་ལ་གཉིས། རུས་པ་བསྡུ་བ་དང༌། མཆོད་རྟེན་གདབ་པའོ།། །།ཚོགས་ཀྱི་འཁོར་ལོ་ལེའུ་བཅུ་གཅིག་པ་ལ་གཉིས། ཚོགས་འཁོར་བྱ་བར་གདམས་པ་དང༌། ཇི་ལྟར་བྱ་བའོ། །དེ་ལ་ལྔ། གྲོགས་དང༌། དགོས་པའི་དུས་དང༌། ཞག་གི་དུས་གཉིས་ཀྱི་དུས་དང༌། གནས་དང༌། བཀོད་པ་དང༌། ཆོ་གའོ། །དང་པོ་གྲོགས་ལ་གསུམ། གྲོགས་ལ་གསོལ་བ་གདབ་པ་དང༌། དེ་ལ་དགོས་པ་དང་བཅས་པས་མཆོད་པར་གདམས་པ་དང༌། གྲོགས་དམ་ཚིག་དང་ལྡན་ནམ་མི་ལྡན་བརྟག་པའོ།། །།དེ་ལ་ལྔ། དབྱུག་སྔོན་ཅན་ལ་གསོལ་བ་གདབ་པ་དང༌། བརྡའི་དགོས་པ་དང༌། བརྡ་དངོས་དང༌། གཟུང་བར་གདམས་པ་དང༌། བརྡ་མ་བཟུང་བའི་ཉེས་པའོ། །བརྡ་དངོས་ལ་གསུམ། ལུས་བརྡ། ངག་བརྡ། ཕྱག་རྒྱ་ལྔའི་བརྡའོ། །ཆོ་ག་ལ་གསུམ། བདག་གི་རྣལ་འབྱོར་དང༌། ཚིམ་པ་དྲུག་དང༌། རྗེས་ཀྱི་བྱ་བའོ། །གཉིས་པ་ལ་དྲུག སྙིང་གར་ཡེ་ཤེས་ཀྱི་ལྷ་བདུད་རྩིས་ཚིམ་པར་བྱ་བ་དང༌། དཀྱིལ་འཁོར་མཆོད་པས་ཚིམ་པ། དམ་ཚིག་དང་ལྡན་པ་ཚོགས་ཀྱི་སྟོན་མོས་ཚིམ་པ། སྙོམས་པར་འཇུག་པས་ཚིམ་པ། གླུ་གར་གྱིས་ཚིམ་པ། བར་དང་ཐ་མར་ཆོས་སྐྱོང་བ་འབྱུང་པོ་གཏོར་མས་ཚིམ་པའོ། །གླུ་གར་ལ་བདུན། རྡོ་རྗེའི་གླུ་བླང་བ་དང༌། རྡོ་རྗེའི་གར་བྱ་བ་དང༌། དེ་གཉིས་ཀྱི་ལྷའི་རྣལ་འབྱོར། གླུ་གར་གྱི་དགོས་པ། དེ་ལ་དངོས་གྲུབ་འབྱུང་བའི་རྟགས། ཚོགས་ཀྱི་ཕན་ཡོན། དེའི་མཇུག་ཏུ་བྱ་བའོ།། །།གཏོར་མའི་ལེའུ་བཅུ་གཉིས་པ་ལ་གསུམ། དགོས་པ་དང༌། ཆོ་ག་དང༌། ཕན་ཡོན་ནོ། །ཆོ་ག་ལ་གཉིས། ཕྱོགས་བཞིའི་གཏོར་མ་དང༌། འབྱུང་པོ་སྤྱིའི་གཏོར་མའོ། །ཕྱོགས་བཞིའི་གཏོར་མ་ལ་གསུམ། གཏོར་མ་བྱིན་གྱིས་བརླབ་པ་སྤྱིར་འགྲོ་བ་དང༌། ཕྱོགས་བཞིའི་སྔགས་བསྟན་པ་དང༌། གཏོར་མ་བཏང་བའི་རིམ་པའོ། །དེ་ལ་བཞི། ཤར་དུ་ལྷ་ཐམས་ཅད་ཀྱི་གཏོར་མ་སྦྱིན་པ། ནུབ་ཏུ་ཀླུ་ཐམས་ཅད་ལ་སྦྱིན་པ། བྱང་དུ་གནོད་སྦྱིན་ཐམས་ཅད་ལ་སྦྱིན་པ། ལྷོར་འབྱུང་པོ་ཐམས་ཅད་ཀྱི་གཏོར་མ་སྦྱིན་པའོ། །དེ་དག་རེ་རེ་ལ་གསུམ་གསུམ། དཀྱིལ་འཁོར་སྔོན་དུ་འགྲོ་བའི་གཏོར་མའི་རྒྱུ་དང༌། སྔགས་དང་ཕྱག་རྒྱས་མགྲོན་དགུག་པ་དང༌། གཏོར་མས་ཚིམ་པར་བྱས་ལ་སྔགས་དང་ཕྱག་རྒྱས་གཏང་ངོ༌། །འབྱུང་པོ་སྤྱི་གཏོར་ལ་གཉིས། བཤད་པར་དམ་བཅའ་བ་དང༌། ཆོ་གའོ། །དེ་ལ་བཞི། མགྲོན་གྱི་ཏིང་ངེ་འཛིན་དང༌། རྫས་ཀྱི་ཆོ་ག་དང༌། གཏོར་མ་འབུལ་བ་དང༌། མཇུག་ཏུ་བྱ་བའོ། །དང་པོ་ལ་བཞི། མགྲོན་དགུག་པ་དང༌། བསྐྱེད་པ་དང༌། དབང་བསྐུར་བ་དང༌། ཡེ་ཤེས་པ་བཀུག་ལ་མཆོད་པ་བྱ་བའོ། །གཏོར་མ་དབུལ་བ་ལ་བཞི། གཏོར་མ་དབུལ་བ། མཆོད་པ། བསྟོད་པ། ཕྲིན་ལས་གཞོལ་བའོ།། །།མཆོད་པའི་ལེའུ་བཅུ་གསུམ་པ་ལ་གསུམ། བཤད་པར་དམ་བཅའ་བ་དང༌། མཆོད་པ་དང༌། དེའི་ཕན་ཡོན་ནོ། །བར་པ་ལ་གཉིས། ཀུན་རྫོབ་ཀྱི་མཆོད་པ་དང༌། དོན་དམ་པའི་མཆོད་པའོ། །དང་པོ་ལ་གཉིས། རྒྱ་ཆུང་བའི་མཆོད་པ་དང༌། རྒྱ་ཆེ་བའི་མཆོད་པའོ། །དང་པོ་ལ་དྲུག ཕྱིའི་མཆོད་པ་དང༌། ནང་བདུད་རྩིའི་མཆོད་པ་དང༌། སྔགས་དང་ཕྱག་རྒྱའི་མཆོད་པ་དང༌། ཡིད་ལས་བྱུང་བའི་མཆོད་པ་དང༌། བསྟོད་པ་བྱ་བར་བསྟན་པ་དང༌། དེ་དག་གི་ཕན་ཡོན་ནོ། །དང་པོ་ལ་གཉིས། མཆོད་པ་བཤམས་པ་སྔོན་དུ་འགྲོ་བས་བྱིན་གྱིས་བརླབ་པ་དང༌། དེ་ནས་རྒྱས་པར་དབུལ་བའོ། །རྒྱ་ཆེ་བའི་མཆོད་པ་ལ་གཉིས། འདོད་ཡོན་ལྔ་སོ་སོར་རིགས་ལྔ་ལ་དབུལ་བ་དང༌། འདོད་ཡོན་རེ་རེའང་རིགས་སོ་སོ་ལ་དབུལ་བའོ། །དང་པོ་ལ་གཉིས་རྒྱས་པར་བསྟན་པ་དང༌། མདོར་བསྡུས་པའོ། །དང་པོ་ལ་ལྔ། སྒྲ་གསུམ་མི་བསྐྱོད་པ་ལ་དབུལ་བ། གཟུགས་གསུམ་རྣམ་སྣང་ལ་དབུལ་བ། དྲི་གསུམ་རིན་འབྱུང་ལ་དབུལ་བ། རོ་གསུམ་འོད་དཔག་མེད་ལ་དབུལ་བ། རེག་གསུམ་དོན་ཡོད་གྲུབ་པ་ལ་དབུལ་བའོ། །རེ་རེའང་རིགས་སོ་སོ་ལ་དབུལ་བ་གསུམ། དྲིའི་ཁ་དོག་གི་སྒོ་ནས་སོ་སོ་ལ་དབུལ་བ། བདུད་རྩིའི་སྒོ་ནས་རོ་སོ་སོ་ལ་དབུལ་བ། ཁ་དོག་གི་སྒོ་ནས་གཟུགས་སོ་སོ་ལ་དབུལ་བའོ།། །།མཇུག་གི་དོན་ལ་བདུན། ཤེས་རབ་ཀྱི་མིང་དོན་གྱིས་ལམ་རྙེད་དཀའ་བར་བསྟན་པ་དང༌། དབང་པོའི་མིང་དོན་གྱིས་ཡང་དག་པའི་ལམ་བསྟན་པ་དང༌། མཛེས་པའི་མིང་དོན་གྱིས་གང་ཟག་མཆོག་གི་མཚན་ཉིད་དང༌། ཞར་ལས་བྱུང་བ་ཟློག་པའི་གང་ཟག་གི་བསྟན་པ་དང༌། གང་ཟག་མཆོག་ལ་རྗེས་སུ་གདམས་པ་དང༌། བསྟན་བཅོས་རྩོམ་པའི་དགོས་པ་བསྟན་ཅིང་རང་བཟོ་སྤང་བ་དང༌། བརྩམ་པའི་དོན་དགེ་བའི་རྩ་བར་བསྔོ་བའོ། །རིན་ཆེན་འབར་བ་ཞེས་བྱ་བ་བསྡུས་པའི་དོན་རྫོགས་སོ།། །།འདིས་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་པར་གྱུར་ཅིག། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply