བདག་མེད་ལྷ་མོ་བཅོ་ལྔའི་བསྟོད་པ་དྲི་མ་མེད་པའི་རྒྱན་དང༌། བདག་མེད་བསྟོད་པའི་བསྡུས་དོན།

༼ཇ༽

༄༅། །བདག་མེད་ལྷ་མོ་བཅོ་ལྔའི་བསྟོད་པ་དྲི་མ་མེད་པའི་རྒྱན་བཞུགས་སོ།།

༄༅། །ན་མོ་གུ་རུ་བྷ་དྲཱ་ཡ། རང་བཞིན་དྲི་མེད་བློ་གྲོས་གློ་བུར་གྱི། །དྲི་མས་བསྒྲིབས་པ་གསལ་བར་མཛད་པ་ཡི། །དཔལ་ལྡན་བླ་མ་རྡོ་རྗེ་འཆང་དབང་གི །ཞབས་པད་དྲི་མ་མེད་ལ་ཕྱག་འཚལ་ལོ། །མཁའ་འགྲོ་གྲངས་མེད་སྟོང་ཕྲག་བདུན་ཅུ་གཉིས། །སྡུད་བྱེད་སུམ་ཅུ་བདུན་ནམ་སུམ་ཅུ་གཉིས། །དེ་དག་རང་བཞིན་ལྷ་མོ་བཅོ་ལྔའི་གཙོ། །གཉིས་མེད་བཞུགས་ལ་དང་བས་བསྟོད་པར་བགྱི། །སྦས་པའི་རྩ་ལྔ་བདུད་འདྲལ་ཆ་དང་བཅས། །སྙིང་གི་དབུས་གནས་གཙུག་ཏོར་མཆོག་ཏུ་ཐིམ། །འཕགས་པའི་ལམ་ལྔ་དྲུག་པའི་ཆ་ཡི་དངོས། །རྡོ་རྗེ་འཛིན་ས་བཅུ་གསུམ་པར་ཕྱག་འཚལ། །དབུས་ནས་གཡས་གཡོན་རྒྱབ་ཀྱི་ཆ་ལ་བཞུགས། །ཀུན་འདར་རོ་རྐྱང་བདུད་འདྲལ་ཨཿདང་བཅས། །ཁུ་ཁྲག་དྲི་ཆེན་དྲི་ཆུ་མི་རྟོག་སྐྱེད། །འཕགས་པའི་ལམ་གསུམ་བྱང་ཆུབ་ལ་ཕྱག་འཚལ། །གནས་བཞི་དབུ་མར་སྟོང་ལས་བཅུ་གཉིས་པ། །ཉེ་བའི་ཐུང་གཅོད་ཡེ་ཤེས་ཆེན་པོ་སྟེ། །སྤང་བྱ་ཀུན་སྤངས་ཐོབ་བྱ་ཀུན་རྫོགས་པ། །འཁོར་ལོའི་དབུས་ན་བཞུགས་ལ་ཕྱག་འཚལ་ལོ། །རྣ་བ་ཞེ་སྡང་རྣམ་ཤེས་ཕུང་པོ་སྦྱང༌། །སེམས་དག་ཆོས་དབྱིངས་ཡེ་ཤེས་ངོ་བོ་ཉིད། །སྤྲོས་བྲལ་ཨ་ལས་བྱུང་བའི་གཉིས་མེད་མཆོག །རྡོ་རྗེ་བདག་མེད་མ་དཔལ་ཕྱག་འཚལ་བསྟོད། །པུལླཱིར་མི་ཕྱེད་སོ་དང་སེན་མོའི་ཁམས། །འབར་འཛིན་ཕྲ་གཟུགས་སྐྲ་དང་སྤུ་འབབ་ཅིང༌། །གཟུགས་ཕུང་གཏི་མུག་མིག་སྦྱོང་ཨཱ་ལས་བྱུང༌། །འཁོར་ལོའི་ཤར་གནས་རྡོ་རྗེ་མར་ཕྱག་འཚལ། །ཨུརྻན་རྩེ་མ་ལྤགས་པ་དྲི་མ་སྐྱེད། །ཨརྦུར་གཡོན་པ་མ་སྟེ་ཤ་འབབ་ཅིང༌། །ཚོར་བ་སེར་སྣ་སྣ་སྦྱོང་ཨི་ལས་བྱུང༌། །ལྷོ་ཕྱོགས་གསང་བའི་དཀར་མོར་བདག་ཕྱག་འཚལ། །སྤྱི་བོ་སྤྱི་གཙུག་རྣ་བ་ལྟག་པར་བཞུགས། །ལུས་དང་ཚོར་བ་ཆོས་དང་སེམས་ཀྱི་དངོས། །རླུང་དང་བྱང་ཆུབ་སེམས་རྣམས་དབུ་མར་ཐིམ། །གནས་ཏེ་རབ་དགའི་ས་ལ་བདག་ཕྱག་འཚལ། །གོ་དཱ་ཝ་རཱིར་ཐུང་དུ་ཆུ་རྒྱུས་འབབ། །ར་མེར་རུས་སྦལ་སྐྱེས་མ་རུས་ཕྲེང་སྐྱེད། །འདུ་ཤེས་འདོད་ཆགས་ལྕེ་སྦྱོང་ཨཱཾ་ལས་བྱུང༌། །ཆུ་བདག་ཆུ་ཡི་རྣལ་འབྱོར་མར་ཕྱག་འཚལ། །དེ་ཝཱི་ཀོ་ཊར་སྒོམ་མ་མཁལ་མ་སྐྱེད། །མཱ་ལར་དབང་མ་སྙིང་འབབ་འདུ་བྱེད་དང༌། །ཕྲག་དོག་ལུས་སྦྱོང་ཨུ་སྐྱེས་ཡང་དག་སྤང༌། །རྡོ་རྗེ་མཁའ་འགྲོ་གཉིས་པའི་ས་ལ་བསྟོད། །ཀཱ་མ་རཱུ་པར་སྐྱོན་མ་མིག་འབབ་ཅིང༌། །ཨོ་ཏྲེར་མཇུག་མ་མཁྲིས་འབབ་ས་ཡི་ཁམས། །ཨཱུ་སྐྱེས་པུཀྐ་སཱིས་སྦྱོང་རྫུ་འཕྲུལ་གཉིས། །བྱང་ཤར་འོད་བྱེད་ཞིང་ལ་བདག་ཕྱག་འཚལ། །ཏྲི་ཤ་ཀུ་ནེར་མ་མོ་གློ་བ་འབབ། །ཀོ་སལ་མཚན་མོ་རྒྱུ་འབབ་ཆུ་ཡི་ཁམས། །རྀ་སྐྱེས་ཤ་བ་རིས་སྦྱོང་རྫུ་འཕྲུལ་གཉིས། །ཤར་ལྷོ་ཉེ་ཞིང་འོད་འཕྲོར་ཕྱག་འཚལ་ལོ། །ཀ་ལིཾ་གར་ནི་བསིལ་སྦྱིན་ཆུ་རྒྱུས་འབབ། །ལམྦཱར་ཚ་བ་ལྟོ་བ་འབབ་མ་མེ། །རཱྀ་སྐྱེས་ཙཎྜཱ་ལཱིས་སྦྱོང་དབང་པོ་གཉིས། །ལྷོ་ནུབ་ཚནྡོ་སྦྱང་དཀར་བདག་ཕྱག་འཚལ། །ཀཱཉྩིར་གཞོལ་མ་སྙིང་འབབ་ཁ་བའི་རིར། །ཚ་མ་རུས་པའི་ཁམས་འབབ་རླུང་གི་ཁམས། །ལྀ་སྐྱེས་གཡུང་མོས་སྦྱོང་ཞིང་དབང་པོ་གཉིས། །ནུབ་བྱང་མངོན་གྱུར་ཉེ་བའི་ཚནྡོར་བསྟོད། །པྲེ་ཏར་ཤིན་ཏུ་གཟུགས་ཅན་བད་ཀན་འབབ། །ཁྱིམ་གྱི་ལྷར་ནི་སྤྱི་མ་རྣག་འབབ་གཟུགས། །ལཱྀ་སྐྱེས་གཽ་རཱིས་སྦྱོང་མཛད་དབང་པོ་སྟོབས། །ཤར་ཕྱོགས་འདུ་བ་རིང་དུ་སོང་བར་བསྟོད། །སཽ་རཱཥྚར་ནི་རྒྱུ་སྦྱིན་ཁྲག་འབབ་ཅིང༌། །གསེར་གླིང་སྦྱོར་བྲལ་རྔུལ་འབབ་སྒྲ་ཡི་ཁམས། །ཨེ་སྐྱེས་ཙཽ་རཱིས་སྦྱོང་མཛད་སྟོབས་གཉིས་ལྷོར། །མི་གཡོ་ཉེ་བའི་འདུ་བར་བདག་ཕྱག་འཚལ། །ན་ག་རར་ནི་སྡུག་གུ་ཚིལ་བུ་འབབ། །སིནྡྷུར་གྲུབ་མ་མཆི་འབབ་སྣ་ཡི་ཡུལ། །ཨཻ་སྐྱེས་བེ་ཏཱ་ལཱིས་སྦྱོང་སྟོབས་གཉིས་ནུབ། །དུར་ཁྲོད་ལེགས་པའི་བློ་གྲོས་ལ་ཕྱག་འཚལ། །མ་རོར་འཚེད་མས་མཆིལ་མ་འབབ་པ་འཛིན། །ཀུ་ལུར་ཡིད་བཟངས་སྣབས་འབབ་ལྕེ་ཡི་ཡུལ། །ཨོ་སྐྱེས་གྷསྨ་རཱིས་སྦྱོང་བྱང་ཆུབ་གཉིས། །ཉེ་བའི་དུར་ཁྲོད་ཆོས་ཀྱི་སྤྲིན་ལ་འདུད། །སུམ་སྐོར་འདོད་མ་རེག་བྱ་ས་སྤྱོད་སྦྱོང༌། །ཨཽ་སྐྱེས་བྱང་ཆུབ་ལམ་གཉིས་ལ་བཏུད་ནས། །ཁྱིམ་མ་གཏུམ་མོ་ཆོས་དབྱིངས་མཁའ་སྤྱོད་སྦྱོང༌། །ཨྃ་སྐྱེས་བྱང་ཆུབ་ལམ་གཉིས་ལ་ཕྱག་འཚལ། །འདི་བཞི་སྙིང་གའི་འདབ་བརྒྱད་ལྟེ་བ་ཡི། །མཚམས་ན་རླུང་དང་བདུད་རྩི་ལྔ་འདྲེས་འབབ། །འདི་རྣམས་དབུ་མར་ཐིམ་ལས་འཐུང་གཅོད་དེ། །དཔེ་མེད་ཡེ་ཤེས་བཅུ་གཅིག་པར་ཕྱག་འཚལ། །ཀུན་ཀྱང་ཆོས་དབྱིངས་ངོ་བོས་ནག་པོར་བཞུགས། །མི་གནས་མྱ་ངན་འདས་ཚུལ་ཕྱེད་ཀྲུང་སྟེ། །སྐྱོན་དྲུག་གྲི་གུག་གིས་བཅད་བདག་མེད་མགོ །གཟུང་འཛིན་སྤངས་དང་རྒྱལ་བ་ལྔ་ཡིས་བརྒྱན། །གདུག་མནན་བདུད་བཞི་འཇོམས་ཤིང་ཡོན་ཏན་རྒྱས། །ཡེ་ཤེས་མེ་ཡི་དབུས་ན་བདེ་བར་བཞུགས། །དཔལ་ལྡན་ཡེ་ཤེས་མཁའ་འགྲོ་བཅོ་ལྔ་ཡི། །ཞབས་ལ་ཕྱག་འཚལ་རྟག་ཏུ་སྐྱབས་སུ་མཆི། །དེ་ལྟར་ལྷ་དང་ས་ཡི་རིམ་པ་བཞིན། །གུས་པས་བསྟོད་ནས་སླར་ཡང་བདག་གི་ཡིད། །སྤྲོ་བས་རབ་དྲངས་འཕོ་བའི་རིམ་པ་བཞིན། །བསྟོད་པ་འདི་ཡང་རྩོམ་པར་འདོད་པར་གྱུར། །སྐྱེས་དང་བུད་མེད་དབྱེ་བ་ཡིས། །གཡས་གཡོན་ཡར་ངོ་མར་ངོ་ཡི། །ཚེས་གཅིག་ལ་སོགས་འཕོ་བའི་གནས། །དབང་མཛད་མཁའ་འགྲོར་བསྟོད་པར་བགྱི། །ཚེས་གཅིག་ལུག་གི་འཕོ་བ་ལ། །མི་ཕྱེད་གཏུམ་མོ་མཐེ་བོང་གཉིས། །དགའ་བའི་དགའ་བ་ཡི་གེ་ཨ། །མཁའ་སྤྱོད་མ་ལ་ཕྱག་འཚལ་ལོ། །ཁྱུ་མཆོག་འཕོ་བའི་ཚེས་གཉིས་ལ། །ཕྲ་གཟུགས་ཁྱིམ་མ་བྱིན་པ་གཉིས། །དགའ་བའི་མཆོག་དགའ་ཡི་གེ་ཨཱ། །ས་སྤྱོད་མ་ལ་ཕྱག་འཚལ་ལོ། །ཚེས་གསུམ་འཁྲིག་པའི་ཉི་མ་སྟེ། །བརྩེ་བ་མ་དང་འདོད་མ་ནི། །བརླ་གཉིས་དགའ་བའི་དགའ་བྲལ་ཨི། །གྷསྨ་རཱི་ལ་ཕྱག་འཚལ་ལོ། །བཞི་པ་ཀརྐ་ཊ་ཡི་ཚེས། །གཡོན་པ་མ་དང་སུམ་སྐོར་མ། །གསང་གནས་དགའ་བའི་ལྷན་སྐྱེས་ཨཱི། །བེ་ཏཱ་ལཱི་ལ་གུས་པས་འདུད། །ལྔ་པ་སེང་གེའི་འཕོ་བ་སྟེ། །ཐུང་ངུ་ཡིད་བཟངས་ལྟེ་བར་བཞུགས། །ཨུ་སྟེ་མཆོག་དགའི་དགའ་བ་ཉིད། །ཙཽ་རཱི་ལ་ཡང་བདག་ཕྱག་འཚལ། །བུ་མོའི་འཕོ་བ་ཚེས་དྲུག་ལ། །རུས་སྦལ་སྐྱེས་དང་འཚེད་མ་ནི། །སྙིང་གར་ཨཱུ་སྟེ་མཆོག་དགའི་མཆོག །གཽ་རཱི་ལ་ནི་གུས་པར་འདུད། །ཚེས་བདུན་སྲང་གི་འཕོ་བ་སྟེ། །སྒོམ་མ་གྲུབ་མ་ནུ་མ་གཉིས། །མཆོག་དགའི་དགའ་བྲལ་ཡི་གེ་རྀ། །གཡུང་མོ་ལ་ཡང་བདག་ཕྱག་འཚལ། །སྡིག་པའི་འཕོ་བ་ཚེས་བརྒྱད་ལ། །དབང་མ་སྡུག་གུ་ལྐོག་མར་གནས། །མཆོག་དགའི་ལྷན་སྐྱེས་ཡི་གེ་རཱྀ། །ཙཎྜཱ་ལཱི་ལ་བདག་ཕྱག་འཚལ། །གཞུ་ཡི་འཕོ་བ་ཚེས་དགུ་སྟེ། །སྐྱོན་མ་སྦྱོར་བྲལ་ལག་མཐིལ་གཉིས། །དགའ་བྲལ་དགའ་བའི་ཡི་གེ་ལྀ། །ཤ་ཝ་རཱི་ལ་བདག་ཕྱག་འཚལ། །ཚེས་བཅུ་ཆུ་སྲིན་འཕོ་བ་ལ། །མཇུག་མ་རྒྱུ་སྦྱིན་མཆུ་གཉིས་ལ། །དགའ་བྲལ་མཆོག་དགའ་ལཱྀ་ཡི་དབྱིབས། །པུཀྐ་སཱི་ལ་བདག་ཕྱག་འཚལ། །བུམ་པའི་འཕོ་བ་བཅུ་གཅིག་ལ། །མ་མོ་སྤྱི་མ་མཁུར་ཚོས་གཉིས། །དགའ་བྲལ་དགའ་བྲལ་ཡི་གེ་ཨེ། །རྡོ་རྗེ་མཁའ་འགྲོ་མ་དཔལ་འདུད། །བཅུ་གཉིས་ཉ་ཡི་འཕོ་བ་སྟེ། །མཚན་མོ་ཤིན་ཏུ་གཟུགས་ཅན་ཨཻ། །མིག་གཉིས་དགའ་བྲལ་ལྷན་སྐྱེས་ཏེ། །ཆུ་ཡི་རྣལ་འབྱོར་མ་དཔལ་འདུད། །ཟླ་བ་གཟས་ཟིན་བཅུ་གསུམ་པ། །བསིལ་སྦྱིན་རངས་མ་རྣ་བ་གཉིས། །ལྷན་སྐྱེས་དགའ་བའི་ཡི་གེ་ཨོ། །ནང་གི་དཀར་མོར་བདག་ཕྱག་འཚལ། །ཉི་མ་གཟས་ཟིན་བཅུ་བཞི་པ། །ཚ་བ་མོ་དང་གཞོལ་མ་ཨཽ། །ལྷན་སྐྱེས་མཆོག་དགའ་ཀླད་པ་གཉིས། །རྡོ་རྗེ་མ་དཔལ་བདག་ཕྱག་འཚལ། །ཐིག་ལེ་འགོག་པ་བཅོ་ལྔ་ཡི། །ཉིན་པར་རོ་མ་རྐྱང་མ་སྟེ། །སྤྱི་གཙུག་རྣ་བ་གཡས་གཡོན་ལ། །ལྷན་སྐྱེས་དགའ་བྲལ་ཡི་གེ་ཨཾ། །མཚན་མོ་ནམ་མཁའ་འགོག་པ་སྟེ། །ལྷན་སྐྱེས་ལྷན་སྐྱེས་སྤྱི་གཙུག་ནའོ། །དཀར་པོའི་མཚན་མོ་ཀུན་འདར་ཨཿ །རྩ་གསུམ་བདག་མེད་མ་དཔལ་འདུད། །སྤྱི་གཙུག་ཨཿསྟེ་ཀུན་འདར་ཆ། །ཚེག་དྲག་ཅན་གཉིས་ཧཱུྃ་གི་དངོས། །ནག་པོའི་མཚན་མོ་བདུད་འདྲལ་ཁྱབ། །ཧེ་རུ་ཀ་དཔལ་བདག་ཕྱག་འཚལ། །འཕོ་བ་གཉིས་དང་རྩ་བཞི་དང༌། །ཚེས་དང་ལྷན་སྐྱེས་ཡི་གེ་གཅིག །གནས་གཅིག་ན་ནི་གཉིས་མེད་བཞུགས། །ཤེས་རབ་ཐབས་ལ་བདག་ཕྱག་འཚལ། །གཡས་གཡོན་གཟུང་འཛིན་རྩ་སྟེ་ཀུན་འདར་མས། །སྔོན་དུ་ཨཿབླངས་ཅུང་ཟད་རགས་པས་ན། །སུམ་ཅུ་གཅིག་ལྷག་ཐབས་རྣམས་ཤེས་རབ་ཀྱིས། །སྦྱངས་པས་སྦྱོང་བྱེད་བཅུ་དྲུག་པ་སྤངས་སོ། །གལ་ཏེ་སྦྱང་གཞི་ལྷག་མ་གནས་ཤེ་ན། །ལྷན་སྐྱེས་ལྷན་སྐྱེས་ཨཿསྟེ་བདུད་འདྲལ་མ། །སྟོང་ལ་སྟོང་བཞག་སྦྱོང་ཞེས་དོན་མེད་དེ། །ཤེས་རབ་ཐབས་དག་ཧེ་རུ་ཀ་ཡི་དངོས། །དེས་ན་རྡོ་རྗེ་ཐེག་པའི་ཟབ་དོན་ཀུན། །ཐབས་དང་ཤེས་རབ་གཉིས་སུ་མེད་པ་ལ། །ཁོ་བོའི་སེམས་ནི་མཆོག་ཏུ་དད་པ་ཡིས། །རྡོ་རྗེ་ཐེག་ལ་གུས་པས་ཕྱག་འཚལ་ལོ། །རྒྱས་པར་རབ་ཏུ་བསྟོད་པ་ནི། །ལན་གཉིས་བརྗོད་པས་སེམས་སྤྲོ་ནས། །སླར་ཡང་བསྡུས་ཏེ་བསྟོད་པ་ནི། །འདི་ཡང་བརྗོད་པར་འདོད་པར་འགྱུར། །ཕུང་པོ་ཁམས་དང་སྐྱེ་མཆེད་སྦྱོང་བ་སྨིན་བྱེད་དང་བཅས་བསྐྱེད་པའི་ཕྱོགས་ལ་ལྷ་མོ་བཅོ་ལྔའི་དངོས། །གཙོ་བོ་སུམ་ཅུ་གཉིས་དང་སྦས་པ་ལྔ་ནི་བྱང་ཆུབ་ཕྱོགས་ཡིན་ཕྲ་མོ་རྣམས་དང་རྩ་ཡིག་བཅས། །རྩ་བའི་ཁམས་ལྔ་འཕེལ་བས་དཔག་མེད་རླུང་དང་བཅས་པ་ཟབ་མོ་གསུམ་སྟེ་ཀུན་ཀྱང་བཅོ་ལྔའི་དངོས། །འཕོ་བ་ཨཱ་ལི་དགའ་བ་སྟོང་ཉིད་ས་མཆོག་རྣམས་ཀྱང་ལྷ་མོ་ཉིད་དེ་གཉིས་མེད་ལ་ཕྱག་འཚལ། །བསྟོད་པས་མགྲིན་པ་བརྒྱན་པ་ནི། །འདོད་པས་ཡུན་རིང་རབ་གདུངས་པ། །རིན་ཆེན་ཕྲེང་བ་དྲི་མ་མེད། །བརྒྱུས་པ་འདིས་ཡིད་ཕྲོགས་ཤིག་གོ །ཐབས་དང་ཤེས་རབ་ཟུང་འཇུག་ལ། །མཆོག་ཏུ་དད་པས་བསྟོད་པ་ལས། །བྱུང་བ་གྲགས་པའི་དགེ་བ་ཡིས། །འགྲོ་ཀུན་ཐར་པའི་རྒྱལ་མཚན་ཤོག །ལྷ་མོ་བཅོ་ལྔར་བསྟོད་པའི་གཞུང༌། །དྲི་མ་མེད་པ་ཞེས་བྱ་བ། །དགེ་བསྙེན་གྲགས་པ་རྒྱལ་མཚན་གྱིས། །དཔལ་ལྡན་ས་སྐྱར་འབད་དེ་བྲིས། །དཀྱིལ་འཁོར་གྱི་གཙོ་བོ་དང་བཅས་པའི་ལྷ་མོ་བཅོ་ལྔ་ལ་བསྟོད་པ་རྒྱུད་གསུམ་ལ་འཇུག་པ་རིན་པོ་ཆེའི་ཕྲེང་བ་དྲི་མ་མེད་པ་ཞེས་བྱ་བ་ཤཱཀྱའི་དགེ་བསྙེན་ཐེག་པ་མཆོག་གི་རྣལ་འབྱོར་པ་གྲགས་པ་རྒྱལ་མཚན་གྱིས་ཉེ་བར་སྦྱར་བ་འདི་ཡོངས་སུ་རྫོགས་སོ།།  །།ཉེས་པ་རྣམས་བླ་མའི་ཚོགས་ལ་བཟོད་པར་གསོལ་ཞིང༌། དེ་ལས་བྱུང་བའི་དགེ་བ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ་རྡོ་རྗེ་འཆང་གི་ས་ཐོབ་པར་གྱུར་ཅིག དེ་མ་ཐོབ་ཀྱི་བར་དུ་ཤེས་རབ་ཕུན་སུམ་ཚོགས་པ་དང་ལྡན་ཞིང་ལམ་གྱི་བར་དུ་གཅོད་པ་ཐམས་ཅད་ཞི་བར་གྱུར་ཅིག འདི་ལ་ཚེག་བར་དགུ་པ་ཉེར་བདུན། བདུན་པ་ཉེར་གཉིས། ཉེར་གཅིག་པ་གཅིག་བསྡོམས་པས་ལྔ་བཅུའོ།།  །། ༄༅། །བདག་མེད་བསྟོད་པའི་བསྡུས་དོན་བཞུགས།། ༄༅། །འདི་ལ་དོན་གསུམ་སྟེ། ཀླད་ཀྱི་དོན་དང༌། གཞུང་དང༌། མཇུག་གོ །དང་པོ་ལ་གཉིས་ཏེ། མཆོད་པར་བརྗོད་པ་དང༌། བཤད་པར་དམ་བཅའ་བའོ། །བར་པ་ལ་གཉིས་ཏེ། རྒྱས་པར་བསྟོད་པ་དང༌། བསྡུས་ཏེ་བསྟོད་པའོ། །དང་པོ་ལ་གཉིས་ཏེ། ས་དང་ལྷའི་རིམ་པ་བཞིན་བསྟོད་པ་དང༌། བྱང་ཆུབ་ཀྱི་སེམས་འཕོ་བའི་སྒོ་ནས་བསྟོད་པའོ། །སྤྱི་དོན་བཞི་པ་བྱང་ཆུབ་ཀྱི་སེམས་འཕོ་བའི་སྒོ་ནས་བསྟོད་པ་ལ་བཞི་སྟེ། རྩོམ་པའི་རྒྱུ་དང༌། བཤད་པར་དམ་བཅའ་བ་དང༌། དོན་དངོས་དང༌། དག་བྱེད་ལྷ་མོ་བཅུ་དྲུག་པ་མ་བཤད་པའི་འཐད་པའོ། །འཐད་པ་དེ་ལ་གཉིས་ཏེ། དངོས་དང༌། རྩོད་པ་སྤང་བའོ། །བསྡུས་ཏེ་བསྟོད་པ་ལ་གཉིས་ཏེ། རྩོམ་པའི་རྒྱུ་དང༌། དོན་དངོས་སོ། །མཇུག་ལ་གཉིས་ཏེ། བསྟན་བཅོས་མཐར་ཕྱིན་པས་རྩོམ་པ་པོའི་ཐུགས་ཚིམ་པ་དང༌། བརྩམས་པའི་དགེ་བ་གཞན་དོན་དུ་བསྔོ་བའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*