དཔལ་ཧེ་རུ་ཀའི་བྱུང་ཚུལ།

༼ཇ༽

༄༅། །དཔལ་ཧེ་རུ་ཀའི་བྱུང་ཚུལ་བཞུགས།།

༄༅། །དཔལ་ལྡན་ཁྲག་འཐུང་མགོན་པོ་ལ་ཕྱག་འཚལ་ལོ། །དཔལ་ཧེ་རུ་ཀའི་བྱུང་ཚུལ་ལམ་ལོ་རྒྱུས་རྣམ་པར་གཞག་པ་ལ་གསུམ་སྟེ། སྟོན་པ་ཐམས་ཅད་མཁྱེན་པའི་སྐུ་ཆེ་བའི་ཡོན་ཏན་དང༌། བྱེ་བྲག་ཏུ་དཔལ་ཧེ་རུ་ཀའི་རྣམ་འཕྲུལ་ཇི་ལྟར་བྱུང་བ་དང༌། དེས་རྒྱུད་ཀྱི་རྒྱལ་པོ་ཇི་ལྟར་གསུངས་པའི་ཚུལ་ལོ། །དང་པོ་ནི། མདོ་སྡེ་བསྐལ་བ་བཟང་པོ་ལས། དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང༌། །བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་ནས། །བར་དུ་གཅོད་པའི་བདུད་བཞི་འཇོམས་མཛད་པའི། །བཅོམ་ལྡན་སེང་གེ་དེ་ལ་ཕྱག་འཚལ་ལོ། །ཞེས་པའི་འོ་སྐོལ་གྱི་སྟོན་པ་ཤཱཀྱ་ཐུབ་པ་འདིས་ཀྱང༌། དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་རིན་པོ་ཆེ་གཉིས་བསྐྱེད། བར་དུ་བསྐལ་པ་གྲངས་མེད་པ་གསུམ་དུའང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མཐར་ཕྱུང༌། མཐར་ངེས་པའི་དོན་གྱི་འོག་མིན་དུ་མངོན་པར་བྱང་ཆུབ་སྟེ། ས་བཅུ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་མཛད། དྲང་དོན་དུ་གནས་དུ་མར་སྟོན་པ་དུ་མར་སྤྲུལ་ནས་ཆོས་ཀྱི་འཁོར་ལོ་དུ་མ་བསྐོར་བའི་བདག་ཉིད་ཅན་ཡིན་ནོ། །བྱེ་བྲག་ཏུ་དཔལ་ཧེ་རུ་ཀའི་རྣམ་འཕྲུལ་ཇི་ལྟར་བྱུང་བ་ལ་གཉིས་ཏེ། གདུལ་བྱ་དབང་ཕྱུག་ཆེན་པོའི་རྣམ་འཕྲུལ་དང༌། འདུལ་བྱེད་ཧེ་རུ་ཀའི་རྣམ་འཕྲུལ་ལོ། །དང་པོ་ནི། བསྐལ་པ་རྫོགས་ལྡན་དང༌། གསུམ་ལྡན་དང༌། གཉིས་ལྡན་གྱི་རྗེས་ལ་རྩོད་ལྡན་གྱི་མགོ་རྩོམ་པའི་ཚེ། སྐྱེ་དགུ་རྣམས་ཕན་ཚུན་ཞེ་སྡང་བས་རྩོད་པ་དང་ལྡན་པར་གྱུར་ཏེ། གཅིག་གིས་གཅིག་བསད་པའི་རོ་ཕྱོགས་མཚམས་སུ་བསྐྱལ་བས་དུར་ཁྲོད་བརྒྱད་དུ་ཆགས་སོ། །དེར་རོ་ལས་ཁྲག་བྱུང༌། དེའི་རླངས་པ་ནམ་མཁའ་ལ་སོང་བས་སྤྲིན་བརྒྱད་བྱུང༌། དེ་ལས་ཆར་འབབ་པས་ཆུ་བརྒྱད་བྱུང༌། ཆུའི་རླངས་ལས་ཤིང་བརྒྱད་སྐྱེས། ཤིང་བརྒྱད་ལ་ཕྱོགས་སྐྱོང་བརྒྱད་ཆགས། ཆུ་བརྒྱད་ལ་ཀླུ་བརྒྱད་ཆགས། སྐབས་དེར་རི་རབ་དང༌། འཛམ་བུའི་གླིང་དུ་གདུལ་བྱ་དབང་ཕྱུག་ཆེན་པོའི་རྣམ་འཕྲུལ་བྱུང་སྟེ། དེའང་འཛམ་བུའི་གླིང་གི་ཕྱོགས་མཚམས་ན་རང་བཞིན་གྱིས་གྲུབ་པའི་གནས་ཉི་ཤུ་རྩ་བཞི་ཡོད་པ་ལས། དིང་དེར་དབང་ཕྱུག་གིས་སྤྲུལ་པའི་འཇིགས་བྱེད་ཉི་ཤུ་རྩ་བཞི་ཆུང་མ་དང་བཅས་པ་བྱུང་སྟེ། དེའང་ནམ་མཁའ་ལ་ལྷའི་གཙོ་བོ་བཞི་ཆུང་མ་དང་བཅས་པས་ཤར་ཕྱོགས་པུལླཱི་ར་མཱ་ལ་ཡ། བྱང་ཛཱ་ལནྡྷ་ར། ནུབ་ཨཽ་ཌྱན། ལྷོ་ཨརྦུ་དར་དང་བཞི་བཟུང་ངོ༌། །དེ་བཞི་ལ་ལྷའི་སྐད་དུ་གནས་ཞེས་བྱའོ། །ཡང་ལྷའི་གཡོག་པོ་བཞི་ཆུང་མ་དང་བཅས་པ་འོངས་ཏེ། ཤར་ལྷོ་གོ་དཱ་ཝ་རཱི། ལྷོ་ནུབ་ར་མེ་ཤྭ་རི། ནུབ་བྱང་དེ་ཝཱི་ཀོ་ཊི། བྱང་ཤར་མཱ་ལ་ཝ་ཏེ། མཚམས་བཞི་བཟུང་ངོ༌། །དེ་བཞི་ལ་དྲི་ཟའི་སྐད་དུ་ཉེ་བའི་གནས་ཞེས་བྱའོ། །དེ་རྣམས་ནི་དབང་ཕྱུག་ཆེན་པོའི་ཐུགས་ལས་སྤྲུལ་པ་སྟེ། ནམ་མཁའ་ལས་འཛམ་བུའི་གླིང་དུ་སྤྱོད་པས་མཁའ་སྤྱོད་ཀྱི་འཇིགས་བྱེད་བརྒྱད་ཅེས་བྱའོ། །ཡང་ཤར་ཕྱོགས་ཀཱ་མ་རཱུ་པ་དང༌། བྱང་ཕྱོགས་ཨོ་ཌེ་གཉིས་སུ་བྱང་ཕྱོགས་ནས་གནོད་སྦྱིན་གྱི་གཙོ་བོ་གཉིས་ཆུང་མ་དང་བཅས་པ་འོངས་ཏེ་བཟུང་ངོ༌། །དེ་གཉིས་ལ་གནོད་སྦྱིན་གྱི་སྐད་དུ་ཞིང་ཞེས་བྱའོ། །ནུབ་ཏྲི་ཤ་ཀུ་ནེ་དང༌། ལྷོ་ཀོ་ས་ལ་གཉིས། གནོད་སྦྱིན་གྱི་གཡོག་པོ་གཉིས་ཆུང་མ་དང་བཅས་པས་བཟུང་ངོ༌། །དེ་གཉིས་ལ་ཡང་གནོད་སྦྱིན་གྱི་སྐད་དུ་ཉེ་བའི་ཞིང་ཞེས་བྱའོ། །ཤར་ལྷོ་ཀ་ལིངྐ་དང༌། ལྷོ་ནུབ་ལམྦཱ་ཀ་གཉིས་སྲིན་པོའི་གཙོ་བོ་གཉིས་ཆུང་མ་དང་བཅས་པས་བཟུང་ངོ༌། །དེ་ལ་སྲིན་པོའི་སྐད་དུ་ཙྪནྡོ་ཞེས་བྱའོ། །ནུབ་བྱང་ཀཱཉྩི་དང༌། བྱང་ཤར་ཧི་མ་ལ་གཉིས་སྲིན་པོའི་འཁོར་གཉིས་ཆུང་མ་དང་བཅས་པས་བཟུང་ངོ༌། །དེ་ལ་སྲིན་པོའི་སྐད་དུ་ཉེ་བའི་ཙྪནྡོ་ཞེས་བྱའོ། །དེ་རྣམས་དབང་ཕྱུག་གིས་གསུང་ལས་སྤྲུལ་པ་སྟེ། ས་སྟེང་ན་སྤྱོད་པས་ས་སྤྱོད་ཀྱི་འཇིགས་བྱེད་བརྒྱད་ཅེས་བྱའོ། །ཡང་ཤར་ཕྱོགས་པྲེ་ཏ་པུ་རི་དང༌། བྱང་གྲྀ་ཧ་དེ་བ་གཉིས་སུ་རྒྱ་མཚོའི་ནང་ནས་ཀླུའི་གཙོ་བོ་གཉིས་ཆུང་མ་དང་བཅས་པ་འོངས་ནས་བཟུང་ངོ༌། །དེ་གཉིས་ལ་ཀླུའི་སྐད་དུ་འདུ་བ་ཞེས་བྱའོ། །ནུབ་སཽ་རཱཥྚ་དང༌། ལྷོ་སུ་ཝརྞ་ཎ་དྭཱི་པ་གཉིས་ཀླུའི་གཡོགས་པོ་གཉིས་ཆུང་མ་དང་བཅས་པས་བཟུང་ངོ༌། །དེ་ལ་ཡང་ཀླུའི་སྐད་དུ་ཉེ་བའི་འདུ་བ་ཞེས་བྱའོ། །ཤར་ལྷོ་ན་ག་ར་དང༌། ལྷོ་ནུབ་སིནྡྷུ་གཉིས་སུ་རི་རབ་ཀྱི་འོག་ནས་ལྷ་མ་ཡིན་གྱི་གཙོ་བོ་གཉིས་ཆུང་མ་དང་བཅས་པ་འོངས་ནས་བཟུང་ངོ༌། །དེ་གཉིས་ལ་ལྷ་མ་ཡིན་གྱི་སྐད་དུ་དུར་ཁྲོད་ཅེས་བྱའོ། །ནུབ་བྱང་མ་རོ་དང༌། བྱང་ཤར་དུ་ཀུ་ལུ་ཏཱ་གཉིས་ལྷ་མ་ཡིན་གྱི་གཡོག་པོ་གཉིས་ཆུང་མ་དང་བཅས་པས་བཟུང་ངོ༌། །དེ་གཉིས་ལ་ལྷ་མ་ཡིན་གྱི་སྐད་དུ་ཉེ་བའི་དུར་ཁྲོད་ཅེས་བྱའོ། །དེ་རྣམས་ནི་དབང་ཕྱུག་གི་སྐུ་ལས་སྤྲུལ་པ་སྟེ། ས་འོག་ནས་འཛམ་བུའི་གླིང་དུ་སྤྱོད་པས་ས་འོག་ན་སྤྱོད་པའི་འཇིགས་བྱེད་བརྒྱད་ཅེས་བྱའོ། །དེ་ལྟར་དེ་རྣམས་འཛམ་བུའི་གླིང་ན་མཐུ་ཆེ་ཞིང་རྩལ་དྲག་པར་གྱུར་ནས་ཕན་ཚུན་གླེང་བ་ནི་འོ་སྐོལ་རྣམས་ལ་དཔོན་ཅིག་དགོས་ཞེས་སོ། །དེའི་ཚེ་རི་རབ་ཀྱི་སྟེང་དུ་ལྷ་དབང་ཕྱུག་ཆེན་པོ་སྐུ་མདོག་ནག་པོ་ཞལ་བཞི་ཕྱག་བཅུ་གཉིས་པ་གཅེར་བུ་རལ་པའི་ཅོད་པན་ཅན། ཐལ་བས་བྱུགས་པ། ཡུམ་ལྷ་མོ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མས་འཁྱུད་པ། ཐུན་མཚམས་ཀྱི་ཡུམ་བཞི་མ་མོ་བརྒྱད་དང་བཅས་པ་སྤྲུལ་ལོ། །ཡུམ་བཞི་ནི་སྒྲ་གཅན་སྔོན་མོ་མདུན་དུ། ཉེ་བའི་སྒྲ་གཅན་ལྗང་གུ་གཡོན་དུ། མུན་པ་དམར་པོ་རྒྱབ་ཏུ། ཉེ་བའི་མུན་པ་སེར་པོ་གཡས་སོ། །མིའམ་ཅིའི་མ་མོ་བརྒྱད་ནི་ཕྲིན་ལས་ཀྱི་སྤྲུལ་པ་སྟེ། ཤར་དུ་ཁྭའི་གདོང་ཅན་སྔོན་མོ། བྱང་དུ་འུག་གདོང་མ་ལྗང་གུ། ནུབ་ཏུ་ཁྱི་གདོང་མ་དམར་མོ། ལྷོར་ཕག་གདོང་མ་སེར་མོ། མཚམས་བཞིར་མིའི་གདོང་ཅན་ཕྱེད་གཟུངས་མ་བཞིའོ། །དེའང་ཡུམ་བཞི་ནི་དབང་ཕྱུག་གི་ཡོན་ཏན་གྱི་ཆ་ལས་སྤྲུལ་པ་སེར་སྣ་ཤས་ཆེ་བས་སེར་པོ། ཐུགས་ཀྱི་འཇིགས་བྱེད་བརྒྱད་ཞེ་སྡང་ཤས་ཆེ་བས་སྔོན་པོ། གསུང་གི་བརྒྱད་འདོད་ཆགས་ཤས་ཆེ་བས་དམར་པོ། སྐུའི་བརྒྱད་གཏི་མུག་ཤས་ཆེ་བས་དཀར་པོ། མ་མོ་བརྒྱད་ནི་ཕྲག་དོག་ཤས་ཆེ་བས་ཁ་དོག་སྣ་ཚོགས་སོ། །དེ་ནས་དབང་ཕྱུག་ཆེན་པོས་འཇིགས་བྱེད་རྣམས་ལ་མཆོད་པའི་རྟེན་དུ་རྡོའི་རང་བྱུང་གི་ཚུལ་དུ་ལིངྒ་ཉི་ཤུ་རྩ་བཞི་བྱིན་ཏེ། དེ་ཡང་པུལླཱི་ར་མཱ་ལ་ཡར་མགོ་བོ་ལྟ་བུའི་ལིངྒ་ནས་ཀུ་ལུ་ཏཱར་པུས་མོ་ལྟ་བུའི་ལིངྒ་ཡན་ཆད་བྱིན་ཏེ། ད་ལྟ་ཡང་གནས་ཉི་ཤུ་རྩ་བཞི་ན་རྡོའི་རང་བྱུང་གི་ལིངྒ་ཉི་ཤུ་རྩ་བཞི་ཡོད་དོ། །དེ་རྣམས་ལ་ཁོང་ཚོ་དུས་གསུམ་དུ་མཆོད་དོ། །དེའི་དུས་སུ་དབང་ཕྱུག་ཆེན་པོ་གཙོ་འཁོར་རྣམས་ཀྱིས་འཛམ་བུའི་གླིང་གི་སྐྱེ་དགུ་རྣམས་ལ་མ་རུངས་པར་བྱས་ཏེ། ཟས་སུ་མི་ཤ་ཟོས། སྐོམ་དུ་མི་ཁྲག་འཐུང༌། མིའི་རུས་པ་ལས་རྒྱན་བྱས་ཏེ། རུས་པའི་འཁོར་ལོ་དང༌། རྣ་རྒྱན་དང༌། མགུལ་རྒྱན་དང༌། གདུ་བུ་དང༌། སྐ་རགས་དང༌། རུས་པའི་ཐལ་རྒྱའོ། །གཞན་ཡང་མིའི་སྐྲ་ལས་ཚངས་སྐུད་དང༌། མགོ་བོ་ལས་དོ་ཤལ་བྱས་སོ། །གཉིས་པ་འདུལ་བྱེད་ཧེ་རུ་ཀའི་ལོ་རྒྱུས་ནི། དེ་རྣམས་གང་གིས་ཀྱང་ཐུལ་བར་མ་གྱུར་པ་ལ་སྔར་འོག་མིན་དུ་སངས་རྒྱས་པའི་རྒྱུའི་རྡོ་རྗེ་འཆང་ལོངས་སྤྱོད་རྫོགས་པའི་སྐུ་དེ་ལ་འབྲས་བུའི་རྡོ་རྗེ་འཆང་སྤྲུལ་པའི་སྐུ་གཙོ་འཁོར་དྲུག་ཅུ་རྩ་གཉིས་སྤྲུལ་ནས་བཏུལ་ལོ། །དེའང་ལྷ་ཆེན་པོ་ཡབ་ཡུམ་གྱི་གཉེན་པོར་དཔལ་ཧེ་རུ་ཀ་ཡབ་ཡུམ་སྤྲུལ། ཡུམ་བཞིའི་གཉེན་པོར་བདེ་ཆེན་གྱི་ལྷ་མོ་བཞི། འཇིགས་བྱེད་ཉི་ཤུ་རྩ་བཞི་ཆུང་མ་དང་བཅས་པའི་གཉེན་པོར་སྐུ་གསུང་ཐུགས་ཀྱི་དཔའ་བོ་དང་དཔའ་མོ་ཞལ་སྦྱོར་ཉི་ཤུ་རྩ་བཞི། མ་མོ་བརྒྱད་ཀྱི་གཉེན་པོར་དམ་ཚིག་གི་ལྷ་མོ་བརྒྱད་སྤྲུལ་ཏེ། དེ་རྣམས་ཀྱི་སྐུ་མདོག་དང་ཞལ་ཕྱག་གདུལ་བྱ་དྲུག་ཅུ་རྩ་གཉིས་དང་རྗེས་སུ་མཐུན་པའོ། །དེ་ལྟར་སྤྲུལ་ནས་ཇི་ལྟར་འདུལ་ཞེ་ན། ལོངས་སྤྱད་པ་དང༌། ཐིམ་པ་དང༌། དབང་དུ་བྱས་པ་གསུམ་གྱིས་བཏུལ་བའོ། །དང་པོ་ནི་ཁ་ཟས་དང་རྒྱན་ཆ་གཉིས་ལ་ལོངས་སྤྱོད་དེ། ཁོང་རྣམས་ཀྱི་ཁ་ཟས་ཤ་དྲོན་ཁྲག་དྲོན་དུ་བཅས་པ་དེ་རྣམས་ཚོགས་ཀྱི་འཁོར་ལོར་ལོངས་སྤྱད་པས་དཔལ་ཁྲག་འཐུང་གི་ལྷ་ཚོགས་ཞེས་བྱའོ། །གཞན་ཡང་རྒྱན་ཆ་ཕྲོག་ནས་ཧེ་རུ་ཀ་གཙོ་འཁོར་གྱི་རྒྱན་ཆ་བྱས་པས་ཕྱག་རྒྱ་དྲུག་དང་མི་མགོའི་དོ་ཤལ་དང༌། སྟག་ལྤགས་ཀྱི་ཤམ་ཐབས་ལ་སོགས་པའི་རྒྱུ་མཚན་ཡང་དེ་ཡིན་ནོ། །གཉིས་པ་ཐིམ་པ་ནི། ལྷ་ཆེན་གཙོ་འཁོར་རྣམས་ཚར་བཅད་དེ་རྣམ་པར་ཤེས་པ་འོད་གསལ་དུ་བསྟིམ་ནས། མ་འོངས་པའི་དུས་སུ་དེ་བཞིན་གཤེགས་པ་ཐལ་བའི་དབང་པོ་ཞེས་བྱ་བར་སངས་རྒྱས་པར་ལུང་བསྟན་ནོ། །གསུམ་པ་དབང་དུ་བྱས་པ་ནི། འཇིགས་བྱེད་ཚོགས་ཀྱི་ལྷ་དྲུག་ཅུ་རྩ་གཉིས་བཅོམ་པའི་བརྡར་ལྷ་ཆེན་པོ་འཁོར་དང་བཅས་པའི་ལུས་གདན་དུ་བྱས་པ་སྟེ། ཐམས་ཅད་ཀྱང་ཡི་དྭགས་ཀྱི་གདན་ལ་བཞུགས་པ་ཞེས་སོ། །དེའང་དཔལ་ཧེ་རུ་ཀ་ཡབ་ཡུམ་གྱི་འཇིགས་བྱེད་དང་དུས་མཚན་གདན་དུ་བྱས། བདེ་ཆེན་གྱི་ལྷ་མོ་བཞིས་སྒྲ་གཅན་ལ་སོགས་པའི་ཡུམ་བཞི། སྐུ་གསུང་ཐུགས་ཀྱི་ལྷའི་འཁོར་ལོས་འཇིགས་བྱེད་ཉི་ཤུ་རྩ་བཞི་ཆུང་མ་དང་བཅས་པ། དམ་ཚིག་གི་ལྷ་མོ་བརྒྱད་ཀྱིས་མིའམ་ཅིའི་མ་མོ་བརྒྱད་གདན་དུ་བྱས་པས་སོ། །དེ་ལྟར་ན་གདུལ་བྱ་འདུལ་བྱེད་ཀྱི་རྣམ་པར་འཕྲུལ་བ་དེ་ཐམས་ཅད་དྲང་བའི་དོན་ཡིན་གྱི་ངེས་པའི་དོན་ཐ་མི་དད་དོ། །དེ་ལྟར་ཡང་འདུས་པ་ལས། སྐུ་ཡི་རྡོ་རྗེ་ཚངས་པར་གྱུར། །གསུང་གི་སྟོན་པ་དབང་ཕྱུག་ཆེ། །ཐུགས་ཀྱི་སྟོན་པ་ཁྱབ་འཇུག་ཡིན། །ཞེས་པས་འཇིགས་བྱེད་འཁོར་དང་བཅས་པ་ནི་དབང་ཕྱུག་གི་སྤྲུལ་པ་ཡིན་ལ། དབང་ཕྱུག་ནི་རྡོ་རྗེ་འཆང་གི་སྤྲུལ་པའོ། །དེ་རྣམས་འདུལ་བར་བྱེད་པའི་ལྷ་རྣམས་ནི་དཔལ་ཧེ་རུ་ཀའི་སྤྲུལ་པ་ཡིན་ལ། དཔལ་ཧེ་རུ་ཀ་ནི་རྡོ་རྗེ་འཆང་གི་རྣམ་འཕྲུལ་ལོ། །དེ་ཐམས་ཅད་ཀྱང་ངེས་པའི་དོན་དུ་རྡོ་རྗེ་འཆང་ཆེན་པོའི་རང་བཞིན་ཡིན་ནོ།།  །།གསུམ་པ་རྒྱུད་ཀྱི་རྒྱལ་པོ་ཇི་ལྟར་གསུངས་པ་ལ་གཉིས། རྒྱུད་ཇི་ལྟར་གསུངས་པ་དང༌། རྒྱུད་ཀྱི་དགོངས་པ་ཇི་ལྟར་བཀྲལ་བའོ། །དང་པོ་ནི་སྟོན་པ་དེས་རི་རབ་ཀྱི་རྩེར་རིགས་ལྔའམ་དཔའ་བོ་དང་དཔའ་མོ་རྣམས་ལ་དང་པོ་ལེའུ་འབུམ་པ་གསུངས་ཏེ། རྩོད་དུས་སུ་ཉན་བཤད་མ་ནུས་པས་དེ་ལས་བསྡུས་པ་ཤློ་ཀ་འབུམ་པ་གསུངས། དེ་ཡང་རྩོད་དུས་སུ་མི་འགྲུབ་པས་ཡེ་གེ་འབུམ་པ་ལེའུ་ལྔ་བཅུ་རྩ་གཅིག་པ་འདི་གསུངས་སོ། །དེ་ཡང་ཀུན་སྤྱོད་ལས། ཕྱི་མ་ལས་ཀྱང་ཕྱི་མ་སྟེ། །མཁའ་འགྲོ་མ་ཡི་དྲྭ་བ་སྡོམ། །ཞེས་གསུངས་སོ། །བཤད་པའི་རྒྱུད་ནི་སུམ་ཅུ་རྩ་གཉིས། ཡན་ལག་གི་རྒྱུད་གྲངས་ལས་འདས་པ་གསུངས་སོ། །དེ་རྣམས་ཕྱག་ན་རྡོ་རྗེས་གཞུང་ཚིག་དང་ཡི་གེར་བཏུས་སོ། །གཉིས་པ་རྒྱུད་ཀྱི་དོན་ཇི་ལྟར་བཀྲལ་བ་ནི། ཕྱག་ན་རྡོ་རྗེའི་འགྲེལ་པ་དང༌། ལྭ་བ་པ་དང༌། ཀཾ་པ་ལ་དང༌། ལྭ་བའི་ན་བཟའ་ཅན་ལ་སོགས་པ་རྒྱ་ཆེར་བཀྲལ་ལོ། །མངོན་པར་རྟོགས་པའི་དབང་དུ་བྱས་ན་སྐོར་བཞི་ཞེས་གྲགས་ཏེ། ལཱུ་ཧི་པའི་སྐོར། དྲིལ་བུ་པའི་སྐོར། ནག་པོ་པའི་སྐོར། རི་ཁྲོད་པའི་སྐོར་རོ། །ལཱུ་ཧི་པས་རྒྱུད་ཀུན་སྤྱོད་དང༌། རྒྱུད་བླ་མ་ལ་བརྟེན་ནས་རིམ་པ་གཉིས་སྤྱོད་པ་དང་བཅས་པའི་སྒྲུབ་ཐབས་མཛད། རྡོ་རྗེ་དྲིལ་བུ་པས་ཀྱང༌། གོང་མ་གསུམ་ལ་བརྟེན་ནས་ངེས་པ་དོན་གྱི་སྨིན་གྲོལ་གཉིས་གཏན་ལ་འབེབས་པའི་གཞུང་གསུམ་མཛད། ནག་པོ་པས་རང་གཞུང་དང་མཐུན་པའི་ཆོས་གསུམ། གཞན་ལ་ཡང་བརྟེན་པའི་ཆོས་གསུམ་སྟེ་དྲུག་མཛད། རི་ཁྲོད་པའི་ཞལ་སྔ་ནས་བརྒྱུད་དེ། ཨ་སུ་ཛུ་ག་ཏས་ཞལ་གཉིས་མ་མཛད། རི་ཁྲོད་པའི་སློབ་མ་མེ་ཏྲཱི་བས་དབང་པོ་དང་སྦྱར་ནས་ལྷ་བཅུ་གསུམ་མ། བདུན་མ། ལྷ་ལྔ་མ་ཕྲིན་ལས་ཀྱི་སྒྲུབ་ཐབས། ཚོགས་འཁོར་ཏེ་གཞུང་དྲུག་མཛད་དོ། །དེ་ལྟ་བུའི་བཀའ་བབས་བཞི་ལ་བརྟེན་ནས་དེ་དང་དེའི་རྗེས་སུ་འབྲངས་ནས་རིན་ཆེན་རྡོ་རྗེ་དང༌། གརྦྷ་རི་པ་དང༌། ར་ཀྲི་ཏ་ལ་སོགས་པའི་སྒྲུབ་ཐབས་མང་དུ་བྱུང་ངོ༌། །དཔལ་ཧེ་རུ་ཀའི་བྱུང་ཚུལ་རྣམ་པར་གཞག་པ་བླ་མའི་གསུང་ལས་ཅུང་ཟད་བཏུས་ཏེ་དགེ་བསྙེན་གྲགས་པ་རྒྱལ་མཚན་གྱིས་བཀོད་པའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*