ནག་པོ་པའི་དཀྱིལ་ཆོག་ས་བཅད་འཁྲུགས་མེད།

༼ཇ༽

༄༅། །ནག་པོ་པའི་དཀྱིལ་ཆོག་ས་བཅད་འཁྲུགས་མེད་བཞུགས།།

༄༅། །ཨོཾ་རྗེ་བཙུན་བླ་མ་རྣམས་ལ་ཕྱག་འཚལ་ལོ། །སློབ་དཔོན་སྤྱོད་པ་བས་མཛད་པའི་དཀྱིལ་འཁོར་གྱི་ཆོ་ག་ལ་དོན་གསུམ། ཀླད་དང༌། གཞུང་དང༌། མཇུག་གོ །དང་པོ་ལ་གཉིས། ཕྱག་འཚལ་བ་དང༌། བཤད་པར་དམ་བཅའ་བའོ། །དེ་ལ་བཞི། བརྗོད་བྱའི་དོན་བསྟན་པའི་སྒོ་ནས་བཤད་པར་དམ་བཅའ་བ་དང༌། བསྟན་བཅོས་རྩོམ་པའི་རྒྱུ་ཡོད་པ་ཉིད་དུ་བསྟན་པ་དང༌། ཁེངས་བསྐྱུང་བ་དང༌། ཟློས་སྐྱོན་སྤངས་པའི་སྒོ་ནས་བརྗོད་བྱ་ཁྱད་པར་ཅན་དུ་བསྟན་པའོ། །གཞུང་ལ་གཉིས། དཀྱིལ་འཁོར་བྲི་བ་སྤྱིར་བསྟན་པ་དང༌། གཞུང་དངོས་སོ། །དེ་ལ་བཞི། བསྙེན་པ་དང༌། དཀྱིལ་འཁོར་གྱི་སྤྱོད་པ་དང༌། བརྟུལ་ཞུགས་ཀྱི་རིམ་པ་དང༌། མཇུག་གི་བྱ་བའོ། །དང་པོ་ལ་བཞི། བསྙེན་པ་དངོས་དང༌། དེའི་ལྷའི་རྣལ་འབྱོར་དང༌། བསྙེན་པ་ལ་སོགས་པ་བྱེད་པའི་རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་དང༌། བསྙེན་པར་རྫོགས་ནས་སློབ་མའི་བསམ་པའི་ཕྱིར་དམ་ཚིག་བསྲུང་ནུས་སམ་དྲི་བའོ། །དང་པོ་ལ་ལྔ། སློབ་མའི་མཚན་ཉིད་བརྟག་པ་དང༌། བསྙེན་པ་མ་བྱས་ན་མི་འགྲུབ་པའི་ཕྱིར་བསྙེན་པའི་ཚད་ཕན་ཡོན་དང་བཅས་ཏེ་བསྟན་པ་དང༌། བསྙེན་པ་ལ་ཡོ་བྱད་དགོས་པའི་ཕྱིར་ཡོ་བྱད་འབྱོར་རམ་དྲི་བ་དང༌། ཡོ་བྱད་འབྱོར་པར་ཁས་བླངས་ནས་གནས་བཙལ་བ་དང༌། བསམ་པ་རྣམ་པར་དག་པས་བསྙེན་པ་བྱ་བར་གདམས་པའོ། །དཀྱིལ་འཁོར་གྱི་སྤྱོད་པ་ལ་བདུན། སའི་ཆོ་ག་དང༌། སྟ་གོན་དང༌། ཐིག་གིས་བྲི་བ་དང༌། ཚོན་གྱིས་བྲི་བ་དང༌། བྱིན་གྱིས་བརླབ་པ་དང༌། མཆོད་པ་དང༌། འཇུག་པའོ། །དང་པོ་ལ་བཞི། བསྙེན་པ་རྫོགས་པ་དེས་བྱང་ཆུབ་སེམས་དང་ལྡན་པས་བརྟག་ཅིང་བློས་གཟུང་བ་དང༌། སའི་མཚན་ཉིད་དང༌། ས་བསླང་བ་དང༌། བགེགས་བསྐྲད་པའོ། །གཉིས་པ་ལ་གཉིས། ལས་དང་བྱ་བས་སྐྱོན་སྦྱང་བ་དང༌། ཏིང་ངེ་འཛིན་གྱིས་བགེགས་སྦྱང་ཞིང་སངས་རྒྱས་ཀྱིས་ས་གཟུང་བའོ། །བསླང་བ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །བགེགས་བསྐྲད་པ་ལ་གསུམ། ས་དྲག་པོས་བསླང་བ་དང༌། ས་བྱིན་གྱིས་བརླབ་པ་དང༌། ས་བསྲུང་བའོ། །སྟ་གོན་ལ་གཉིས། སྔོན་དུ་བདག་བསྐྱེད་དང༌། སྟ་གོན་དངོས་སོ། །དེ་ལ་གསུམ། ལྷ་སྟ་གོན་དང༌། སློབ་མ་སྟ་གོན་དང༌། དེའི་རྗེས་ལ་ཕྱི་ནང་གི་དཀྱིལ་འཁོར་མཆོད་པའོ། །དང་པོ་ལ་བཞི། བདག་དང་མདུན་དུ་བསྐྱེད་ཅིང་དགུག་པ་དང༌། མཆོད་པ་དང༌། གསོལ་བ་གདབ་པ་དང༌། དཀྱིལ་འཁོར་བསྡུ་བའོ། །མཆོད་པ་ལ་བཞི། སྔགས་མཆོད་དང༌། ནང་མཆོད་དང༌། ཕྱི་མཆོད་དང༌། འཁྱུད་མཆོད་དོ། །སློབ་མ་སྟ་གོན་ལ་བཞི། སྤྲོ་བ་བསྐྱེད་པ་དང༌། སེམས་བསྐྱེད་བྱ་བ་དང༌། བསྲུང་བ་དང༌། སྐྱོར་ཆུ་བླུད་པའོ། །ཐིག་གིས་བྲི་བ་ལ་བདུན། རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་སྔོན་དུ་འགྲོ་བས་རྒྱན་དང་ལྷའི་རྣལ་འབྱོར་བསྟན་པ་དང༌། ས་ཐིག་གི་རྒྱུ་དང་ཐིག་ཆལ་དང༌། དཀྱིལ་འཁོར་གྱི་ཚད་དང༌། ཡེ་ཤེས་ཀྱི་ཐིག་སྐུད་ཀྱི་རྒྱུ་བྱིན་གྱིས་བརླབ་པ་དང་བཅས་པ་དང༌། ཡེ་ཤེས་ཀྱི་ཐིག་ཇི་ལྟར་གདབ་པའི་ཚུལ་དང༌། ལས་ཐིག་ཇི་ལྟར་གདབ་པའི་ཚུལ་དང༌། ཐིག་གཉིས་རིམ་པ་ཇི་ལྟར་གདབ་པའི་ཚུལ་ལོ། །ཚོན་གྱིས་བྲི་བ་ལ་གཉིས། ཚོན་དགྱེ་བ་དང༌། ལྷ་དགོད་པའོ། །དང་པོ་ལ་བདུན། ཚོན་གྱི་རྒྱུ་དང༌། བྱིན་གྱིས་བརླབ་པ་དང༌། ཚོན་དགྱེ་བའི་རིམ་པ་དང༌། སྒྲུབ་གཡོག་དམ་ཚིག་མ་ཐོབ་པ་ལ་བསླབ་པ་དབོག་པ་དང༌། ཚོན་གྱི་ཚད་མཚན་ཉིད་དང་བཅས་ཏེ་བསྟན་པ་དང༌། བསླབ་པ་དབོག་པའི་རྒྱས་བཤད་དང༌། འཁོར་ལོ་ལྔ་ཚོན་གང་གིས་ཇི་ལྟར་བྲི་བར་བསྟན་པའོ། །བྱིན་གྱིས་བརླབ་པ་ལ་བདུན། བྲི་བསྐྱེད་དུས་གཅིག་བྱ་བའི་ཕྱིར་མདུན་དུ་བསྐྱེད་པ་དང༌། དེ་ནས་བདག་བསྐྱེད་པ་དང༌། བུམ་པའི་ཆོ་ག་དང༌། ཕྱི་དྲོའི་དུས་སུ་རྒྱན་དགྲམ་ཞིང་རྡོ་རྗེ་སློབ་དཔོན་ཆས་སུ་གཞུག་པ་དང༌། སྲོད་ཀྱི་དུས་སུ་ཡེ་ཤེས་དཀྱིལ་འཁོར་སྤྱན་དྲང་བ་དང༌། དེ་དང་འབྲེལ་བར་མཆོད་པས་མཆོད་པ་དང༌། སྦྱང་ཞིང་བྱིན་གྱིས་བརླབ་པའོ། །བུམ་པའི་ཆོ་ག་ལ་དྲུག བསམ་པ་རྣམ་པར་དག་པས་བུམ་པ་ལ་བཟླས་པ་བྱ་བར་གདམས་པ་དང༌། བུམ་པའི་གྲངས་མཚན་ཉིད་དང་བཅས་པ་དང༌། བཅུད་གཞུག་པ་དང༌། བུམ་པ་ལ་སྔགས་བཟླས་ཤིང་རྒྱན་གྱིས་བརྒྱན་པར་བྱ་བ་དང༌། ལྷའི་བུམ་པ་བཀོད་ལ་སླར་ཡང་བཅུད་གཞུག་པ་དང༌། རྒྱན་གདགས་ཤིང་མཆོད་པ་དང༌། ལས་ཐམས་ཅད་པའི་བུམ་པ་དགོད་པའོ། །སྦྱང་ཞིང་བྱིན་གྱིས་བརླབ་པ་ལ་གཉིས། སྦྱང་བ་དང༌། བྱིན་གྱིས་བརླབ་པའོ། །དེ་ལ་བཞི། རང་རང་གི་སྔགས་གཉིས་སུ་མེད་པ་དང༌། སངས་རྒྱས་ཀུན་གྱི་མཁའ་འགྲོ་མ་དང༌། སྒོ་མ་བཞི་དང༌། ཨཱ་ལི་དང་ཀཱ་ལིས་བྱིན་གྱིས་བརླབ་པའོ། །མཆོད་པ་ལ་གསུམ། རྗེས་སུ་ཆགས་པའི་མཆོད་པ་དང༌། ནང་གི་སྦྱིན་སྲེག་གི་མཆོད་པ་དང༌། གཏོར་མའི་མཆོད་པའོ། །དེ་རྣམས་གཞུང་རིམ་པ་བཞིན་སྣང་ཡང་ཇོ་བོ་ནཱ་རོ་ཏ་པའི་གདམས་ངག་གིས་འཁྲུགས་བསྡེབས་ནས་མཛད་དོ། །ཁོ་བོས་མཆོད་པ་ཡན་ཆོད་པོ་དེ་རྣམས་གཞུང་ན་སྣང་བ་བཞིན་དུ་ས་བཅད་བགྱིས་སོ། །འཇུག་པ་མན་ཆོད་གསུང་སྒྲོས་ལ་ཁྱད་མེད། འཁྲུགས་མི་སྡེབ། རྒྱས་བསྡུས་བག་རེ་སྣང་སྟེ་འགལ་བ་མེད་དོ།།  །།དཀྱིལ་འཁོར་གྱི་སྤྱོད་པ་བདུན་ནི། གོང་མ་རྣམས་ཀྱི་གསུང་གི་ས་ཆོག སྟ་གོན། ཐིག རྡུལ་ཚོན། བྱིན་གྱིས་བརླབ་པ། མཆོད་པ། འཇུག་པ་ཞེས་པ་བདུན་ནོ། །སློབ་དཔོན་གྱི་ཞལ་སྔ་ནས་ཐིག་ཚོན་གཉིས་གཅིག་ཏུ་བྱས་ནས་འཇུག་པ་དང༌། སློབ་མ་འཇུག་པ་གཉིས་སུ་ཕྱེ་སྟེ་བདུན་དུ་ཡང་རུང་ལ་ཡང་ན་ནི་ཐིག་ཚོན་གཉིས་ཀྱང་གཅིག འཇུག་པ་གཉིས་ཀྱང་གཅིག་ཏུ་བྱས་ལ། ས་ཆོག སྟ་གོན། བྲི་བ། བསྐྱེད་པ། བྱིན་གྱིས་བརླབ་པ། མཆོད་པ། འཇུག་པ་སྟེ་བདུན་དུ་བྱས་ན་ཤིན་ཏུ་མཛེས་པར་རྟོགས་སོ་ཞེས་གསུང༌། གོང་མ་རྣམས་ཀྱི་གསུང་ནི་བསྐྱེད་པ་བྱིན་གྱིས་བརླབས་ཀྱི་ཁོངས་སུ་བསྡུས་པར་དགོངས་པས་ན་ཕྱེ་ན་ལེགས་གསུང་ངོ༌།།  །།བརྟུལ་ཞུགས་ཀྱི་རིམ་པ་བཅུ་བཞི་ནི། གཞུང་ལ་འདི་བཞིན་སྣང་སྟེ། བརྟུལ་ཞུགས་གཉིས་པོ་ཡན་ཆད་ལས་དབང་བསྐུར་བ་བདུན་ཞེས་འབྱུང་བས་ན་བརྟུལ་ཞུགས་གཉིས་གཅིག་ཏུ་བྱས་པ་དང་བདུན། རྡོ་རྗེ་སློབ་དཔོན་ནི་སྤྱི་ཁྱབ་ཏུ་ཐིམ་པས་ན་གུད་དུ་མ་བཀྲལ། རྗེས་དང་བརྒྱད། དམ་ཚིག་དང་དགུ། ལུང་བསྟན་པ་དང་གཟེངས་བསྟོད་པ་ཞེས་གཞུང་ཅིག་ཏུ་ཡོད་ཀྱང་ཆོ་གའི་རྟོག་པ་ནས། དེ་གཉིས་སོ་སོ་ན་སྟེ་བཅུ་གཅིག་དབུགས་དབྱུང་དང་བཅུ་གཉིས་གསང་དབང་དང་བཅུ་གསུམ། ཤེས་རབ་ཡེ་ཤེས་དང་བཅུ་བཞི་སྟེ། མེ་ཏོག་ཆུའི་ཞེས་པ་ལ་སོགས་པའི་ཆོ་གའི་རྣམ་གྲངས་མདོར་བསྡུས་པ་ལས་ཀྱང་དེ་ལྟར་འབྱུང་ངོ༌། །བཞི་པ་བླ་མའི་ཞལ་ལས་ཤེས་པར་བྱ་བའི་སྦས་པ་ཡིན་པས་བཞི་པ་མ་གཏོགས་སོ། །ཕྱག་ལེན་ལ་འདི་ལྟར་འཆད་དེ་བརྟུལ་ཞུགས་གཉིས་པོ་ཡན་ཆད་བདུན་ནི་སྔ་མ་ལྟར་ཡིན་ལ། དེའི་རྗེས་ལ་རྡོ་རྗེ་སློབ་དཔོན་གྱིས་གསེབ་ཚགས་ནས་བཏུས་ཏེ་བསྟན་པ་དང་བརྒྱད། རྗེས་གནང་དང་དམ་ཚིག་གཉིས་སོ་སོར་བྱས་པ་དང་བཅུ། ལུང་བསྟན་པ་དང་བཅུ་གཅིག དབུགས་དབྱུང་གཟེངས་བསྟོད་གཉིས་གཅིག་ཏུ་བྱས་པ་དང་བཅུ་གཉིས། གསང་བ་ཤེས་རབ་ཡེ་ཤེས་གཉིས་དང་བཅུ་བཞིའོ། །ཡང་ན་རྗེས་གནང་དམ་ཚིག་གཉིས་གཅིག་ཏུ་བྱས་ལ་དབུགས་དབྱུང་གཟེངས་བསྟོད་གཉིས་སོ་སོར་བྱའོ་ཞེས་གསུངས་ཏེ། ལུང་བསྟན་གཟེངས་བསྟོད་སོ་སོར་བྱ་སེམས། དོན་དུ་ན་རྡོ་རྗེ་སློབ་དཔོན་ཡན་ཆད་བརྒྱད། རྗེས་གནང་དང་དམ་ཚིག་གཅིག་ཏུ་བྱས་པ་དང་དགུ། ལུང་བསྟན་དབུགས་དབྱུང་གཟེངས་བསྟོད་གསུམ་སོ་སོར་བྱས་པ་དང་བཅུ་གཉིས། གསང་བ་ཤེས་རབ་གཟེངས་བསྟོད་པ་དང་བཅུ་གསུམ་སེམས། ཡེ་ཤེས་གཉིས་དང་བཅུ་བཞིའོ། །ཁོ་བོའི་རྟོག་པ་ནི་གཞུང་ལས་རྗེས་གནང་དམ་ཚིག་གཉིས་ནི་སོ་སོར་གསུངས་ལ། ལུང་བསྟན་གཟེངས་བསྟོད་གཉིས་གཅིག་ཏུ་གསུངས་པས་ན་རྡོ་རྗེ་སློབ་དཔོན་ཡན་ཆད་བརྒྱད། རྗེས་གནང་དང་དམ་ཚིག་གཉིས་དང་བཅུ། ལུང་བསྟན་གཟེངས་བསྟོད་གཉིས་གཅིག་ཏུ་བྱས་པ་དང་བཅུ་གཅིག དབུགས་དབྱུང་དང་བཅུ་གཉིས། གསང་བ་ཤེས་རབ་དང་བཅུ་བཞི་སེམས་སོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*