༼ཇ༽
༄༅། །ནག་པོ་པའི་སྒྲུབ་ཐབས་ཀྱི་ས་བཅད་བཞུགས།།
༄༅། །ཨོཾ་རྗེ་བཙུན་བླ་མ་རྣམས་ལ་ཕྱག་འཚལ་ལོ། །སློབ་དཔོན་སྤྱོད་པ་བས་མཛད་པའི་དཔལ་འཁོར་ལོ་སྡོམ་པའི་སྒྲུབ་ཐབས་འདི་ལ་གཉིས། ཀླད་ཀྱི་དོན་དང༌། གཞུང་ངོ༌། །དང་པོ་ལ་གཉིས། ཕྱག་བཙལ་བ་དང༌། བཤད་པར་དམ་བཅའ་བའོ། །གཞུང་ལ་གཉིས། མཉམ་པར་གཞག་པའི་རྣལ་འབྱོར་དང༌། མཉམ་ལངས་སོ། །དང་པོ་ལ་གཉིས། བསྐྱེད་པའི་རིམ་པ་དང༌། རྫོགས་པའི་རིམ་པའི་རྒྱས་གདབ་པའོ། །དང་པོ་ལ་གཉིས། རྒྱུ་ཚོགས་བསག་པ་དང༌། འབྲས་བུ་ལྷ་བསྐྱེད་པའོ། །དང་པོ་ལ་གཉིས། བསོད་ནམས་ཀྱི་ཚོགས་བསག་པ་དང༌། ཡེ་ཤེས་ཀྱི་ཚོགས་བསག་པའོ། །འབྲས་བུ་ལྷར་བསྐྱེད་པ་ལ་གཉིས། རྟེན་བསྐྱེད་པ་དང༌། བརྟེན་པ་ལྷ་བསྐྱེད་པའོ། །རྟེན་བསྐྱེད་པ་ལ་གཉིས། སྲུང་བའི་འཁོར་ལོ་བསྒོམ་པ་དང༌། གཞལ་ཡས་ཁང་བསྒོམ་པའོ། །བརྟེན་པ་ལྷ་བསྐྱེད་པ་ལ་གསུམ། དང་པོ་སྦྱོར་བ་དང༌། དཀྱིལ་འཁོར་རྒྱལ་མཆོག་དང༌། ལས་རྒྱལ་མཆོག་གོ །དང་པོ་སྦྱོར་བ་ལ་བཞི། བསྙེན་པ་དང༌། ཉེ་བར་སྒྲུབ་པ་དང༌། སྒྲུབ་པ་དང༌། སྒྲུབ་པ་ཆེན་པོའོ། །དང་པོ་ལ་གཉིས། རྒྱུ་རྡོ་རྗེ་འཛིན་པ་བསྐྱེད་པ་དང༌། འབྲས་བུ་རྡོ་རྗེ་འཛིན་པ་བཞེངས་པའོ། །དེ་ལ་བཞི། སྙོམས་པར་འཇུག་པ་ལས་འོད་དུ་ཞུ་བ་དང༌། གླུས་བསྐུལ་བ་དང༌། འབྲས་བུ་རྡོ་རྗེ་འཛིན་པར་བཞེངས་པ་དངོས་དང༌། དེ་བརྟེན་པའི་ཡན་ལག་ཏུ་བྱིན་གྱིས་བརླབ་པའོ། །ཉེ་བར་སྒྲུབ་པ་ལ་གཉིས། དཔའ་བོའི་གོ་ཆ་དང༌། དཔའ་མོའི་གོ་ཆའོ། །སྒྲུབ་པ་ལ་གསུམ། ཡབ་བྱིན་གྱིས་བརླབ་པ་དང༌། ཡུམ་བྱིན་གྱིས་བརླབ་པ་དང༌། རང་བྱིན་གྱིས་བརླབ་པའོ། །སྒྲུབ་པ་ཆེན་པོ་ལ་བཞི། ཡེ་ཤེས་པ་དགུག་པ་དང༌། དབང་བསྐུར་བ་དང༌། མཆོད་པ་དང༌། མཁའ་གསང་བྱིན་གྱིས་བརླབ་པའོ། །དཀྱིལ་འཁོར་རྒྱལ་མཆོག་ལ་བཞི། དམ་ཚིག་པ་བསྐྱེད་པ་དང༌། ཡེ་ཤེས་པ་གཞུག་པ་དང༌། དབང་བསྐུར་བ་དང༌། མཆོད་པ་བྱ་བའོ། །དང་པོ་ལ་བཞི། དེ་བཞིན་གཤེགས་པ་སྤྱན་དྲང་བ་དང༌། འོད་དུ་ཞུ་བ་དང༌། ལྷ་རྣམས་བསྐྱེད་པ་དང༌། སོ་སོར་བསྟིམ་ཞིང་དགོད་པའོ། །དེ་ལ་གཉིས། བསྟིམ་པ་དང༌། དགོད་པའོ། །དེ་ལ་བཞི། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །སྤྱིའི་མཚན་ཉིད་དང༌། ལྷ་རྣམས་ཀྱི་རིགས་སོ། །དང་པོ་ལ་གསུམ། བདེ་བ་ཆེན་པོའི་འཁོར་ལོ་ལ་དགོད་པ་དང༌། འཁོར་ལོ་གསུམ་གྱི་ལྷ་ཕྱི་དང་ནང་དུ་དགོད་པ་དག་པ་དང་བཅས་པ་དང༌། སྒོ་མཚམས་མ་དགོད་པའོ། །བར་པ་ལ་གསུམ། ཐུགས་ཀྱི་འཁོར་ལོ་དང༌། གསུང་གི་དང༌། སྐུའིའོ། །སྤྱིའི་མཚན་ཉིད་ལ་གཉིས། འཁོར་ལོ་སྤྱིའི་མཚན་ཉིད་ལ་སོགས་པ་དང༌། ཁྱད་པར་དུ་སྒོ་མཚམས་རྣམས་ཀྱིའོ། །ལས་རྒྱལ་མཆོག་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་དག་པ་དྲན་པ་ཡིན་པར་དབྱེ་བ་མེད། མཉམ་གཞག་གི་སྤྱི་དོན་གཉིས་པའི་རིམ་པ་ལ་གཉིས། དཔྱིད་ཀྱི་ཐིག་ལེར་འཁོར་ལོ་གཉིས་ཀྱི་མཉམ་པར་གཞག་པ་དང༌། འཁོར་ལོ་བཞིའི་རྣམ་པར་གཞག་པའོ། །དང་པོ་ལ་གཉིས། དཔྱིད་ཀྱི་ཐིག་ལེའི་རྟེན་དང༌། བརྟེན་པ་རླུང་གི་མཚན་ཉིད་དོ། །འཁོར་ལོ་བཞིའི་རྣམ་པར་གཞག་པ་ལ་གཉིས། འཁོར་ལོ་བཞི་སྤྱིའི་མཚན་ཉིད་དང༌། ཁྱད་པར་སྙིང་གའི་རྣམ་པར་གཞག་པའོ། །མཉམ་ལངས་ལ་གསུམ། གཏོར་མ་དང༌། བཟླས་པ་དང༌། ལངས་ཏེ་སྤྱོད་ལམ་གྱི་དུས་སུ་གོ་ཆ་བགོ་བའོ། །དང་པོ་ལ་གསུམ། གཏོར་མ་བྱིན་གྱིས་བརླབ་པ་དང༌། གཏོར་མའི་ཕན་ཡོན་དང༌། གཏོར་མའི་སྔགས་སོ། །བཟླས་པ་ལ་ལྔ། རྩ་བའི་སྔགས་དང༌། འཁོར་ལོ་ལྔའི་སྔགས་དང༌། ཡབ་ཀྱི་སྙིང་པོ་དང༌། ཉེ་སྙིང་དང༌། ཞལ་བཞི་པ་དང༌། ཡུམ་གྱི་སྙིང་པོ་དང༌། ཉེ་སྙིང་དང༌། ཉེ་བའི་སྙིང་པོའོ། །ནག་པོ་མངོན་པར་རྟོགས་པའི་བསྡུས་པའི་དོན་དགེ་བསྙེན་གྲགས་པ་རྒྱལ་མཚན་གྱིས་སྦྱར་བའོ།། །།
༄༅། །ནག་པོ་པའི་སྦྱིན་སྲེག་གི་ས་བཅད་བཞུགས།།
༄༅། །ཨོཾ་རྗེ་བཙུན་བླ་མ་རྣམས་ལ་ཕྱག་འཚལ་ལོ། །སློབ་དཔོན་སྤྱོད་པ་བས་མཛད་པའི་སྦྱིན་སྲེག་ལ་དོན་གསུམ། ཀླད་ཀྱི་དོན་དང༌། གཞུང་དང༌། མཇུག་གོ །དང་པོ་ལ་གཉིས། ཤིས་པར་བརྗོད་པ་དང༌། བཤད་པར་དམ་བཅའ་བའོ། །གཞུང་ལ་གཉིས། སྦྱིན་སྲེག་གི་དུས་དང༌། དགོས་པ་བསྟན་པ་དང༌། སྦྱིན་སྲེག་དངོས་སོ། །དེ་ལ་གཉིས། མདོར་བསྟན་ཅིང་གཞན་དག་ལ་ཟུར་ཟ་བ་དང༌། སོ་སོར་རྒྱས་པར་བསྟན་པའོ། །དེ་ལ་བཞི། བླ་ན་མེད་པ་དང༌། ནང་གི་སྦྱིན་སྲེག་དང༌། སྤྱིའི་མཚན་ཉིད་དང༌། ཕྱིའི་སྦྱིན་སྲེག་གོ །དང་པོ་ལ་གསུམ། མཚོན་བྱ་བླ་ན་མེད་པའི་སྦྱིན་སྲེག་དང༌། དེ་མཚོན་བྱེད་བླ་ན་མེད་པའི་སྦྱིན་སྲེག་དང༌། སློབ་དཔོན་གཞན་དང་མཐུན་པར་བསྟན་པའོ། །ཕྱིའི་སྦྱིན་སྲེག་ལ་གཉིས། བཤད་པར་དམ་བཅའ་བ་དང༌། ཕྱིའི་སྦྱིན་སྲེག་དངོས་སོ། །དེ་ལ་གསུམ། སྦྱོར་བ་དང༌། དངོས་གཞི་དང༌། མཇུག་གོ །དང་པོ་ལ་བཅུ། ཐབ་ཁུང་གི་མཚན་ཉིད་དང༌། མེ་པྲ་ལ་སོགས་པ་གཞུང་གཞན་ནས་ཁ་འཕངས་པ་དང༌། རྒྱུད་གཞན་ནས་བཤད་པ་དང༌། མན་ངག་དང་རྗེས་སུ་མཐུན་པར་བྲི་བར་དམ་བཅའ་བ་དང༌། སྒྲུབ་པ་པོའི་མཚན་ཉིད་དང༌། བགེགས་བསལ་བ་དང༌། ཐབ་བྱིན་གྱིས་བརླབ་པ་དང༌། མེ་ལྷའི་མཚན་ཉིད་དང༌། མཆོད་ཡོན་གྱི་ཆོ་ག་དང༌། རྫས་དགོད་པའི་ཚུལ་ལོ། །དང་པོ་ཐབ་ཁུང་ལ་གསུམ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་དང༌། ཐབ་ཁུང་བསྡུས་ཏེ་བྱ་བའོ། །རྒྱས་པར་བཤད་པ་ལ་བཞི། དབྱིབས་དང༌། ཁ་དོག་དང༌། ཚད་དང༌། དབུས་སུ་དགོད་པ་ལ་སོགས་པའི་མཚན་མ་རྒྱས་པ་དང༌། ཕྱོགས་གང་དུ་བྱ་བའོ། །དང་པོ་ལ་གསུམ། ཐབ་ཏུ་མེ་བསྒྲུབ་པ་དང༌། འཇིག་རྟེན་པའི་མེ་ལྷ་མཆོད་པ་དང༌། འདས་པའི་མེ་ལྷ་མཆོད་པའོ། །འཇིག་རྟེན་པའི་མེ་ལྷ་མཆོད་པ་ལ་བཞི། མེ་ལྷ་དང་འབྲེལ་བའི་ཆོ་ག་དང༌། བྱོན་ཟན་དབུལ་ཞིང་མེ་པྲ་བརྟག་པ་དང༌། རྫས་དགྲམ་པ་དང༌། སྦྱིན་སྲེག་གི་མཆོད་པ་དངོས་སོ། །དང་པོ་ལ་དྲུག དམ་ཚིག་པའི་མེ་ལྷ་བསྐྱེད་པ་དང༌། ཡེ་ཤེས་པ་དགུག་པ་དང༌། བྱིན་གྱིས་བརླབ་པ་དང༌། དབང་བསྐུར་ཞིང་མཆོད་ལ་གོས་བསྐོན་པ་དང༌། ཁྲུས་བྱ་བ་དང༌། དངོས་སུ་དབང་བསྐུར་བའོ། །སྦྱིན་སྲེག་གི་མཆོད་པ་ལ་ལྔ། དང་པོར་གང་བའི་སྦྱིན་སྲེག་དབུལ་བ་དང༌། སྦྱིན་སྲེག་གི་རྫས་དབུལ་བའི་རིམ་པ་གང་དུ་དབུལ་བ་དང་བཅས་པ་དང༌། དབུལ་བའི་རིམ་པ་སྔགས་དང་བཅས་པ་དང༌། རྫས་གསང་སྔགས་གང་གིས་དབུལ་བ་རྒྱས་པར་བཤད་པ་དང༌། རྫས་ཐམས་ཅད་བདུད་རྩིས་བསྲེ་བའོ། །དངོས་གཞི་སྤྱིའི་དོན་གསུམ་པ་ལ་གསུམ། མཆོད་བྱའི་ཡུལ་དང་འབྲེལ་པ་དང༌། མཆོད་པ་དངོས་དང༌། མཐར་བྱ་བའོ། །དང་པོ་ལ་བཞི། དམ་ཚིག་པ་བསྐྱེད་པ་སྔོན་དུ་འགྲོ་བས་ཡེ་ཤེས་པ་སྤྱན་དྲང་བ་དང༌། ཐབ་ཁུང་གི་གཡས་སུ་སྤྱན་དྲང་བའི་མཆོད་པ་དང༌། དམ་ཚིག་པ་དང་ཡེ་ཤེས་པ་བསྲེ་བ་དང༌། དབང་བསྐུར་ཞིང་གོ་བསྐོན་པའོ། །མཆོད་པ་དངོས་ལ་དྲུག ཡེ་ཤེས་སེམས་དཔའི་ཐུགས་ཀར་ལྷ་བསྐྱེད་པ་གང་བའི་སྦྱིན་སྲེག་དབུལ་བ་དང༌། བསྲེག་རྫས་རྣམས་བསངས་ལ་སྦྱིན་སྲེག་རྒྱས་པར་བྱ་བ་དང༌། དགང་བླུགས་གསུམ་དབུལ་བ་སྔོན་དུ་འགྲོ་བས་སྦྱིན་སྲེག་བྱ་ཞིང་མཆོད་པ་རྒྱས་པར་བྱ་བ་དང༌། རྫས་ལྷག་མ་གཞན་གྱིས་སྦྱིན་སྲེག་བྱ་བ་དང༌། སྦྱིན་སྲེག་གི་སྔགས་དང༌། དངོས་གྲུབ་ཀྱི་སྦྱིན་སྲེག་གི་རྫས་རྣམས་བཤད་པའོ། །མཐར་བྱ་བ་ལ་དྲུག མཐར་མར་གྱི་དགང་བླུགས་དབུལ་ཞིང་མཆོད་པ་རྒྱས་པས་མཆོད་པ་དང༌། བདེ་ལེགས་དང་བཀྲ་ཤིས་བརྗོད་པ་དང༌། བསྟོད་ཅིང་འདོད་པའི་དོན་གསོལ་བ་གདབ་པ་དང༌། བཟོད་པར་གསོལ་ཞིང་གཤེགས་སུ་གསོལ་བ་དང༌། གཏོར་མ་སྦྱིན་པ་དང༌། སླར་ཡང་ཡེ་ཤེས་སེམས་དཔའ་ཆོས་ཀྱི་དབྱིངས་སུ་གཤེགས་སུ་གསོལ་བའོ། །མཇུག་ལ་དྲུག འཇིག་རྟེན་པའི་མེ་ལྷ་ལྷག་མས་མཆོད་པ་དང༌། འདོད་པའི་དོན་གསོལ་བ་གདབ་ཅིང་གཤེགས་སུ་གསོལ་བ་དང༌། རང་ལྷའི་ང་རྒྱལ་དང་ལྡན་པས་ཕྱོགས་སྐྱོང་ལ་གཏོར་མ་སྦྱིན་པ་དང༌། ཡི་གེ་བརྒྱ་པ་གདོན་པ་དང༌། ཕུར་བུ་དང༌། མདའ་དབྱུང་ཞིང་བཀྲུ་བ་དང༌། བསྐོར་བ་བྱས་ཏེ་གླུ་གར་སྔོན་དུ་འགྲོ་བས་ཅི་བདེ་བར་གནས་པའོ། །སྦྱིན་སྲེག་གི་བསྡུས་དོན་དགེ་བསྙེན་གྲགས་པ་རྒྱལ་མཚན་གྱིས་བགྱིས་སོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply