དྲིལ་བུ་པའི་བསྐྱེད་རིམ།

༼ཇ༽

༄༅། །དྲིལ་བུ་པའི་བསྐྱེད་རིམ་བཞུགས།།

༄༅། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཉིན་བྱེད་འཇིགས་བྱེད་དུས་མཚན་རབ་ཏུ་བརྫིས། །སྲིད་གསུམ་སྒྲོལ་བའི་གར་གྱིས་ཤིན་ཏུ་དགེས། །ཇི་བཞིན་ཇི་སྙེད་ཐུགས་སུ་ཆུད་གྱུར་པའི། །ཧེ་རུ་ཀ་དཔལ་མགོན་ལ་བདག་ཕྱག་འཚལ། །བདེ་མཆོག་འཁོར་ལོ་རྒྱུད་ཀུན་སྙིང་པོའི་དོན། །རྡོ་རྗེ་དྲིལ་བུ་ཐུགས་སུ་ཆུད་གྱུར་པའི། །བྱེ་བྲག་བསྐྱེད་པའི་རིམ་པ་གཞུང་གི་དོན། །ཤིན་ཏུ་གསལ་བར་གཞན་གྱི་དོན་ཕྱིར་བྲི། །འདི་ན་ལས་དང་པོ་པའི་རྟེན་གྱི་གང་ཟག་ཉན་རང་ལས་ཁྱད་པར་དུ་ཐེག་པ་ཆེན་པོ་ལ་ཞུགས་ཤིང༌། གསང་སྔགས་ཀྱི་རྒྱུད་སྒོ་དྲུག་ལས་ཀྱང་བྱེ་བྲག་ཏུ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དུ་དབང་དང་དམ་ཚིག་ཐོབ་ཅིང༌། རྒྱུད་དང་བསྟན་བཅོས་ཕལ་ཆེ་བ་ལ་བློ་བྱང་ཡང་དངོས་པོ་ལ་མངོན་པར་ཞེན་པའི་གདོན་གྱིས་ཀུན་ནས་ཉེན་པའི་དབང་གིས་ཕྱི་རོལ་གྱི་རས་རིས་དང་ལུགས་མ་ལ་སོགས་པ་ཞལ་ཕྱག་གི་རྣམ་པ་ཅན་གྱི་བཅོས་མ་དང༌། ཐིག་དང་རྡུལ་ཚོན་ལ་སོགས་པས་བྲིས་པའི་བཅོས་མ་ལ་བློ་ཀུན་ཏུ་ཞེན་པའི་སྟོབས་ཀྱིས་དེ་དག་དཀྱིལ་འཁོར་དུ་འཇུག་པར་སྤྲོ་ཞིང་ལམ་གྱི་གནས་སྐབས་སུ་ཡང་བཅོས་མ་གཉིས་པོ་དེ་མཆོད་ཅིང་གསོལ་བ་འདེབས་པ་ལ་བརྩོན་པ། ཧ་ཅང་བཅོས་མ་མ་ཡིན་པ་ཡང་རང་བཞིན་གྱི་དཀྱིལ་འཁོར་མ་ཡིན་པའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྒོམ་པ་དང་མཆོད་པ་ལ་བརྩོན་པའི་འགྲོ་བ་དེ་དག་རྗེས་སུ་གཟུང་བའི་ཕྱིར། སློབ་དཔོན་རྡོ་རྗེ་དྲིལ་བུ་པས་རྒྱུད་རྣམས་ཀྱི་དགོངས་པ་ཕྱིན་ཅི་མ་ལོག་པར་རང་བཞིན་གྱིས་གྲུབ་པའི་ལུས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་ནས་ལམ་རིམ་པ་གཉིས་སྒོམ་པར་བྱེད་པའི་གཞུང་ལུགས་བསྟན་པ་ཡིན་ནོ། །དེ་ལ་འདིར་བསྐྱེད་པའི་རིམ་པ་རྫོགས་རིམ་ཅུང་ཟད་དང་བཅས་པའི་མངོན་པར་རྟོགས་པ་གསལ་བར་བརྗོད་དོ། །དེའང་སྒྲུབ་ཐབས་ཀྱི་གཞུང་ནས་རྟེན་གྱི་གང་ཟག་ལམ་དང་འབྲས་བུ་གསུམ་དུ་བཤད་པ་ལས། དང་པོ་རྟེན་གྱི་གང་ཟག་གི་མཚན་ཉིད་ནི། སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་ལྟར་སྡུག་པའི་སེམས་ཀྱིས་བྱམས་པ་དང༌། སྡུག་བསྔལ་བ་རྣམས་ལ་རྗེས་སུ་བརྩེ་བའི་མཚན་ཉིད་ཅན་གྱི་སྙིང་རྗེ་དང༌། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་གཞག་པར་འདོད་པའི་བྱང་ཆུབ་ཀྱི་སེམས་ཏེ་ཐུན་མོང་གི་བསམ་པ་གསུམ་དང་ལྡན་པ། སྔོན་དུ་བཅོས་མའི་དཀྱིལ་འཁོར་དུ་ཞུགས་ཤིང་ལུས་ཀྱི་དཀྱིལ་འཁོར་དུ་དབང་དང་དམ་ཚིག་ཐོབ་པ། འཁོར་ལོ་སྡོམ་པའི་རྒྱུད་དང་གསང་སྔགས་དང་རྣལ་འབྱོར་རྣམས་ཤེས་པ། ཕྱི་རོལ་གྱི་རྣམ་རྟོག་རྣམས་སྤངས་པ། རྩ་བ་དང་ཡན་ལག་གི་དམ་ཚིག་གི་ཚོགས་རྣམས་མི་ཉམས་པར་བསྲུང་བ་དང་ལྡན་པའི་སྒྲུབ་པ་པོས་ལམ་བསྒོམ་པར་བྱའོ། །ལམ་ལ་བཞི། མཉམ་པར་གཞག་པའི་རྣལ་འབྱོར་དང༌། སྤྱོད་ལམ་གྱི་རྣལ་འབྱོར་དང༌། ཁ་ཟས་ཀྱི་རྣལ་འབྱོར་དང༌། གཏོར་མའི་རྣལ་འབྱོར་རོ། །དེ་ལ་ཉལ་བ་དང་ལྡང་བ་དང་ཁྲུས་ཀྱི་རྣལ་འབྱོར་གསུམ་ནི་མཉམ་གཞག་གི་སྔོན་དུ་འགྲོ་བ་ཡིན་པས་དེའི་ཁོངས་སུ་བསྡུ་བར་བྱའོ། །མཉམ་པར་གཞག་པ་ལ་ཡང་གཉིས་ཏེ། བསྐྱེད་པའི་རིམ་པ་དང༌། རྫོགས་པའི་རིམ་པའོ། །བསྐྱེད་པའི་རིམ་པ་ལ་ཡང་གཉིས། བདག་ཉིད་སངས་རྒྱས་སུ་བསྐྱེད་པ་ལ་མཆོད་པ་དང༌། བཟླས་པའི་རྣལ་འབྱོར་རོ། །དང་པོ་ལ་གཉིས། སངས་རྒྱས་སུ་བསྐྱེད་པ་དང༌། དེ་ལ་མཆོད་པའོ། །དོན་བསྡུས་ཏེ་བསྟན་པ་ཙམ་ཡིན་ནོ། །ད་ནི་མངོན་པར་རྟོགས་པ་བསྒོམ་པའི་རིམ་པ་བཞིན་དུ་ཞིབ་ཏུ་བརྗོད་ན། མདང་ནུབ་མོར་ཉལ་བའི་རྣལ་འབྱོར་ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པའི་སྟོང་པ་ཉིད་ཀྱི་ངང་ལ་ཉལ་ལ། ནང་པར་ལྡང་བའི་དུས་སུ་ཌཱ་མ་རུའི་སྒྲ་ཡི་གེ་བདུན་པའི་སྔགས་ལན་མང་དུ་བཟླས་པའི་རྣམ་པར་གྲགས་པའི་རྣམ་པས་གཉིད་བསྐུལ་ནས་ལངས་ཏེ། སྐད་ཅིག་གིས་ཧེ་རུ་ཀའི་ང་རྒྱལ་དུ་དྲན་པར་བྱས་ལ། བསམ་གཏན་གྱི་གྲོགས་སུ་འགྲོ་ན་རྡོ་རྗེའི་ཆུའམ་ཐ་མལ་པའི་ཆུས་ཀྱང་རུང་སྟེ། འོག་གི་དབང་བསྐུར་བའི་སྐབས་དང་མཐུན་པའི་ཁྲུས་བྱ། བསམ་གཏན་གྱི་གྲོགས་སུ་མི་འགྲོ་ཞིང་མི་སྤྲོ་ན་མ་བྱས་ཀྱང་ཉེས་པ་ཅུང་ཟད་ཀྱང་མེད་དོ། །དེ་ནས་རྣལ་འབྱོར་དང་རྗེས་སུ་མཐུན་པའི་གནས་སུ་སྟན་བདེ་བ་ལ་འདུག་ལ། ཡོད་ན་བདུད་རྩི་རི་ལུ་ཁར་གཞུག མེད་ན་ཆང་བདུད་རྩིར་བྱིན་གྱིས་བརླབས་པ་ལྕེ་ལ་གཞག དེ་ཡང་མེད་ན་བདུད་རྩི་ལྕེ་ལ་བཞག་པར་མོས་པ་བྱས་ལ། སྐད་ཅིག་གིས་རང་ཕྱིའི་ཧེ་རུ་ཀར་དྲན་པར་བྱས་ཏེ་ལུས་ལྷར་བྱིན་གྱིས་བརླབ་པ་སྐུའི་དགའ་བའོ། །ངག་ཏུ་ཤྲཱི་ཧེ་རུ་ཀ་ཨ་ཧཾ་ཞེས་དཔལ་ཧེ་རུ་ཀ་ནི་ང་ཡིན་ནོ་ཞེས་བརྗོད་དེ། དེའི་དོན་དྲན་པར་བྱ་བ་ནི། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །རུ་ནི་ཚོགས་དང་བྲལ་བ་སྟེ། །ཀ་ནི་གང་དུའང་མི་གནས་པའོ། །ཞེས་བརྟག་གཉིས་ལས་གསུངས་སོ། །དེའི་དོན་ཡང་ཤྲཱི་གཉིས་སུ་མེད་པའི་ཡེ་ཤེས་ཡིན་ལ། དེ་ཉིད་ཐོག་མར་སྐྱེ་བའི་རྒྱུས་སྟོང༌། བར་དུ་རང་གི་ངོ་བོས་གནས་པ་སྟོང༌། །ཐ་མར་འགགས་པའི་འབྲས་བུས་སྟོང་སྟེ། དེ་ལྟ་བུ་དེ་ཉིད་ང་ཡིན་ནོ་སྙམ་དུ་དྲན་པར་བྱ་བ་ནི་གསུང་གི་དགའ་བ། ངག་སྔགས་སུ་བྱིན་གྱིས་བརླབ་པའོ། །དེ་ནས་སྙིང་གར་ཨཱཿདཀར་པོ་བསྒོམ་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས། དེ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་ནི་དག་པ་འཇིག་རྟེན་པའི་ཡེ་ཤེས། དེའི་སྟེང་དུ་ཡི་གེ་ཧཱུྃ་སྔོན་པོ་བསམ་པ་ནི་གཟུང་འཛིན་གཉིས་དང་བྲལ་བའི་ཡིད་ཡེ་ཤེས་ལྔའི་རང་བཞིན་ཅན་ཏེ། དེ་ཡང་ཞབས་ཀྱུའི་ཨཱུ་ནི་བྱ་བ་གྲུབ་པའི་ཡེ་ཤེས། ཁོག་པའི་ཧ་ནི་སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས། མགོ་བོའི་ཨ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས། ཟླ་ཚེས་ནི་ཟླ་བ་ཉིད་དེ་མེ་ལོང་ལྟ་བུའི་ཡེ་ཤེས། ཐིག་ལེ་ནི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །ཟླ་ཚེས་དང་ཐིག་ལེ་གཉིས་ནི་ཡི་གེའི་དབང་དུ་བྱས་ན་ཨྃ་ཡིན་ཏེ་ཐུགས་ཀྱི་དགའ་བ་སེམས་ཡེ་ཤེས་སུ་བྱིན་གྱིས་བརླབ་པའོ། །ཧཱུྃ་དེ་ལས་འོད་ཟེར་འཕྲོས་ཏེ་བདག་གི་སྤྱི་གཙུག་ནས་རྐང་པའི་མཐིལ་གྱི་བར་དུ་མེར་གྱིས་ཁེངས་པས་ཚེ་ཐོག་མ་མེད་པ་ནས་བསགས་པའི་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་ཐམས་ཅད་སྦྱངས་ཏེ་ལུས་ཤེལ་སྒོང་དག་པ་ལྟ་བུར་གྱུར་ནས། འོད་ཟེར་དེ་བ་སྤུའི་བུ་ག་ནས་ནམ་མཁའི་ཕྱོགས་སུ་སྤྲོས་པས་བླ་མ་དབུའི་ཆ་ལ་བཞུགས་པའི་བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་ལུས་ལ་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་ཚང་བར་སྤྱན་དྲངས་ཏེ། དེ་ལ་ན་མོ་གུ་རུ་བྷྱཿཞེས་པས་བླ་མའི་ཞབས་ལ་ཕྱག་བྱ། ན་མ་ཤྲཱི་ཙཀྲ་སཾ་བ་ར་མཎྜ་ལེ་བྷྱཿ ཞེས་པས་དཀྱིལ་འཁོར་གྱི་ཞབས་ལ་ཕྱག་བྱ། འོག་ནས་འབྱུང་བའི་ཕྱི་མཆོད་དང༌། ཡིད་མཆོད་གཉིས་ཀའམ་གང་རུང་གཅིག་གིས་མཆོད་ལ། མོས་གུས་དྲག་པོ་ཅིག་བྱས་ཏེ་བདག་གི་ལུས་ལ་སྤྱན་དྲངས་པས་བླ་མ་སྤྱི་བོར་མི་བསྐྱོད་པའི་རྣམ་པར་དབུ་རྒྱན་དུ་བཞུགས་པར་བསམ། བཅོམ་ལྡན་འདས་བདག་གི་སྨིན་མཚམས་ནས་ཞུགས་ནས་ལུས་ལ་ཐིམ་པས། བདག་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གྱི་འཁོར་ལོ་དུས་གཅིག་ཏུ་ཝལ་གྱིས་བསྐྱེད་ལ་རིམ་གྱིས་གསལ་གདབ་པར་བྱ་བ་ནི། ཐོག་མར་རྟེན་རྣམས་གསལ་གདབ་པར་བྱས་ཏེ། རྐང་པ་གཉིས་བགྲད་པ་ནི་རླུང་གི་དཀྱིལ་འཁོར་དུ་མོས་པ་བྱ། དེ་བཞིན་དུ་སུམ་མདོ་མེ། ལྟོ་བ་ཆུ། སྙིང་ག་ས། སྒལ་ཚིགས་རིའི་རྒྱལ་པོ་རི་རབ། མགོ་བོ་རི་རབ་ཀྱི་སྟོད་ཀྱི་ཆ། རི་རབ་ཀྱི་སྟེང་གི་གཞལ་ཡས་ཁང་པ་ནི་ལུས་འདོམ་གང་གྲུ་བཞིར་མཉམ་པའི་གྲུ་བཞི། སྙིང་ག་ནས་འབྱུང་བ་བཞིའི་རླུང་རྒྱུ་བ་ནི་སྒོ་བཞི། རྐང་པ་བརྒྱད་ནི་ཀ་བ་བརྒྱད། མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང་མཆུ་རྣམས་ནི་གཞལ་ཡས་ཁང་གི་རྒྱན་རྟ་བབས་དང༌། དྲྭ་བ་དྲྭ་ཕྱེད་དང༌། མེ་ཏོག་ཕྲེང་བ་ལ་སོགས་པ་ཡིན་པར་དྲན་པར་བྱའོ། །དེ་ནས་ཕྱིའི་ཧེ་རུ་ཀ་གསལ་གདབ་པར་བྱ་སྟེ། ཆོས་ཀྱི་དབྱིངས་ལས་མི་འགྱུར་བའི་བརྡར་སྐུ་མདོག་སྔོན་པོ། འབྱུང་བ་བཞི་རྣམ་པར་དག་པ་དང་ཚད་མེད་པ་བཞི་ཐུགས་སུ་ཆུད་ཅིང་ཕྲིན་ལས་བཞིས་སེམས་ཅན་གྱི་དོན་མཛད་པའི་ཕྱིར་ཞལ་བཞི་པ། སྐུ་གསུང་ཐུགས་རྡོ་རྗེ་དང་ལྡན་པས་ཁམས་གསུམ་ལ་གཟིགས་ཤིང་དུས་གསུམ་གྱི་དངོས་པོ་མཁྱེན་པས་ཞལ་རེ་རེ་ལ་སྤྱན་གསུམ་གསུམ། རྩ་བའི་ཞལ་དང་སྐུ་མདོག་སྔོན་པོ། ཕྲིན་ལས་སྣ་ཚོགས་མཛད་པས་གཡོན་ལྗང་བ། སེམས་ཅན་གྱི་དོན་ལ་རྗེས་སུ་ཆགས་པས་རྒྱབ་དམར་བ། སངས་རྒྱས་ཀྱི་ཡོན་ཏན་རྣམས་ཡོངས་སུ་རྫོགས་པས་གཡས་སེར་བ། བདུད་བཞི་སྐྲག་པར་མཛད་པའི་ཕྱིར་ཞལ་ཐམས་ཅད་མཆེ་བ་གཙིགས་ཤིང་ཁྲོ་གཉེར་དང་བཅས་པ། ཚོགས་ཐམས་ཅད་ཡོངས་སུ་རྫོགས་པའི་རྟགས་སུ་རལ་པའི་ཐོར་ཚུགས་སྤྱི་བོར་བཅིངས་པ། བྱང་ཆུབ་ཀྱི་སེམས་གོང་ནས་གོང་དུ་འཕེལ་བའི་བརྡར་ཚེས་གཅིག་གི་ཟླ་བས་དབུའི་སྟེང་དུ་བརྒྱན་པ། ཕྲིན་ལས་སྣ་ཚོགས་ཀྱིས་སེམས་ཅན་གྱི་དོན་མཛད་པའི་ཕྱིར་སྣ་ཚོགས་རྡོ་རྗེས་སྤྱི་བོར་མཚན་པ། རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་ལུགས་ལས་འབྱུང་བ་དང༌། ལུགས་ལས་བཟློག་པ་ཐུགས་སུ་ཆུད་པའི་བརྡར་ཕྱག་བཅུ་གཉིས་པ། ཕྱག་དང་པོ་གཉིས་ཀྱིས་བྱང་ཆུབ་ཀྱི་སེམས་དང་སྟོང་པ་ཉིད་མཚོན་པས་རྡོ་རྗེ་དང་དྲིལ་བུ་འཛིན་པ། རྨོངས་པའི་གླང་པོ་དྲིལ་བུ་ནི་ཕྱག་འོག་མ་གཉིས་ཀྱིས་གླང་པོ་ཆེའི་པགས་པ་འཛིན་པ། མཆོག་ཏུ་དགའ་བའི་སྒྲ་སེམས་ཅན་ལ་སྒྲོགས་པ་ནི་གཡས་ཀྱི་གསུམ་པ་ན་ཌཱ་མ་རུ། ཉོན་མོངས་པའི་ཤིང་གཅོད་པ་ནི་བཞི་པ་ན་དགྲ་སྟྭ། ང་རྒྱལ་ལ་སོགས་པའི་སྐྱོན་དྲུག་གཅོད་པ་ནི་ལྔ་པ་ན་གྲི་གུག ལུས་ངག་ཡིད་གསུམ་གྱི་ཉེས་པ་གཅོད་པ་ནི་དྲུག་པ་ན་མདུང་རྩེ་གསུམ་པ། བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་དང་ལྡན་པ་ནི་གཡོན་གྱི་གསུམ་པ་ན་ཁ་ཊྭཱཾ་ག་རྡོ་རྗེས་མཚན་པ། རྣམ་པར་རྟོག་པ་གཅོད་པ་ནི་བཞི་པ་ན་ཐོད་པ་བདུད་ཀྱི་ཁྲག་གིས་བཀང་བ། ཡང་དག་པའི་ཡེ་ཤེས་སེམས་ཅན་གྱི་རྒྱུད་ལ་འཆིང་བ་ནི་ལྔ་པ་ན་རྡོ་རྗེ་ཞགས་པ། གཏི་མུག་སྤངས་པ་ནི་དྲུག་པ་ན་ཚངས་པའི་མགོ་བོ་གདོང་བཞི་པ་བསྣམས་པའོ། །ཐུགས་རྗེ་ཆེན་པོས་སེམས་ཅན་ལ་ཁྱབ་པ་ནི་ཞབས་གཡས་ཐབས་ཀྱི་ངོ་བོ་བརྐྱང་བས་ཆགས་པ་ཆེན་པོས་མྱ་ངན་ལས་འདས་པའི་མཐའ་མནན་པ་ནི་དུས་མཚན་མ་དམར་མོ་ཤིན་ཏུ་རིད་པ་གྲི་གུག་དང་ཐོད་པ་འཛིན་པ། སྐྲ་དམར་སེར་ཅན་གྱི་ཆགས་པའི་གནས་ལྟོ་བ་དང་སྐྱེ་གནས་མནན་པའོ། །ཤེས་རབ་ཀྱི་ཆོས་ཐམས་ཅད་མི་འཛིན་པར་གཏོང་བ་ནི་ཞབས་གཡོན་པ་ཤེས་རབ་ཀྱི་རང་བཞིན་བསྐུམ་པས་རྟོག་པ་དང་ཞེ་སྡང་འཁོར་བའི་མཐའ་མཚོན་པ་འཇིགས་བྱེད་ནག་པོ་ལག་པ་བཞི་པ་གཡས་པ་ཌཱ་མ་རུ་དང་གྲི་གུག གཡོན་པ་ཁ་ཊྭཱཾ་ག་དང་ཐོད་པ་འཛིན་པ། ཁ་ཕུབ་ཏུ་འགྱེལ་བའི་ཞེ་སྡང་གི་གནས་མགོ་བོ་སྙིང་གའི་ཐད་ཀའི་རྒྱབ་ཏུ་བལྟབས་པའི་གདོང་བ་བརྫིས་པ། གདན་གཉིས་ཀ་ཡང་རུས་པའི་རྒྱན་ལྔ་དང༌། མི་མགོ་སྐམ་པོ་དང་རློན་པའི་དོ་ཤལ་དང༌། སྟག་གི་པགས་པའི་ཤམ་ཐབས་གྲོལ་བ་ཅན་ནོ། །གཟུང་འཛིན་སྤངས་བའི་བརྡར་བཅོམ་ལྡན་འདས་ཀྱང་སྟག་གི་པགས་པའི་ཤམ་ཐབས་གྲོལ་བ་ཅན་ནོ། །ཡི་གེ་ཨཱ་ལི་ཀཱ་ལི་ལྔ་བཅུ་དག་པའི་བརྡར་མི་མགོ་ལྔ་བཅུའི་དོ་ཤལ་ཅན། སྒེག་ཅིང་དཔའ་བྱད་མི་སྡུག་པ། །དགོད་དང་དྲག་ཤུལ་འཇིགས་སུ་རུང༌། །སྙིང་རྗེ་རྔམ་དང་ཞི་བ་སྟེ། །གར་དགུའི་རོ་དང་ལྡན་པ་ཉིད། །ཅེས་གར་དགུའི་རོ་དང་ལྡན་པའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་རྣམ་པར་དག་པའི་བརྡར་རུས་པའི་རྒྱན་དྲུག་དང་ལྡན་པའོ། །པང་དུ་བཅོམ་ལྡན་འདས་མ་ཡུམ་རྡོ་རྗེ་ཕག་མོ་ནི་ཆོས་ཐམས་ཅད་དེ་བཞིན་ཉིད་དུ་རོ་གཅིག་པ་ནི་ཞལ་གཅིག་མ། ཁམས་གསུམ་ལ་གཟིགས་ཤིང་དུས་གསུམ་གྱི་དངོས་པོ་རྣམས་མཁྱེན་པ་ནི་སྤྱན་གསུམ་པ། ཐུགས་རྗེ་ཆེན་པོས་སེམས་ཅན་གྱི་དོན་ལ་རྗེས་སུ་ཆགས་པ་ནི་སྐུ་མདོག་དམར་ཞིང་སྐྲ་གྲོལ་བ། ཐབས་དང་མི་འབྲལ་བའི་བརྡར་བྱིན་པ་གཉིས་ཀྱིས་ལེགས་པར་འཁྱུད་པ། གཏི་མུག་གཅད་པའི་བརྡར་ཐོད་པར་འདོད་ཆགས་དང་ཞེ་སྡང་གི་རང་བཞིན་གྱི་ལྷ་དང་ལྷ་མ་ཡིན་གྱི་ཁྲག་གིས་བཀང་བ་ཕྱག་གཡོན་པས་འཛིན་པས་ཡབ་ལ་འཁྱུད་པ། ཉོན་མོངས་པ་དང་བདུད་རྣམས་ལ་བསྡིགས་ཤིང་རྣམ་པར་རྟོག་པ་གཅོད་པས་ཕྱག་གཡས་པ་སྡིགས་མཛུབ་དང་བཅས་པས་གྲི་གུག་བསྣམས་ཤིང་ཕྱོགས་ཐམས་ཅད་དུ་བསྡིགས་པའོ། །དེ་ལྟར་ན་སྣང་བ་དང༌། ཐབས་དང༌། ལྷག་མཐོང་དང༌། ཐུགས་རྗེ་ཆེན་པོ་ནི་བཅོམ་ལྡན་འདས་ཡབ་ཡིན་ལ། སྟོང་པ་དང༌། ཤེས་རབ་དང༌། ཞི་གནས་དང༌། བདེ་བ་ཆེན་པོའི་རང་བཞིན་ནི་ཡུམ་ཡིན་ལ། ཞལ་སྦྱོར་གྱི་རྣམ་པར་བཞུགས་པ་ནི་དེ་དག་ཟུང་དུ་འཇུག་པའི་རང་བཞིན་ནོ། །ཕྱི་དང་ནང་གི་བདུད་ཐམས་ཅད་སྐྲག་པར་བྱེད་པའི་བརྡར་གཉིས་ཀ་ཡང་མེ་རི་འབར་བའི་ནང་ན་བཞུགས་པ་ཡིན་ནོ། །དེ་ལྟར་ཕྱིའི་ཧེ་རུ་ཀ་གསལ་བཏབ་ལ། དེ་ནས་ནང་གི་ལྷ་ཚོགས་རྣམས་གསལ་བཏབ་སྟེ། སྙིང་ག་ཆོས་ཀྱི་འཁོར་ལོ་འདབ་བརྒྱད་ཉིས་བརྩེགས་སུ་ཡོད་པའི་དབུས་ན་རྩ་ཨ་བ་དྷཱུ་ཏཱིའི་རང་བཞིན་ཡི་གེ་ཧཱུྃ་གི་ངོ་བོ་ཉིད་ཀྱིས་གནས་པ་ནི། གཙོ་བོ་བཅོམ་ལྡན་འདས་ཞལ་བཞི་ཕྱག་བཅུ་གཉིས་པ་ཡབ་ཡུམ་ཕྱིའི་ཧེ་རུ་ཀ་དང་མཐུན་པར་གསལ་གདབ་པར་བྱའོ། །དེ་ནས་ཕྱོགས་ཀྱི་འདབ་མ་བཞི་ལ་རང་བཞིན་གྱིས་གནས་པའི་རྩ་ཡི་གེ་བཞི་ཤར་ནས་གཡོན་སྐོར་གྱིས་ལྃ་མྃ་པྃ་ཏཱྃ་བཞི་གནས་པ་ནི་སྙིང་པོའི་རྣལ་འབྱོར་མ་བཞིར་མོས་པ་བྱ་སྟེ། ཤར་དུ་མཁའ་འགྲོ་མ་ནག་མོ། བྱང་དུ་ལཱ་མཱ་ལྗང་གུ། ནུབ་ཏུ་ཁཎྜ་རོ་ཧཱ་དམར་མོ། ལྷོར་གཟུགས་ཅན་མ་སེར་མོ། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། གཡས་གྲི་གུག་གཡོན་ཐོད་པ་གྲུ་མོ་ན་ཁ་ཊྭཱྃ་ག་པདྨའི་སྟེང་ན་གཡས་བརྐྱང་པས་བཞུགས་པ་ཡིན་ནོ། །མཚམས་ན་བདུད་རྩི་ལྔ་འབབ་པའི་རྩ་བཞི་གནས་པའི་བུམ་པའི་སྟེང་ན་ཐོད་པ་བདུད་རྩིས་བཀང་བ་བཞིར་མོས་པ་བྱའོ། །དེ་ནས་སྤྱི་བོ་ནས་པུས་མོའི་བར་དུ་ཡུལ་ཉི་ཤུ་རྩ་བཞིར་པུ་ལ་སོགས་པའི་དབྱིབས་སུ་གནས་པའི་རྩ་རྣམས་ནི་མཁའ་འགྲོ་མའི་རང་བཞིན་ཡིན་ལ། དེ་དག་གི་ནང་ན་གནས་པའི་ཁམས་རྣམས་ནི་དཔའ་བོའི་རང་བཞིན་ཡིན་ཏེ། དེ་དག་ཀྱང་ལྷའི་རྣམ་པར་མོས་པ་བྱེད་ན། ཡི་གེ་དེ་རྣམས་ཀྱི་སྒྲས་དྲངས་པ་ནི་ཕྱི་དང་ནང་ན་གནས་པའི་ཡུལ་རྣམས་ཡིན་པས་ཡུལ་དེ་དང་དེར་མོས་པ་བྱས་པ་ལས་སྤྱིལ་བུའམ། ཕུག་ལྟ་བུའི་རྣམ་པར་བསྒོམ་པ་ནི་མ་ཡིན་ནོ། །དེ་དག་ནི་དཔའ་བོ་དང་རྣལ་འབྱོར་མ་རྣམས་མེ་ལོང་ལ་བཞིན་གྱི་དཀྱིལ་འཁོར་སྣང་བ་བཞིན་དུ་སྣང་ལ་རང་བཞིན་མེད་པར་བསམ་པར་བྱའོ། །དེ་ལྟར་ལྷ་དྲུག་ཅུ་པོ་ཐམས་ཅད་ནི་ཐུགས་ཀའི་གཙོ་བོ་ལ་ཞལ་ཕྱོགས་པའི་ཚུལ་དུ་ཡིན་ཏེ། སྟེང་གི་ལྷ་རྣམས་ནི་འོག་ཏུ་གཟིགས་པ། འོག་གི་ལྷ་རྣམས་ནི་སྟེང་དུ་གཟིགས་པ། ཐད་ཀ་རྣམས་ནི་ཐད་ཀར་གཟིགས་པ་ཡིན་ནོ། །དེ་ཡང་སྤྱིར་ཕྱི་དང་ནང་གི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་གཙོ་བོ་ལ་ཞལ་གཟིགས་པ་ནི་གཙོ་བོ་ཐུགས་ཀྱི་རང་བཞིན་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡིན་ལ། ཡེ་ཤེས་ཐམས་ཅད་དེར་འདུས་པར་མཚོན་པའི་ཚུལ་གྱི་བརྡ་ཡིན་ནོ། །དེ་ལ་ཡི་གེ་རྣམས་ནི་གང་ཞེ་ན། པུ་ཛཱ་ཨཽ་ཨ་གོ་རཱ་དེ་མཱ། ཀཱ་ཨོ་ཏྲི་ཀོ་ཀ་ལ་ཀ་ཧི། པྲེ་གྲྀ་སཽ་སུ་ན་སི་མ་ཀུ། ཞེས་བྱའོ། །དེ་དག་ཀྱང་རིམ་པ་བཞིན་དུ་རྒྱས་པར་བརྗོད་ན། གོ་རིམ་ཇི་ལྟ་བར་སྤྱི་བོར་པུལླཱི་ར་མཱ་ལ་ཡར་ཁཎྜ་ཀ་པཱ་ལི་དང་རབ་ཏུ་གཏུམ་མོའོ། །སྤྱི་གཙུག་ཛཱ་ལནྡྷ་ར་མ་ཧཱ་ཀངྐ་ལ་དང་གཏུམ་པའི་མིག་ཅན་མའོ། །རྣ་བ་གཡས་པ་ཨཽ་ཌྱ་ནར་ཀཾ་ཀ་ལ་དང་འོད་ལྡན་མའོ། །ལྟག་པ་ཨརྦུ་དཱར་མཆེ་བ་རྣམ་པར་གཙིགས་པ་དང་སྣ་ཆེན་མ་སྟེ་གནས་སོ། །རྣ་བ་གཡོན་པ་གོ་དཱ་ཝ་རཱིར་སུ་ར་བེ་རི་དང་བརྟན་པའི་བློ་ཅན་མའོ། །སྨིན་མཚམས་རཱ་མེ་ཤྭ་རཱིར་ཨ་མཱི་ཏ་བྷ་དང་མིའུ་ཐུང་མའོ། །མིག་གཉིས་དེ་བཱི་ཀོ་ཊར་རྡོ་རྗེའི་འོད་དང་ལངྐའི་དབང་ཕྱུག་མའོ། །ཕྲག་པ་གཉིས་མཱ་ལ་ཝར་རྡོ་རྗེའི་སྐུ་དང་ཤིང་གྲིབ་མ་ནི་ཉེ་བའི་གནས་ཏེ་ཐུགས་ཀྱི་འཁོར་ལོ་ནམ་མཁའ་ལ་སྤྱོད་པ་ཐམས་ཅད་ཀྱང་མདོག་སྔོན་པོའོ། །མཆན་ཁུང་ཀཱ་མ་རཱུ་པར་མྱུ་གུ་ཅན་དང་ས་སྲུང་མའོ། །ནུ་མ་གཉིས་ཨོ་ཊེར་རྡོ་རྗེ་རལ་པ་ཅན་དང་འཇིགས་བྱེད་ཆེན་མོ་སྟེ་ཞིང་ངོ༌། །ལྟེ་བ་ཏྲི་ཤ་ཀུ་ནེར་དཔའ་བོ་ཆེན་པོ་དང་རླུང་གི་ཤུགས་ཅན་མའོ། །སྣ་རྩེ་ཀོ་ས་ལར་བཛྲ་ཧཱུྃ་ཀ་ར་དང་ཆང་འཐུང་མ་སྟེ་ཉེ་བའི་ཞིང་ངོ༌། །ཁ་ཀ་ལིཾ་གར་རབ་ཏུ་བཟང་མོ་དང་ཤྱཱ་མ་དེ་བཱིའོ། །མགྲིན་པ་ལམྦཱ་ཀར་རྡོ་རྗེ་བཟང་པོ་དང་ཤིན་ཏུ་བཟང་མོ་སྟེ་ཚནྡོ་ཧའོ། །སྙིང་ཀཱཉྩིར་འཇིགས་བྱེད་ཆེན་པོ་དང་རྟ་རྣ་མའོ། །འདོམ་པར་ཧི་མཱ་ལ་ཡར་མིག་མི་བཟང་དང་བྱ་གདོང་མ་སྟེ་ཉེ་བའི་ཚནྡོ་ཧ་སྟེ་གསུང་གི་འཁོར་ལོ་ས་ལ་སྤྱོད་པ་སྟེ་ཐམས་ཅད་ཀྱང་མདོག་དམར་པོའོ། །མཚན་མ་པྲེ་ཏ་པུ་རིར་སྟོབས་པོ་ཆེ་དང་ཙཀྲ་བེ་གེའོ། །བཤང་ལམ་གྲྀ་ཧ་དེ་ཝར་རིན་ཆེན་རྡོ་རྗེ་དང་ཁཎྜ་རོ་ཧཱ་སྟེ་འདུ་བའོ། །བརླ་གཉིས་སཽ་རཱཥྚར་རྟ་མགྲིན་དང་ཤཽཎྜི་ནཱིའོ། །བྱིན་པ་གཉིས་སུ་ཝརྞ་དྭཱི་པར་ནམ་མཁའི་སྙིང་པོ་དང་ཙཀྲ་ཝརྨི་ནཱི་སྟེ་ཉེ་བའི་འདུ་བ་ཅན་ནོ། །སོར་མོ་བཅུ་དྲུག་ན་ག་རར་ཤྲཱི་ཧེ་རུ་ཀ་དང་ཤིན་ཏུ་དཔའ་མོའོ། །བོལ་གོང་གཉིས་སིནྡྷུར་པདྨ་གར་གྱི་དབང་ཕྱུག་དང་སྟོབས་ཆེན་མ་སྟེ་དུར་ཁྲོད་དོ། །མཐེ་བོང་གཉིས་མ་རོར་རྣམ་པར་སྣང་མཛད་དང་ཙཀྲ་ཝརྟི་ནཱིའོ། །པུས་མོ་གཉིས་ཀུ་ལུ་ཏཱར་རྡོ་རྗེ་སེམས་དཔའ་དང་བརྩོན་འགྲུས་ཆེན་མོ་སྟེ་ཉེ་བའི་དུར་ཁྲོད་དེ་སྐུའི་འཁོར་ལོ་ས་འོག་ན་སྤྱོད་པ་སྟེ་ཐམས་ཅད་ཀྱང་ཁ་དོག་དཀར་པོའོ། །ཁཎྜ་ཀ་པཱ་ལི་ལ་སོགས་པའི་དཔའ་བོ་རྣམས་ནི་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ་སྟེ། རྒྱན་དང་ཆ་ལུགས་རྣམས་ནི་བཅོམ་ལྡན་འདས་གཙོ་བོ་བཞིན་ནོ། །རབ་ཏུ་གཏུམ་མོ་ལ་སོགས་པ་དཔའ་མོ་རྣམས་ནི་ཞལ་གཅིག་ཕྱག་གཉིས་པ་གྲི་གུག་དང་ཐོད་པ་བསྣམས་པ་སྟེ་རྒྱན་དང་ཆ་ལུགས་རྣམས་ནི་རྡོ་རྗེ་ཕག་མོ་ཇི་ལྟ་བ་བཞིན་ནོ། །ཐམས་ཅད་ཀྱང་ས་བཅུ་ཡོངས་སུ་རྫོགས་པའི་རང་བཞིན་ནོ། །སྙིང་གའི་ཕྱི་སྐོར་འདབ་མ་བརྒྱད་ལ་རང་བཞིན་གྱིས་གནས་པའི་ཧཱུྃ་རིང་པོ་བརྒྱད་ནི་སྒོ་མཚམས་མ་བརྒྱད་དེ། ཤར་དུ་ཁྭ་གདོང་མ་ནག་མོ། བྱང་དུ་འུག་གདོང་མ་ལྗང་གུ། ནུབ་ཏུ་ཁྱི་གདོང་མ་དམར་མོ། ལྷོར་ཕག་གདོང་མ་སེར་མོ། ཤར་ལྷོར་གཤིན་རྗེ་བརྟན་མ་གཡས་སྔོ་གཡོན་སེར་བ། ལྷོ་ནུབ་ཏུ་གཤིན་རྗེ་ཕོ་ཉ་མ་གཡས་སེར་གཡོན་དམར་བ། ནུབ་བྱང་དུ་གཤིན་རྗེ་མཆེ་བ་མ་གཡས་དམར་གཡོན་ལྗང་བ། བྱང་ཤར་དུ་གཤིན་རྗེ་འཇོམ་མ་གཡས་ལྗང་གཡོན་སྔོ་བའོ། །ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། གཡས་གྲི་གུག་གཡོན་ཐོད་པ་གྲུ་མོ་ན་ཁ་ཊྭཱཾ་ག གདན་རོའི་སྟེང་ན་ཞབས་གཡོན་བརྐྱང་པས་བཞུགས་པ། གཅེར་བུ་སྐྲ་གྲོལ་བ། རུས་པའི་རྒྱན་ལྔས་བརྒྱན་པའོ། །དེ་ལྟར་ལྷའི་རྣམ་པའི་དམིགས་པ་སྒོམ་པ་བློས་མི་ནུས་པ་རྣམས་དང་ཡང་གང་ཟག་མཆོག་ལྷའི་རྣམ་པ་ལ་དམིགས་པ་བརྟན་པ་ཡི་གེ་ལ་བློ་སྦྱང་བར་འདོད་པ་གཉིས་ཀྱིས་ནི་ལྷའི་གནས་རྣམས་སུ་སོ་སོའི་ཡི་གེ་རྣམས་བསྒོམ་ཞིང་གསལ་གདབ་པར་བྱ་སྟེ། ཧཱུྃ་ལྃ་མྃ་པྃ་ཏཱྃ་པུ་ཛཱ་ཞེས་བྱ་བ་ལ་སོགས་པ་ནས་ཧཱུྃ་རིང་པོ་བརྒྱད་ཀྱི་བར་དུ་བསྒོམ་པར་བྱའོ། །ཡང་ན་བློ་དམན་པས་ཡི་གེ་ཙམ་ཡང་བསྒོམ་པར་མི་ནུས་པ་དང༌། གང་ཟག་དབང་པོ་མཆོག་ཡི་གེ་ལ་བློ་སྦྱང་ནས་ཡི་གེའི་རྟེན་རྩ་ཙམ་ལ་བློ་སྦྱང་བར་འདོད་པ་གཉིས་ཀྱིས་ནི་ཡི་གེའི་རྟེན་ལུས་ཀྱི་ཆ་ཤས་ཀྱི་གནས་ཀྱི་རྩ་ཙམ་ལ་བློ་སྦྱང་ཞིང་བསྒོམ་པར་བྱ་སྟེ། དེ་ལྟར་རྩའམ་ཡི་གེའམ་ལྷ་སུམ་ཅུ་སོ་བདུན་མེ་ལོང་གི་གཟུགས་བརྙན་བཞིན་གསལ་བར་བསྐྱེད་ནས། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་སོ་བདུན་དག་པ་དྲན་པར་བྱ་སྟེ། བདག་གི་ལུས་ཀྱི་གནས་ཀྱི་སྒོ་ནས་ཕྱེ་བའི་ལྷ་སུམ་ཅུ་སོ་བདུན་པོ་འདི་དག་ཀྱང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡིན་ཞིང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡང་ལྷའི་ངོ་བོ་རྣམ་པར་དག་པ་ཡིན་ནོ་ཞེས་དྲན་པར་བྱའོ། །འདི་ལ་སོ་སོ་ནས་དག་པ་རྒྱས་པར་དྲན་པ་ནི་མི་དགོས་སོ། །དེ་ནས་གཞུང་འདི་ན་མེད་ཀྱང་ཀུན་ཏུ་སྤྱོད་པའི་གཞུང་ནས་འབྱུང་བའི་སྔགས་ཀྱི་བྱིན་གྱིས་བརླབ་པར་བྱ་སྟེ། ངག་ཏུ་ཨོཾ་ཨཱཿཧཱུྃ་སརྦ་བཱི་ར་ཡོ་གི་ནཱི་ཀཱ་ལ་ཝཱཀ་ཙིཏྟ་བཛྲ་སྭ་བྷཱ་པ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་དེ་དེའི་དོན་དྲན་པར་བྱ་བ་ནི་ཨོཾ་ཞེས་བརྗོད་པའི་ཚེ་ལུས་ཀྱི་དཀྱིལ་འཁོར་གྱི་སྐུའི་འཁོར་ལོ་དང་འཛམ་བུའི་གླིང་ན་བཞུགས་པའི་སྐུའི་འཁོར་ལོ་དང་འོག་མིན་ན་ལོངས་སྤྱོད་རྫོགས་པའི་སྐུའི་འཁོར་ལོ་དེ་གསུམ་དྲན་པར་བྱ། དེ་བཞིན་དུ་ཨཱཿཞེས་བརྗོད་པས་གསུང་གི་འཁོར་ལོ་གསུམ་དྲན་པར་བྱ། ཧཱུྃ་ཞེས་བརྗོད་པས་ཐུགས་ཀྱི་འཁོར་ལོ་གསུམ་དྲན་པར་བྱ། སརྦ་བཱི་ར་ཡོ་གི་ནཱི་ཞེས་པ་ནི་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཅེས་བྱ་བ་ཡིན་ཏེ། རྟེན་དང་བརྟེན་པར་བཅས་པའི་ལྷ་དྲུག་ཅུ་རྩ་གཉིས་པོ་ཐམས་ཅད་དྲན་པར་བྱ། ཀཱ་ཡ་ཞེས་བརྗོད་པས་སྐུ་གསུམ་དབྱེར་མི་ཕྱེད་སྙམ་དུ་བསམ། ཝཱཀ་ཅེས་བརྗོད་པས་གསུང་གསུམ་དབྱེར་མི་ཕྱེད་སྙམ་དུ་བསམ། ཙིཏྟ་ཞེས་བརྗོད་པས་ཐུགས་ཀྱི་འཁོར་ལོ་གསུམ་དབྱེར་མི་ཕྱེད་སྙམ་དུ་བསམ། བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་བརྗོད་པས་གཉིས་སུ་མེད་པ་དབྱེར་མི་ཕྱེད་པ་རྡོ་རྗེའི་རང་བཞིན་དེ་ཉིད་ང་ཡིན་ནོ་སྙམ་དུ་བསམས་ལ། ཨོཾ་བཛྲ་ཤུདྡྷ་སྶརྦ་དྷརྨཱ་བཛྲ་ཤུདྷོ྅ཧཾ་ཞེས་བརྗོད་པས་དངོས་པོ་ཐམས་ཅད་ཀྱང་ལྷའི་རང་བཞིན་ཡིན་ལ། དེ་དག་ཀྱང་བདག་གི་ལུས་དང་ཐ་མི་དད་ཅིང་དེ་དག་ཀྱང་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་རང་བཞིན་དུ་དག་གོ་ཞེས་དྲན་པར་བྱའོ། །དེ་ལྟར་སྔགས་བརྗོད་པ་ལན་གསུམ་དང་དྲན་པར་བྱ་བ་ལན་གསུམ་གྱིས་ནི་ལུས་ཀྱི་དཀྱིལ་འཁོར་དེ་ཉིད་སྔགས་ཀྱི་བྱིན་གྱིས་བརླབས་ཏེ་བརྟན་པར་བྱ་བའོ། །དེ་ནས་གོ་ཆ་བཅིང་བ་བརྗོད་པར་བྱ་སྟེ། གནས་རྣམས་སུ་ཟླ་བའི་དཀྱིལ་འཁོར་རེ་རེའི་སྟེང་དུ་སྔགས་རྣམས་བསྒོམས་ལ་ལྷ་དེ་དང་དེར་མོས་པ་བྱ་ཞིང་ངག་ཏུ་ཡང་བརྗོད་པར་བྱའོ། །དེ་དག་ཀྱང་གང་ཞེ་ན། བཅོམ་ལྡན་འདས་ཀྱི་ཐུགས་ཀར་ཨོཾ་ཧ་དཀར་པོ་རྡོ་རྗེ་སེམས་དཔར་མོས་པ་བྱ། དེ་བཞིན་དུ། མཚོག་མར་ན་མ་ཧི་སེར་པོ་རྣམ་སྣང༌། སྤྱི་གཙུག་ཏུ་སྭཱ་ཧཱ་ཧུ་དམར་པོ་པདྨ་གར་གྱི་དབང་ཕྱུག ཕྲག་པ་གཉིས་སུ་བཽ་ཥ་ཊ་ཧེ་ནག་པོ་དཔལ་ཧེ་རུ་ཀ མིག་གཉིས་སུ་ཧཱུྃ་ཧཱུྃ་ཧོ་སེར་པོ་རྡོ་རྗེ་ཉི་མ། ཚིགས་ཆེན་བརྒྱད་ལ་ཕཊ་ཧྃ་ལྗང་གུ་བཅོམ་ལྡན་འདས་རྟ་མཆོག་ཏུ་མོས་པ་བྱ། ཡབ་ཀྱི་བཞིན་དུ་ཡུམ་ལ་ཡང་བསམ་ཞིང་ལྷ་ཐམས་ཅད་ལ་ཡང་ཡོད་པར་མོས་པ་ཙམ་བྱའོ། །ཡང་ཡུམ་གྱི་ལྟེ་བའི་དཀྱིལ་འཁོར་དུ་ཨོཾ་བྃ་དམར་མོ་ནི་རྡོ་རྗེ་ཕག་མོར་མོས་པ་བྱའོ། །དེ་བཞིན་དུ་སྙིང་གར་ཧྃ་ཡོཾ་སྔོན་མོ་ནི་གཤིན་རྗེ་མ། ཁར་ཧྲིཾ་མྃ་དཀར་མོ་ནི་རྨོངས་བྱེད་མ། མགོ་བོར་ཧྲེཾ་ཧྲིཾ་སེར་མོ་ནི་སྦྱིན་བྱེད་མ། སྤྱི་གཙུག་ཏུ་ཧཱུྃ་ཧཱུྃ་ལྗང་གུ་ནི་སྐྲག་བྱེད་མ། ཚིགས་ཆེན་བརྒྱད་ལ་ཕཊ་ཕཊ་དུད་ཁ་ནི་ཙཎྜི་ཀར་མོས་པ་བྱ་སྟེ། དེ་ལྟར་ཡབ་ཀྱི་བཞིན་དུ་ཡུམ་ལ་ཡང་བསྒོམ་ཞིང༌། ལྷ་ཐམས་ཅད་ལ་ཡང་གནས་པར་མོས་པ་ཙམ་བྱའོ། །དེ་དག་ཀྱང་རིམ་པ་བཞིན་དུ་རྡོ་རྗེ་སེམས་དཔའ་དང་རྡོ་རྗེ་ཕག་མོ་ནས་རྟ་མཆོག་དང་ཙཎྜི་ཀཱའི་བར་དུ་ཡབ་ཡུམ་གཉིས་སུ་མེད་པ་ཡིན་པས་ན། ཡབ་ཀྱི་ཡི་གེ་རྣམས་ཀྱི་གནས་སུ་ཡང་ཡུམ་གྱི་ཡི་གེ་རྣམས་གཉིས་སུ་མེད་པར་བཞུགས་པར་མོས་ཤིང་ཡུམ་གྱི་ཡི་གེ་རྣམས་ཀྱི་གནས་སུ་ཡང་ཡབ་ཀྱི་ཡི་གེ་རྣམས་བཞུགས་པར་མོས་པ་བྱའོ། །གོ་ཆ་བཅིང་བ་བསྟན་ཟིན་ཏོ།།  །།དེ་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་དགུག་གཞུག་བྱ་བ་ནི་ལུས་ཀྱིས་ལག་པའི་མཛུབ་མོ་གཉིས་མདུད་གུང་མོ་གཉིས་སྦྱར། མཐེ་བོང་གཉིས་ཀྱང་སྦྱར། སོར་མོ་ལྷག་མ་རྣམས་འབར་བའི་ཚུལ་དུ་བྱས་པའི་ཕྱག་རྒྱ་དཔྲལ་བའི་གནས་སུ་བཞག་པ་གཡོན་སྐོར་དུ་བསྒྱུར། མིག་གྱེན་དུ་ལྟ་བ་དང་བཅས་པ་གདོང་བསྒྱུར། རྐང་པ་གཡས་པས་གཡོན་པ་མནན་ལ། ངག་ཏུ་ཕཻཾ་ཞེས་བརྗོད་ཅིང་སེམས་ཀྱིས་སྙིང་གའི་ཧཱུྃ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་སྤྲོས་ཏེ་ཐུགས་བསྐུལ་ནས་མདུན་གྱི་ནམ་མཁའི་གནས་སུ་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་སྤྱན་དྲངས་ལ། ཕྱི་མཆོད་དང་ཡིད་མཆོད་ཀྱིས་མཆོད་དེ། ཛཿཞེས་བརྗོད་པས་ཉེ་བར་བྱོན། ཧཱུྃ་ཞེས་བརྗོད་པས་རྟེན་དང་བརྟེན་པ་སོ་སོ་ལ་ཐིམ། བྃ་ཞེས་བརྗོད་པས་ཡེ་ཤེས་པ་དང་དམ་ཚིག་པ་ཆུ་ལ་ཆུ་བཞག་པ་བཞིན་དུ་འདྲེས། ཧོཿཞེས་བརྗོད་པས་བདག་དམ་ཚིག་སེམས་དཔའ་ཡེ་ཤེས་སེམས་དཔའི་ངོ་བོར་གྱུར་ནས་བདག་ཉིད་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་ཡིན་ནོ་སྙམ་དུ་ང་རྒྱལ་བྱའོ། །དེ་ནས་ཡང་ངག་ཏུ་ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཱ་ཡོ་ག་ཤུདྡྷོ྅ཧཾ་ཞེས་བརྗོད་ཅིང་སེམས་ཀྱིས་སྔགས་དེའི་དོན་ཡེ་ཤེས་ཀྱི་རྣལ་འབྱོར་གྱི་ངོ་བོར་ཆོས་ཐམས་ཅད་དག་ལ་བདག་ཀྱང་དེའི་ངོ་བོར་དག་གོ་ཞེས་བསམ་ཞིང༌། ལུས་ཀྱིས་སྙིང་གར་རྣམ་ལྔ་འདོད་པའི་བསྐོར་བ་བྱས་ནས་མཐར་འཁྱུད་པའི་ཚུལ་དུ་བྱའོ། །ཡེ་ཤེས་ཀྱི་དཀྱིལ་འཁོར་དགུག་གཞུག་བྱའོ།།  །།དེ་ནས་དབང་བསྐུར་བ་བརྗོད་པར་བྱ་སྟེ། གོང་གི་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་པའི་སྐབས་ཀྱི་ལུས་ཀྱི་ཕྱག་རྒྱ་དང༌། སྔགས་དང་ཏིང་ངེ་འཛིན་གྱིས་དབང་བསྐུར་གྱི་ལྷ་དྲུག་ཅུ་རྩ་གཉིས་ཀྱིས་དཀྱིལ་འཁོར་མདུན་གྱི་ནམ་མཁར་སྤྱན་དྲངས། ཕྱི་མཆོད་དང་ཡིད་མཆོད་ཀྱིས་མཆོད། ཁྱེད་རྣམས་ཀྱིས་བདག་ལ་དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པས། དེ་བཞིན་གཤེགས་པ་དེ་རྣམས་ཀྱི་ཕྱག་ན་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པས་སྤྱི་བོ་ན་མར་དབང་བསྐུར་ཞིང༌། ངག་ཏུ། ཇི་ལྟར་བལྟམས་པ་ཙམ་གྱིས་ཀྱང༌། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ་ཞེས་བརྗོད་ཅིང་དབང་བསྐུར་བས། ལུས་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཀྱི་ཆུ་རྒྱུན་གྱིས་གང་སྟེ་ལུས་ངག་ཡིད་གསུམ་གྱི་དྲི་མ་སྦྱངས་ནས་ཆུ་ལྷག་མ་ཡར་ལུད་པ་ལས་རིགས་ཀྱི་བདག་པོས་དབུར་བརྒྱན་པར་བསམས་ཏེ། དེ་ཡང་བཅོམ་ལྡན་འདས་གཙོ་བོ་ལ་གཙོ་བོ་ཉིད་ཀྱིས་དབུར་བརྒྱན་པར་བསམ། སྙིང་པོའི་རྣལ་འབྱོར་མ་བཞི་ལ་རིན་འབྱུང་གིས། ཐུགས་ཀྱི་འཁོར་ལོའི་ལྷ་རྣམས་ལ་མི་བསྐྱོད་པ། གསུང་གི་རྣམས་ལ་འོད་དཔག་མེད། སྐུའི་རྣམས་ལ་རྣམ་སྣང༌། སྒོ་མཚམས་མ་བརྒྱད་ལ་དོན་ཡོད་གྲུབ་པས་དབུར་བརྒྱན་པར་བསམ་པར་བྱའོ། །དབང་བསྐུར་བ་དེ་དག་གི་དུས་སུ་དཀྱིལ་འཁོར་གྱི་འཁོར་ལོ་དེ་དག་གི་ཐུགས་ཀ་ནས་སྒོ་མཚམས་མ་བརྒྱད་དཔག་ཏུ་མེད་པ་སྤྲོས་ཏེ། བདག་གི་དཀྱིལ་འཁོར་ལ་མཆོད་པ་དང༌། བཀྲ་ཤིས་ཀྱི་གླུ་དང༌། བགེགས་བསྐྲད་པས་ནམ་མཁའི་ཁམས་ཐམས་ཅད་གང་བར་བསམ་པར་བྱའོ། །རིགས་ཀྱི་བདག་པོའི་རྒྱས་བཏབ་པའི་རྗེས་ལ། དབང་བསྐུར་གྱི་ལྷ་དེ་དག་གཤེགས་སུ་གསོལ་བའམ་མི་དམིགས་པར་བྱ་བའམ། བདག་གི་ལུས་ལ་བསྡུ་བ་དང་གསུམ་ནི་རང་གི་བློ་ལ་ཇི་ལྟར་བདེ་བར་བྱའོ། །དེ་དག་ནི་བདག་ཉིད་སངས་རྒྱས་སུ་བསྐྱེད་པའོ།།  །།དེ་ནས་དེ་ལ་མཆོད་པ་བྱ་བ་ནི་རྣམ་པ་དྲུག་སྟེ། སྔགས་ཀྱི་མཆོད་པ་དང༌། ཕྱིའི་མཆོད་པ་དང༌། བདུད་རྩིའི་མཆོད་པ་དང༌། མཉེས་པའི་མཆོད་པ་དང༌། ཡིད་ལས་བྱུང་བའི་དང༌། བསྟོད་པའི་མཆོད་པའོ། །དང་པོ་ནི་རྒྱས་པར་བྱེད་པར་སྤྲོ་ན། གསང་སྔགས་ཐམས་ཅད་རྫོགས་པའི་མཆོད་པ་བྱེད་པ་ཡིན་ཏེ། དེ་ནི་ལོགས་སུ་རྟོགས་པར་བྱའོ། །འདིར་དེ་ཙམ་མི་ནུས་ན་འདི་ལྟར་བྱ་སྟེ། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུྃ་ཧཱུྃ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་སཾ་བ་ར་སྭཱ་ཧཱ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡཻ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཧྲཱི་ཧ་ཧ་ཧཱུྃ་ཧཱུྃ་ཕཊ། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡཻ་བཛྲ་ཝརྞ་ནཱི་ཡཻ་ཧཱུྃ་ཧཱུྃ་ཕཊ། ཧཱུྃ་ལྃ་མྃ་པྃ་ཏཱྃ་ཞེས་པ་ཡན་ཆད་ཀྱིས་བདེ་ཆེན་འཁོར་ལོའི་ལྷ་ལྔ་གསལ་གདབ་པའི་ཚུལ་གྱིས་མཆོད་དོ། །དེ་ནས་པུ་ཛཱ་ཨཽ་ཨ་གོརླཱ་དེ་མཱ། ཀཱ་ཨོ་ཏྲི་ཀོ་ཀ་ལ་ཀཱ་ཧི། པྲཻ་གྲྀ་སཽ་སུ་ན་སི་མ་ཀུ། ཞེས་བྱ་བས་ཙཀྲ་གསུམ་གྱི་ལྷ་རྣམས་གསལ་གདབ་པའི་ཚུལ་གྱིས་མཆོད། ཧཱུྃ་རིང་པོ་བརྒྱད་ལན་བརྗོད་པས་དམ་ཚིག་གི་འཁོར་ལོ་གསལ་གདབ་པའི་ཚུལ་གྱིས་མཆོད། སླར་ཡང་ལྷ་ཐམས་ཅད་གསལ་གདབ་པ་བརྟན་པར་བྱ་ཞིང༌། གོ་ཆ་དང་བཅས་པས་མཆོད་པའི་དོན་དུ། ཨོཾ་ཧ། ན་མ་ཧི། སྭཱ་ཧཱ་ཧུ། བཽ་ཥ་ཊ་ཧེ། ཧཱུྃ་ཧཱུྃ་ཧོ། ཕཊ་ཧྃ། ཨྃ་བྃ་ཧྃ་ཡོཾ། ཧྲིཾ་མྃ། ཧྲེཾ་ཧྲིཾ། ཧཱུྃ་ཧཱུྃ། ཕཊ་ཕཊ། ཅེས་བཟླས་པས་མཆོད་ཅིང་བརྟན་པར་བྱ་སྟེ། སྔགས་ཀྱི་མཆོད་པའོ། །དེ་ནས་ཕྱིའི་མཆོད་པ་ནི། དངོས་སུ་བཤམས་པ་ཡོད་ན་ལེགས། མེད་ན་ཡིད་ཀྱིས་སྤྲུལ་པ་ལ་ཡང་ཕྱིའི་མཆོད་པར་མིང་འདོགས་པ་སྟེ། མདུན་དུ་བཤམས་པའམ། ཡིད་ཀྱིས་བསམས་པ་དེ་ཞལ་བཞི་པའི་སྔགས་ཀྱིས་བསངས། སྭ་བྷཱ་ཝའི་སྔགས་ཀྱིས་སྟོང་པར་བསྒོམ། ཨཱཿབདུན་ལས་ཐོད་པ་བདུན། དེའི་ནང་དུ་ཧཱུྃ་བདུན་ལས་མཆོད་ཡོན་ལ་སོགས་པ་དྭངས་ཤིང་ཐོགས་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་གྱིས་གང་བར་བསམ། བཛྲ་ཨརྒྷཾ་ཞེས་བྱ་བ་ལ་སོགས་པ་རང་རང་གི་སྔགས་ཀྱི་བྱིན་གྱིས་བརླབས། དེ་ནས་སྤྲོས་པ་ལ་དགའ་ན་པདྨའི་བསྐོར་བ་དང༌། རང་རང་གི་ཕྱག་རྒྱ་དང་སྔགས་གསུམ་གསུམ་བརྗོད་ཅིང་དབུལ། ཡང་ན་སྔགས་ཙམ་གྱིས་ཕུལ་ཡང་བཏུབ། དེ་ལ་སྔགས་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་སཾ་བ་ར་མཎྜལ་ཙཀྲ་སརྦ་བཱི་ར་ཡོ་གི་ནཱི་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་བྱ་བས་མཆོད་ཡོན་ཕྱག་ཏུ་དབུལ། དེ་ལ་སྔགས་ཀྱི་དབུར་ཨོཾ་ཞེས་བྱ་བ་ནས་སརྦ་བཱི་ར་ཡོ་གི་ནཱི་ཞེས་པ་ཡན་ཆད་ཐམས་ཅད་ཀྱི་མགོར་འོང་བ་འདྲ་བ་ཡིན་ལ། པཱ་དྱཾ་པྲ་ཏཱིཙྪ་སྭཱ་ཧཱ་ཞེས་པས་ཞབས་བསིལ་གྱིས་ཞབས་བཀྲུ། དེ་བཞིན་དུ་བཛྲ་པུཥྤེ་ཨཱཿཧཱུྃ་ཞེས་པས་མེ་ཏོག་དབུ་ལ་དབུལ། ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ་ཞེས་པས་བདུག་སྤོས་ཤངས་ལ་དབུལ། ཨོཾ་བཛྲ་དཱི་པེ་ཨཱཿཧཱུྃ་ཞེས་པས་མར་མེ་སྤྱན་ལ་དབུལ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ་ཞེས་པས་དྲི་ཐུགས་ཀར་དབུལ། ཨོཾ་བཛྲ་ནཻ་བི་དྱེ་ཨཱཿཧཱུྃ་ཞེས་པས་ཞལ་ཟས་ཞལ་དུ་དབུལ། དེ་ནས་རྡོ་རྗེ་དྲིལ་བུ་གསིལ་ཞིང་ཨོཾ་གྷཎྜེ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙ་ལི་ཏེ། པྲ་ཛྙཱ་པཱ་ར་མི་ཏཱ་ནཱ་ད་སཾ་བྷ་བེ་ཏ། བཛྲ་དྷརྨ་ཧྲྀ་ད་ཡ་སནྟྭ་ཥ་ཎི་ཧཱུྃ་ཧཱུྃ་ཧཱུྃ་ཧོ་ཧོ་ཨ་ཁཾ་སྭཱ་ཧཱ་ཞེས་པའི་སྔགས་ཀྱིས་རོལ་མོ་སྙན་ལམ་དུ་དབུལ། དེ་ནས་ནང་བདུད་རྩིའི་མཆོད་པ་བྱ་སྟེ། བདུད་རྩི་དངོས་སུ་འབྱོར་རམ་བསམས་ཀྱང་རུང་སྟེ། འོག་ནས་འབྱུང་བའི་གཏོར་མ་བཞིན་བྱིན་གྱིས་བརླབས་ལ། ལག་པ་གཡོན་པའི་མཐེ་བོང་དང་སྲིན་ལག་གི་ཐོར་བས་ཐོག་མར་བདག་གི་རྩ་བའི་བླ་མ་གང་ཡིན་པའི་མཚན་ནས་བརྗོད་པ་སྔོན་དུ་འགྲོ་བས་ཨོཾ་ཨཱཿཧཱུྃ་ཞེས་བརྗོད་ཅིང་དབུལ། དེ་ནས་བླ་མ་བརྒྱུད་པ་རྣམས་ཀྱི་མཚན་བརྗོད་པ་སྔོན་དུ་འགྲོ་བས་མཆོད་དེ། ཧེ་རུ་ཀ་དཔལ་དཀྱིལ་འཁོར་དང༌། །རྡོ་རྗེ་ཕག་མོ་གྷཎྜ་པ། །རུས་སྦལ་ཞབས་ཅན་འབར་བ་འཛིན། །ཀརྞ་པ་དང་གུ་ཧྱ་པ། །རྣམ་རྒྱལ་ཞབས་དང་ཏི་ལོ་པ། །ནཱ་རོ་པ་དང་ཕམ་ཐིང་པ། །བློ་གྲོས་གྲགས་པ་རྗེ་བཙུན་མཆོད། །ཨོཾ་ཨཱཿཧཱུྃ་ཞེས་བརྗོད་ཅིང་མཆོད། དེ་ནས་དཀྱིལ་འཁོར་གྱི་ལྷ་རྣམས་ལ་སྔགས་མཆོད་ཀྱི་སྔགས་ཐམས་ཅད་རྫོགས་པའམ། འདི་ཉིད་ཀྱི་གོང་དུ་བསྟན་པའི་སྔགས་དང་མཐུན་པས་མཆོད་པར་བྱའོ། །ཡི་གེ་གསུམ་བརྗོད་པས་ཆོས་སྐྱོང་བའི་སྲུང་མ་རྣམས་ལ་ཡང་མཆོད་དེ། ནང་བདུད་རྩིའི་མཆོད་པའོ། །དེ་ནས་བདག་གི་ལྕེ་ལ་བདུད་རྩི་མྱང་བ་བྱས་པས་ལུས་ཀྱི་ལྷ་ཐམས་ཅད་དགེས་པར་གྱུར་ནས། ཨོཾ་ཧྲཱི་ཧ་ཧ་ཧཱུྃ་ཧཱུྃ་ཕཊ་ཅེས་པས་ལྷ་ཐམས་ཅད་ཀྱི་ཞལ་ནས་གསུང་བར་བསམས་ལ། བདག་གིས་ཀྱང་བརྗོད་ཅིང་ལག་པ་གཉིས་སྙིང་གར་རྣམ་ལྔ་འདོད་པའི་བསྐོར་བ་བྱ་སྟེ། མཐར་འཁྱུད་པའི་སྟངས་ཀ་བྱས་ལ་བདེ་བ་ཆེན་པོས་མཉེས་པའི་མཆོད་པ་བྱའོ།།  །།དེ་ནས་ཡིད་ལས་བྱུང་བའི་མཆོད་པ་ནི་སྤྱི་བོར་ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་ཞེས་བྱ་བ་ཐལ་མོ་ཁོང་སྟོང་དུ་སྦྱར་བ་བཅིངས་ལ། མཆོད་པའི་སྤྲིན་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་ལས་བྱུང་བ་ལྟ་བུས་ནམ་མཁའི་ཁམས་གང་བས་ལུས་ཀྱི་དཀྱིལ་འཁོར་མཆོད་པར་བསམ་སྟེ། ངག་ཏུ། ན་མོ་ཆོས་ཀྱི་དབྱིངས་ཀྱི་བྱིན་རླབས་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྗེ་རྣམ་པར་དག་པའི་བྱིན་རླབས་དང༌། གསང་སྔགས་དང་ཕྱག་རྒྱའི་མཐུ་དང༌། བདག་གི་མོས་པ་དང༌། ཏིང་ངེ་འཛིན་དང༌། སྨོན་ལམ་གྱི་དབང་གིས་འཇིག་རྟེན་གྱི་ཁམས་ན་བདག་པོས་ཡོངས་སུ་མ་བཟུང་བའི་མཆོད་པའི་བྱེ་བྲག་ཇི་སྙེད་ཡོད་པ་དང༌། གཞན་ཡང་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་ལྟ་བུ་བསམ་གྱིས་མི་ཁྱབ་པ་ཞིག་བླ་མ་དང༌། དཀྱིལ་འཁོར་གྱི་འཁོར་ལོའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་ལམ་དུ་འབྱུང་ཞིང་རྒྱས་པར་གྱུར་ཅིག་ཅེས་བརྗོད་ལ། ཕྱག་རྒྱ་བཤིག་ལ། ལག་པ་གཉིས་ཀྱིས་སེ་གོལ་གཏོགས། ཡང་ཕྱག་རྒྱ་སྤྱི་བོར་བཅིངས་ལ། ཨོཾ་སརྦ་བིཏ་པུ་ར་པུ་ར། སུ་ར་སུ་ར། ཨཱ་བརྟ་ཨཱ་བརྟ་ཧོ། ན་མཿས་མནྟ་བུདྡྷ་ནཱཾ། ཨ་བྷི་སྨ་ར་ཡེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ། དྷརྨ་དྷཱ་ཏུ་ཨཱ་ཀཱ་ཤ ས་མནྟ་མཾ། སརྦ་ཏ་ཐཱ་ག་ཏ་ཨ་པ་རི་ཤོ་དྷ་ཡེ། མཎྜ་ལེ་མ་མ་པྲ་ཎི་དྷི། པུ་ཎྱ་ཛྙཱ་ན་བ་ལེ་ན། སརྦ་ཏ་ཐཱ་ག་ཏ་བ་ལེ་ན། བནྡྷ་སྭསྠཱ་ན། བ་ལེ་ན་ཙསྭཱ་ཧཱ། ཞེས་བརྗོད་ལ་ཕྱག་རྒྱ་བཀྲོལ་ལ་ལག་པ་གཉིས་ཀྱིས་སེ་གོལ་བརྡབ། ཡང་ཕྱག་རྒྱ་ལན་ཅིག་བཅས་ལ་བཀྲོལ་ཏེ་ལག་པ་གཉིས་ཀས་སེ་གོལ་བརྡབ་པར་བྱའོ། །ཡིད་མཆོད་དོ། །དེ་ནས་རྡོ་རྗེ་དྲིལ་བུ་འཛིན་པས་བསྟོད་པ་བྱ་སྟེ། ཨོཾ་ན་མོ་བྷ་ག་ཝ་ཏེ། ཝཱི་རེ་ཤཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་མ་ཧཱ་ཀལྤཱགྣི་སཾ་ནི་བྷཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཛ་ཊཱ་མ་ཀུ་ཊོཊྐ་ཊཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་དཾཥྚྲཱ་ཀ་རཱ་ལོ་གྲ་བྷཱི་ཥ་ཎ་མུ་ཁཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ས་ཧ་སྲ་བྷུ་ཛ་བྷཱ་སུ་རཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་པ་ར་ཤུ་པཱ་ཤོ་དྱ་ཏ་ཤཱུ་ལ་ཁ་ཊྭཱཾ་ག་དྷཱ་རྀ་ཎེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་བྱཱ་གྷྲ་ཛི་ནཱམྦ་ར་དྷ་རཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་མ་ཧཱ་དྷཱུམ་བྲཱནྡྷ་ཀཱ་ར་ཝ་པུ་ཥཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཅེས་ཡབ་ཀྱི་རྐང་པ་བརྒྱད་པ་དང༌། ཨོཾ་ན་མོ་བྷ་ག་ཝ་ཏི་བཛྲ་བཱ་ར་ཧཱི་བཾ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མཿཨཱརྻཱ་བ་རཱ་ཛི་ཏེ་ཏྲཻ་ལོ་ཀྱ་མཱ་ཏེ་མ་ཧཱ་བིཛྱེ་ཤྭ་རི་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མཿསརྦ་བྷཱུ་ཏ་བྷ་ཡ་བ་ཧེ་མ་ཧཱ་བཛྲེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མོ་བཛྲཱ་ས་ནེ་ཨ་ཛི་ཏེ་ཨ་པ་རཱ་ཛི་ཏེ་བ་ཤྱ་ཀ་རི་ན་ཏྲ་བྷྲ་མ་ཎི་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མ་ཤྴོ་ཥ་ཎི་རོ་ཥ་ཎི་ཀྲོ་དྷེ་ཀ་རཱ་ལི་ནི་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མསྟྲཱ་ས་ནི་མཱ་ར་ཎི་པྲ་བྷེ་ད་ནི་པ་རཱ་ཛ་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མོ་བི་ཛ་ཡེ་ཛམྦྷ་ནི་སྟམྦྷ་ནི་མོ་ཧ་ནི་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མོ་བཛྲ་བྷ་ར་ཧཱི་མ་ཧཱ་ཡོ་གཱི་ནི་ཀཱ་མེ་ཤྭ་རི་ཁ་གེ་ཧཱུྃ་ཧཱུྃ་ཕཊ། ཅེས་བྱ་བ་ཡུམ་གྱི་རྐང་པ་བརྒྱད་ཀྱིས་བསྟོད་པ་བྱའོ། །སྤྲོས་པ་ལ་དགའ་ན། ཆོས་དབྱིངས་རྣམ་དག་དབྱིངས་ལས་མ་གཡོས་ཤིང༌། །ཞེས་པ་ལ་སོགས་པ་དང༌། རྒྱལ་བ་སྤྲུལ་པ་དུས་མཐའི་མེ་ལྟར་རབ་ཏུ་འཇིགས་མཛད་ཅིང༌། །ཞེས་པ་ལ་སོགས་པ་རྣམས་ཀྱིས་བསྟོད་པ་བྱའོ། །བདག་ཉིད་སངས་རྒྱས་སུ་བསྐྱེད་པ་ལ་མཆོད་པ་བྱ་བ་བསྟན་ཟིན་ཏོ།།  །།དེ་ནས་ཚེས་བཅུའི་མཆོད་པ་ལ་སོགས་པའི་དུས་སུ་ནི་མཆོད་པའི་རྗེས་ཁོ་ན་ལ་གཏོར་མ་ལ་འཇུག་པ་ཡིན་ལ། མངོན་པར་རྟོགས་པ་ནར་མའི་སྐབས་སུ་མཆོད་པའི་རྗེས་ཁོ་ན་ལ་བཟླས་པ་བྱེད་པ་ཡིན་པས་དེ་བརྗོད་པར་བྱ། གསང་སྔགས་གང་བཟླས་པ་ཡབ་ཀྱི་ཐུགས་ཀའི་ཧཱུྃ་ལས་བྱུང༌། ཞལ་ནས་འཐོན་པས་ཡུམ་གྱི་ཞལ་དུ་ཞུགས་སྐུའི་དབྱིབས་བརྒྱུད། ཡུམ་གྱི་པདྨ་ནས་ཡབ་ཀྱི་གསང་བའི་རྡོ་རྗེའི་བུ་གར་ཞུགས་སྐུའི་དབྱིབས་བརྒྱུད་དེ་ཐུགས་ཀའི་ཧཱུྃ་ལ་ཐིམ་པའི་ཚུལ་གྱིས་ཏེ། དེ་ཡང་ཞི་བ་ལ་ཁ་དོག་དཀར་པོ། སྔགས་གཅིག་ལ་གཅིག་འབྲེལ་བ་མདའི་ཤུགས་ཀྱིས་རབ་ཏུ་འགྲོ་བ་ཞེས་བྱ་བ་དང༌། རྒྱས་པ་ལ་ཁ་དོག་སེར་པོ་སྔགས་རྣམས་བུངས་བསྐྱེད་ནས་སྒྲོའི་ཆུན་པོ་ལྟ་བུའི་ཚུལ་གྱིས་འགྲོ་བ་ཞེས་བྱ་བ་དང༌། དབང་ལ་ཁ་དོག་དམར་པོ་སྔགས་གཅིག་གི་མཇུག་ལ་གཅིག་གི་མགོས་འཁྱུད་ནས་འགྲོ་བ་སྟེ་ལྕགས་སྒྲོག་ལྟ་བུ་ཞེས་བྱ་བ་དང༌། དྲག་པོ་ལ་ཁ་དོག་ནག་པོ་ཡབ་ཡུམ་གྱི་སྔགས་སྲད་བུ་བསྒྲིལ་བ་ལྟ་བུ་ཞེས་བྱ་བའི་ཚུལ་གྱིས་བཟླས་ཏེ། དེ་ཡང་མཆོག་བསྒྲུབ་པ་ལ་ནི་རིན་ཆེན་བཞི་ཞེས་བྱ་བ། རྩ་སྔགས་གཉིས་དང༌། སྙིང་པོ་གཉིས་དང༌། ཉེ་སྙིང་གཉིས་དང༌། གོ་ཆ་གཉིས་ཏེ་བཞི་པོ་དེ་གང་མོས་པ་གཉིས་སུ་མེད་པར་ཟློ་བ་ཡིན་ཏེ། རྩ་སྔགས་མ་ཡིན་པ་ནི་གཞུང་འདི་ཉིད་ནས་འབྱུང་བ་ཡིན་ནོ། །ཡང་རིན་ཆེན་བཞི་གཉིས་སུ་མེད་པ་མ་ཡིན་པར་ཡབ་ཡུམ་གྱི་སྔགས་ཁ་ཕྲལ་ལ་ཟློ་བ་སྤྲོ་བའི་རིགས་དང༌། ཡང་གསང་སྔགས་བཞི་པོ་ལ་བརྟེན་ནས་ཕྲིན་ལས་བསྒྲུབ་པར་འདོད་པའི་སྒྲུབ་པ་པོས་ནི་ཁ་ཕྲལ་བ་སོ་སོར་བཟླས་ཀྱང་མི་འགལ་ལོ། །བཟླས་པའི་ཕྲེང་བ་ནི་གཙོར་མི་རུས་ཀྱི་ཕྲེང་བ་མཆོག་ཡིན་ནོ། །གཞུང་འདིར་བཟླས་བརྗོད་ཀྱི་རྣལ་འབྱོར་པས་ལྷའི་རྣམ་པ་བསྒོམ་པ་ལ་གཙོར་བྱེད་པ་ཡིན་ནོ། །བསྐྱེད་པའི་རིམ་པ་བསྟན་ཟིན་ཏོ།།  །།དེ་ནས་ཐོ་རངས་ཀྱི་ཐུན་དང་ཉིན་མོའི་སྐབས་གཉིས་སུ་ནི་འདི་ལྟར་སྔོན་ལ་རྫོགས་པའི་རིམ་པ་བསྒོམ་པ་ཡིན་པས། རིམ་པ་ལྔའི་དང་པོར་བདག་བྱིན་གྱིས་བརླབ་པའི་རིམ་པ་བརྗོད་ན། སྙིང་གའི་ཧེ་རུ་ཀའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཐིག་ལེ་ཁ་དོག་དཀར་པོ་ངོ་བོ་བདེ་སྟོང་ཡུངས་འབྲུ་ཙམ་ཞིག་མེ་ལོང་གི་གཟུགས་བརྙན་བཞིན་བསམས་པ། དེ་ལ་སེམས་བསྡུས་ཏེ་བསྒོམ། སྤྲོ་ན་རླུང་ཁ་སྦྱར་བསྒོམས་ཀྱང་འགལ་བ་མེད་དོ། །ཐུན་ཐ་མ་བཞིན་འདི་ལ་བསྡུ་བ་ནི་མི་དགོས་ཏེ། གཏོང་བར་འདོད་པའི་ཚེ་ཕྱི་རོལ་གྱི་ཧེ་རུ་ཀའི་རྣམ་པ་དྲན་པ་ཙམ་གྱིས་ལྡང་བར་བྱའོ། །རྫོགས་པའི་རིམ་པ་སྟེ་མཉམ་པར་གཞག་པའི་རྣལ་འབྱོར་ཐམས་ཅད་བསྟན་ཟིན་ཏོ།།  །།དེ་ནས་སྤྱོད་ལམ་གྱི་རྣལ་འབྱོར་བྱེད་པར་འདོད་ན། གོང་དུ་བསྟན་པ་བཞིན་བདག་གི་ལུས་ལ་དཔའ་བོའི་གོ་ཆ་དང༌། དཔའ་མོའི་གོ་ཆ་དང༌། གོ་ཆ་ཆེན་པོ་ཞེས་པ་གོང་དུ་སྨོས་པའི་ཡུལ་ཉི་ཤུ་རྩ་བཞིའི་གསང་སྔགས་པུ་ཛཱ་ཞེས་བྱ་བ་ལ་སོགས་པ་རྣམས་ངག་ཏུ་བརྗོད་པའི་སྟོབས་ཀྱིས་ཡུལ་ཉི་ཤུ་རྩ་བཞིའི་ལྷ་རྣམས་རང་རང་གི་གནས་སུ་ཐིམ་པར་བསྒོམ་པའོ། །དེ་ནས་བྱེད་པར་སྤྲོ་ན། ཞལ་བཞི་པའི་སྔགས་ཀྱིས་བསྲུང་བར་བྱ་སྟེ། ཨོཾ་སུམྦྷ་ནི་སུམྦྷ་ཧུཾ་ཧཱུྃ་ཕཊ། ཨོཾ་གྲིཧྣ་གྲིཧྣ་ཧུཾ་ཧཱུྃ་ཕཊ། ཨོཾ་གྲིཧྣཱ་པ་ཡ་གྲིཧྣཱ་པ་ཡ་ཧུཾ་ཧཱུྃ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་ཝཱཾ་བཛྲ་རཱ་ཛ་ཧུཾ་ཧཱུྃ་ཕཊ། ཅེས་བརྗོད་ཅིང་ལག་པ་གཡོན་པའི་སྡིགས་མཛུབ་བསྐོར་ཞིང་སེ་གོལ་བརྡབ་པར་བྱ་སྟེ། ཕྱོགས་རྣམས་ནི་ཤར་ནས་བརྩམས་ཏེ་གཡོན་སྐོར་གྱིས། མཚམས་རྣམས་ནི་མེ་ནས་བཟུང་སྟེ་གཡས་སྐོར་གྱིས་བགེགས་རྣམས་ཚར་བཅད་ཅིང་བསྲུང་བར་བྱའོ། །དེ་ལྟར་བསྲུངས་ནས་རང་ཡང་ལྷག་པའི་ལྷར་བསམ་ཞིང་སྣང་བའི་དངོས་པོ་སྣོད་བཅུད་ཐམས་ཅད་ལྷར་བསྒོམ་པ་ནི་སྐུའི་དགའ་བའོ། །ངག་ཏུ་བཅོམ་ལྡན་འདས་ཀྱི་རྐང་པ་བརྒྱད་པའི་རྗེས་ལ་ཡི་གེ་བདུན་པ་ཟློས་ཤིང་སྒྲ་ཅི་གྲག་པ་གསང་སྔགས་སུ་དྲན་པར་བསྒོམ་པ་ནི་གསུང་གི་དགའ་བའོ། །སེམས་གཉིས་སུ་མེད་པའི་ཡེ་ཤེས་སྣང་བ་དང་སྟོང་པ་དབྱེར་མེད་ཟུང་འཇུག་གི་ངོ་བོར་ཤེས་པར་བྱ་བ་ནི་ཐུགས་ཀྱི་དགའ་བའོ། །དེ་ལྟར་ཤེས་པའི་ཚུལ་གྱིས་ཡུལ་རྣམས་ཉེ་བར་ལོངས་སྤྱད་པར་བྱའོ། །སྤྱོད་ལམ་གྱི་རྣལ་འབྱོར་བསྟན་ཟིན་ཏོ།།  །།དེ་ནས་གནས་སྐབས་དང༌། འབྲེལ་ན་ཁ་ཟས་ཀྱི་རྣལ་འབྱོར་ནི། ཁ་ཟས་གཏོར་མ་ལྟར་བྱིན་གྱིས་བརླབ་པའམ། ལག་པ་གཡོན་པའི་མཐེབ་སྲིན་གྱིས་རེག་ལ་ཨོཾ་ཨཱཿཧཱུྃ་ཞེས་བརྗོད་ལ་ཁ་ཟས་བདུད་རྩིའི་རང་བཞིན་དུ་བྱིན་གྱིས་བརླབ། དེ་ནས་སྐབས་འདིར་ལག་པའི་མཆོད་པ་བྱེད་པར་སྤྲོ་ན། ཚུལ་ཇི་ལྟ་བ་བཞིན་བྱ་སྟེ། ལག་པ་གཡོན་པའི་འབྱུང་བ་ལྔའི་ངོ་བོ་ནི་སྙིང་པོའི་རྣལ་འབྱོར་མ་བཞི་རྡོ་རྗེ་ཕག་མོ་དང་ལྔ་ཡིན་ནོ་སྙམ་དུ་བསམ། སེན་མོ་ལྔའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་གཉིས་གཉིས། ལག་པའི་མཐིལ་དུ་པདྨ་འདབ་མ་བཞི་པ་བསམ། དེ་ནས་ཟླ་བའི་དཀྱིལ་འཁོར་གོང་མ་རྣམས་ཀྱི་སྟེང་དང༌། མཐེ་བོང་ལ་ཨོཾ་ཧ་དཀར་པོ། རྡོ་རྗེ་སེམས་དཔའ་ཡིན་ནོ་སྙམ་དུ་མོས་པ་བྱ། དེ་བཞིན་དུ་སྡིགས་མཛུབ་ལ་ན་མ་ཧི་སེར་པོ་རྣམ་པར་སྣང་མཛད། གུང་མོ་ལ་སྭཱཧཱ་ཧུ་དམར་པོ་ནི་པདྨ་གར་གྱི་དབང་ཕྱུག སྲིན་ལག་ལ་བཽ་ཥ་ཊ་ཧེ་ནག་པོ་ནི་མི་བསྐྱོད་པ། མཐེའུ་ཆུང་ལ་ཧཱུྃ་ཧཱུྃ་ཧོ་སེར་པོ་ནི་རྡོ་རྗེ་ཉི་མ། སེན་མོ་ལྔ་ཀའི་ཟླ་བའི་དཀྱིལ་འཁོར་འོག་མ་རྣམས་ཀྱི་སྟེང་དུ་ཕཊ་ཧྃ་ལྗང་གུ་རྟ་མཆོག་ཏུ་མོས་པ་བྱའོ། །མཐིལ་གྱི་འདབ་མ་བཞི་པའི་ལྟེ་བ་ལ་ཨོཾ་བྃ་དམར་མོ་ནི་རྡོ་རྗེ་ཕག་མོར་མོས་པ་བྱ། དེ་བཞིན་དུ་མདུན་ངོས་ཀྱི་འདབ་མ་ལ་ཧྃ་ཡོཾ་སྔོན་མོ་གཤིན་རྗེ་མ། གཡོན་སྐོར་གྱི་ཚུལ་གྱིས་བྱང་གི་འདབ་མ་ལ་ཧྲིཾ་མྃ་དཀར་མོ་རྨོངས་བྱེད་མ། ནུབ་ཏུ་ཧྲེྃ་ཧྲིྃ་སེར་མོ་སྦྱིན་བྱེད་མ། ལྷོ་རུ་ཧཱུྃ་ཧཱུྃ་ལྗང་གུ་སྐྲག་བྱེད་མ། གོང་མའི་ཡི་གེ་རྣམས་ཀྱི་རྒྱབ་ཏུ་ཕཊ་ཕཊ་དུད་ཁ་ནི་ཙཎྜི་ཀཱར་མོས་པ་བྱའོ། །དེ་ནས་ལག་པའི་སོར་མོ་ལྔ་ལག་མཐིལ་གྱི་ཁོང་དུ་ཅུང་ཟད་བསྡུས་ལ། ཐོག་མར་ཞུ་བའི་རྫས་ཆང་ཡོད་ན་གཡས་པའི་མཐེབ་སྲིན་གྱིས་ཐུན་མོང་དུ་གཏོར་བར་བྱའོ། །དེ་ནས་གོང་བུའི་རྫས་ཤ་དང་ཟན་ལ་སོགས་པ་རྣམས་ཡི་གེ་བརྒྱད་པོ་སོ་སོའི་སྟེང་དུ་དུམ་བུ་རེ་རེ་ཞིང་དབུལ་བར་བྱའོ། །དེ་ནས་ཞོ་ལ་སོགས་པ་ཞུ་བའི་རྫས་གཞན་ཡོད་ན་ཡང་གཡས་པའི་མཐེབ་སྲིན་གྱིས་གཏོར་ཞིང་དབུལ་ལོ། །དེ་ནས་ཡང་ཆང་གིས་གཏོར་ཞིང་མཆོད་པར་བྱའོ། །མཆོད་པ་དེ་དག་གི་དུས་སུ་གོ་ཆའི་ལྷ་ཡབ་ཡུམ་གྱི་སྔགས་མང་དུ་བཟླས་ཤིང་དབུལ་བ་ཡིན་ནོ། །དེ་ལྟར་ཕུལ་བའི་རྫས་དེ་རྣམས་ཕྱེད་ནི་རང་ཟ་བའི་ཁ་ཟས་ལ་བསྲེས་ལ་ལོངས་སྤྱད་དོ། །ཕྱེད་ནི་ཐོད་པ་ལ་སོགས་པའི་སྣོད་དུ་བླུགས་ཏེ་གནས་དབེན་པར་བཞག་པ་ནི་ལོངས་སྤྱོད་འགྲུབ་པའི་རྟེན་འབྲེལ་ཡིན་ནོ། །ལག་པ་ལ་གོས་པའི་རྫས་རྣམས་ཕན་ཚུན་མཉེས་ལ་ལུས་ལ་བྱུགས་པས་ཡི་གེ་རྣམས་ལག་པ་དང་ལུས་ལ་ཐིམ་པར་བསྒོམ་པ་ནི་བར་ཆད་བསྲུང་བའི་རྟེན་འབྲེལ་ཡིན་ནོ། །དེ་ལྟར་ལག་པའི་མཆོད་པ་སྔོན་ལ་བྱེད་པ་ནི་དཔེར་ན་རྒྱལ་པོའི་ཕྱག་ཚང་བ་སྔོན་ལ་ཚིམ་པར་བྱས་ནས། གདོད་རྒྱལ་པོའི་སྟོན་མོ་བྱེད་པ་བཞིན་སྔོན་ལ་ལག་པ་མཆོད་ནས་དེ་ནས་གདོད་ལག་པས་གཞན་ལ་མཆོད་པ་བྱེད་པ་ཡིན་ནོ། །དེ་ནས་ཁ་ཟས་ཀྱི་ཕུད་བླ་མ་དང་དཀོན་མཆོག་ལ་དབུལ། དེ་ནས་འབྱུང་པོའི་གཏོར་མ་དང༌། འཕྲོག་མའི་ཆང་བུ་ལ་སོགས་པ་གཞུང་གཞན་ནས་འབྱུང་བ་བཞིན་བྱས་ལ། ལྟེ་བ་ནས་སྙིང་གའི་བར་དུ་མེ་འབར་བས་སྙིང་ག་མེའི་དབུས་ན་བཅོམ་ལྡན་འདས་ལྷ་བཅུ་གསུམ་བཞུགས་པར་གསལ་བར་བལྟ། ལུས་ཀྱི་གནས་ཉི་ཤུ་རྩ་བཞི་ན་དཔའ་བོ་དང་རྣལ་འབྱོར་མ་ཉི་ཤུ་རྩ་བཞི་བཞུགས་པ་དྲན་པར་བྱས་ལ། ཁ་སྦྱིན་སྲེག་གི་ཐབ་ཁུང༌། ལག་པ་གཟར་བུ། ཁ་ཟས་བསྲེག་རྫས་སུ་བསམས་ལ། ལྷ་མཆོད་པའི་བསམ་པས་ལག་པ་གཡོན་པས་ལོངས་སྤྱད་དོ། །གཡོན་པས་རྟག་ཏུ་མི་བྱེད་ན་ཡང་ཁམ་དང་པོ་ལག་པ་གཡོན་པས་ལོངས་སྤྱད་པར་བྱ་སྟེ། གཡོན་གྱི་ཀུན་ཏུ་སྤྱོད་པ་ཡིན་པའི་ཕྱིར་རོ། །དེ་ལྟར་ཁ་ཟས་ཟ་བའི་ཚེའང་ཞི་བའི་བཏུང་བ་བཞིན་མྱང་བ་ཞེས་བྱ་བ་ལྷ་མཆོད་པའི་བསམ་པ་དང༌། དལ་བ་དང༌། རོ་ཕྱིན་པ་དང༌། ཚིམ་པར་ལོངས་སྤྱད་པར་བྱའོ། །ཁ་ཟས་ཀྱི་རྗེས་ལ་ལྷག་མའི་གཏོར་མས་འབྱུང་པོ་རྣམས་ཚིམ་པར་བྱ་བ་དང༌། ཆོས་བདག་མེད་པ་དྲན་པར་བྱས་ལ་ཅུང་ཟད་ཅིག་ངལ་གསོ་བར་བྱའོ། །ཁ་ཟས་ཀྱི་རྣལ་འབྱོར་བསྟན་ཟིན་ཏོ།།  །།དེ་ལྟར་ཐུན་དང་པོའི་རྗེས་ལ། སྔ་དྲོའི་ཐུན་དང་ཕྱི་དྲོའི་ཐུན་ལ་ཡང་དེ་བཞིན་དུ་ཀུན་ཏུ་སྤྱད་པར་བྱའོ། །སྲོད་ཀྱི་ཐུན་ལ་བདག་ཉིད་སངས་རྒྱས་སུ་བསྐྱེད་པ་ལ་མཆོད་ནས་བཟླས་བརྗོད་དང་བསམ་གཏན་གྱིས་ནམ་ཕྱེད་ཚུན་ཆད་ཀྱི་དུས་འདའ་བར་བྱས་ནས་མཚན་ཕྱེད་ཀྱི་དུས་སུ་གཏོར་མ་སྦྱིན་པར་བྱ། གཞུང་འདི་ཉིད་ནས། དམ་ཚིག་སྡོམ་སོགས་ལེགས་གནས་པས། །མཚན་བྱེད་གྱུར་ནས་གཏོར་མ་སྦྱིན། །ཞེས་པ་དང༌། ཨ་བྷི་དྷ་ན་ལས་ཀྱང༌། ཇི་ལྟར་བདེ་བས་དཀྱིལ་འཁོར་དུ། །ཆོ་ག་བཞིན་དུ་གཏོར་མ་ནི། །ལྷོ་ཕྱོགས་ཁ་བལྟས་འདུག་པ་ཡིས། །མཚན་ཕྱེད་དུས་སུ་སྦྱིན་པར་བྱ། །ཞེས་འབྱུང་བ་ཡིན་ནོ། །ཤིན་ཏུ་སྤྲོས་པ་དང་ལྡན་པས་ཐུན་བཞིར་སྦྱིན་པའང་མི་འགལ་ཏེ། དེ་ཉིད་ཀྱི་ལེའུ་དགུ་པ་ལས། ཆོ་ག་འདི་ཡི་རིམ་པ་ཡིས། །ཐུན་མཚམས་བཞི་རུ་སྦྱིན་པར་བྱ། །ཞེས་གསུངས་སོ། །དེ་ལ་གཏོར་མའི་ཆོ་ག་ནི་འཇིག་རྟེན་པའི་དང༌། འཇིག་རྟེན་ལས་འདས་པའི་གཏོར་མ་གཉིས་སམ། མ་འབྱོར་ན་གཅིག་གིས་ཀྱང་རུང་སྟེ་མདུན་དུ་བཤམས་ལ་ཆང་ལ་སོགས་པས་སྦྱངས་ལ། སུམྦྷ་ནི་ལ་སོགས་པ་ཞལ་བཞི་པའི་སྔགས་བརྗོད་ཅིང་བདུད་རྩིས་གཏོར་བས་བགེགས་བསངས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ་ཞེས་བརྗོད་པས་སྟོང་པ་ཉིད་དུ་སྦྱངས། དེའི་ངང་ལས་ཡི་གེ་ཡྃ་ཡོངས་སུ་གྱུར་པ་ལས་རླུང་གི་དཀྱིལ་འཁོར་ཟླ་བ་ཕྱེད་པ་ལྟ་བུ་ཁ་དོག་སྔོན་པོ་ཡྃ་གིས་མཚན་པ་བ་དན་གྱིས་བརྒྱན་པའོ། །དེའི་སྟེང་དུ་རྃ་ལས་བྱུང་བའི་མེའི་དཀྱིལ་འཁོར་རྃ་གྱིས་མཚན་པའོ། །དེའི་སྟེང་དུ་ཨཱཿལས་ཐོད་པ་དཀར་པོ་དུམ་བུ་གསུམ་པ་དཔྲལ་བ་རང་ལ་བསྟན་པ་ཤིན་ཏུ་རྒྱ་ཆེ་བ་ཨཱཿས་མཚན་པའོ། །དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཤ་ལྔ་དང༌། བདུད་རྩི་ལྔ་དང་ཡེ་ཤེས་ལྔ་བསམ་པར་བྱ་སྟེ། དེ་ལ་ཇོ་བོ་ནཱ་རོ་པའི་གསུང་གིས་མན་ངག་གི་དབུས་སུ་གོ་ལས་གོ་རུ་བ་ལང་གི་ཤ ཤར་དུ་ཀུ་ལས་ཀུཀྐུ་ར་ཁྱིའི་ཤ བྱང་དུ་ད་ལས་དནྟ་གླང་པོ་ཆེའི་ཤ ནུབ་ཏུ་ཧ་ལས་ཧཱ་ཡ་འགྲོ་མགྱོགས་རྟའི་ཤ ལྷོར་ན་ལས་ན་ར་མིའི་ཤ ཤ་རེའི་སྟེང་དུ་བདུད་རྩི་རེ་བསམ་པར་བྱ་སྟེ། དབུས་སུ་བི་ལས་བི་ཏྲ་དྲི་ཆེན། ཤར་དུ་མུ་ལས་མུ་ཏྲ་དྲི་ཆུ། བྱང་དུ་ཤུ་ལས་ཤུ་ཏྲ་བྱང་ཆུབ་ཀྱི་སེམས། ནུབ་ཏུ་མ་ལས་མཾ་ས་ཤ་ཆེན་པོ། ལྷོར་ར་ལས་རཀྟ་ཆེན་པོ། འདི་ནི་ཅུང་ཟད་འཁྲུགས་པར་སྣང་ཡང་ཇོ་བོ་ནཱ་རོ་ཏ་པ་ཉིད་ཀྱི་གསུང་ཡིན་པས། བླ་མ་གོང་མ་རྣམས་ཀྱི་ཕྱག་ལེན་ཡང་འདི་ཉིད་དོ། །རྒྱུད་གཞན་ནས་འབྱུང་བ་དང༌། བླ་མ་གཞན་རྣམས་ཀྱི་མན་ངག་དང་བསྟུན་ནས། ཤ་ཆེན་པོ་དང་དྲི་ཆུ་ནི་མི་བསྐྱོད་པའི་རང་བཞིན་དབུས་སུ་འབྱུང༌། བ་ལང་གི་ཤ་དང་དྲི་ཆེན་ནི་རྣམ་པར་སྣང་མཛད་ཀྱི་རང་བཞིན་ཤར་དུ། ཁྱིའི་ཤ་དང་རཀྟ་ནི་རིན་ཆེན་འབྱུང་ལྡན་གྱི་རང་བཞིན་ཏེ་ལྷོར། རྟའི་ཤ་དང་བྱང་ཆུབ་ཀྱི་སེམས་ནི་འོད་དཔག་མེད་ཀྱི་སྟེ་ནུབ་ཏུ། གླང་པོ་ཆེའི་ཤ་དང་ཤ་ཆེན་པོ་ནི་དོན་ཡོད་གྲུབ་པའི་རང་བཞིན་ཏེ་བྱང་དུ་འོང་བར་གསུང་ངོ༌། །དེའི་ལུགས་ལ་མོས་ན་དེ་བཞིན་དུ་བྱས་ཀྱང་མི་འགལ་ཏེ་ལེགས། དེ་ནས་ཡང་ཡེ་ཤེས་ཀྱི་ངོ་བོར་བྱིན་གྱིས་བརླབ་པའི་ཕྱིར་དབུས་སུ་ཧཱུྃ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། ཤར་དུ་བྷྲཱུྃ་ནི་མེ་ལོང་ལྟ་བུའི་ཡེ་ཤེས། བྱང་དུ་ཁྃ་ནི་བྱ་བ་གྲུབ་པའི་ཡེ་ཤེས། ནུབ་ཏུ་ཛྲཱིཾ་ནི་སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས། ལྷོར་ཨཱྃ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་མོས་པ་བྱ། དེ་དག་གི་སྟེང་མཐོ་གང་ཙམ་གྱི་ནམ་མཁའ་ལ། ཨོཾ་དཀར་པོ་མགོ་ཐུར་ལ་བལྟ་བར་བསམ། དེའི་སྟེང་དུ་ཨ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་ཨས་མཚན་པའོ། །དེའི་སྟེང་དུ་ཡི་གེ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་ཧཱུྃ་གིས་མཚན་པའོ། །ཧཱུྃ་དེ་ལས་འོད་ཟེར་འོག་ཏུ་འཕྲོས་པས་རླུང་གི་བ་དན་ལ་ཕོག་པས་རླུང་གཡོས། དེས་མེ་སྦར་ཏེ་ཐོད་པ་བསྲོས་པ་ལས་ཤ་ལྔ་བདུད་རྩི་ལྔ་དང་ཡེ་ཤེས་ལྔ་འོད་དུ་ཞུ་ཞིང་བསྐོལ་བར་བསམ་པར་བྱའོ། །དེའི་རླངས་པ་སྟེང་དུ་འཕྲོས་པས་ཨོཾ་མགོ་ཐུར་དུ་བལྟས་པ་དང༌། ཟླ་བ་དང༌། སྣ་ཚོགས་རྡོ་རྗེ་ཡང་བསྐུལ་ཏེ་དེ་དག་ལས་ཀྱང་བདུད་རྩིའི་རྒྱུན་འཛག་པར་བསམ། སྣ་ཚོགས་རྡོ་རྗེའི་ལྟེ་བའི་ཧཱུྃ་ལས་འོད་ཟེར་སྟེང་དུ་འཕྲོས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་རང་བཞིན་ཐོད་པ་བདུད་རྩིས་བཀང་བ་དུ་མ་སྤྱན་དྲངས་ལ་མདུན་གྱི་ཐོད་པ་ལ་ཐོད་པ་ཐིམ། བདུད་རྩི་ལ་བདུད་རྩི་ཐིམ་སྟེ། ཡེ་ཤེས་ཀྱི་བདུད་རྩི་དང་གཉིས་སུ་མེད་པར་བསམ། སྣ་ཚོགས་རྡོ་རྗེ་དང་ཟླ་བ་དང་ཨོཾ་ཡང་ལྷུང་སྟེ་ཞུ་ནས་གཉིས་སུ་མེད་པར་གྱུར་ནས་ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པར་བསམ་ཞིང༌། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿཞེས་ལན་གསུམ་བཟླས་པས་བྱིན་གྱིས་བརླབ་པར་བྱ་སྟེ། རྫས་སྦྱང་བའི་ཏིང་ངེ་འཛིན་ཏོ།།  །།དེ་ནས་མགྲོན་བསྐྱེད་པ་ནི། ཕྱིའི་དཀྱིལ་འཁོར་རྟེན་དང་བརྟེན་པ་དུར་ཁྲོད་ཆེན་པོ་དང་བཅས་པ་སྐད་ཅིག་གིས་བསྐྱེད་དེ་གསལ་བར་བྱས་ལ། བདག་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་ཏེ་དུར་ཁྲོད་བརྒྱད་ལ་ཕོག་པས་དཀྱིལ་འཁོར་གྱི་འཁོར་ལོ་ཆ་བརྒྱད་དུ་གྱུར་པར་བསམ། དེ་ནས་ལག་པ་འབར་བའི་ཕྱག་རྒྱ་དཔྲལ་བའི་གནས་སུ་གཡོན་དུ་བསྐོར་ཞིང་རྐང་པ་གཡས་པས་གཡོན་པ་མནན་ལ་ངག་ཏུ་ཕཻཾ་ཞེས་བརྗོད་ཅིང་སྙིང་གའི་ཧཱུྃ་གི་འོད་ཀྱིས་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་ཆ་དགུ་སྤྱན་དྲངས་ལ། ཛཿཧཱུྃ་བྃ་ཧོཿཞེས་བརྗོད་པས་བདག་གི་དཀྱིལ་འཁོར་དང་དུར་ཁྲོད་བརྒྱད་ཀྱི་དཀྱིལ་འཁོར་བརྒྱད་དེ། དགུ་པོ་ལ་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱས་ལ། ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨ་ཡོ་ག་ཤུདྡྷོ྅ཧྃ་ཞེས་བརྗོད་པས་རྣམ་ལྔ་འདོད་པའི་བསྐོར་བ་བྱས་ཏེ་བརྟན་པར་བྱའོ། །དེ་ནས་ཐམས་ཅད་ཀྱི་ལྗགས་ཧཱུྃ་ལས་བྱུང་བའི་རྡོ་རྗེ་དཀར་པོ་སྦུ་གུ་ཅན་ཧཱུྃ་གིས་མཚན་པ་རྣམས་ཀྱི་བྱིན་གྱིས་བརླབས་པའི་གཏོར་མ་རྣམས་ལས་ཐོད་པ་བདུད་རྩིས་བཀང་བ་དུ་མ་ཆད་ཅིང༌། ཐམས་ཅད་ཀྱི་ཕྱག་ཏུ་རེ་རེ་བཞག་པས་གསོལ་བར་བསམ་ཞིང༌། ལག་པ་རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་ལ། ངག་ཏུ་ཨོཾ་བཛྲ་ཨཱ་རལླི་ཧོ། ཛཿཧཱུྃ་བྃ་ཧོཿབཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭཾ་དྲྀ་ཤྱ་ཧོཿ ཨོཾ་ཨཱཿཧཱུྃ་ཞེས་བརྗོད་པས་དང་པོས་བདེ་བ་ཆེན་པོའི་འཁོར་ལོ་ཚན་པ་དགུ་མཉེས་ཤིང་ཚིམ་པར་བསམ། དེ་བཞིན་དུ་སྔགས་གཉིས་པས་ཐུགས་ཀྱི་འཁོར་ལོ། གསུམ་པས་གསུང་གི་འཁོར་ལོ། བཞི་པ་སྐུའི་འཁོར་ལོ། ལྔ་པས་དམ་ཚིག་གི་འཁོར་ལོ་ཚན་པ་དགུ་མཉེས་ཤིང་ཚིམ་པར་བསམ་སྟེ། སྔགས་ལན་ལྔའི་བར་དུ་བརྗོད་ལ། དེ་ནས་གྲུབ་ན་ཀ་ར་ཀ་ར་ཞེས་བྱ་བ་ལ་སོགས་པ་ཕྲེང་བའི་སྔགས་བཟླས་པས་ཀྱང་མཉེས་པར་བྱ། རྐང་པ་བརྒྱད་པས་བསྟོད་པ་བྱས་ལ། ཡིད་ལ་ཇི་ལྟར་འདོད་པའི་དངོས་གྲུབ་བླང་ཞིང་གསོལ་བ་གདབ་པར་བྱའོ། །འཇིག་རྟེན་ལས་འདས་པའི་གཏོར་མའོ།།  །།དེ་ནས་ལོ་ཀ་པའི་གཏོར་མ་ནི། གཏོར་མ་གཅིག་ལས་མ་བཤམས་ན་དེ་ཉིད་ཀྱི་ལྷག་མས་མཆོད་པར་བྱ། སྣོད་གཉིས་སུ་བཤམས་ནའང་བྱིན་རླབས་ནི་སྔར་དུས་གཅིག་ཏུ་བྱས་ཏེ་སྐབས་འདིར་བྱིན་རླབས་མི་དགོས་སོ། །དེ་ནས་དཔལ་མགོན་པོ་ནག་པོ་ལ་སོགས་པ་ཆོས་སྐྱོང་ཁྱད་པར་བ་ལའང་གཏོར་མ་གཏོང་ན་འཇིག་རྟེན་པའི་གཏོར་མ་འདི་ཉིད་ཀྱི་ཕུད་ལས་བཏང་ལ་དེ་ནས་ལོ་ཀ་བ་སྤྱི་སྤྱན་དྲང་བར་བྱའོ། །དེ་ལ་སོགས་པའི་མགྲོན་སྤྱན་དྲང་བ་ནི་ལུས་ཀྱིས་འབར་བའི་ཕྱག་རྒྱ་ལ་སོགས་པ་སྔ་མ་བཞིན་བཅིངས་ལ། ངག་ཏུ་ཨོཾ་བཛྲ་ཨཱ་རལླི་ཧོ། ཛཿཧཱུྃ་བྃ་ཧོཿབཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭཾ་དྲྀ་ཤྱ་ཧོཿཞེས་བརྗོད་ཅིང་སྙིང་གའི་ས་བོན་གྱི་འོད་ཀྱིས་འཛམ་བུའི་གླིང་ན་གདོད་ནས་གྲུབ་པའི་དུར་ཁྲོད་བརྒྱད་གནས་པ་སྤྱན་དྲངས་ལ། བདག་གིས་བསྐྱེད་པའི་དུར་ཁྲོད་བརྒྱད་ལ་གཉིས་སུ་མེད་པར་བསྟིམ་པར་བྱའོ། །དེ་ནས་སྔ་མ་ལྟ་བུའི་ཏིང་ངེ་འཛིན་དང་ལྡན་པས་དབུལ་བར་བྱ་ཞིང༌། རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་ལ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ་རཱཀྵ་ས་བྷཱུ་ཏ་པྲེ་ཏ་པི་ཤཱ་ཙ་ཨུནྨཱ་ད་ཨ་པ་སྨཱ་ར་ཌཱ་ཀ་ཌཱ་ཀི་ནྱཱ་ད་ཡཿཨི་མཾ་བ་ལིཾ་གྲིཧྣནྟུ་ས་མ་ཡ་རཀྵནྟུ། མ་མ་སརྦ་སིདྡྷིམྤྲ་ཡཙྪནྟུ། ཡ་ཐཻ་བཾ། ཡ་ཐེཥྚཾ་བྷུཉྫ་ཐ། ཛི་གྷ་ཐ། པི་ཝ་ཐ། མཱ་ཏི་ཀྲ་མ་ཐ། མ་མ་སརྦ་ཀཱརྟ་ཡ། སཏྶུ་ཁཾ་བི་ཤུདྡྷ་ས་ཧཱ་ཡི་ཀ་བྷ་ཝནྟུ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད་པས་དུར་ཁྲོད་ཀྱི་བདག་པོ་རྣམས་མཉེས་པར་བསམ་པར་བྱའོ། །དེ་ནས་རྡོ་རྗེ་དང་དྲིལ་བུ་གསོར་ཞིང་དཀྲོལ་བས་དུར་ཁྲོད་ཀྱི་བདག་པོ་རྣམས་ལ་ཕྲིན་ལས་བཅོལ་བར་བྱ་སྟེ། ལྷ་ཡི་ཚོགས་རྣམས་མ་ལུས་དང༌། །ཀླུ་ཡི་ཚོགས་རྣམས་མ་ལུས་དང༌། །གནོད་སྦྱིན་ཚོགས་རྣམས་མ་ལུས་དང༌། །སྲིན་པོའི་ཚོགས་རྣམས་མ་ལུས་དང༌། །འབྱུང་པོའི་ཚོགས་རྣམས་མ་ལུས་དང༌། །ཡི་དྭགས་ཚོགས་རྣམས་མ་ལུས་དང༌། །ཤ་ཟའི་ཚོགས་རྣམས་མ་ལུས་དང༌། །སྨྱོ་བྱེད་ཚོགས་རྣམས་མ་ལུས་དང༌། །བརྗོད་བྱེད་ཚོགས་རྣམས་མ་ལུས་དང༌། །མཁའ་འགྲོའི་ཚོགས་རྣམས་མ་ལུས་དང༌། །མ་མོའི་ཚོགས་རྣམས་མ་ལུས་དང༌། །མ་ལུས་འཁོར་དང་བཅས་པ་རྣམས། །འདིར་གཤེགས་བདག་ལ་དགོངས་སུ་གསོལ། །བསྟན་པ་བསྲུང་དང་འགྲོ་བའི་དོན་མཛད་ཕྱིར། །ཐུགས་དམ་བཅས་ཤིང་ཞལ་གྱིས་འཆེས་པ་རྣམས། །དཔལ་ཆེན་བཀའ་སྡོད་ཡིན་ལྟར་མགྱོགས་པ་ཡི། །འཇིགས་པའི་གཟུགས་ཅན་དྲག་གཏུམ་མི་བཟད་པ། །གདུག་པ་འདུལ་མཛད་ནག་པོའི་ཕྱོགས་རྣམས་འཇོམས། །རྣལ་འབྱོར་ལས་ལ་འབྲས་བུ་སྟེར་མཛད་ཅིང༌། །མཐུ་སྟོབས་བྱིན་རླབས་བསམ་གྱིས་མི་ཁྱབ་པའི། །གནོད་སྦྱིན་ཚོགས་སོགས་བརྒྱད་ལ་ཕྱག་འཚལ་བསྟོད། །སྡེ་བརྒྱད་བཙུན་མོ་སྲས་དང་གཡོག་བཅས་པས། །དངོས་གྲུབ་ཀུན་གྱི་བཀའ་དྲིན་བདག་ལ་སྩོལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་རིང་དབང་ཕྱུག་དང༌། །དཔལ་དང་གྲགས་དང་སྐལ་བ་བཟང༌། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང༌། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །སྲུང་མས་རྟག་ཏུ་གྲོགས་མཛོད་ཅིག །དུས་མིན་འཆི་དང་ནད་རྣམས་དང༌། །གདོན་དང་བགེགས་རྣམས་བཞི་བ་དང༌། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང༌། །འབྲུ་རྣམས་རྒྱས་ཤིང་ཆོས་འཕེལ་ཞིང༌། །བདེ་ལེགས་ཐམས་ཅད་འགྲུབ་པ་དང༌། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་བརྗོད་པར་བྱའོ། །དེ་ནས་ཡི་གེ་བརྒྱ་པས་བཟོད་པར་གསོལ་ཏེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མགྲོན་རྣམས་རང་བཞིན་གྱི་གནས་སུ་གཤེགས་སུ་གསོལ། མདུན་དུ་སྤྲུལ་པ་རྣམས་བདག་གི་ལུས་ལ་བསྡུ་བར་བྱའོ། །གཅེར་བུར་གྱུར་པས་གཏོར་མ་ནི། །ལྷོ་ཡི་ཕྱོགས་སུ་གཏང་བར་བྱ། །ཡང་ན་གཏོར་མ་ཕྱི་རོལ་དུ་གཏོང་བའི་ཚེ་གོང་གི་ཕྲིན་ལས་གཞོལ་བའི་ཚིགས་བཅད་རྣམས་འདིར་བརྗོད་ལ། འོག་གི་བཟོད་པར་གསོལ་བ་དང༌། གཤེགས་སུ་གསོལ་བ་དང༌། སྤྲུལ་པ་བདག་གི་ལུས་ལ་བསྡུ་བར་བྱ་སྟེ། དེ་ལྟར་ན་ཡང་འགལ་བ་ནི་མེད་དོ། །གཏོར་མའི་རྣལ་འབྱོར་བསྟན་ཟིན་ཏོ།།  །།དེ་ནས་རྫོགས་པའི་རིམ་པ་བདག་བྱིན་གྱིས་བརླབ་པའི་རིམ་པ་ཐིག་ལེའི་རྣལ་འབྱོར་བསྒོམས་ལ། ཇི་སྲིད་དུ་སེམས་གནས་པ་དེ་སྲིད་དུ་བློ་གཞག དེ་ནས་ཉལ་བར་འདོད་པའི་ཚེ་ཐིག་ལེ་ལས་འོད་ཟེར་སྤྲོས་ཏེ། ཁམས་གསུམ་སྣོད་བཅུད་བདག་གི་ལུས་ལ་བསྡུ། བདག་ཕྱིའི་ཧེ་རུ་ཀ་ཡབ་ཡུམ་སྙིང་གའི་ལྷ་བཅུ་གསུམ་ལ་བསྡུ། དེ་དག་ཀྱང་དམ་ཚིག་གི་འཁོར་ལོ་བདེ་བ་ཆེན་པོའི་འཁོར་ལོ་ལ་བསྡུ། བདེ་བ་ཆེན་པོའི་འཁོར་ལོ་ཡང་བཅོམ་ལྡན་འདས་ཡབ་ཡུམ་ལ་བསྡུ། ཡུམ་ཡབ་ལ། ཡབ་ཉིད་ཀྱང་རང་བཞིན་གྱིས་སྙིང་ག་ན་གནས་པའི་ཧཱུྃ་ལ་བསྡུ། ཧཱུྃ་ཡང་ཞབས་ཀྱུ་ནས་ཐིག་ལེའི་བར་དུ་བསྡུས་ལ། ཐིག་ལེ་ཡང་ཇེ་ཕྲ་ཇེ་ཕྲ་ལ་མཐར་མི་དམིགས་པའི་ངང་ལ་བློ་བཞག་ལ་དེའི་ངང་ལ་གཉིད་ལོག་པར་བྱའོ། །ནང་པར་ལྡང་བའི་རྣལ་འབྱོར་གྱིས་ལངས་ལ། ཆོ་ག་ཐམས་ཅད་སྔ་མ་བཞིན་དུ་སྤྱད་པར་བྱའོ། །ལམ་མངོན་པར་རྟོགས་པ་ཐམས་ཅད་བསྟན་ཟིན་ཏོ། །དེ་ལྟར་ལམ་གྱི་རིམ་པ་གཉིས་ལ་བརྟེན་ནས་ཏིང་ངེ་འཛིན་གྱི་དྲོད་རྟགས་ཅི་རིགས་པར་སྐྱེས་པ་དེ་བརྟན་པའི་ཡན་ལག་ཏུ་སྤྱོད་པའི་བྱ་བ་ལ་གཉིས་ཏེ། རང་དོན་གྱི་སྤྱོད་པ་དང༌། གཞན་དོན་ཕྱོགས་ལས་རྣམ་པར་རྒྱལ་བའོ། །དང་པོ་ལ་གསུམ་སྟེ། བསྐྱེད་རིམ་བསྟན་པར་བྱེད་པར་སྤྲོས་བཅས་ཀྱི་སྤྱོད་པ་དང༌། རྫོགས་རིམ་བརྟན་པར་བྱེད་པར་སྤྲོས་མེད་ཀྱི་སྤྱོད་པ་དང༌། གཉིས་ཀ་བརྟན་པར་བྱེད་པ་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པའོ། །དང་པོ་ནི་ལྷའི་ང་རྒྱལ་བརྟན་པར་བྱེད་པ་སྟེ། ཉིན་མོ་དང༌། མཚན་མོར་དབེན་པའི་གནས་སུ་རྒྱན་དྲུག་ལ་སོགས་པ་འཛིན་པས། ཉིན་མོའི་སྣང་བ་དང་ཐབས་ནི་ཧེ་རུ་ཀའི་རང་བཞིན་ཡིན་ལ། མཚན་མོའི་མུན་པ་དང་ཕྱག་རྒྱ་ཤེས་རབ་ནི་རྡོ་རྗེ་ཕག་མོ་ཡིན་ཞིང༌། ཌཱ་མ་རུ་ནི་སྟོང་པ་ཉིད་ཀྱི་སྒྲ་སྒྲོགས་པ་ཡིན་ལ། ཁ་ཊྭཱཾ་ག་ནི་ལྷའི་སྐུ་བདེ་བ་ཆེན་པོ་ཡིན་ནོ་སྙམ་དུ་བསམ་ཞིང༌། བསྐྱེད་པའི་རིམ་པ་ལ་བློ་བརྟན་པར་བྱའོ། །དེ་ནས་བཟའ་བྱ་དང༌། བཟའ་བྱ་མ་ཡིན་པ་གཉིས་སུ་མེད་པ་དང༌། འཇིག་རྟེན་གྱི་ཆོས་བརྒྱད་མགོ་སྙོམས་པའི་རྣམ་པར་རྟོག་པ་བརྟན་ནམ་མི་བརྟན་བརྟག་པར་བྱ་བའི་དོན་དུ་མཚན་མོར་སྤྱོད་པར་བྱེད་ཅིང༌། ཉིན་མོར་རང་གི་རིགས་དང་མཐུན་པའི་སྤྱོད་པས་གནས་པར་བྱེད་པ་ནི་སྤྲོས་མེད་ཀྱི་སྤྱོད་པ་བྱ་བ་ཡིན་ལ། དེ་ཉིད་ཡུལ་གཞན་དུ་རང་གི་རིགས་དང་ཆོ་འབྲང་ལ་སོགས་པ་གསུངས་ནས། སྨྱོན་པའི་ཚུལ་དུ་བརྫུས་ཏེ་གཉིས་སུ་མེད་པའི་སྤྱོད་པ་བྱེད་པ་ནི་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པའོ། །དེ་ནས་དྲོད་ཆེན་པོ་ཐོབ་ནས་སེམས་ཅན་གྱི་དོན་དུ་སློབ་དཔོན་བིརྺ་པའམ། སློབ་དཔོན་རྡོ་རྗེ་དྲིལ་བུ་པ་ལྟར་སྤྱོད་པ་ནི། གཞན་དོན་ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པའོ། །རིམ་པ་གཉིས་སྤྱོད་པ་དང་བཅས་པ་བསྟན་ཟིན་ཏོ།།  །།ཐབས་ཉམས་སུ་བླང་བ་ལས་བྱུང་བའི་འབྲས་བུ་ནི། དམན་པ་ཞི་བ་ལ་སོགས་པའི་ལས་བཞི་ཡན་ལག་དང་བཅས་པ་དང༌། འབྲིང་གྲུབ་པ་ཆེན་པོ་བརྒྱད་མཁའ་སྤྱོད་དང་བཅས་པ་དང༌། རབ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་མི་གནས་པའི་མྱ་ངན་ལས་འདས་པ་རྡོ་རྗེ་འཆང་ཆེན་པོ་ཉིད་གྲུབ་པ་ཡིན་ནོ། །འབྲས་བུ་བསྟན་ཟིན་ཏོ། །རྡོ་རྗེ་འཆང་དབང་ཐུགས་ཀྱི་ཉིང་ཁུ་མཆོག །བཅོས་མིན་རྣལ་འབྱོར་ཆེན་པོ་མཆོག་གི་ལམ། །ཐུགས་རྗེས་སྨིན་གྲོལ་ལམ་གྱི་བསྟན་བཅོས་མཆོག །གང་གིས་མཛད་པ་དེ་ལ་ཕྱག་འཚལ་ལོ། །རྡོ་རྗེ་དྲིལ་བུས་མཛད་པའི་བསྐྱེད་རིམ་གྱི། །གསལ་བྱེད་འདི་ནི་དཔལ་ལྡན་ས་སྐྱ་རུ། །དགེ་བསྙེན་གྲགས་པ་རྒྱལ་མཚན་བདག་གིས་བགྱིས། །དགེ་དེས་འགྲོ་ཀུན་སངས་རྒྱས་སར་འགྲོ་ཤོག །སློབ་དཔོན་རྡོ་རྗེ་དྲིལ་བུ་པས་མཛད་པའི་བསྐྱེད་པའི་རིམ་པའི་གཞུང་གསལ་བར་བྱེད་པ་དགེ་བསྙེན་གྲགས་པ་རྒྱལ་མཚན་གྱིས་ཉེ་བར་སྦྱར་བ་འདི་ཡོངས་སུ་རྫོགས་སོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*