རིམ་པ་ལྔའི་གསལ་བྱེད། ཚེས་བཅུའི་དུས་ཀྱི་མཆོད་པ།

༼ཇ༽

༄༅། །རིམ་པ་ལྔའི་གསལ་བྱེད་བཞུགས།།

༄༅། །ཨོཾ་སྭ་སྟི་སིདྡྷིཾ། དཔལ་ལྡན་བླ་མ་ཧེ་རུ་ཀ་དཔལ་གྱི། །ཞབས་པད་དྲི་མེད་སྤྱི་བོས་བླང་བྱས་ནས། །བྱིན་རླབས་ལམ་གྱི་རིམ་པ་དྲིལ་བུ་པས། །རྒྱུད་ཀྱི་སྙིང་པོ་བསྡུས་པའི་གསལ་བྱེད་བྲི། །སློབ་དཔོན་རྡོ་རྗེ་དྲིལ་བུ་པས་མཛད་པའི་རིམ་པ་ལྔའི་གཞུང་གི་དོན་ལ་གཉིས་ཏེ། བཤད་པར་དམ་བཅའ་བ་དང༌། གཞུང་གི་དོན་དངོས་སོ། །དེ་ལ་གཉིས། ཕན་ཡོན་བསྟན་པ་དང༌། ཉམས་སུ་བླང་བའི་མངོན་པར་རྟོགས་པ་བསྟན་པའོ། །དང་པོ་ལ་གསུམ་སྟེ། མཁའ་འགྲོ་མའི་ཞེས་བྱ་བའི་ཚིག་རྐང་པ་གཉིས་ཀྱིས་ཟློས་པའི་སྐྱོན་སྤང་བའི་སྒོ་ནས་ཕན་ཡོན་མདོར་བསྟན་པ་དང༌། བགྲང་ཕྲེང་བཟླས་པ་ཞེས་བྱ་བ་ལ་སོགས་པ་ཚིག་རྐང་པ་ལྔས་ཕྱི་རོལ་གྱི་བྱ་བ་སྤང་བའི་སྒོ་ནས་ཕན་ཡོན་རྒྱས་པར་བསྟན་པ་དང༌། རྣམ་པར་རྟོག་མེད་འཇིགས་བྲལ་བའི། །ཞེས་བྱ་བ་ལ་སོགས་པ་ནས་ད་ལྟར་བྱུང་བ་ཞེས་པའོ་ཞེས་བྱ་བའི་བར་གྱིས་ཏིང་ངེ་འཛིན་དང་འབྲས་བུ་སྐྱེ་བའི་རིམ་པའི་སྒོ་ནས་ཕན་ཡོན་ཤིན་ཏུ་རྒྱས་པར་བསྟན་པའོ། །ཉམས་སུ་བླང་བའི་མངོན་པར་རྟོགས་པ་ལ་གཉིས་ཏེ། བྱིན་རླབས་ཀྱི་རིམ་པ་དང༌། ཉམས་སུ་བླང་བའི་རིམ་པ་དངོས་སོ། །དང་པོ་ལ་གཉིས་ཏེ། མངོན་པར་ཞེན་པ་བཟློག་པ་དང༌། བྱིན་གྱིས་བརླབ་པ་དངོས་སོ། །ཉམས་སུ་བླང་བའི་རིམ་པ་ལ་ལྔ་སྟེ། བདག་བྱིན་གྱིས་བརླབ་པའི་རིམ་པ་དང༌། སྣ་ཚོགས་རྡོ་རྗེའི་རིམ་པ་དང༌། ནོར་བུ་འགེངས་པའི་རིམ་པ་དང༌། ཛཱ་ལནྡྷ་རའི་རིམ་པ་དང༌། བསམ་གྱིས་མི་ཁྱབ་པའི་རིམ་པའོ། །རིམ་པ་དང་པོ་ལ་གཉིས་ཏེ། ཉམས་སུ་བླང་བ་དང༌། དེའི་ཕན་ཡོན་ནོ། །དང་པོ་ལ་གཉིས་ཏེ། ས་བོན་དང་བཅས་པ་དང༌། ས་བོན་མེད་པའི་བདག་བྱིན་གྱིས་བརླབ་པའི་རིམ་པའོ། །རིམ་པ་གཉིས་པ་སྣ་ཚོགས་རྡོ་རྗེའི་རིམ་པ་ལའང་གཉིས་ཏེ། ས་བོན་དང་བཅས་པ་དང༌། ས་བོན་མེད་པའོ། །རིམ་པ་གསུམ་པ་ནོར་བུ་འགེངས་པའི་རིམ་པ་ལ་བཞི་སྟེ། དམ་ཚིག་གི་ཕྱག་རྒྱ་དང༌། ལས་ཀྱི་ཕྱག་རྒྱ་དང༌། ཆོས་ཀྱི་ཕྱག་རྒྱ་དང༌། ཕྱག་རྒྱ་ཆེན་པོའོ། །རིམ་པ་བཞི་པ་ལ་གཉིས་ཏེ། བསྒོམ་པའི་རིམ་པ་དང༌། དེའི་ཕན་ཡོན་རྟགས་དང་བཅས་ཏེ་བསྟན་པའོ། །རིམ་པ་ལྔ་པ་ལ་གཉིས་ཏེ། བསྒོམ་པའི་རིམ་པ་དང༌། དེའི་ཕན་ཡོན་བསྟན་པའོ། །བསྡུ་པའི་དོན་བསྟན་ཟིན་ཏོ།།  །།དེ་ལ་དང་པོ་བཤད་པར་དམ་བཅའ་བའི་དོན་ནི་འདི་ཡིན་ཏེ། བླ་མའི་བྱིན་རླབས་ལ་བརྟེན་ནས་སློབ་མའི་རྒྱུད་ལ་སྐད་ཅིག་ཙམ་ལ་ཡེ་ཤེས་སྐྱེ་བར་འགྱུར་བ་འཁོར་ལོ་བདེ་མཆོག་གི་རྩ་བ་དང་བཤད་པའི་རྒྱུད་ཐམས་ཅད་ན་སྦས་པ་དེ་བདག་གིས་འདིར་བཤད་པར་བྱའོ། །ཞེས་བྱ་བའི་དོན་ཏོ། །གཞུང་གི་དོན་གཉིས་ཀྱི་དང་པོ་ཕན་ཡོན་ལ་གསུམ་ཡོད་པ་ལས་དང་པོ་མདོར་བསྟན་པ་ནི། ཕྱི་རོལ་གྱི་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ལུས་ཀྱི་རྩ་དང་རླུང་དང་བྱང་ཆུབ་ཀྱི་སེམས་ལ་འདུས་པའི་སྙིང་པོ་ལྟ་བུའི་དོན་ནི་བླ་མའི་བྱིན་རླབས་ཀྱིས་བསྐྱེད་པ་ཡིན་ནོ་ཞེས་མོས་པ་བྱའོ། །ཕན་ཡོན་གཉིས་པ་ནི་ཕྱི་རོལ་ལ་དམིགས་པའི་བགྲང་ཕྲེང་དང༌། བཟླས་བརྗོད་དང༌། བསམ་གཏན་དང༌། ལྷ་མཆོད་པ་དང༌། ཚེས་གྲངས་དང༌། ཁྲུས་དང༌། ཕྱི་དྲོའི་ཁ་ཟས་སྤང་བ་ལ་སོགས་པའི་ཉེས་པ་དང༌། སྦྱིན་སྲེག་དང༌། དཀྱིལ་འཁོར་ལ་ལྷ་གནས་པའི་ངེས་པ་དང༌། གླེགས་བམ་ཀློག་པ་དང༌། ངག་གི་ཁ་ཏོན་ལ་སོགས་པ་ཐམས་ཅད་འདིར་མེད་པས་མི་དགོས་ཏེ། བླ་མའི་བྱིན་རླབས་ལ་བརྟེན་ནས་ཏིང་ངེ་འཛིན་སྐྱེ་བ་ཡིན་ནོ་ཞེས་སྟོན་པ་ཡིན་ནོ། །ཕན་ཡོན་གསུམ་པ་ནི་སློབ་མའི་རྒྱུད་ལ་ཡེ་ཤེས་སྐྱེས་ནས་དེ་བརྟན་པར་བྱ་བའི་ཕྱིར་བསྒོམ་པ་ལ་འབད་ན་དགའ་བ་ཁྱད་པར་ཅན་དང་ལྡན་པ་དང༌། མངོན་པར་ཤེས་པ་ལྔ་ཐོབ་པ་དང༌། ས་བཅུ་ཐོབ་པ་དང༌། ནམ་མཁའ་ལ་འགྲོ་བ་ལ་སོགས་པའི་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པ་འབྱུང་བ་དང༌། སྐྱེ་བ་དྲན་པ་དང༌། ཁམས་གསུམ་པོ་ཐམས་ཅད་ཀྱི་སེམས་ཀྱི་གནས་ལུགས་ཤེས་པ་དང༌། འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་དུས་གསུམ་པོ་ཐམས་ཅད་ཇི་ལྟ་བ་བཞིན་དུ་ཤེས་པ་སྟེ། མདོར་ན་རྡོ་རྗེ་འཆང་ཉིད་འགྲུབ་བོ་ཞེས་པའི་དོན་ཏོ། །ཕན་ཡོན་བསྟན་ཟིན་ཏོ།།  །།བྱིན་གྱིས་བརླབ་པའི་རིམ་པ་ནི་ཐོག་མར་སྔོན་དུ་བསྙེན་པ་བྱ་དགོས་ཏེ། དེའང་གྲུབ་ན་བུམ་པ་གཅིག་ལེགས་པར་བཅས་ལ་བཅུད་བཅུག་སྟེ། བུམ་པ་དེ་ལ་བསམ་རྒྱུ་ནི་ཅི་ཡང་མེད་དོ། །དེའི་སྟེང་དུ་ཐོད་པ་མཚན་དང་ལྡན་པའམ། དུང་ཆོས་སམ། རིན་པོ་ཆེའི་སྣོད་དུ་ཆང་ལ་བདུད་རྩི་སྦྱར་བ་བླུགས་ལ་གཞག བུམ་པ་བཅའ་བ་མ་གྲུབ་ཀྱང་ཉེས་པ་མེད་དོ། །དེ་ནས་གྲུབ་ན་ཚོགས་ཀྱི་འཁོར་ལོའི་ཡོ་བྱད་ལ་སོགས་པ་དང༌། དཔའ་བོ་དང་རྣལ་འབྱོར་མ་ལྔ་ཡན་ཆད་སྤྱན་དྲངས་ལ་ཚོགས་ཀྱི་འཁོར་ལོ་བྱ་སྟེ་བསྙེན་པ་བརྩམ། བསྙེན་པའི་སྐབས་འདིར་ཚོགས་ཀྱི་འཁོར་ལོ་མ་གྲུབ་ཀྱང་ཉེས་པ་མེད་དོ། །དེའང་བདག་ཉིད་སངས་རྒྱས་སུ་བསྐྱེད་པ་ལ་མཆོད་པ་བྱས་ནས་མདུན་དུ་བུམ་པའི་སྟེང་དུ་དུང་ཆོས་སམ་ཐོད་པར་བདུད་རྩི་བཤམས་པ་དེ་བདུད་རྩིས་མཆོད་པའི་སྐབས་བཞིན་དུ་བྱིན་གྱིས་བརླབ། དེ་ལ་གཟུངས་ཐག་བཏགས་པའམ་ལག་པ་གཡོན་པས་རེག་ལ་བཟླས་བརྗོད་བྱ་སྟེ། རབ་ནི་སྒྲའམ་འོད་བྱུང་བྱུང་དུ་བསྙེན་པ་བྱེད་པ་ཡིན། འབྲིང་ཞག་བདུན་བྱ། ཐ་མ་ནི་གཙོ་བོ་ཡབ་ཡུམ་གྱི་སྙིང་པོའམ། ཉེ་བའི་སྙིང་པོ་གཉིས་གང་བཟླས་ཀྱང་འདྲ་ཞེས་གསུང་ནའང་ཡི་གེ་བདུན་པ་འབའ་ཞིག་ལ་ཁྲི་ཕྲག་བདུན་བཟླས་ལ་བསྙེན་པ་བྱའོ། །དེ་ནས་བསྙེན་པ་ཚར་ནས་གནས་ཁང་དབེན་པར་ཚོགས་ཀྱི་འཁོར་ལོའི་ཡོ་བྱད་བཤམ། དཔའ་བོ་དང་རྣལ་འབྱོར་ལ་ལྔ་ཡན་ཆད་སྤྱན་དྲངས། མཎྜལ་ཕུལ་ལ་ཏིང་ངེ་འཛིན་ལ་གནས་པར་གསོལ་བ་གདབ། བདག་ཉིད་སངས་རྒྱས་སུ་བསྐྱེད་པ་ལ་མཆོད་པ་བྱ། དམ་ཚིག་ཅན་ལ་གཏོར་མ་སྦྱིན། ཚོགས་ཀྱི་འཁོར་ལོའི་ཡོ་བྱད་བྱིན་གྱིས་བརླབས་ཏེ་ཕུད་བླ་མ་དང་གཏོར་མ་ལ་ཕུལ་ལ་ལོངས་སྤྱད། ཚོགས་ཀྱི་ཁ་ཟས་ཀྱིས་ཚིམ་པ་དང་ལྷག་མའི་གཏོར་མ་བསྡུ་བ་ལ་སོགས་པ་ཚོགས་ཀྱི་མཇུག་གི་ཆོ་ག་རྣམས་བྱ། འཇིག་རྟེན་ལས་འདས་པའི་གཏོར་མ་བསྲུང་བའི་དོན་དུ་གཞག ཀུན་གྱི་དཔའ་བོའི་གོ་ཆ་དང༌། དཔའ་མོའི་གོ་ཆ་དང༌། ཐ་མ་སྔགས་ཀྱིས་བསྲུང་བ་རྣམས་བྱ། སྔར་བྱིན་རླབས་འདི་མ་ཐོབ་པའི་ཚོགས་པ་རྣམས་གཞན་དུ་བཏང༌། སློབ་མ་མཚན་ཉིད་དང་མི་ལྡན་ཞིང་ལུས་ཀྱི་དཀྱིལ་འཁོར་དུ་དབང་མ་ཐོབ་པ་ལ་ནི་བྱིན་རླབས་མི་བྱེད་ལ། མཚན་ཉིད་དང་ལྡན་ཞིང་ལུས་ཀྱི་དཀྱིལ་འཁོར་དུ་དབང་ཐོབ་པ་ལ་ནི་སློབ་མ་རྣམས་གྲལ་ལ་རིམ་གྱིས་འཁོད་དུ་གཞུག བླ་མ་ལ་མཎྜལ་ཕུལ་ལ་ངག་ཏུ། བླ་མ་རིན་པོ་ཆེ་བདག་ལ་བྱིན་གྱིས་བརླབ་པའི་རིམ་པས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ལན་གསུམ་གྱི་བར་དུ་གསོལ་བ་གདབ། དེ་ནས་སློབ་མ་རྣམས་ཞལ་བཞི་ཕྱག་བཅུ་གཉིས་པར་སྐད་ཅིག་ཙམ་གྱིས་བསྒོམ། སྤྲོས་པ་ལ་དགའ་ན་ལུས་ལ་ལྷ་སུམ་ཅུ་སོ་བདུན་ཡང་བསམ། དེ་ནས་སྔར་གྱི་བདུད་རྩི་རིལ་བུ་ཆང་དང་སྦྱར་བ་བསྙེན་པའི་སྐབས་སུ་བཅས་པ་དེ་ལ་སྟེང་དུ་ཡི་གེ་ཧཱུྃ་དམར་པོ་ཅིག་བསམས་ལ། དེ་ཞུ་བའི་སྟོབས་ཀྱིས་བདུད་རྩི་ཐམས་ཅད་དམར་མེར་སོང་བར་བསམས་ལ་ལག་པ་གཡོན་པས་བཀབ་སྟེ། ཡི་གེ་བདུན་པ་བརྒྱ་རྩ་བརྒྱད་བཟླས་ལ་སློབ་མ་ལ་ཧུབ་རེ་བླུད། ལག་པ་གཡོན་པའི་མཐེབ་སྲིན་གྱི་ཐོར་མས་སློབ་མའི་ལུས་ཐམས་ཅད་ལ་གཏོར་བར་བྱའོ། །དེ་ནས་བླ་མས། མགལ་མེ་བསྐྱོད་པའི་རྣམ་པ་ཅན། །སེམས་ནི་ཡུལ་ལ་རབ་ཏུ་རྒྱུག །དེ་ནི་དེ་ལས་རྣམ་བཟློག་ནས། །མཚོན་དུ་མེད་པ་མཚོན་པར་བྱ། །ཞེས་བརྗོད་ལ་དེའི་དོན་ཡང་བཤད་པར་བྱ་སྟེ། མགལ་མེ་བསྐྱོད་པ་བཞིན་དུ་སེམས་ཡུལ་ཐམས་ཅད་ལ་དུས་ཀུན་ཏུ་རྒྱུག་པ་ཡིན་པས་ན་དེ་ཡུལ་ལས་མ་བཟློག་ན་ཏིང་ངེ་འཛིན་མི་སྐྱེ་སྟེ། དེའི་ཕྱིར་ཡུལ་དེ་ལ་མངོན་ཞེན་གཏོང་བར་བྱ་དགོས་པས་ན་བུ་ཁྱེད་རྣམས་གང་ལ་མངོན་པར་ཞེན་པ་སྐྱེ་བར་འདུག་སོམས་ཤིག ཅེས་བརྗོད་ལ། དེ་ནས་ཡང་བཤད་པ། གཟུགས་རྣམས་ནི་མེ་ལོང་གི་གཟུགས་བརྙན་ལྟ་བུ་སྟེ། དེ་ལ་མངོན་པར་ཞེན་པ་བྱར་མེད་པ་དེ་བཞིན་དུ་སྒྲ་རྣམས་ནི་བྲག་ཅ་ལྟ་བུའོ། །ཚོར་བ་ནི་ཆུའི་ཆུ་བུར་ལྟ་བུའོ། །འདུ་ཤེས་ནི་སྨིག་རྒྱུ་ལྟ་བུའོ། །འདུ་བྱེད་ནི་ཆུ་ཤིང་ལྟ་བུའོ། །རྣམ་པར་ཤེས་པ་ནི་སྒྱུ་མ་ལྟ་བུ་སྟེ། མདོར་ན་ཆོས་ཐམས་ཅད་ནི་སེམས་ཀྱི་སྣང་བ་ཙམ་ཡིན་ལ། སེམས་དེའང་རང་བཞིན་མེད་པ་ཙམ་ཡིན་པའི་ཕྱིར་མཚོན་བྱ་ནི་འདི་ཡིན་ལ། མཚོན་པར་བྱེད་པ་ནི་འདིས་མཚོན་པར་བྱེད་དོ། །ཞེས་བརྗོད་དུ་མེད་པས་ན་བརྗོད་པའི་མཐའ་ཐམས་ཅད་དང་བྲལ་བ་ཡིན་མོད་ཀྱི། བརྗོད་དུ་མེད་པ་དེ་ཉིད་བློའི་ཡུལ་དུ་ཅུང་ཟད་སྐྱེས་པ་དེ་ནི་མཚོན་དུ་མེད་པ་མཚོན་པར་བྱ། ཞེས་བྱ་བའི་དོན་ཏོ། །ཞེས་བརྗོད་ལ་བདག་མེད་པ་ལ་བློ་ཅུང་ཞིག་འཇོག་ཏུ་གཞུག་གོ །དེ་ལྟར་དེའི་སེམས་ཡུལ་ལས་བཟློག་ནས་བྱིན་གྱིས་བརླབ་པ་དངོས་ནི་སློབ་དཔོན་བདག་ཉིད་རྣལ་འབྱོར་བརྟན་པར་དྲན་པར་བྱས་ལ། བདག་གི་སྙིང་གའི་ཧཱུྃ་ལས་ཧཱུྃ་གཅིག་ཆད་དེ་སྣ་བུག་གཡས་ནས་ཕྱུང་ལ་སློབ་མའི་སྣ་བུག་གཡོན་པ་ནས་བཅུག དེའི་སྙིང་གར་ཟླ་བའི་སྟེང་དུ་གཞག་པར་བྱའོ། །ཧཱུྃ་དེའི་འོད་ཟེར་གྱིས་དེའི་ལུས་ཐམས་ཅད་དཀར་བའམ་དམར་བས་མེར་གྱིས་ཁེངས་པར་བསམས་ཏེ། དེའང་སློབ་དཔོན་འབའ་ཞིག་གིས་བསྒོམ་པའམ། ཡང་ན་སློབ་མ་དང་གཉིས་ཀས་བསྒོམ་པར་བྱའོ། །དེའི་དུས་སུ་སློབ་དཔོན་གྱིས་ཡི་གེ་བདུན་པ་བཟླས་ཤིང་དྲིལ་བུའམ། ཌཱ་མ་རུའི་སྒྲ་ཅུང་ཟད་བྱ་ཞིང་སྔར་གྱི་བདུད་རྩིས་ཀྱང་གཏོར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱང་ཞུགས་པར་བསམ་པར་བྱའོ། །དེ་ལ་བྱིན་རླབས་ཀྱི་རྟགས་གང་ཟག་གི་རིམ་པས་ལྔ་འབྱུང་བར་འགྱུར་ཏེ། ལུས་འཕར་བའམ། འདར་བའམ། བདེ་བ་དང་གསུམ་ནི་ལུས་ལ་འབྱུང་བའི་རྟགས་སོ། །ངག་སྨྲ་བ་དང༌། དགོད་པ་ལ་སོགས་པ་ནི་ངག་གི་རྟགས་སོ། །སེམས་ལ་མི་རྟོག་པ་སྐྱེས་པ་ནི་སེམས་ཀྱི་རྟགས་སོ། །དེ་ལ་རྟགས་དང་པོ་བྱུང་ན་ནི་གང་ཟག་དམན་པ་ཞེས་བྱའོ། །གཉིས་པ་ལ་ནི་ཐ་མ་ཞེས་བྱའོ། །གསུམ་པ་ལ་ནི་འབྲིང་པོ་ཞེས་བྱའོ། །བཞི་པ་ལ་ནི་རབ་ཅེས་བྱའོ། །ལྔ་པ་ལ་ནི་ཡང་རབ་ཅེས་བྱའོ། །ཡང་ན་ཐ་མ་ལུས་ལ་ཕེབས་པའི་རྟགས་ནི་འདར་བ་དང་འཕར་བ། འབྲིང་ངག་ལ་ཕེབས་པའི་རྟགས་ནི་སྨྲ་བ་དང་དགོད་པ། རབ་ལ་བདེ་བའི་རང་བཞིན་དུ་བྱུང་བ། ཡང་རབ་ལ་བདེ་སྟོང་གི་རང་བཞིན་དུ་བྱུང་བའོ་ཞེས་ཀྱང་གསུངས་ཏེ། འདི་ནི་རིམ་པ་ལྔའི་བསྒོམ་ཁྲིགས་དང་བག་ཙམ་མི་མཐུན་ནོ། །དེ་ནས་བྱིན་རླབས་ཀྱི་རྒྱུན་དེའི་དམིགས་པ་བག་ཙམ་ཞིག་གཏོད་དུ་བཅུག་ལ་བླ་མ་ལ་ཡོན་དབུལ་ཞིང་ཞབས་ལ་ཕྱག་བྱ། ལས་ཀྱི་རྗེས་རྣམས་བསྡུ་བར་བྱའོ། །བྱིན་རླབས་ཀྱི་རིམ་པ་བསྟན་ཟིན་ཏོ།།  །།དེ་ནས་ལམ་གྱི་རིམ་པ་ལྔའི་དང་པོར་བདག་བྱིན་གྱིས་བརླབ་པའི་རིམ་པ་ནི་གཉིས་ཏེ། ས་བོན་དང་བཅས་པ་དང༌། ས་བོན་མེད་པའོ། །དང་པོ་ནི་སླར་ཡང་རང་བྱིན་གྱིས་བརླབ་པའི་རིམ་པ་གཉིས་པ་བརྗོད་པ་ཞེས་བྱ་བ་ལ་སོགས་པ་སྟེ། གཉིས་པ་ཞེས་བྱ་བ་ནི་བྱིན་རླབས་ཀྱི་རིམ་པ་ལ་ལྟོས་ནས་འདི་གཉིས་པ་ཡིན་ནོ། །དེ་ལ་ཉམས་སུ་བླང་བའི་རིམ་པ་ནི་འདི་ཡིན་ཏེ། བླ་མ་ལས་བྱིན་རླབས་ཐོབ་ནས་བྱིན་བརླབ་ཀྱི་རྒྱུན་བསྒོམ་པར་འདོད་པའི་རྣལ་འབྱོར་པས་ནང་པར་གཉིད་སད་ནས་བྱིན་རླབས་ཀྱི་རྒྱུན་བསྒོམ་པར་བྱ་སྟེ། དེའང་བྱིན་རླབས་ཀྱི་དུས་སུ་འཕར་གཡོ་ལྟ་བུ་བྱུང་ན་སེམས་གཟུང་བ་དཀའ་བ་སྟེ། རིམ་པ་དང་པོ་འདི་ཉིད་ནས་བསྒོམ་པ་ནི། སྔོན་དུ་བསྐྱེད་པའི་རིམ་པ་བསྒོམ་པའམ། ལྷའི་རྣམ་པ་དྲན་པ་ཙམ་ལ་ཡང་རུང་སྟེ། དེ་ཡང་ཡུམ་འོད་ཀྱི་རང་བཞིན་དུ་བྱས་ཏེ་སྣ་བུག་གཡོན་པ་ནས་བཅུག་སྟེ་སྙིང་གར་བསྟིམ། དེ་ནས་བླ་མ་སྤྱི་བོར་བསྒོམས་ལ་མོས་གུས་དྲག་ཏུ་བྱའོ། །དེ་ནས་སྙིང་གར་ཨ་ལས་ཟླ་བའི་དཀྱིལ་འཁོར་སྲན་མ་ཕྱེད་བཀས་པ་ཙམ་ཞིག་ལ་ཐིག་ལེ་ཁ་དོག་དམར་སྐྱ་ཡུངས་ཀར་འབྲིང་པོའི་ཚད་ཙམ་ཞིག་བསམས་ལ་དེ་ལ་སེམས་གཟུང༌། དེ་ལ་དམིགས་པ་བརྟན་པ་དང་དབང་པོ་གཞན་ལའང་སྤྲོས་ཏེ་མིག་གཉིས་ལ་ཐིག་ལེ་དཀར་པོ་གཉིས། རྣ་བ་གཉིས་ལ་ནག་པོ་གཉིས། སྣའི་བུ་ག་གཉིས་ཀྱི་འདོམ་སོར་ཐིག་ལེ་སེར་པོ་གཉིས། ལྕེའི་རྩ་བར་དམར་པོ། མཚན་མའི་རྩེ་ལ་ལྗང་གུ། ཡང་སྙིང་གའི་སྔར་གྱི་ཐིག་ལེ་དམར་སྐྱའི་སྟེང་དུ་ཐིག་ལེ་སྔོན་པོ་ཞིག་བསྒོམས་ཏེ། དེ་ཐམས་ཅད་ཀྱང་གདན་ཟླ་བའི་སྟེང་དུ་བསྒོམ་པ་ཡིན་ནོ། །ཐིག་ལེ་དེ་རྣམས་ཀྱི་རང་བཞིན་ཡང་མིག་ནས་བཟུང་སྟེ་མཚན་མའི་རྩེ་མོའི་བར་གྱིས་ནི་སྒོ་ལྔའི་རྣམ་ཤེས་བསྟན་ལ། སྙིང་གའི་ཟླ་བས་ནི་ཀུན་གཞི་བསྟན་ཅིང༌། དེའི་སྟེང་ན་གནས་པའི་ཐིག་ལེ་དམར་སྐྱས་ནི་ཡིད་ཀྱི་རྣམ་ཤེས་དང༌། དེའི་ཡང་སྟེང་གི་ཐིག་ལེ་སྔོན་པོས་ཉོན་མོངས་པ་ཅན་གྱི་ཡིད་བསྟན། དེ་རྣམས་བསྒོམ་པའི་རིམ་པ་ཡང་དང་པོ་འཇུག་པའི་རླུང་དང་དུས་གཅིག་ཏུ་སྙིང་གའི་ཐིག་ལེར་བསྟིམ། ཐིག་ལེ་དམར་སྐྱ་དེ་འབར་ཞིང་གསལ་བའི་རྣམ་པར་དམིགས་ལ་བསྒོམ་མོ། །དེ་ལ་སེམས་རྣམ་པར་གཡེངས་པར་གྱུར་ན་དབང་པོ་རྣམས་ཀྱི་ཐིག་ལེ་ལ་སྤྲོས་སྟེ། དེ་ཡང་གཟུགས་ལྟ་བུ་ཞིག་ལ་འཕྲོས་པར་གྱུར་ན་སྙིང་གའི་ཐིག་ལེ་ལ་དམིགས་པ་བོར་ལ། མིག་གཉིས་སུ་བསྒོམས་པའི་ཐིག་ལེ་དཀར་པོ་ལ་སེམས་བསྡུ་ཞིང་བསྒོམ་མོ། །དེས་སེམས་གཟུགས་ལ་མི་འཆོར་ན་མིག་གི་ཐིག་ལེ་ལ་ཡང་སྙིང་གའི་ཐིག་ལེ་ལ་བསྟིམ་ལ་བསྒོམ་མོ། །དེ་བཞིན་དུ་སྒྲ་ལ་ཡང་སེམས་གཡེངས་པར་གྱུར་ན་རྣ་བ་གཉིས་ཀྱི་ཐིག་ལེ་ནག་པོ་ལ་སེམས་བསྡུ་ཞིང་བསྒོམས་ལ། དེས་སེམས་སྒྲ་ལ་མི་འཆོར་ན་རྣ་བའི་ཐིག་ལེ་ནག་པོ་གཉིས་ཀྱང་སྙིང་གའི་ཐིག་ལེ་ལ་བསྟིམ་ལ་བསྒོམ་མོ། །དེ་བཞིན་དུ་དྲི་ལ་སོགས་པ་གང་ལ་སེམས་གཡེངས་པར་གྱུར་པ་དེའི་སྣའི་འདོམ་སོ་ལ་སོགས་པའི་ཐིག་ལེ་ལ་སེམས་བསྡུ་ཞིང་བསྒོམ། དེས་སེམས་དྲི་ལ་སོགས་པ་ལ་མི་འཆོར་ན་སྣའི་འདོམ་སོ་ལ་སོགས་པའི་ཐིག་ལེ་རྣམས་སྙིང་གའི་ཐིག་ལེ་ལ་བསྟིམ་ལ་བསྒོམ་པ་སྟེ། སེམས་གཡེངས་ན་དེ་རྣམས་ལས་བཟློག་པའི་སྦྱོར་བས་སྔ་མ་བཞིན་དུ་ཤེས་པར་བྱ་ཞིང་སྙིང་གའི་ཐིག་ལེ་དེ་ཉིད་ལ་གཏད་ཅིང་བསྒོམ་མོ། །དེ་ལྟར་བསྒོམས་པའི་ཐིག་ལེ་དེ་ཉིད་ལ་བརྟེན་ནས་སྤྲོས་དང་བྲལ་བའི་བདེ་བ་ཉམས་སུ་མྱོང༌། དེའང་གོང་ནས་གོང་དུ་བསྒོམས་པའི་སྟོབས་ཀྱིས་གསལ་བ་མཐར་ཐུག་པ་ལས་སངས་རྒྱས་ཉིད་དུའང་འགྲུབ་པར་འགྱུར་རོ། །དེ་དག་ཀྱང་གཞུང་ལས། རྟག་ཏུ་སྙིང་ལ་གནས་པ་ཡི། །ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །ས་བོན་དང་བཅས་པའི་རིམ་པ་བསྟན་ཟིན་ཏོ། །ད་ནི་ས་བོན་མེད་པའི་རིམ་པ་ཞེས་བྱ་བ་ནི། རྩོལ་བ་མི་དྲག་པ་དང༌། དམིགས་པ་རྒྱ་ཆུང་བའི་ཕྱིར་ས་བོན་མེད་པ་ཞེས་བྱའོ། །དེ་བསྒོམ་པར་འདོད་ན་བླ་མ་སྤྱི་བོར་བསྒོམ་པའི་བར་དུ་སྔོན་དུ་འགྲོ་བ་སྔ་མ་བཞིན་བྱས་ལ། སྣ་བུག་གཡས་པ་ནས་ཉི་མའི་རླུང་རྒྱུ་བའི་དུས་སམ། གཡོན་ནས་ཟླ་བའི་རླུང་རྒྱུ་བའི་དུས་སམ། གཉིས་ཀ་ནས་ཉི་མ་ཟླ་བ་མཉམ་པར་རྒྱུ་བའི་དུས་ཀྱང་རུང་སྟེ། དེའི་དུས་སུ་སྣ་བུག་གཉིས་ཀྱི་སྣའི་རྩེ་མོ་དང་བཅས་པ་སྟོང་པར་བསྒོམ་པའམ། སྣ་གཉིས་ཀྱི་འདོམ་སོའི་ཕྱི་རོལ་དུའང་རུང་སྟེ། རླུང་ཕྱིར་རྒྱུ་བའི་དུས་སུ་སྣ་ལས་ཕྱི་རོལ་དུ་རིང་དུ་འགྲོ་བར་རི་སྣ་ལ་སྨུགས་པ་ཆགས་པ་ལྟ་བུའི་ཚུལ་གྱིས་རླུང་གི་འོད་ཟེར་ཁ་དོག་སྨུག་པོའི་ཚུལ་གྱིས་གནས་པར་བསྒོམ། རླུང་ནང་དུ་འཇུག་པའི་དུས་སུ་རླུང་དང་ལྷན་ཅིག་ཏུ་འོད་དེ་ཐུར་དུ་སྤྲོས་ལ། དེས་ལུས་ཐམས་ཅད་ལ་ཁྱབ་པས་བདེ་སྟོང་གི་ཏིང་ངེ་འཛིན་སྐྱེ་བར་བསམ། དེ་ནས་ཡང་དབུགས་ཕྱིར་རྒྱུ་བའི་དུས་སུ་སྔར་བཞིན་འོད་ཀྱི་ཕུང་པོ་སྣ་བུག་ཏུ་འོང་བར་བསམ་ཞིང་བསྒོམ་པར་བྱའོ། །དེ་བཞིན་དུ་རླུང་སྲོག་རྩོལ་ལ་བརྟེན་ནས་རྒྱུན་མི་འཆད་པར་ཡང་ནས་ཡང་དུ་བསྒོམ་པའི་ཚུལ་གྱིས་སེམས་གཟུང་བར་བྱའོ། །སེམས་གཟུང་བའི་རིམ་པའོ། །དེ་ནས་སྤྲོ་བར་འདོད་ན་སྔར་གྱི་སྣ་སྒོའི་ཐིག་ལེ་དམར་སྨུག་དེ་ཉིད་མིག་གི་སྒོར་བསམས་ལ། རླུང་ལྡང་མཇུག་གི་དམིགས་པ་སྔ་མ་བཞིན་བྱས་པ་ལ་བརྟེན་ནས་ལྷའི་མིག་གི་མངོན་པར་ཤེས་པ་འགྲུབ་པ་ནས་བཟུང་སྟེ། སྙིང་གའི་སྒོར་བསྒོམས་པ་ལས་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་བར་དུ་འབྱུང་བས་དབང་པོའི་སྒོ་རྣམས་ལ་སྤོ་ཞིང་བསྒོམ་པར་བྱའོ། །ཡང་ན་འདིར་སེམས་གཟུང་བའི་རིམ་པ་ཅིག་པུ་ལས་དབང་པོའི་སྒོ་དྲུག་པོ་ལ་སྤོ་བར་མ་བསྒོམས་ཀྱང་སྔ་མའི་ཡོན་ཏན་རྣམས་འབྱུང་བར་འགྱུར་རོ། །དེ་ཡང་སེམས་ཀྱི་ཞོན་པ་རླུང་བཟུང་བས་སེམས་ཀྱང་གཟུང་བར་འགྱུར་ལ། ཤེས་རབ་སྟེ་བློ་རྟོག་བཅས་དང༌། ཐབས་ཏེ་སེམས་ཀྱི་རང་བཞིན་རྟོག་མེད་དུ་གྱུར་ནས་གཉིས་སུ་མེད་པའི་རང་བཞིན་རྡོ་རྗེ་འཆང་བ་ཉིད་འགྲུབ་པར་བྱེད་དོ། །ས་བོན་མེད་པའི་བདག་བྱིན་གྱིས་བརླབ་པའི་རིམ་པ་བསྟན་ཟིན་ཏེ། རང་བྱིན་གྱིས་བརླབ་པའི་རིམ་པ་དང་པོ་བསྟན་ཟིན་ཏོ།།  །།དེ་ནས་རིམ་པ་གཉིས་པ་སྣ་ཚོགས་རྡོ་རྗེའི་རིམ་པ་བརྗོད་པར་བྱ་སྟེ། དེའང་གང་ཟག་ཁ་ཅིག་ལ་འདར་བ་ལྟ་བུའི་ཏིང་ངེ་འཛིན་བྱུང་ན་རིམ་པ་གཉིས་པ་ནས་བསླབ་པར་བྱའོ། །དེ་ཡང་ལུས་སྐྱིལ་ཀྲུང་བཅས་ལག་པ་མཉམ་གཞག་གི་ཕྱག་རྒྱས་ལྟེ་བ་ནས་དྲག་ཏུ་བཙིར། སྤྱི་བོར་བླ་མ་བསྒོམ་པའི་བར་དུ་སྔོན་དུ་འགྲོ་བ་རྣམས་སྔ་མ་བཞིན་དུ་བྱས་ལ། སྣ་བུག་གཉིས་ཀྱི་རླུང་ལྡང་འཇུག་ཅི་བདེ་བ་ལན་གསུམ་ཙམ་བྱས་ལ། དེ་ནས་ནང་དུ་འཇུག་པའི་རླུང་འོད་ཀྱི་རང་བཞིན་ཅན་ནང་དུ་རྔུབས་ཏེ་རླུང་བུམ་པ་ཅན་གྱི་ཚུལ་དུ་ཁ་སྦྱར་ལ། དེའི་འོད་ཀྱིས་ལུས་ཀྱི་ནང་ཐམས་ཅད་གསལ་བར་བྱས། དེའི་སྟོབས་ཀྱིས་བདག་གི་སྤྱི་བོའི་སྟེང་དུ་མཐོ་གང་ཙམ་དུ་ཧཱུྃ་སྔོ་སྐྱ་ལས་སྣ་ཚོགས་རྡོ་རྗེ་ཤར་དཀར་ལྷོ་སེར་ནུབ་དམར་བྱང་ལྗང་བ་བསྐྱེད་ལ། དེའི་ལྟེ་བའི་ནང་ངམ་སྟེང་དུ་ཆོས་འབྱུང་གྲུ་གསུམ་དམར་སྐྱ་ཞིག་བསམ། དེའི་ནང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་དམར་སྐྱ་རྩེ་ལྔ་པ་དེའི་ལྟེ་བར་ཟླ་བ་ལ་གནས་པའི་ཧཱུྃ་དཀར་དམར་བསམས་ལ། རླུང་ནང་དུ་བསྡམས་ཤིག་ཧཱུྃ་དེའི་ཐིག་ལེ་དཀར་ལ་ཕྲ་ཞིང་ཕྲ་བ་ལ་སེམས་གཏད་དོ། །དེ་ལས་སེམས་གཡེངས་པར་གྱུར་ན་ཐིག་ལེའི་འོད་ཟེར་དེ་འོག་ནས་འོག་ཏུ་འཕྲོས་པས་བདག་གི་སྤྱི་གཙུག་ནས་མར་ཞུགས་ཤིང་ལུས་ཐམས་ཅད་ལ་ཁྱབ་པས་ལུས་ཐམས་ཅད་ལ་བདེ་བ་སྐྱེས་པར་བསམ་ཞིང༌། དེས་སེམས་མི་གཡེངས་ན་ཡང་སྔ་མའི་ཐིག་ལེ་ལ་སེམས་གཏད་དོ། །དེ་ལ་བརྟན་པ་ཐོབ་པ་ལ་བདེ་བ་དང་མི་རྟོག་པ་གཉིས་སུ་མེད་པ་རྟོགས་པར་འགྱུར་ཞིང་སངས་རྒྱས་ཉིད་དུའང་འགྱུར་རོ། །དེ་ནི་བརྟན་པར་བྱ་བའོ། །དེ་ནས་སྤྲོ་བ་ནི། གཞན་ཡང་དེ་ལྟ་བུའི་བརྟན་པ་ཐོབ་པའི་ཐིག་ལེ་སྣ་ཚོགས་རྡོ་རྗེ་ཅན་དེ་ཉིད་མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། མཚན་མའི་རྩེ་མོའི་མཐར་ཐུག་པར་སྦྱར་ཞིང་འཁོར་ལོ་བཞིའི་ཡི་གེ་རྣམས་ཀྱི་ཐིག་ལེ་ལ་སྦྱར་ཏེ། ཐོག་མར་སྙིང་ག་ཆོས་ཀྱི་འཁོར་ལོ་ལ་བསླབ། དེ་ནས་སྤྱི་བོ་བདེ་བ་ཆེན་པོའི་འཁོར་ལོ་ལ་བསླབ། དེ་ནས་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ལ་བསླབ། དེ་ནས་ལྟེ་བ་སྤྲུལ་པའི་འཁོར་ལོ་ལ་བསླབས་ན་གཞུང་ནས་འབྱུང་བ་བཞིན་ཡོན་ཏན་གྱི་མཆོག་ཐམས་ཅད་སྐྱེ་བར་འགྱུར་རོ། །རྣམ་པ་སྣ་ཚོགས་པའི་སྣ་ཚོགས་རྡོ་རྗེའི་རིམ་པའོ། །ཡང་ས་བོན་མེད་པའི་སྣ་ཚོགས་རྡོ་རྗེའི་རིམ་པ་ནི་སྔོན་དུ་འགྲོ་བ་ཐམས་ཅད་སྔ་མ་བཞིན་བྱས་ལ། སྣ་གཉིས་ཀྱི་རླུང་གང་ནས་རྒྱུ་བ་བརྟགས་ཏེ་གཡས་ནས་རྒྱུ་ན་ཕྱིར་རྒྱུ་བའི་དུས་སུ་མཛོད་སྤུར་བསྟིམ་ལ་ཉི་མའི་དཀྱིལ་འཁོར་ཞིག་བསམ། ཡང་གཡོན་ནས་རྒྱུ་བར་བསམས་ལ། དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ཞིག་བསམ། སྤྱི་རླུང་གཡོན་ནས་རྒྱུ་ན་སྔོན་ལ་ཟླ་བའི་དཀྱིལ་འཁོར་བཀོད་ལ། དེ་ནས་ཉི་མའི་དཀྱིལ་འཁོར་བསམ། གང་ལྟར་ཡང་རླུང་གསུམ་པ་ཕྱིར་འགྲོ་བའི་ཚེ་དེ་གཉིས་ཀྱི་སྟེང་དུ་སྐར་མའི་གཟུགས་ལྔ་བསམས་ཏེ། དབུས་སུ་སྔོན་པོ། ཤར་དུ་དཀར་པོ། ལྷོར་སེར་པོ། ནུབ་ཏུ་དམར་པོ། བྱང་དུ་ལྗང་བའི་ཐིག་ལེ་དེ་བཞིན་གཤེགས་པ་ལྔའི་རང་བཞིན་དུ་བསམས་ལ། དེ་ལ་ཡང་ནས་ཡང་དུ་སེམས་གཏད་ནས་བསྒོམས་པས་ཇི་ཞིག་ལྟར་ན་མི་དམིགས་པའི་རང་བཞིན་གྱི་བསམ་གཏན་ཐོབ་པར་འགྱུར་ཏེ། དེའང་དཔེར་ན་ལག་པའི་རི་མོ་ལྟ་བུ་ཞིག་ལ་མིག་གཏད་ཅིང་མི་འཛུམས་པར་བརྟགས་པས། ཇི་ཞིག་ལྟར་ན་མིག་སྦྲིད་ནས་རི་མོ་དེ་རྣམས་མི་དམིགས་པར་གཏད་ཡལ་དུ་འགྲོ་བ་བཞིན་ནོ། །དེ་བཞིན་དུ་ཆོས་ཐམས་ཅད་སྣང་ལ་རང་བཞིན་མེད་པར་རྟོགས་པར་འགྱུར་ཏེ། བརྟན་པས་སངས་རྒྱས་ཉིད་དུ་འགྲུབ་པར་འགྱུར་རོ། །ས་བོན་མེད་པའི་སྣ་ཚོགས་རྡོ་རྗེའི་རིམ་པ་བསྟན་ཟིན་ཏེ། རིམ་པ་གཉིས་པ་སྣ་ཚོགས་རྡོ་རྗེའི་རིམ་པ་བསྟན་ཟིན་ཏོ།།  །།ད་ནི་དབང་པོ་འབྲིང་པོ་བྱིན་རླབས་ཀྱི་དུས་སུ་བདེ་བ་ཆེན་པོའི་ཏིང་ངེ་འཛིན་སྐྱེས་པ་རྣམས་ལ་རིམ་པ་གསུམ་པ་ནོར་བུ་འགེངས་པའི་རིམ་པ་བརྗོད་པར་བྱའོ། །དེ་ལ་བཞི་སྟེ། དམ་ཚིག་གི་ཕྱག་རྒྱ་དང༌། ལས་ཀྱི་ཕྱག་རྒྱ་དང༌། ཆོས་ཀྱི་ཕྱག་རྒྱ་དང༌། ཕྱག་རྒྱ་ཆེན་པོའོ། །དང་པོ་དམ་ཚིག་གི་ཕྱག་རྒྱ་ནི། སྔོན་དུ་འགྲོ་བ་ཐམས་ཅད་སྔ་མ་བཞིན་བྱས་ནས། འོད་ཀྱི་ཕྱག་རྒྱ་ལ་བརྟེན་ནས་དེ་ཁོ་ན་ཉིད་ཀྱི་མཆོད་པ་བྱ་བ་བཞིན་དུ་དེ་ལ་གནས་ལྔར་བྱིན་གྱིས་བརླབ་པར་བྱ་སྟེ། དེ་ལ་གནས་ལྔ་ནི་གསང་གནས་དང༌། ལྟེ་བ་དང༌། སྙིང་ག་དང༌། མགྲིན་པ་དང༌། དཔྲལ་བ་རྣམས་ཡིན་ཏེ། དེ་དག་བྱིན་གྱིས་བརླབ་པ་ནི། ཧཱུྃ་ལས་རྡོ་རྗེ། བྷྱྃ་ལས་རྡོ་རྗེའི་ནོར་བུ་དམར་པོ། བྷྱྃ་ལས་རྡོ་རྗེའི་རྩེ་མོ་སེར་པོ་བུ་གར་བྷྱྃ་གིས་མཚན་པ་བསྒོམ། ཡབ་ཀྱི་ལྟེ་བར་ཡུམ་གྱི་སྙིང་པོ་དང༌། མགྲིན་པར་ཡུམ་གྱི་སྙིང་པོ་དང༌། ལྐོག་མར་ཡབ་ཀྱི་སྙིང་པོ་དང༌། དཔྲལ་བར་ཡབ་ཀྱི་ཉེ་སྙིང་བཀོད་དེ་ཡབ་ཀྱི་གནས་ལྔའོ། །ཡུམ་གྱི་མཁར་ཨ་ལས་པདྨ་དམར་པོ་འདབ་མ་གསུམ་པ། བྷྱྃ་ལས་ཟེའུ་འབྲུ་དཀར་པོ་ཟེའུ་འབྲུའི་རྩེ་མོ་སེར་པོའི་བུ་གར་བྷྱྃ་གིས་མཚན་པ། སྔ་མ་བཞིན་དུ་ཡུམ་གྱི་ལྟེ་བ་དང༌། སྙིང་གར་ཡབ་ཀྱི་སྙིང་པོ་དང་ཉེ་སྙིང༌། མགྲིན་པ་དང་དཔྲལ་བར་ཡུམ་ཉིད་ཀྱི་སྙིང་པོ་དང་ཉེ་སྙིང་དགོད་དོ། །སྔགས་རྣམས་ཀྱང་ཕན་ཚུན་སྙོམས་པར་འཇུག་པར་བསམ་མོ། །དེ་ལྟར་རང་གི་འོད་ཀྱི་རིག་མ་དང༌། རྡོ་རྗེ་དང་པདྨ་སྙོམས་པར་འཇུག་པ་དང༌། ལྟེ་བ་ལ་སོགས་པའི་གནས་བཞིར་སྔགས་ཀྱི་སྙོམས་འཇུག་གི་བྱང་སེམས་ཀྱིས་ནོར་བུ་བཀང་བ་ན་དེ་ལ་བདེ་སྟོང་གི་ཏིང་ངེ་འཛིན་སྐྱེ་ལ། དེ་ཉིད་ཉེ་བར་བརྟག་ཅིང་བརྟན་པར་བྱའོ། །གལ་ཏེ་བདེ་བ་ཆེར་སྐྱེས་དྲགས་ན་འཛག་པའི་ཉེན་ཡོད་པས་ལག་པ་རྡོ་རྗེ་ཁུ་ཚུར་སྙིང་གར་བསྣོལ་ཏེ། མིག་དང་ཁ་སྟེང་དུ་བལྟས་ཏེ་བགྲད་ལ་ཧཱུྃ་ཞེས་དྲག་པོ་བཅུ་བདུན་ནམ་བཅུ་དགུ་ཙམ་རེ་བརྗོད་པར་བྱ་སྟེ། དེ་ལས་མང་དུ་མི་བྱའོ། །དེ་ལྟར་བསྒོམས་ན་དཔྱད་པ་མེད་པར་རྡོ་རྗེ་འཆང་བ་ཉིད་འགྲུབ་པར་འགྱུར་རོ། །དམ་ཚིག་གི་ཕྱག་རྒྱའོ། །གཉིས་པ་ལས་ཀྱི་ཕྱག་རྒྱ་ནི། དམ་ཚིག་གི་ཕྱག་རྒྱ་ལ་སེམས་བརྟན་པ་ཐོབ་པའི་རྣལ་འབྱོར་པས་རྟེན་མིའི་བུ་མོ་ལོ་བཅུ་གཉིས་མ་ནས་ཉི་ཤུ་རྩ་ལྔའི་བར་གཟུགས་མཛེས་ཤིང་རྩ་མཆོག་ཏུ་གྱུར་པ་ཡོད་པ། དབང་ཡོངས་སུ་རྫོགས་ཤིང་དམ་ཚིག་དང༌། ཐོས་བསམ་དང༌། ལམ་རིམ་པ་གཉིས་བསྒོམ་པའི་ཚུལ་གྱིས་རྒྱུད་ཡོངས་སུ་སྦྱངས་པའི་ཕྱག་རྒྱ་ཉེ་བར་བཟུང་ལ། བདག་དང་ཕྱག་རྒྱ་བྱིན་གྱིས་བརླབ་པའི་ཚུལ་དམ་ཚིག་གི་ཕྱག་རྒྱ་ལྟར་བྱས་ཏེ། ཕྱག་རྒྱ་དེའི་གཟུགས་ལ་བལྟ་བ་དང༌། སྒྲ་ལ་ཉན་པ་དང༌། སོ་དང་སེན་མོས་འདེབས་པ་དང༌། འཁྱུད་པ་དང་འོ་ལ་སོགས་པའི་ཚུལ་གྱིས་སྐད་ཅིག་དང་པོ་ལ་དགའ་བའི་ཡེ་ཤེས། རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བ་སྐད་ཅིག་གཉིས་པ་ལ་མཆོག་ཏུ་དགའ་བའི་ཡེ་ཤེས། བསྲུབ་པ་དང་སྲུབ་པའི་སྦྱོར་བའི་ཚུལ་གྱིས་སྐད་ཅིག་གསུམ་པ་ལ་དགའ་བྲལ་གྱི་དགའ་བའི་ཡེ་ཤེས། དེ་ནས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དབང་གི་གནས་སུ་མངོན་དུ་བྱ་བ་ལ་བརྟེན་ནས་སྐད་ཅིག་བཞི་པ་ལ་དོན་དམ་པ་བྱང་ཆུབ་ཀྱི་སེམས་བདེ་སྟོང་བརྗོད་བྲལ་གྱི་ཏིང་ངེ་འཛིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྒྱུད་ལ་སྐྱེད་ལ། གལ་ཏེ་བྱང་ཆུབ་ཀྱི་སེམས་ཉམས་ཀྱིས་དོགས་ན་དམ་ཚིག་གི་ཕྱག་རྒྱ་བསྟེན་པའི་སྐབས་བཞིན་ཧྲིཾ་གི་སྒྲ་བརྗོད་པས་ལུས་ཐམས་ཅད་ལ་བདེ་སྟོང་གི་ཏིང་ངེ་འཛིན་གྱིས་ཁྱབ་པར་བྱས་ཤིང་བྱང་ཆུབ་ཀྱི་སེམས་མི་ཉམས་པར་བསྲུང་བ་ཤིན་ཏུ་གཅེས་སོ། །དེ་ལྟར་མཚོན་ཅིང་བསྒོམས་པ་ལ་བརྟེན་ནས་རྡོ་རྗེ་འཆང་བ་ཉིད་འགྲུབ་པར་འགྱུར་རོ། །ལས་ཀྱི་ཕྱག་རྒྱའོ། །གསུམ་པ་ཆོས་ཀྱི་ཕྱག་རྒྱ་ནི། སྔར་དབང་གསུམ་པ་རྟེན་ཅན་ནམ། ལས་ཀྱི་ཕྱག་རྒྱ་ལ་བརྟེན་པའི་བདེ་སྟོང་གི་ཉམས་སུ་མྱོང་བ་དྲན་པར་བྱས་ལ། དེ་ནས་བདག་ཉིད་ཀྱི་རྡོ་རྗེ་ནོར་བུའི་དབུས་སུ་ཧཱུྃ་ཁ་དོག་དམར་སྐྱ་ཞིག་བསམས་ཏེ། ཡིད་ཀྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་པས་བདེ་སྟོང་གི་ཏིང་ངེ་འཛིན་དྲན་པར་བྱས་ལ། དེ་ནས་ཡིད་ཀྱི་ཕྱག་རྒྱ་དེ་ལུས་ལ་བསྟིམ་ནས་རྡོ་རྗེ་ནོར་བུའི་ཧཱུྃ་ལ་དམིགས་པ་གཏད་ཅིང་བསྒོམ། དེར་བདེ་བ་མི་བཟོད་ན་ཧཱུྃ་དེ་ཉིད་གསང་གནས་ཀྱི་རྩ་བར་སྤོ། དེར་ཡང་མི་བཟོད་ན་ལྟེ་བར་སྤོ། དེར་ཡང་མི་བཟོད་ན་སྙིང་གར། དེར་ཡང་མི་བཟོད་ན་མགྲིན་པར། དེར་ཡང་མི་བཟོད་ན་སྤྱི་བོར་སྤོ། དེ་ནས་ལུས་ཐམས་ཅད་ལ་ཁྱབ་པར་བསམ་པ་བརྟན་པར་བསྒོམས་ན་རྡོ་རྗེ་འཆང་བ་ཉིད་རྙེད་པར་འགྱུར་རོ། །ཆོས་ཀྱི་ཕྱག་རྒྱའོ། །བཞི་པ་ཕྱག་རྒྱ་ཆེན་པོ་བསྒོམ་པའི་བསམ་གཏན་ནི། སྔ་མ་ལྟ་བུར་འོད་ཀྱི་རིག་མ་དང༌། དངོས་ཀྱི་རིག་མ་དང༌། ཡི་གེ་ཧཱུྃ་གི་བདེ་བ་ལ་དམིགས་པ་ལྟ་བུ་ནི་མ་ཡིན་ཏེ། དེ་རྣམས་ཐམས་ཅད་དང་བྲལ་བ་རྩ་ཐམས་ཅད་འདུས་པའི་བདེ་བ་ཆེན་པོའི་རང་བཞིན་རྩ་དབུ་མའི་གནས་སུ་འདུས་ལ། དེ་ཉིད་རྡོ་རྗེ་ནོར་བུར་བདེ་བ་ཆེན་པོའི་རང་བཞིན་དུ་བསམས་ལ། དེ་ལྟ་བུའི་བདེ་སྟོང་གི་ཏིང་ངེ་འཛིན་ལ་རེ་ཞིག་ངོས་བཟུང་སྟེ། དེ་ལུས་ཐམས་ཅད་ལ་ཁྱབ་པར་བྱས་ལ། དེ་ལ་སྔར་གྱི་འོད་ཀྱི་རིག་མ་ལ་སོགས་པ་གསུམ་གྱི་རྟེན་ཐམས་ཅད་དང་བྲལ་བ། བརྟན་པ་དང་གཡོ་བ་མཐའ་དག་གི་རང་བཞིན་དུ་གྱུར་པའི་སེམས། ཁམས་གསུམ་ཐམས་ཅད་ལ་ཁྱབ་པའི་སྟོང་པ་ཉིད་ཀྱི་བདག་ཉིད་ཕྱག་རྒྱ་ཆེན་པོ་དང་གཉིས་སུ་མེད་པར་འཁྱུད་པས་བསམ་གྱིས་མི་ཁྱབ་པའི་རང་བཞིན་དུ་ཡིད་བརྟན་པར་བྱས་པས་རྡོ་རྗེ་འཆང་བ་ཉིད་འགྲུབ་པར་བྱེད་དོ། །ཕྱག་རྒྱ་ཆེན་པོའི་རིམ་པ་བསྟན་ཟིན་ཏོ། །ནོར་བུ་འགེངས་པ་ཞེས་བྱ་བའི་རིམ་པ་གསུམ་པ་བསྟན་ཟིན་ཏོ།།  །།ད་ནི་ཛཱ་ལནྡྷ་རའི་རིམ་པ་བརྗོད་པར་བྱ་སྟེ། དེའང་བྱིན་རླབས་ཀྱི་དུས་སུ་སྨྲ་བ་དང་དགོད་པ་ལ་སོགས་པའི་རྟགས་བྱུང་བའི་གང་ཟག་གིས་འདི་བསྒོམ་པར་བྱ་སྟེ། དེའི་བསྒོམ་ཚུལ་ནི་བསྐྱེད་པའི་རིམ་པའི་ལུས་ཀྱི་ལྷ་རྣམས་རང་གི་གནས་སུ་ཐིམ་ནས། ཡུམ་འོད་ཀྱི་གོང་བུར་བྱས་ཏེ་སྣ་བུག་གཡོན་པ་ནས་ལུས་ལ་ཞུགས་པས། དེའི་འོད་ཀྱིས་ལྟེ་བའི་འོག་སུམ་མདོར་ཆུ་སོ་མན་ཆད་ཀྱི་འདོམ་གྲུ་གསུམ་གྱི་གནས་འདིར་ཆོས་འབྱུང་ཁ་དོག་དམར་སྐྱ། དབྱིབས་གྲུ་གསུམ་སྟེ་ཁ་རྒྱས་པ་ཞབས་ཞུམ་པ་གཏིང་རིང་བ་ཅིག་བསམ། དེའི་ནང་དུ་ཐིག་ལེ་ཁ་དོག་རྣམ་པ་ལྔ་སངས་རྒྱས་ལྔའི་རང་བཞིན། དབུས་སུ་དཀར་པོ། ཤར་སྔོ། ལྷོ་སེར། ནུབ་དམར། བྱང་ལྗང་བ་རྣམས་གསལ་བར་བལྟས་ལ། དེ་ནས་རླུང་ནང་དུ་འཇུག་པ་དང་བསྟུན་ཏེ། རླུང་ཐིག་ལེ་དབུ་མ་ལ་བསྟིམ་ལ། རླུང་ཁ་སྦྱར་གྱི་བསམ་གཏན་བུམ་པ་ཅན་ཞེས་བྱ་བ་བསྒོམས་པས་གཏུམ་མོའི་མེ་གྲུབ་པར་འགྱུར་རོ། །དེ་ནས་གཏུམ་མོའི་མེའི་ནུས་པ་གྲུབ་ནས་ལུས་དྲོད་ཀྱི་རང་བཞིན་ཅན་དུ་བརྟན་པར་གྱུར་པ་དེའི་ཚེ་གཡས་རོ་མ་ནས་གཏུམ་མོའི་མེ་སྦར་ཏེ། སྣ་བུག་གཡས་པ་ནས་འཐོན་ཏེ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡོ་རྗེ་འཛིན་པ་ཐམས་ཅད་མཆོད་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཤངས་ཀྱི་བུ་ག་གཡས་པར་ཞུགས་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོ་བཞི་བསྲེགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སེམས་ཤངས་ཀྱི་བུ་ག་གཡོན་པ་ནས་དྲངས་ནས་བདག་གི་སྣ་བུག་གཡོན་པར་ཞུགས་ཏེ། སྤྱི་གཙུག་ཛཱ་ལནྡྷ་ར་ན་མར་ལ་རྩ་དབུ་མའི་ལམ་ནས་ཞུགས་ཏེ་ལྟེ་བའི་དཀྱིལ་འཁོར་དུ་བརྟན་པར་བྱས་པས་ལུས་བདེ་སྟོང་གི་ཏིང་ངེ་འཛིན་རྒྱས་པར་འགྱུར་ཞིང༌། ལྟེ་བའི་དཀྱིལ་འཁོར་དཀར་ལ་སྲབ་ཅིང་སྲ་ཞིང་བརྟན་པར་གྱུར་པ་ནི། གང་ཚེ་བསྒོམ་པ་བརྟན་གྱུར་པ། །ཞེས་པའི་དོན་ཡིན་ནོ། །སྙིང་གར་བརྟན་ཙམ་ན་མངོན་པར་ཤེས་པ་ལྔ་ཐོབ་པ་ནི། སྣང་བ་དངོས་སུ་མཐོང་བར་འགྱུར། །ཞེས་པའི་དོན་ཡིན་ནོ། །མགྲིན་པར་བརྟན་ཙམ་ན་ཁམས་གསུམ་གྱི་རོ་ལ་ལོངས་སྤྱོད་ཅིང་ཚིག་གི་མཆོག་གྲུབ་པ་ནི་ལྕེས་གདོང་གི་དཀྱིལ་འཁོར་ཁེབས་པ་སྟེ། འབར་བ་བརྟན་པར་འགྱུར་བ་ནི། །ཞེས་པའི་ཚིག་རྐང་བཞིས་བསྟན་ཏོ། །དཔུང་པར་བརྟན་པས་དཔུང་པ་འཕེལ་བའི་སྟོབས་ཀྱིས་ལུས་རྒྱས་ཤིང་སྟོབས་ཚད་མེད་པར་གྱུར་པ་ནི། དཔུང་པའི་རྩ་བར་སོན་པའི་རླུང༌། །ཞེས་པའི་རྐང་པ་གཉིས་ཀྱིས་བསྟན་ཏོ། །སྤྱི་གཙུག་ཏུ་བརྟན་པར་གྱུར་པས་ཆོས་ཀྱི་སྐུ་རྡོ་རྗེ་འཆང་བ་ཉིད་མངོན་དུ་བྱས་ནས་སེམས་ཅན་གྱི་དོན་བྱེད་པ་ནི། ཁམས་གསུམ་པོ་ནི་ཐམས་ཅད་དུ། །ཞེས་པའི་རྐང་པ་གཉིས་ཀྱིས་བསྟན་ཏོ། །ཛཱ་ལནྡྷ་ར་ཞེས་བྱ་བའི་རིམ་པ་བཞི་པ་བསྟན་ཟིན་ཏོ།།  །།ད་ནི་གང་ཟག་དབང་པོ་ཡང་རབ་བྱིན་རླབས་ཀྱི་དུས་སུ་སེམས་ལ་མི་རྟོག་པ་སྐྱེས་པ་ལ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བའི་རིམ་པ་ལྔ་པ་བརྗོད་པར་བྱ་སྟེ། བསྐྱེད་པའི་རིམ་པའི་རྣལ་འབྱོར་གོ་ཆ་ཆེན་པོའི་ཚུལ་གྱིས་ལུས་ལ་བསྡུས་ལ། བླ་མ་སྤྱི་བོར་བསྒོམས་ཏེ་མོས་གུས་བྱས་ནས། སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་དམར་སྐྱ་ཞིག་བསམ། དེ་ནས་འདི་ལྟར་ཕྱི་དང་ནང་གིས་བསྡུས་པའི་ཆོས་ཐམས་ཅད་རང་གི་སེམས་ཡིན་པའི་ཕྱིར་གཟུགས་ལ་སོགས་པ་རྣམས་ཀྱིས་དྲངས་པ་ཕྱི་རོལ་གྱི་དོན་ངོ་བོ་ཉིད་ཀྱིས་གང་གཡོ་བ་འདི་རྣམས་ནི་རྣམ་པར་རྟོག་པ་ཡིན་པའི་ཕྱིར་བདག་གི་འཛིན་པ་མེད་པའི་ཡེ་ཤེས་མངོན་དུ་བྱའོ་སྙམ་དུ་བསམས་ལ། ཡི་གེ་ཧཱུྃ་དེ་ལས་འོད་ཟེར་སྤྲོས་ཏེ་ཁམས་གསུམ་ཐམས་ཅད་ཁྱབ་པར་བྱས་ནས་འོད་ཟེར་གྱི་རང་བཞིན་དུ་གྱུར་པའི་ཁམས་གསུམ་རང་གི་ལུས་ལ་བསྡུ། དེ་བཞིན་དུ་ཡུམ་ཡབ་ལ། ཡབ་སྙིང་གའི་ཧཱུྃ་ལ། ཟླ་བ་ཧཱུྃ་གི་ཞབས་ཀྱུ་ལ། ཞབས་ཀྱུ་ཡང་ཁོག་པ་ལ། ཁོག་པ་མགོ་བོ་ལ། མགོ་བོ་ཟླ་ཚེས་ལ། ཟླ་ཚེས་ཐིག་ལེ་ལ་བསྡུ། ཐིག་ལེ་ནཱ་དའི་རང་བཞིན་དུ་བྱ། ནཱ་ད་ཡང་མི་དམིགས་པར་བྱས་ལ། དེའི་ངོ་བོ་ནི་འདི་ཡིན་ཏེ། གཟུང་བ་དང་འཛིན་པ་ཐམས་ཅད་ཀྱིས་སྟོང་པ། དམིགས་པ་ཐམས་ཅད་དང་བྲལ་བ། བསམ་གྱིས་མི་ཁྱབ་པའི་རང་བཞིན་དེར་ཅི་ཡང་མི་བསམ་པའི་ཚུལ་གྱིས་བསྒོམ་པར་བྱ་སྟེ། དེའང་གཟུང་འཛིན་དང་ནི་བྲལ་བས་ན། །ཞེས་བྱ་བའི་ཚིགས་སུ་བཅད་པ་གཅིག་གིས་བསྟན་ཏོ། །དེའི་གནས་སྐབས་ཀྱི་སེམས་ནི་སྣང་བའི་རང་བཞིན་ཡིན་ལ། དེ་མི་དམིགས་པའི་ངོ་བོར་བྱེད་པས་ན། སེམས་ནི་སྟོང་ཉིད་ལ་གཞུག་ཅིང༌། །ཞེས་བྱ་བ་ཡིན་ནོ། །སྟོང་པ་ཉིད་ཀྱི་རང་བཞིན་དེ་ཉིད་ངོ་བོ་ཉིད་དུ་འདོད་ན་གནས་ལུགས་དང་མི་མཐུན་པའི་ཕྱིར་ནཱ་ད་དང་ཡི་གེ་ཧཱུྃ་དང་ཧེ་རུ་ཀ་ཡབ་ཡུམ་ནས་ཁམས་གསུམ་གྱི་བར་དུ་སྣང་བར་ལྡང་བར་བྱ་བ་ནི། སྟོང་པ་སེམས་སུ་གཞུག་པར་བྱ། །ཞེས་བྱ་བའི་དོན་ཡིན་ནོ། །དེ་ནས་དབྱེར་མེད་དམ། ཟུང་འཇུག་གམ་བརྗོད་བྲལ་ཞེས་བྱ་བའི་རང་བཞིན་དུ་བསྟན་པ་ནི། སྟོང་དང་སྟོང་མིན་ལ་སོགས་པ། །ཞེས་བྱ་བ་ཤློ་ཀ་ཕྱེད་དང་གཉིས་ཀྱིས་བསྟན་པ་ཡིན་ནོ། །དེ་ལྟར་ཆོས་ཐམས་ཅད་སྟོང་པ་ཉིད་བརྗོད་བྲལ་གྱི་རང་བཞིན་ཡིན་པའི་རྒྱུ་མཚན་ནི། ཤིང་དང་ཚེར་མ་ལྕུག་མ་སོགས། །ཞེས་པ་ལ་སོགས་པ་རྐང་པ་དྲུག་གིས་བསྟན་པ་ཡིན་ནོ། །དེ་ལྟར་རྣལ་འབྱོར་པས་མཉམ་གཞག་གི་དུས་སུ་སྣང་བ་ལ་ཞེན་ན་སྟོང་པར་ལྡང་ཞིང༌། སྟོང་པ་ལ་ཞེན་ན་སྣང་བར་ལྡང་བའི་ཚུལ་གྱིས་བསམ་གྱིས་མི་ཁྱབ་པའི་རང་བཞིན་ངེས་པར་བྱས་ལ། རྗེས་ལ་ཉམས་ཅི་སྐྱེས་པ་སྐྱོང་བའི་ཚུལ་གྱིས་སྤྱོད་ལམ་གྱི་རྣལ་འབྱོར་བྱའོ། །དེ་ལྟར་བསྒོམས་ན་འབྲས་བུ་ཐམས་ཅད་མཁྱེན་པའི་སངས་རྒྱས་འགྲུབ་པ་ནི། གལ་ཏེ་དེ་ནི་ཀུན་རྟོགས་ན། །ཞེས་པའི་ཚིག་རྐང་པ་དྲུག་གིས་བསྟན་ཏོ། །དེའང་ཡོད་པ་དང་མེད་པ་གཉིས་ཀ་དང༌། གཉིས་ཀ་མ་ཡིན་པའི་མཐའ་བཞི་ལས་གྲོལ་བའི་བསམ་གཏན་རང་བཞིན་ལྷུན་གྱིས་གྲུབ་པའི་གནས་ལུགས་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ལམ་འདི་བསྒོམས་ན་མྱུར་དུ་སངས་རྒྱས་འགྲུབ་པ་ནི། མཐའ་བཞི་ལས་ནི་རྣམ་གྲོལ་བ། །ཞེས་བྱ་བའི་ཚིགས་སུ་བཅད་པ་གཅིག་གིས་བསྟན་ཏོ། །བསམ་གྱིས་མི་ཁྱབ་པ་ཞེས་བྱ་བའི་རིམ་པ་ལྔ་པ་བསྟན་ཟིན་ཏོ།།  །།ད་ནི་རིམ་པ་ལྔ་པོ་དེ་དག་གི་དོན་བསྡུས་ཏེ་བསྟན་ན། སྤྱིར་རིམ་པ་བཞི་ནི་བདེ་བ་སྔོན་དུ་འགྲོ་བའི་སྟོང་པ་བསྒོམ་པ་ཞེས་བྱ་བ་ཡིན་ལ། ཛཱ་ལནྡྷ་རའི་རིམ་པ་ནི་རླུང་འགོག་པའི་སྒོ་ནས་སྟོང་པ་སྔོན་དུ་སོང་བའི་བདེ་བ་བསྒོམ་པ་ཞེས་བྱ་བ་ཡིན་ཞིང༌། གོང་ལྟར་ཡང་ཟུང་དུ་འཇུག་པའི་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བའི་རིམ་པས་མཐར་ཕྱིན་པ་ཡིན་ནོ། །དེ་ཡང་ཐོག་མར་བྱིན་རླབས་ཀྱི་རིམ་པས་སློབ་མའི་རྒྱུད་བྱིན་གྱིས་བརླབས་ནས། སློབ་མའི་རྒྱུད་བརྟགས་ཏེ་རིམ་པ་ལྔ་གང་ཡང་རུང་བ་ནས་ཅིག་ཅར་དུ་སྟོན་པའམ། རིམ་པ་དང་པོ་ནས་རིམ་གྱིས་བསླབ་ཀྱང་རུང་ངོ༌། །དང་པོ་ཅིག་ཅར་དུ་སློབ་ན་བྱིན་རླབས་ཀྱི་དུས་སུ་ལུས་ལ་འཕར་གཡོ་བྱུང་ན་རིམ་པ་དང་པོ་ནས་སློབ། འདར་བ་དང་སྤྲུགས་པ་བྱུང་ན་རིམ་པ་གཉིས་པ་མན་ཆད་ལ་སློབ། བདེ་བ་བྱུང་ན་རིམ་པ་གསུམ་པ་མན་ཆད་ལ་སློབ། ངག་སྨྲ་བ་ལ་སོགས་པ་བྱུང་ན་རིམ་པ་བཞི་པ་མན་ཆད་ལ་སློབ། སེམས་ལ་མི་རྟོག་པ་ལ་སོགས་པ་སྐྱེས་ན་རིམ་པ་ལྔ་པ་འབའ་ཞིག་ལ་སློབ་བོ་ཞེས་གསུང་ངོ༌། །ཁྲིད་ཀྱི་དུས་སུ་ནི་བྱིན་རླབས་ཀྱི་དུས་སུ་རྟགས་གང་བྱུང་ཡང་རུང་སྟེ། རིམ་པ་དང་པོ་ཉིད་ནས་བཟུང་སྟེ་རིམ་གྱིས་སློབ་པ་ཞེས་བྱ་བ་རིམ་པ་ལྔའི་བར་དུ་དམིགས་པ་ཐམས་ཅད་ཚང་བར་སྟོན་པ་ལ་ཕྱག་ལེན་མཛད་དོ། །གཞུང་གི་ཐད་སོ་ན་ནི་གང་ལ་མོས་པའི་རིམ་པ་རེ་རེས་ཀྱང་ལམ་མཐར་ཕྱིན་པར་འགྱུར་བར་མངོན་ཏེ། རིམ་པ་རེ་རེའི་གཤམ་ནའང་འདིས་རྡོ་རྗེ་འཆང་བ་ཉིད་མངོན་དུ་བྱེད་དོ་ཞེས་འབྱུང་བ་ཡིན་ནོ། །དེ་ལ་གཞུང་འདིར་རིམ་པ་དང་དམིགས་པའི་རྣམ་པ་དུ་ཞིག་འབྱུང་ཞེ་ན། རིམ་པ་ནི་ལྔ་སྟེ། བདག་བྱིན་གྱིས་བརླབ་པའི་རིམ་པ་དང༌། སྣ་ཚོགས་རྡོ་རྗེའི་རིམ་པ་དང༌། ནོར་བུ་འགེངས་པའི་རིམ་པ་དང༌། ཛཱ་ལནྡྷ་རའི་རིམ་པ་དང༌། བསམ་གྱིས་མི་ཁྱབ་པའི་རིམ་པ་སྟེ་ལྔའོ། །རིམ་པ་དང་པོ་ལ་སེམས་གཟུང་བའི་རིམ་པ་བསྟན་པའི་ཡན་ལག་ནི། ས་བོན་དང་བཅས་པ་དང༌། ས་བོན་མེད་པ་གཉིས་སོ། །དེ་རེ་རེ་ལའང་སྤྲོ་བའི་ཡན་ལག་ཏུ་དྲུག་དྲུག་སྟེ། མིག་ལ་སོགས་པ་དབང་པོའི་སྒོ་རྣམས་ལ་སྤྲོས་ཤིང་བསྒོམ་པའོ། །རིམ་པ་གཉིས་པ་སྣ་ཚོགས་རྡོ་རྗེའི་རིམ་པའང་གཉིས་ཏེ། ས་བོན་དང་བཅས་པ་དང༌། ས་བོན་མེད་པའོ། །ས་བོན་དང་བཅས་པ་སྤྲོ་བའི་ཡན་ལག་ནི། དབང་པོ་ལྔ་དང༌། འཁོར་ལོ་བཞི་སྟེ་དམིགས་པ་དགུ་ཡིན་ནོ། །རིམ་པ་གསུམ་པ་ནོར་བུ་འགེངས་པའི་རིམ་པ་ནི། དམིགས་པ་བཞི་སྟེ། དམ་ཚིག་གི་ཕྱག་རྒྱ་སྟེ་འོད་ཀྱི་རིག་མ་དང༌། ལས་ཀྱི་ཕྱག་རྒྱ་སྟེ་དངོས་ཀྱི་རིག་མ་དང༌། ཆོས་ཀྱི་ཕྱག་རྒྱ་སྟེ་བདེ་བ་དྲན་པ་དང༌། ཕྱག་རྒྱ་ཆེན་པོ་སྟེ་བདེ་སྟོང་རྒྱུད་ལ་སྐྱེས་པའོ། །དེ་ལྟར་ན་རིམ་པ་ལྔ། དམིགས་པའི་གཙོ་བོར་རིམ་པ་དང་པོ་ལ་གཉིས། གཉིས་པ་ལ་གཉིས། གསུམ་པ་ལ་བཞི། བཞི་པ་དང་ལྔ་པ་དང་གཉིས་པ་ལ་རེ་རེ་སྟེ་བཅུ་ཐམ་པའམ། དམིགས་པ་སྤྲོ་བ་དང༌། རིམ་པ་དང་པོ་ལ་དྲུག་པ་ཚན་གཉིས། རིམ་པ་གཉིས་པ་ལ་དགུ་སྟེ་ཉེར་གཅིག་ཡིན་ནོ། །དེ་ལྟར་ན་བྱིན་རླབས་ཀྱི་རིམ་པ་མ་ཡིན་པ་ལམ་གྱི་རིམ་པ་ནི་ལྔ། དམིགས་པའི་གཙོ་བོ་ནི་བཅུ། སྤྲོ་བ་ན་ཉེར་གཅིག་སྟེ། སེམས་གཟུང་བའི་ཐབས་ཕྲ་མོ་སུམ་ཅུ་སོ་གཅིག་ཡོད་ལ། ཛཱ་ལནྡྷ་རའི་གཤམ་ན་ལྕེ་འཕེལ་བ་ལ་སོགས་པ་ནི་རྟགས་ཀྱི་ཁྱད་པར་ཡིན་ནོ། །དོན་བསྡུས་པ་བསྟན་ཟིན་ཏོ། །གསོལ་བ་འདེབས་པ་དག་ནི་གཙོར་བྱས་ཏེ། །གང་ཟག་གཞན་ལའང་ཕན་པར་འགྱུར་བསམས་ནས། །རིམ་པ་ལྔ་ཡི་ཤིན་ཏུ་གསལ་བྱེད་འདི། །བགྱིས་པའི་དགེ་བས་འགྲོ་ཀུན་རྒྱལ་གྱུར་ཅིག །སློབ་དཔོན་རྡོ་རྗེ་དྲིལ་བུ་པའི་རིམ་པ་ལྔའི་གསལ་བྱེད་འདི་ཤཱཀྱའི་དགེ་བསྙེན་གྲགས་པ་རྒྱལ་མཚན་གྱིས་ཉེ་བར་སྦྱར་བ་འདི་ཡོངས་སུ་རྫོགས་སོ།།  །།

༄༅། །ཚེས་བཅུའི་དུས་ཀྱི་མཆོད་པ་བཞུགས།།

༄༅། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཚེས་བཅུའི་མཆོད་པ་ནི། བསོད་ནམས་བསོག་པར་འདོད་པས་ཡར་གྱི་ཚེས་བཅུ། སྡིག་པ་དག་པར་འདོད་པས་མར་གྱི་ཚེས་བཅུ་ལ་བྱ། ཡོ་བྱད་ནི་ཅི་འབྱོར་པ་ཡིན་ན་ཡང༌། མེད་དུ་མི་རུང་བ་ཤ་དང་ཆང༌། གནས་ནི་མདོར་བསྡུ་ན་དབེན་པར། གྲོགས་དམ་ཚིག་ཐོབ་ལ་མ་ཉམས་པའི་དཔའ་བོ་དང་རྣལ་འབྱོར་མ། ཆོ་ག་ལ་གསུམ། སྦྱོར་བ་དང༌། དངོས་གཞི་དང༌། རྗེས་ཀྱི་བྱ་བའོ། །སྦྱོར་བ་ནི་གནས་ཁང་ཕྱག་དར་བྱ། རྟེན་དགྲམ། མཆོད་ཡོན་ཞབས་བསིལ་སྔོན་དུ་འགྲོ་བའི་མཆོད་པ་དང༌། གཏོར་མ་ཇི་ལྟར་འབྱོར་པ་དང༌། ནང་བདུད་རྩིའི་མཆོད་པ་བཤམ། ཕྱི་མཆོད་དང་འབྲེལ་བར་བྱེད་ན་ཕྱི་མཆོད་ཀྱི་སྐབས་ནས་འབྱུང་བ་བཞིན་བཤམ། གྲལ་ལ་རིམ་གྱིས་འཁོད་དེ། ལྷའི་རྣལ་འབྱོར་ལ་གནས་པར་གསོལ་བ་གདབ། ཡི་གེ་བརྒྱ་པས་རྒྱུད་སྦྱངས་ཏེ་སྦྱོར་བའོ། །དངོས་གཞི་ནི། མངོན་པར་རྟོགས་པ་རྒྱས་འབྲིང་བསྡུས་གསུམ་གང་རུང་བསྒོམ། བདག་ཉིད་སངས་རྒྱས་སུ་བསྐྱེད་པ་ལ་མཆོད་པ་བྱ། དམ་ཚིག་ཅན་ལ་གཏོར་མ་གཏང༌། ཕྱི་མཆོད་དང་འབྲེལ་ན་གཏོར་མའི་གོང་དུ་ཕྱི་མཆོད་རྒྱས་པར་བྱས་ལ། དེ་ནས་གཏོར་མ་གཏང༌། ཚོགས་ཀྱི་ཡོ་བྱད་འོངས་པ་དང༌། གཏོར་མ་བཞིན་བྱིན་གྱིས་བརླབས་ལ། ཕུད་བླ་མ་དང་དཀྱིལ་འཁོར་གྱི་འཁོར་ལོ་དང་གཏོར་མ་ལ་དབུལ། དེ་ནས་ཚོགས་མཆོད་བྱེད་སྙིང་འདོད་ན་ཕུད་ལ་ལག་མཆོད་ཀྱི་སྐབས་བཞིན་རྒྱས་པར་བྱ། ཡང་འཇིག་རྟེན་ན་རྒྱལ་པོའི་ཕྱག་ཚང་བ་མཉེས་པར་བྱས་ནས་རྒྱལ་པོ་མཉེས་པར་བྱེད་པ་བཞིན་ཐོག་མར་བདག་ཉིད་སངས་རྒྱས་སུ་བསྐྱེད་པ་ལ་མཆོད་ནས། ལག་མཆོད་བྱས་ཏེ་ལག་པ་མཆོད་པ་དང་བཅས་པ་དེས་ཕྱི་མཆོད་བྱེད་པ་ཡིན་ནོ་ཞེས་ཀྱང་གསུང་ངོ༌། །གང་ལྟར་ཡང་ཚོགས་ལ་ལོངས་སྤྱད་པའི་དུས་སུ་ཚིགས་སུ་བཅད་པ་བརྗོད་ཅིང་ཕྱག་རྒྱ་དང་བཅས་པས་མ་ད་ན་དང༌། ཚོགས་ཀྱི་ཁ་ཟས་དང༌། གླུ་གར་གྱིས་ཀྱང་ཚིམ་པར་བྱ་སྟེ་དངོས་གཞིའོ། །དེ་ནས་ལྷག་མ་བསྡུས་ཏེ་འབར་བའི་ཕྱག་རྒྱས་ཁ་ཕྲུ་བཏབ་སྟེ་ལྷག་མ་བཏང༌། ཐུན་མོང་གི་བཤད་པའི་རྒྱུད་སཾ་པུ་ཊ་ལས་འབྱུང་བའི་རྡོ་རྗེའི་གླུ་བླངས། བཀྲ་ཤིས་ཀྱི་ཚིགས་བཅད་བརྗོད། སྨོན་ལམ་གདབ། དཔའ་བོ་དང༌། དཔའ་མོ་དང༌། གོ་ཆ་ཆེན་པོས་བསྲུངས་ཏེ་གཏོར་མ་གཏང་བ་ལ་སོགས་པ་ལས་ཀྱི་རྗེས་མི་མངོན་པར་བྱའོ། །རྗེས་ཀྱི་བྱ་བའོ། །དབང་བསྐུར་དང་འབྲེལ་ན་བདག་ཉིད་སངས་རྒྱས་སུ་བསྐྱེད་པ་ལ་མཆོད་པ་ཡན་ཆད་སྔ་མ་བཞིན་བྱས་ལ། སྟ་གོན་གྱི་ནུབ་མོ་སའི་ལྷ་མོ་སྟ་གོན་དང༌། ལྷ་སྟ་གོན་བྱས་ལ་གཏོར་མ་གཏང༌། དངོས་གཞིའི་དུས་སུ་དཀྱིལ་འཁོར་སྒྲུབ་མཆོད་དང༌། བྱིན་གྱིས་བརླབ་པ་དང༌། མཆོད་པ་ཡན་ཆད་བྱས་ལ་གཏོར་མ་གཏང༌། དེ་ནས་ཚོགས་བྱིན་གྱིས་བརླབ་པ་མན་ཆད་ལ་ལས་ཀྱི་རྗེས་མི་མངོན་པར་བྱ་བ་མ་གཏོགས་པ་ཐམས་ཅད་སྔ་མ་བཞིན་བྱས་ལ། དེ་ནས་སློབ་མའི་བྱ་བ་རྣམས་བྱས། སློབ་མའི་བྱ་བ་རྣམས་ཚར་བ་དང༌། ནམ་ལངས་ཁར་འཇིག་རྟེན་ལས་འདས་པའི་གཏོར་མ་མདང་བཞག་པ་དེ་བཏང་སྟེ་ལས་ཀྱི་རྗེས་མི་མངོན་པར་བྱའོ། །དགོས་པ་ནི་འཇིག་རྟེན་དང༌། འཇིག་རྟེན་ལས་འདས་པའི་དངོས་གྲུབ་མཐའ་དག་འགྲུབ་པར་འགྱུར་རོ། །ཚེས་བཅུ་ལ་སོགས་པ་དུས་ཀྱི་མཆོད་པའི་ཡི་གེ་རྣལ་འབྱོར་གྱི་དབང་ཕྱུག་གྲགས་པ་རྒྱལ་མཚན་གྱིས་སྦྱར་བའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*