སྒྲུབ་ཐབས་གཉིས་མེད་རྡོ་རྗེས་མཛད་པ།

༼ཉ༽

༄༅། །སྒྲུབ་ཐབས་གཉིས་མེད་རྡོ་རྗེས་མཛད་པ་བཞུགས།།

༄༅། །རྒྱ་གར་སྐད་དུ། བི་དྱཱ་དྷ་རཱི་ཀེ་ལཱི་ཤྲཱི་བཛྲ་བཱ་ར་ཧཱི་སཱ་དྷ་ན། བོད་སྐད་དུ། རྡོ་རྗེ་ཕག་མོ་རིག་པ་འཛིན་མ་རྩེན་མའི་སྒྲུབ་ཐབས་དཔལ་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །གྲུབ་པའི་རེག་པ་འཛིན་མའི་རིམ་པ་བསྒོམ་པ་ནི། དགེ་བ་མ་ཡིན་པའི་བསྒོམ་པ་རྣམས་བརྩམ་པར་བྱ་སྟེ། བློའི་དབང་པོ་ལྔ་དང་ལས་ཀྱི་དབང་པོ་ལྔ་ལ་བལྟས་ཏེ། གོང་བུར་བསྡུ་བ་དང༌། རྗེས་སུ་གཞིག་པ་གཉིས་གང་རུང་གི་དེ་བཞིན་དུ་རབ་ཏུ་གཞུག་པ་ནི། རྐང་པ་གཉིས་ནི་བརླ་གཉིས་ལའོ། །བརླ་གཉིས་ནི་རྐེད་པའི་ཆའོ། །རྐེད་པ་ནི་སྙིང་གར་རོ། །ལག་པ་དག་ནི་དཔུང་པ་གཉིས་ལའོ། །སྙིང་ག་ནི་མགྲིན་པ་ལའོ། །མགྲིན་པ་ནི་མགོ་བོ་ལའོ། །མགོ་བོ་ནི་སེམས་ལའོ། །སེམས་ནི་ནམ་མཁའ་ལ་རབ་ཏུ་གཞུག་གོ །ནམ་མཁའ་ནི་རང་བཞིན་གྱིས་འོད་གསལ་བའོ། །དེ་ལས་ཡོངས་སུ་རྫོགས་པ་མོ་ནི་སྐད་ཅིག་གིས་བཅོམ་ལྡན་འདས་ཕྲེང་བའི་རིག་པ་འཛིན་མ་མོའི་རྡོ་རྗེ་རྣལ་འབྱོར་མ་སྟེ། ལྡུམ་གྱི་ར་བ་རྩེ་མོ་བརྒྱད་དང་ལྡན་པའི་རིན་པོ་ཆེའི་ཁང་པར་རབ་ཏུ་འཇུག་པ་མོ། སྤྲོ་ཞིང་ཀུན་ཏུ་སྡུད་པའི་ལུས་སུ་བདག་ཉིད་བསྒོམ་པར་བྱའོ། །བསྒོམས་པས་སྐྱོ་ན། ཇི་ལྟ་བའི་སྦྱོར་བས་དེ་བཞིན་དུ་རྐང་པ་གཡོན་པའི་པུས་མོའི་འོག་ཏུ་ཐོད་པ་དང་བཅས་པའི་ལག་པ་གཡོན་པས་བསྡམས་ལ། རྐང་པ་གཡོན་པ་ས་ལ་བརྡབ་པར་བྱའོ། །དེ་ནས་སེམས་ཅན་ཐམས་ཅད་ཀྱི་ཁམས་ཇི་སྙེད་པ་གྲུབ་པའི་དངུལ་ཆུ་ལྟ་བུར་བལྟས་ལ་གཡོན་པའི་སྣའི་བུ་ག་ནས་བཏུང་བར་བྱའོ། །ཡང་སྒྱུ་མ་ལྟ་བུའི་གཟུགས་སྤྲོ་བ་དང་བསྡུ་བ་ཡང་དེ་བཞིན་དུ་བྱའོ། །བསྒོམས་པས་སྐྱོ་ན་སྔགས་བཟླ་བར་བྱའོ། །དེའི་སྤྱོད་པ་བཤད་པར་བྱ་སྟེ། སྒྲུབ་པ་པོ་རྣམས་ལ་ཕན་པའི་དོན་དུ་ཉི་མའམ། ཟླ་བ་གཟས་བཟུང་བ་ལ་མེ་ལོང་གི་སྟེང་དུ་ཀྃ་བིའི་སིནྡྷཱུ་ར་ལ་གསེར་གྱི་ཐུར་མས་རྗེ་བཙུན་མ་བྲིས་ལ། ཉེ་བར་སྤྱོད་པ་ལྔས་མངོན་པར་མཆོད་ལ། དེའི་སིནྡྷཱུ་ར་བཟུང་ལ་ཟངས་མའི་སྣོད་དུ་གཞག་པར་བྱའོ། །ལཾ་ག་ལིཾ་ཡའི་ཤིང་བཏོན་ལ་རང་གི་གནས་སུ་བསྐྱེད་པར་བྱའོ། །འདི་ཟླ་བ་དྲུག་ཏུ་སོ་སོར་མཆོད་པར་བྱའོ། །ཕྱག་རྒྱ་ཆེན་པོའི་འབྲས་བུ་བདག་ལ་སྩོལ། སོ་སོར་ཡང་དག་པར་མཆོད་པ་དང་ཕྱག་བྱའོ། །འདིར་ཟླ་བ་དྲུག་ཏུ་ཡོངས་སུ་རྫོགས་པར་བྱས་ལ། རྣལ་འབྱོར་མ་རྣམས་ལ་ཉེ་བར་སྤྱད་པ་ལྔ་དང༌། སྟོན་མོ་བྱས་ལ་ཕྱག་བྱས་ཏེ་མནོས་ལ། ལཾ་ཀ་ལིཾ་ཡའི་དབུས་སུ་སིནྡྷཱུ་རས་དགང་བར་བྱའོ། །ཐོད་པ་བཟུང་ལ་སྨྱོན་པའི་སྤྱོད་པ་སྤྱད་དོ། །ཟུར་དྲུག་པ་སིནྡྷཱུ་རས་དཔྲལ་བར་བྱས་ལ་འཕྱོ་བར་བྱའོ། །ཟླ་བ་དྲུག་ཏུ་སྐུད་པའི་ཚོང་དུས་ཀྱི་གུང་དང་ཉེ་བར་བུད་མེད་མང་པོ་དག་ལ་གཡོན་དུ་བསྐོར་བར་བརྩམ་པར་བྱའོ། །སྨྱོན་པའི་སྤྱོད་པས་སྤྱད་དོ། །ཟླ་བ་དྲུག་ན་མཚམས་མེད་པ་ལྔ་བྱེད་པ་དེས་ཀྱང་འགྲུབ་བོ། །ཕྲེང་བའི་སྔགས་བཟླ་བར་བྱ་སྟེ། ཨོཾ་བཛྲ་ཝརྞ་ནཱི་ཡེ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ཟློས་པའི་དུས་སུ། ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞ་ནཱི་ཡེ། བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། པདྨ་ཅན་གྱི་རིགས་ཀྱི་རང་བྱུང་གི་མེ་ཏོག་དང༌། ག་པུར་དང༌། ཙནྡན་ལ་སྦྱར་ལ་རྒྱ་སྐྱེགས་དང་བསྲེས་ཏེ་བྲི་བར་བྱའོ། །ཞེས་བྱ་བ་ནི་བརྒྱུད་པའི་མན་ངག་གི་རྡོ་རྗེ་ཕག་མོ་རིག་པ་འཛིན་མ་རྩེན་མའི་སྒྲུབ་ཐབས་སློབ་དཔོན་གཉིས་མེད་རྡོ་རྗེས་མཛད་པ་རྫོགས་སོ། །ཁོ་བོས་རྗེ་བཙུན་ཛ་ཡ་ཤྲཱི་སེ་ན་ལོ་ཙྭ་བ་དང་བཅས་པ་ལ་ཞུས་སོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*