༼ཉ༽
༄༅། །ཚོགས་ཀྱི་མཆོད་པ་བཞུགས།།
༄༅། །རྗེ་བཙུན་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །ཚོགས་ཀྱི་མཆོད་པ་མདོར་བསྡུས་བྱེད་པར་འདོད་ན། དང་པོ་སྔོན་འགྲོ་ལ། གནས། དུས། རྟེན་བཤམ་པ། མཆོད་རྫས་སོ། །དེ་ལ་དང་པོ་གནས་ཁང་ཕྱག་དར་བྱས། ཆག་ཆག་གདབ། མཎྜལ་དང་མེ་ཏོག་དགྲམ། ཐང་སྐུ་དགྲམ་པ་ལ་སོགས་པ་བྱས། གཉིས་པ་དུས་ནི་ཚོགས་བསོག་པར་འདོད་པ་ལ་མར་གྱི་ཚེས་བཅུ། སྒྲིབ་པ་ཟད་པར་འདོད་པ་ལ་མར་གྱི་ཚེས་བཅུ་ལ་བྱའོ། །གསུམ་པ་རྟེན་ནི་སིནྡྷཱུ་རའི་དཀྱིལ་འཁོར་རམ། མེ་ལོང་ལ་ཆང་གིས་ཆོས་འབྱུང་བྲི། དབུས་སུ་མེ་ཏོག་གཅིག་བཞག་གོ །བཞི་པ་མཆོད་པ་ནི། མེ་ཏོག་བདུག་པ་མར་མེ་གསུམ་གཡོན་དུ། དྲི་དང་ལྷ་བཤོས་གཏོར་མ་གསུམ་གཡས་སུའོ། །ཆང་ཕུད་ནི་མདུན་དུ་བཤམ། ཚོགས་ཀྱི་ཡོ་བྱད་ནི་ཅི་འབྱོར་བ་བཤམ་མོ། །དེ་ནས་ཆོ་ག་ལ་འཇུག་པ་ནི། སློབ་མས་མཎྜལ་བྱས་ཏེ་ཞུ་བ་འབུལ། ཐམས་ཅད་ཀྱི་ཐུགས་དགོངས་མཐུན་པར་བྱ། དེ་ནས་བླ་མ་ལ་ཚད་མར་འཛིན་པ་དང༌། བདག་ཉིད་ལ་ཚད་མར་འཛིན་པ་སྟེ། རྗེ་བཙུན་མར་བསྐྱེད་ལ་སྐུ་མདོག་ལ་སོགས་པ་གསལ་གདབ། དེ་ནས་བསྡུས་པ་ཡིན་པས་སྔགས་ཅི་ནུས་བཟླས་པས་མཆོད་དོ། །ལྟེ་བར་ཟླ་བ་ལ་ཨོཾ་བྃ་དམར་མོ་ཕག་མོ། སྙིང་གར་ཧྃ་ཡོཾ་སྔོན་མོ་གཤིན་རྗེ་མ། མགྲིན་པར་ཧྲིཾ་མྃ་དཀར་མོ་རྨོངས་བྱེད་མ། སྤྱི་བོར་ཧྲེཾ་ཧྲིཾ་སེར་མོ་སྐྲག་བྱེད་མ། སྤྱི་གཙུག་ཏུ་ཧཱུྃ་ཧཱུྃ་ལྗང་གུ་སྐྲོད་བྱེད་མ། ཡན་ལག་ལ་ཕཊ་ཕཊ་དུད་ཁ་ཙཎྜི་ཀར་མོས་པ་བྱ། དེ་ནས་གྲུབ་ན་མཆོད་པ་ལྔས་མཆོད། མ་གྲུབ་ན་མི་དགོས། དེ་ནས་གཏོར་མ་ལ་འབྲུ་གསུམ་བཟླས། དུར་ཁྲོད་བརྒྱད་ལ་སོགས་པ་ཚིམ་པར་བྱ། དེ་ནས་ཚོགས་ཀྱི་ཡོ་བྱད་ལ་འབྲུ་གསུམ་བཟླས་ལ་བདུད་རྩིར་བསམས་ལ་ཕུད་དབུལ། དེ་ནས་ལྷ་མཆོད་པའི་བསམ་པས་ལོངས་སྤྱད། དེ་ནས་སེམས་ཚིམ་པའི་ཡན་ལག་ཏུ་གླུ་དང་གར་ལ་སོགས་པ་བྱ། བཀྲ་ཤིས་བརྗོད། སྨོན་ལམ་ནི། ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང༌། །དེས་གསུངས་ཚིག་བརྗོད་མཆོག་ཏུ་ཚད་མ་སྟེ། །བདེན་པ་དེ་དག་གིས་ནི་བདག་ཅག་རྣམས། །རྟག་ཏུ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །ལྷག་མ་བསྡུས་ལ་ཨུ་ཙྪིཥྚས་བཏང༌། གོ་ཆ་བཅིང་ངོ༌། །ལས་ཀྱི་རྗེས་མི་མངོན་པར་བྱའོ།།
« ༄༅། །ཡང་ཚེས་བཅུའི་མཆོད་ཆུང་བཞུགས།།»
༄༅། །བླ་མ་དམ་པ་དང་རྣལ་འབྱོར་མ་ཐ་མི་དད་པ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་པས་ཚེས་བཅུའི་མཆོད་པ་ཡི་དམ་དུ་བྱེད་ན། ཙནྡན་དམར་པོ་ལག་པ་གཡོན་པས་ཆོས་བྱུང་གི་མཎྜལ་གྲུ་གསུམ་དུ་བྱུགས། ཙནྡན་མེད་ན་ཆང་གིས་བྱུགས། དེར་མེ་ཏོག་ཚོམ་བུ་དགོད། དེའི་སྟེང་དུ་རྗེ་བཙུན་མ་རྫོགས་ཚུལ་དུ་བསམས་ལ་དངོས་སུ་མཆོད་པ་ལྔ་དབུལ། མེད་ན་སྔགས་དང་ཏིང་ངེ་འཛིན་གྱིས་དབུལ། ཡན་ལག་བདུན་པ་བྱ། ཚད་མེད་པ་བཞི་བསྒོམ། གྲུབ་ན་མཎྜལ་གྱི་སྟེང་དུ་མེ་ལོང་ལ་སིནྡྷཱུ་ར་དར་ཚགས་ཀྱིས་བཏབ། ལག་པ་གཡོན་པས་ཆོས་འབྱུང་ཉིས་བརྩེགས་ལེགས་པར་བྲིས་པའི་མདུན་རྒྱབ་བོར་པའི་ཟུར་བཞི་ལ། དགའ་བ་འཁྱིལ་པ་བཞི་བྲི། དབུས་སུ་སརྦ་བུདྡྷ་ལ་སོགས་པ་བྲིས་ལ་སྔགས་དང་ལྷ་ཐ་མི་དད་པས་མཆོད་པ་ལ་སོགས་པ་སྔར་དང་འདྲ། བཤགས་པ་བྱ། ཚད་མེད་པ་ནི་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་བར་བྱ་སྙམ་པ་ནི་བྱམས་པ། བདེ་བ་དང་ཕྲད་པར་བྱ་སྙམ་པ་ནི་སྙིང་རྗེ། བདེ་བ་དེ་རྟག་ཏུ་རྒྱུན་མི་འཆད་པར་བྱ་སྙམ་པ་ནི་དགའ་བ། འཇིག་རྟེན་གྱི་ཆོས་བརྒྱད་བྲལ་བ་ནི་བཏང་སྙོམས། དེ་ནས་སེམས་ཅན་ཐམས་ཅད་འཁོར་བའི་རྒྱ་མཚོ་ཞེས་པ་ནས་གཏོར་མ་ཡན་ཆད་བསྒོམ། དེ་ནས་རྣལ་འབྱོར་པས་ཚོགས་མཆོད་བྱ། དེ་ནས་མ་གྲུབ་ན་ཡར་དང་མར་གྱི་ཚེས་བཅུ་ལ་བུ་མོ་གྲོང་བའི་ཆོས་ཀྱིས་མ་གོས་པ་གསུམ་མམ། ལྔ་བཟའ་བཏུང་གིས་ཚིམ་པར་བྱས། དེ་ཡང་མ་གྲུབ་ན་སྙིང་པོ་བརྒྱ་རྩ་བརྒྱད་བཟླས་སོ། །ཉམས་པ་ཐམས་ཅད་འདག་གསུང༌།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply