༼ཉ༽
༄༅། །གནོད་སྤྱིན་མོའི་སྒྲུབ་ཐབས་བཞུགས།།
༄༅། །རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ། །དོན་ཡོད་གྲུབ་པ་ཡི་དམ་དུ་བྱེད་པའི་རྟེན་གྱི་གང་ཟག་གིས། ཡིད་དུ་འོང་བའི་གནོད་སྦྱིན་མོ་སྒྲུབ་པར་འདོད་པ་དེས། དང་པོ་ཡི་དམ་ལྷའི་སྔགས་ལ་ཡི་གེའི་གྲངས་ཀྱི་བཟླས་པ་འབུམ་བསྐྱལ་བ་གཅིག་གིས་འདི་ལྟར་བྱ་སྟེ། ཙནྡན། མེ་ཏོག་དཀར་པོ། གུ་གུལ་དཀར་པོ། མཆོད་པ་རྣམས་སྟ་གོན་བྱས་ལ། ཚེས་བཅུ་དྲུག་གི་ནུབ་མོ་ནས་བཟུང་སྟེ། ཟླ་བ་ཉའི་བར་དུ་སྨྲ་བཅད་བྱས་ལ་བསྒྲུབ་པར་བྱ་སྟེ། དེ་ནས་ཚེས་བཅུ་དྲུག་གི་ནུབ་མོ་ཁང་པ་ཕྱག་དར་བྱ་སྟེ། དེར་ཙནྡན་གྱི་ཆུ་བླུགས་ལ། དེའི་དཀྱིལ་དུ་མཎྜལ་དཀར་པོ་ཟུར་གསུམ་པ་གཅིག་ཙནྡན་གྱི་ཆུས་བྱུགས་ལ། དེར་ཡི་གེ་ཀྲུྃ་དམར་སེར་གཅིག་བསམ། དེ་གྱུར་པ་ལས་ཡིད་དུ་འོང་བའི་པདྨ་ཏི་བསྐྱེད་དེ། སྐུ་མདོག་དམར་ལ་སེར་བའི་མདངས་དང་ལྡན་པ། ཤིན་ཏུ་སྒེག་པ་མཛེས་པ། ཕྱག་གཡས་ན་རིན་པོ་ཆེ་འབར་བ་བསྣམས་པ། གཡོན་པ་ན་རིན་པོ་ཆེའི་བུམ་པ་བསྣམས་པ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བསམས་ལ། རང་གི་ལྟེ་བའི་ཧྲཱིཿལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་གནོད་སྦྱིན་མོ་བཀུག་སྟེ། ཡི་གེ་བཞིས་དགུག་གཞུག་བྱས་ལ། དེ་ལ་གུ་གུལ་དཀར་པོའི་དུད་པ་དང༌། མེ་ཏོག་དཀར་པོ་དང༌། མཆོད་རྫས་རྣམས་ཀྱིས་མཆོད་པ་དབུལ་ལོ། །འདིའི་དམ་ཚིག་ནི་ཤ་དང༌། ཆང་དང༌། བུད་མེད་གཞན་ལ་འཁྲིག་པ་སྤངས་ལ། རང་རྡོ་རྗེ་ཕག་མོའི་ང་རྒྱལ་ལ་གནས་པས་བཟླས་པ་བྱའོ། །བྱ་བ་གཞན་ཐམས་ཅད་གཞུང་བཞིན་ནོ། །བླ་མ་གཉིས་ཀྱི་བརྒྱུད་པའི་མན་ངག་ཡིག་ཆུང་རྫོགས་སོ།།
«༄༅། །ཚངས་པའི་བུ་མོའི་སྒྲུབ་ཐབས་བཞུགས།། »
༄༅། །དེ་ནས་གནོད་སྦྱིན་མོའི་རྟོག་པ་བཤད་པར་བྱ་སྟེ། གང་ཞིག་བསྒྲུབས་པས་བསྐལ་བར་གནས་པར་འགྱུར་རོ། །དེ་ལ་སྒྲུབ་པའི་ཐབས་ནི་མར་ཁུ་ཆེན་པོའི་མར་མེ་སྦར་ཏེ། དུར་ཁྲོད་ཀྱི་གོས་ལ་ནང་ཚང་མོ་རང་གི་ཁ་དོག་ཏུ་བྱས་པའི་གོས་ཕྱེད་ཀྱིས་མོ་ལ་བཀབ་ལ། ཕྱེད་ཀྱིས་བདག་ཉིད་ཀྱི་ཤམ་ཐབས་བྱ། ལྷོ་ཕྱོགས་སུ་ཁ་བལྟས་ཏེ། ཐུན་ཕྱེད་དམ། ཐུན་གཅིག་ཏུ་བཟླས་པ་བྱའོ། །དེ་ནས་ལྷའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རྡོ་རྗེ་དང་བཻ་ཌཱུརྻ་དང༌། རིན་པོ་ཆེ་ཅུང་ཟད་དམར་བ་དང༌། དུང་དང་མུ་ཏིག་གིས་བརྒྱན་པའི་ལུས་ཅན། རྐང་རྒྱན་དང༌། ལག་པའི་གདུ་བུ་དང་ལྡན་པ་ཉི་མ་དང་པོ་ལ་འོང་བར་འགྱུར་རོ། །དེའི་ལག་པ་བཟུང་ལ་མེ་ཐུན་བྱའོ། །དེ་ནས་དགེ་བའི་གསེར་མན་ཆ་གཅིག་བྱིན་ནས་འགྲོ་བར་འགྱུར་རོ། །དེ་བཞིན་དུ་བགྲོད་དེ་ནང་གཅིག་རེ་བཞིན་དུ་སྟེ། ཇི་སྲིད་དུ་ཟླ་བ་དྲུག་གི་བར་དུ་བྱའོ། །དེ་ནས་སྔགས་བཟླས་པར་བྱས་ཏེ་ལེགས་པར་འགྲུབ་པར་འགྱུར། ཚངས་པའི་འཇིག་རྟེན་དང༌། ཟླ་བའི་འཇིག་རྟེན་དང༌། རི་རབ་དང༌། ཏི་སེ་དང༌། བཟང་པོ་རབ་སྣང་དང་ས་སྟེང་ཐམས་ཅད་ཀྱིས་བསྟོད་པར་འགྱུར་རོ། །དྲག་པོའི་འཇིག་རྟེན་ཐམས་ཅད་ཀྱིས་བསྟོད་པར་འགྱུར་རོ། །སྒྲུབ་པ་པོ་ནི་ལོ་བརྒྱད་དང་བཅུ་གཉིས་ཀྱི་ཆ་བྱད་ཅན་དུ་འགྱུར་རོ། །སྒྲ་ཅུང་ཟད་འཁྱིལ་བ་དང༌། རླུང་གི་ཤུགས་དང་ལྡན་པ་དང༌། ཐམས་ཅད་དུ་ཐོགས་པ་མེད་པར་འགྱུར་རོ། །ལྷ་དང་ལྷ་མ་ཡིན་ཐམས་ཅད་དབང་དུ་འགྱུར་རོ། །ཉམས་སོད་བྱས་པས་ཀྱང་ཉི་མ་གཅིག་ཏུ་སྔགས་བཟླ་བར་བྱའོ། །དེ་ལ་སྔགས་ནི་འདི་ཡིན་ཏེ། ཨོཾ་ན་མོ་བྷ་ག་ཝ་ཏེ། ཝ་ར་དྷེ་མྃ་ཀྵ་ཨ་དྷི་པ་ཏ་ཡེ་ཨ་རི་གྷི་རི་དེ་ཧི་ན་ཧ་སཱ་ཡ་སྭཱ་ཧཱ། ཚངས་པའི་བུ་མོ་སྒྲུབ་པའི་ཐབས་མན་ངག་ཏུ་བྱས་པ་རྫོགས་སོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply