སྨན་ཆེན་པོའི་བཅུད་ལེན་དང༌། རྡོ་རྗེ་རྣལ་འབྱོར་མའི་གདམས་པ།

༼ཉ༽

༄༅། །སྨན་ཆེན་པོའི་བཅུད་ལེན་བཞུགས།།

༄༅། །ཨོཾ་སྭ་སྟི་སིདྡྷཾ། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །ལམ་གྱི་ཡན་ལག་སྨན་ཆེན་པོའི་བཅུད་ལེན་ནི། བོང་ང་ཆ་གཅིག་ལ། ངན་ན་ཨ་རུ་ར་དྲུག་འགྱུར། བཟང་ན་བཅུ་གཉིས་འགྱུར། དང་ལ་སྐོམ་ཐག་བྱ། དེ་ནས་དྲི་ཆུ་ལ་སྦྱར་ལ་བཏགས། སྣག་ཚ་ལྟ་བུ་མདོག་ནག་ལ་སྐན་དེར་སོང་བ་དང༌། རིལ་བུ་སྲན་མ་ཙམ་བྱས་ལ་སྣོད་དུ་སྤུངས་པའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་བསྒོམ། དེའི་དབུས་སུ་ཧྲཱིཿཕྱོགས་བཞིར། ཨོཾ་ཨཱཿཧྲཱིཿཁཾ། དེ་རྣམས་ལས་བདུད་རྩིའི་རྒྱུན་བྱུང་བར་བསམ་ཞིང༌། སྨན་རྣམས་བདུད་རྩིར་འགྱུར་བར་བསམས་ལ། ཨོཾ་ཨཱཿཧྲཱིཿཁཾ་མང་དུ་བཟླས། ཞག་རེ་རེ་ལ་རེ་རེ་སྤེལ་ཞིང༌། རིལ་བུ་བཅུ་གཅིག་ཚུན་ཆད་ལྟོ་སྦྱང༌། རྟག་ཏུ་བཅུ་གཅིག་བཅུ་གཅིག་བཟའ། ཟླ་བ་རེ་ལ་ཨ་རུ་ར་ཆ་རེ་ཕྲི་ཞིང་སྦྱར་བས། བོང་ང་བཟང་ངན་གྱིས་ཟླ་བ་དྲུག་གམ་བཅུ་གཉིས་ན་བོང་ང་རང་དུ་འགྲོ། བོང་ང་སྲན་མ་རེ་ཙམ་བཟའ། ཟླ་བ་རེ་ལ་བཅུ་གཉིས་ཆའི་བག་ཙམ་རེ་སྤེལ་བས་ལོ་གཅིག་ན་རིལ་མ་ཙམ་དུ་བཏང༌། ཞག་རེ་ལ་རིལ་མ་ཙམ་རེ་ཟོས་པས་བཟའ་བ་དང་བགོ་བ་གཉིས་ཀའི་དོན་དུ་འགྲོ། དུག་ནད་ཟི་བེར་བ་ལ་སོགས་པ་བྱུང་ན་ཟླ་བའི་དཀྱིལ་འཁོར་སྤྱི་བོར་བསྒོམས་ལ། ཡི་གེ་ལས་བདུད་རྩི་བྱུང་བར་བསམ་ཞིང་ལུས་བཀྲུ། བདུད་རྩིས་ལུས་ཁེངས་པར་བསམ་ཞིང་སྔགས་བཟླས་སོ། །ཐུན་མོང་མ་ཡིན་པའི་གདམས་ངག་གོ །ཨི་ཐི།། 

«༄༅། །རྡོ་རྗེ་རྣལ་འབྱོར་མའི་གདམས་པ་བཞུགས།། »

༄༅། །རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །བསྐྱེད་པའི་རིམ་པ་ནཱ་རོ་མཁའ་སྤྱོད་བརྟན་པ་ཐོབ་པ་གྲངས་ཀྱི་བསྙེན་པ་སྔོན་དུ་སོང་བས། གཞན་དབང་དུ་བསྡུ་བར་འདོད་པས། སིནྡྷཱུ་རའི་མཎྜལ་ལག་ལེན་ལྟར་བྱས་པའི་སྔགས་མཐར་ཆེ་གེ་མོའི་མིང་སྤེལ་བ་ཧུྃ་ཧཱུྃ་ཕཊ་ཀྱིས་བརྒྱན། ནང་མཆོད་བདུད་རྩིའི་ནང་དུ་ཆེ་གེ་མོའི་ནོར་གང་ལོན་དང༌། རབ་ཐུན་མོང་མ་ཡིན་པའི་རྫས་གཉིས་པོ་གང་ལོན་བཅུག་ལ། སྒྲུབ་ཐབས་ལྟར་བཤམ། རང་བསྐྱེད་པའི་རིམ་པ་གསལ་བར་བསྒོམ། ཁྱད་པར་ནི་གསང་བའི་གནས་ཀྱི་དགའ་བ་འཁྱིལ་པའི་ནང་དུ་སྔགས་ཀྱི་ཕྲེང་བ་ཁ་དོག་དམར་པོ་ལས་འོད་དམར་པོ་འཕྲོས། ཐུགས་ཀའི་སྤེལ་ཚིག་དང་བཅས་པའི་སྔགས་ཕྲེང་བསྐུལ། སྨིན་མཚམས་ནས་ཐོན་པར་སྣང་གི་དགའ་བ་འཁྱིལ་པ་བསྐུལ་ཞིང་འདྲེས་མདུན་གྱི་སྨིན་མཚམས་སུ་ཞུགས། ཐུགས་ཀ་ནས་གསང་བའི་གནས་སུ་བསྐུལ། སྔགས་དང་དགའ་བ་འཁྱིལ་པ་ལྕགས་ཀྱུའི་རྣམ་པར་གྱུར་ཏེ། དགའ་བ་འཁྱིལ་པ་གནས་ས་ནས་ཞུགས། རཀྟའི་ཅིག་ཤོས་ཀྱི་རྣམ་པར་ཤེས་པ་དྲངས་ནས་ཞལ་དུ་ཞུགས། དགའ་འཁྱིལ་འོག་མ་གནས་ས་ལ་ཤེས་པ་གཏད། སྤེལ་སྔགས་བཟླས་སོ། །སྟོང་བས་མངས་ན་བརྒྱལ་བའམ། འཆི་བའི་ཉེན་ཡོད་གསུང་ངོ༌། །གསུམ་མམ་བདུན་ནི་ངེས་པར་རོ། །རྟག་ཏུ་དམིགས་ན་སྐྱོན་དུ་འགྱུར་བས་མིན་ནོ། །བླ་མ་ཆེན་པོ་མྱ་ངན་ལས་འདས་ཁར་ཟིན་བྲིས་ཆིག་བརྒྱུད་དུ་བྱས་པ། ཨི་ཐི།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*