༼ཉ༽
༄༅། །རྩ་དབུ་མའི་ཁྲིད་ཡིག་བཞུགས།།
༄༅། །བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །ཇོ་བོ་ནཱ་རོ་ཏ་པས་གཞན་ལ་མ་གནང་བའི། ཐུན་མོང་མ་ཡིན་པའི་གདམས་ངག རྗེ་བཙུན་ཕམ་ཐིང་པ་སྐུ་མཆེད་ལ་གདམས་ངག་གནང་བ་ནི། བསྐྱེད་པའི་རིམ་པ་ཕག་མོ་མཁའ་སྤྱོད། རྫོགས་པའི་རིམ་པ་རྩ་དབུ་མ། ཐུན་མོང་གི་མན་ངག་པྲ་སེན་དབབ་པ་དང༌། གནོད་སྦྱིན་མོ་དབང་དུ་བྱ་བ། ལམ་གྱི་ཆ་རྐྱེན་སྨན་ཆེན་པོའི་བཅུད་ལེན་ནོ། །དེ་ལ་རྫོགས་པའི་རིམ་པ་རྩ་དབུ་མའི་མན་ངག་ནི། དཔལ་བདེ་མཆོག་རྩ་བའི་རྒྱུད་ཀྱི་ལེའུ་དང་པོ་ལས། ཕོ་ཉ་མཆོག་འབྲིང་ཐ་མ་རྣམས། །ཞེས་གསུངས་པའི་དོན་ཕོ་ཉ་མཆོག་རྩ་དབུ་མ། འབྲིང་རྩ་ཉི་ཤུ་རྩ་བཞི། ཐ་མ་གཞན་རྩ་བྲན་གཞན་རྣམས་ཡིན་པས། ཕོ་ཉ་མཆོག་རྩ་དབུ་མ་མཆོད་པའི་མན་ངག་ཅེས་བྱ་བ་ཡིན་ནོ། །ཡང་དེ་ཉིད་ལས་རྣལ་འབྱོར་པས་དུས་ཁྱད་པར་དུ། རིགས་ལྡན་མ་རྣམས་རྟག་མཆོད་བྱ། །ཞེས་པའི་དོན། ནང་གི་རིགས་ལྡན་མ་རྩ་དབུ་མ་མཆོད་པའི་མན་ངག་ཡིན་ནོ། །ཡང་ཀུན་སྤྱོད་ལས། བསམ་གྱིས་མི་ཁྱབ་དེ་བསམས་ན། །དེ་ལས་གཟུངས་ནི་ཐོབ་པར་འགྱུར། །ཅེས་པའི་དོན་བསམ་གྱིས་མི་ཁྱབ་པའི་དུས་སུ་རླུང་སེམས་དབུ་མར་འདུ་བའི་མན་ངག་ཡིན་ནོ། །ཡང་བརྟག་པ་གཉིས་པ་ལས། རྐྱང་མ་ཤེས་རབ་རང་བཞིན་ལས། །ཐབས་ཀྱི་རོ་མ་ཡང་དག་གནས། །ཀུན་འདར་མ་ནི་དབུས་གནས་སུ། །གཟུང་དང་འཛིན་པ་རྣམ་པར་སྤངས། །ཞེས་བྱ་བའི་དོན་རླུང་སེམས་དབུ་མར་ཚུད་ནས། གཟུང་འཛིན་གཉིས་སྤངས་པའི་ཡེ་ཤེས་སྐྱེ་བའི་མན་ངག་ཡིན་ནོ། །ཡང་མཚན་ཡང་དག་པར་བརྗོད་པ་ལས། མ་རིག་སྒོ་ངའི་སྦུབས་འབྱེད་པ། །ཞེས་བྱ་བ། རྩ་དབུ་མ་ཁ་འབྱེད་པའི་གདམས་ངག་ཡིན་ནོ། །དེ་ལ་ཐུན་མོང་གི་དཔེ་གསུམ་གྱིས་རྟོགས་པའི་དོན་དང་བཞི་ཡིན་ཏེ། ཤན་པ་སྲོག་གི་གནད་ལ་མཁས་པ། སྒྱུ་མ་མཁན་འཁྲུལ་འཁོར་གྱི་གནད་ལ་མཁས་པ། ཤིང་མཁན་ཤིང་གི་གནད་ལ་མཁས་པ། རྣལ་འབྱོར་པ་ལམ་གྱི་གནད་ལ་མཁས་པའོ། །དེ་ལ་དང་པོ་ནི་ཤན་པས་གླང་ལ་སོགས་པ་གསོད་པའི་དུས་སུ། ཡན་ལག་ལ་སོགས་པ་གང་ལ་ཡང་མི་བརྡེག་པར། སེམས་ཀྱི་རྟེན་གང་ན་གནས་ཤེས་པས་གང་ན་གནས་པ་དེར། སྙུག་ཚལ་པ་གཅིག་བརྒྱབ་པ་ཙམ་གྱིས་དེ་འཕྲལ་དུ་འཆི་བ་ལྟ་བུའོ། །གཉིས་པ་ལྷོ་ནུབ་ཀྱི་ཕྱོགས་ན་རཱ་ཛཱ་བྷོ་ཛ་དེ་བ་ཞེས་བྱ་བའི་ཁང་པ་ཡོད་ལ། དེའི་ནང་ན་ཆུས་རིས་བྱས་ཏེ། རྩི་བཏང་ནས་ཡོད་པའི་གསེབ་ཏུ་ཉ་དང་ཆུ་སྲིན་ལ་སོགས་པའི་རཱུ་པ་དུ་མ་བྲིས་ནས་ཡོད་པ་ལ། འཁྲུལ་འཁོར་གཅིག་གི་གནད་ཀྱིས་གཞན་དག་གིས་ཆུར་དངོས་སུ་མཐོང་བ་དང༌། དེ་ན་གནས་པའི་སྲོག་ཆགས་ཀྱི་རཱུ་པ་ཐམས་ཅད་ཀྱང་འཁྱུག་པར་མཐོང་ནས། དེར་སུས་ཀྱང་འགྲོ་མི་ནུས་པ་ཡོད་དེ། དེའི་ཕྱོགས་བཞི་ན་སྒོ་བཞི་ཡོད་པའི་གཡས་གཡོན་ན་ཤིང་གི་མི་རལ་གྲི་ཐོགས་པ་གཉིས་ཀྱིས། མཚན་མོའི་དུས་སུ་དེའི་ནང་དུ་རྡོ་བ་ལ་སོགས་པ་གཞན་གྱིས་བསྐྱུར་རམ། མིས་ཕྱིན་ན་གང་དེར་ཕྱིན་པའི་མི་ཐམས་ཅད་མཚོན་གྱིས་དུམ་བུ་བརྒྱ་སྟོང་དུ་གཏུབ་པ་ལ། འཁྲུལ་འཁོར་གྱི་ཐག་པ་གཅིག་བཅད་པ་ཙམ་གྱིས། ཆུའི་ནང་དུ་སྲོག་ཆགས་འདུག་པ་དེ་ཀུན་ཡང་མི་སྣང་བར་འགྲོ་ལ། ཤིང་གི་མི་ཀུན་ཡང་འགྱེལ་ནས་འགྲོ་བ་ཡོད་པ་ལྟ་བུའོ། །གསུམ་པ་ནི་ལྷོ་ཕྱོགས་ཌཱ་ཀི་ནི་པ་ཐ་ཞེས་བྱ་བ་ན་ཤིང་སྡོང་ཆེན་པོ་ཡོད་པ་ལ། མི་བརྒྱ་ཕྲག་རེ་ཙམ་གྱིས་བཅད་ཀྱང༌། ཕྱོགས་གཅིག་ནས་བཅད་ཙམ་ན་གཅིག་ནས་སྐྱེ་ཞིང་མི་ཆོད་པ་ཡོད་པ་ལ། ཤིང་མཁན་གནད་ཤེས་པས་གང་ནས་ཆུ་རྒྱུ་བའི་ཤིང་གི་སྲུབས་ཤེས་པས་སྲུབས་གཅིག་ཏུ། ཤིང་གི་གཟེར་གཅིག་བཏབ་ནས་བཞག་པ་ཙམ་གྱིས། བསྐམས་ཏེ་འགྱེལ་ནས་འགྲོ་བ་ལྟ་བུའོ། །དེ་བཞིན་དུ་རྣལ་འབྱོར་པ་ལམ་གྱིས་གནད་ལ་མཁས་པས། གང་རྟོགས་པར་བྱ་བ་ཆོས་ཀྱི་དབྱིངས་དེ་ཁོ་ན་ཉིད་རང་ལ་ངོ་བོ་ཉིད་ཀྱིས་གནས་པ། ཐར་པ་དང་ཐམས་ཅད་མཁྱེན་པའི་ཡོན་ཏན་ཐམས་ཅད་འབྱུང་ཡང༌། དེ་ལྟར་ཡོན་ཏན་དེ་དག་སེམས་ཅན་ལ་མི་སྣང་ལ། ལམ་བསྒོམས་པའི་སྟོབས་ཀྱིས་རྟོགས་པའི་དུས་སུ་མངོན་དུ་གྱུར་ཏེ། དེ་ཡང་དཔེར་ན། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་གྲུབ་བའི་དངུལ་ཆུའི་དཔེ་དང་འདྲའོ། །དེ་ཡང་དངུལ་ཆུའི་ཐིགས་པ་གཅིག་ལ། གསེར་དང༌། མུ་མེན་དང༌། མུ་ཏིག་དང༌། གླ་རྩི་དང༌། བྱང་སེམས་དང༌། རང་བྱུང་དང༌། དྲི་ཆེན་དང༌། དྲི་ཆུ་དང༌། ཤ་ཆེན་དང༌། མུ་ཟི་དང༌། རྡོ་ཆུ་སྟེ་བཅུ་གཅིག་པོ་བླུགས་ནས་འགྱུར། དེ་ཙམ་དུ་བུངས་ཆེ་བ་དང༌། ཁ་དོག་འགྱུར་པར་གཤའ་བ་ལས། བུངས་དང་ཁ་དོག་ལ་སོགས་པ་འགྱུར་བ་མེད་དེ། དངུལ་ཆུར་སྣང་ལ། དེ་ལྟོ་སྦྱངས་ཏེ་ཐོ་རངས་འཇུག་པའི་རླུང་དང་བསྟུན་ནས། སྣ་གཡོན་ནས་བསྟེན་ན། ཞག་གསུམ་མམ། བདུན་ནམ། ཟླ་བ་གཅིག་གི་བར་དུ་བསྟེན་པས་ཡོན་ཏན་བཅུ་གཅིག་སྐྱེ་བར་འགྱུར་ཏེ། གསེར་གྱི་མཐུས་ལུས་ཀྱི་མདངས་བཟང་ཞིང་ལོ་དྲུག་བརྒྱ་ལ་སོགས་པར་འཚོ་བ་དང༌། མུ་མེན་གྱིས་སྐྲ་དཀར་དང་གཉེར་མ་མེད་པ་དང༌། མུ་ཏིག་གིས་དབང་པོ་རྣམས་གསལ་བ་དང༌། གླ་རྩིས་དྲི་ཞིམ་པ་དང༌། བྱང་སེམས་ཀྱིས་ལུས་ལ་གྲང་བ་མེད་ཅིང་ཚེ་རིང་བ་དང༌། རང་བྱུང་གིས་རྒྱལ་པོ་ལ་སོགས་པ་འགྲོ་བ་ཐམས་ཅད་དབང་དུ་འདུ་བ་དང༌། དྲི་ཆེན་གྱིས་ཀླུ་ལ་སོགས་པའི་གདོན་གྱིས་མི་ཚུགས་པ་དང༌། དྲི་ཆུས་ཚ་བ་སེལ་བ་དང༌། ཤ་ཆེན་གྱིས་མི་མ་ཡིན་པའི་འབྱུང་པོ་དབང་དུ་འདུ་བ་དང༌། མུ་ཟིས་མདངས་གསལ་ཞིང་གཉེར་མ་མེད་པ་དང༌། རྡོ་ཆུས་མཚོན་གྱིས་མི་ཚུགས་པར་མངོན་དུ་འགྱུར་རོ། །དེ་ལྟ་བུའི་ཆོས་ཀྱི་དབྱིངས་དེ་རྟོགས་པའི་ཐབས་ནི་གཉིས་ཏེ། ཆོས་ཉིད་རང་གི་རང་ངོ་དངོས་སུ་སྟོན་པ་དང༌། གནད་ཀྱི་མན་ངག་ལ་བརྟེན་ཏེ་དེ་གོམས་པ་ལས་མཐར་ཆོས་ཀྱི་དབྱིངས་རྟོགས་པར་འགྱུར་བའོ། །དེ་ཡང་དཔེར་ན་ཕྱིའི་རྒྱ་མཚོ་རྟོགས་པར་འདོད་པ་ལ། རྒྱ་མཚོ་ཉིད་བཤད་ནས་དངོས་སུ་རྟོགས་པར་བྱེད་པ་དང༌། རྒྱ་མཚོ་བརྒྱུད་དེ་རྟོགས་པར་བྱེད་པའོ། །དང་པོ་ནི་རྒྱ་མཚོ་ཉིད་འཆད་པ་སྟེ། ཕྱིའི་རྒྱ་མཚོ་ཞེས་བྱ་བ་ཆུའི་ཚོགས་ཤིན་ཏུ་མང་བ། གཏིང་རིང་བ། རྒྱ་ཆེ་བ། ཉ་མིད་དང་ཆུས་སྲིན་ལ་སོགས་སྲོག་ཆགས་མང་པོས་གང་བ། ནོར་བུ་རིན་པོ་ཆེ་དུ་མ་དང་ལྡན་པ། ལན་ཚྭའི་ཆུ་དང་ལྡན་པ་སྟེ། འཐུངས་ན་སྐོམ་དང་ཆེ་བ། ཁ་ཚ་བ། གཏིང་གྲང་བ། རྦ་རླབས་བསྐྱོད་པའི་ལྦུ་བ་རི་རབ་ཙམ་ཡོད་པ་ཡིན་ནོ་ཞེས་སྟོན་པར་བྱེད་པ་དང་འདྲ་བར། རྟོགས་པར་བྱ་བ་ཕྱག་རྒྱ་ཆེན་པོ་དངོས་སུ་སྟོན་པ་ཡིན་ནོ། །ཁ་ཅིག་ལ་བརྒྱུད་དེ་རྒྱ་མཚོ་ཆེན་པོ་བསྟན་པའི་ཕྱིར། ཆུ་བོ་གངྒཱ་བསྟན་ནས་འདི་དང་འགྲོགས་ཏེ་ཕྱིན་པས། གླིང་གི་སྒྲོལ་མ་ཞེས་བྱ་བ་ཡོད། དེའི་ཕ་རོལ་ན་ཆུ་མདོག་སྣ་ཚོགས་པ་ཞེས་བྱ་བ་ཡོད། དེའི་ཕ་རོལ་ན་ཕྱིའི་རྒྱ་མཚོ་ཞེས་བྱ་བ་ཡོད་དེ། ཞེས་བརྒྱུད་དེ་རྒྱ་མཚོ་ཆེན་པོ་སྟོན་པ་དང་འདྲ་བར། རྩ་དབུ་མ་ཁ་དབྱེ་བའི་མན་ངག་བསྟན་ཏེ་དེ་བསྒོམས་པས་ཆོས་ཀྱི་དབྱིངས་རྟོགས་པར་འགྱུར་བའོ། །དེ་ལ་ཕྱི་མ་བརྒྱུད་དེ་སྟོན་པ་ལྟར་དུ་བརྗོད་ན། དེ་ལ་གསུམ། སྐལ་པ་དང་བསོད་ནམས་རབ་ཚེ་འདི་ལ་འགྲུབ་པ་དང༌། འབྲིང་བར་དོར་མན་ངག་གི་རྒྱུན་གྱིས་འགྲུབ་པ་དང༌། ཐ་མ་འཆི་ཀ་མའི་གདམས་ངག་གིས་རྐྱེན་བྱས་ནས་མཐོ་རིས་ཀྱི་ལུས་ལ་བརྟེན་ནས་སྐྱེ་བ་ཕ་རོལ་དུ་འགྲུབ་པར་འགྱུར་བའོ། །དང་པོ་ལ་གཉིས། ཆགས་བྲལ་རྣལ་འབྱོར་གྱི་ལམ་ལ་མོས་པ་དང༌། ཆགས་བཅས་ཕོ་ཉའི་ལམ་ལ་མོས་པའོ། །དེ་ལྟར་དེ་དག་གིས་སྤྱིའི་མན་ངག་མདོར་བསྟན་པ་ཙམ་ཡིན་ནོ། །རྣལ་འབྱོར་པ་ལམ་གྱི་གནད་ཀྱི་གདམས་ངག་གི་མངོན་པར་རྟོགས་པ་ནི་འདི་ཡིན་ཏེ། གཞི་འཁོར་བའི་གནད་དང༌། ལམ་བསྒོམ་པ་རྣལ་འབྱོར་གྱི་གནད་དང༌། འབྲས་བུ་མཐར་ཐུགས་སངས་རྒྱས་ཀྱི་གནད་ཅེས་བྱ་བ་དང་གསུམ་ཡིན་ནོ། །དེ་ལ་གཞི་འཁོར་བའི་གནད་ནི་འཁོར་བ་ཞེས་བྱ་བ་ཟག་བཅས་ཀྱི་ལུས་སྐྱེ་ཤི་དང་བཅས་པ་དང༌། སེམས་རྟོག་བཅས་གཟུང་འཛིན་དང་བཅས་པ་ཡིན་ལ། དེ་ཡང་རྩ་ཐ་དད་ནས་རླུང་ཐ་དད་རྒྱུས་པས་སེམས་རྟོག་བཅས་སུ་སྐྱེད་ཅིང༌། བྱང་ཆུབ་ཀྱི་སེམས་ཐ་དད་དུ་རྒྱུ་བས་ལུས་ཟག་བཅས་ཐ་དད་སྐྱེད་པ་ཡིན་ནོ། །དེ་ཡང་ཐོག་མར་ཕ་མའི་རྟེན་འབྲེལ་དང༌། རང་གི་སེམས་ལ་ལས་ཀྱི་བག་ཆགས་བསྒོས་པའི་མཐུས། མི་ལུས་གྲུབ་པའི་དུས་སུ་དང་པོར་ལྟེ་བར་ཀུན་འདར་གྱི་ཆ་ཤས་ཕྲ་བྲེང་བ་ཅིག་ཆགས་ཏེ། དེ་ལ་ཨ་ན་ཧ་ད་ཞེས་བྱའོ། །དེ་ལས་འདབ་མ་དྲུག་ཅུ་རྩ་བཞི་བསྐྱེད། དེ་ལ་རིམ་པ་ལྔར་གནས་པ་སྟེ། ལྟེ་བའི་ནང་སྐོར་འདབ་མ་བཞི་དང༌། དེའི་ཕྱི་སྐོར་གཉིས་པ་ལ་འདབ་མ་བརྒྱད་དང༌། དེའི་ཕྱི་སྐོར་གསུམ་པ་ལ་འདབ་མ་བཅུ། དེའི་ཕྱི་སྐོར་བཞི་པ་ལ་འདབ་བཅུ་གཉིས། དེའི་ཕྱི་སྐོར་ལྔ་པ་ལ་འདབ་མ་སུམ་ཅུ་སྟེ། དེ་ལྟར་ན་འདབ་མ་དྲུག་ཅུ་རྩ་བཞིའོ། །དང་པོའི་ལྟེ་བར་ནཱ་ད་ལྟ་བུ་སྲོག་གི་ཡི་གེ་ཨ། འདབ་མ་བཞི་ལ་ཤར་དུ་དབྱུག་ཐོ་ལྟ་བུ། ལྷོར་ཚེག་དྲག་ལྟ་བུ། ནུབ་ཏུ་ཐོང་གཤོལ་ལྟ་བུ། བྱང་དུ་ཐིག་ལེ་ལྟ་བུ་སྟེ། མཚན་བརྗོད་ལས། སྟོང་པ་ཆེན་པོ་ཡི་གེ་ལྔ། །ཞེས་བྱ་བའི་དོན་ཡིན་ནོ། །དེ་ལྟ་བུའི་རྩ་སྦུབས་ལྔའི་ནང་ནས་ཀྱང་རླུང་ལྔ་རྒྱུ་སྟེ། ཤར་ནས་རླུང་གི་རླུང༌། ལྷོ་ནས་མེའི་རླུང༌། ནུབ་ནས་སའི་རླུང༌། བྱང་ནས་ཆུའི་རླུང༌། དབུས་ནས་ནམ་མཁའི་རླུང་རྒྱུ་བའོ། །དེའི་སྟོབས་ཀྱིས་ཕྱི་རོལ་གྱི་འདབ་མ་བརྒྱད་ལ་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་བརྒྱད་ཡི་གེའི་དབྱིབས་སུ་ཆགས་ཏེ། དེ་དག་རེ་རེ་ནས་ཀྱང་འབྱུང་བ་ལྔའི་རླུང་ཆ་མཉམ་པར་རྒྱུ་བ་ཡིན་ཏེ། ཡི་གེ་བརྒྱད་པོ་དེ་དག་བརྟག་པ་གཉིས་པ་ལས་འབྱུང་བ་ཡིན་ནོ། །དེའི་སྟོབས་ཀྱིས་སྙིང་གའི་རྩ་འདབ་བརྒྱད་ཀྱང་ཞར་ལས་འབྱུང་བ་ཡིན་ལ། ཕྱི་སྐོར་གྱི་འདབ་མ་བཅུ་ཡང་སྐྱེད་པ་ཡིན་ནོ། །འདབ་མ་བཅུ་ལ་ཐིག་ལེ་བཅུ་གནས་ཏེ། དེ་ནི་རྩ་བའི་རླུང་ལྔ་དང༌། མིག་ལ་སོགས་པ་ཡན་ལག་གི་རླུང་ལྔ་རྟེན་དང་བརྟེན་པར་བཅས་པ་ཡིན་ཏེ། རིམ་པ་ལྔ་པ་ལས། ལྔ་ཡི་བདག་ཉིད་བཅུ་མིང་ཅན། །ཞེས་བྱ་བའི་དོན་ཡིན་ནོ། །དེའི་དབང་གིས་ཕྱི་རོལ་དུས་དབྱངས་ཡིག་བཅུ་གཉིས་ཀྱི་དབྱིབས་སུ་ཆགས་ཏེ། དེ་ཡང་ཕོ་རྟགས་ཀྱི་ཡི་གེ་ཐུང་ངུ་དྲུག་ཏུ་རླུང་ལྔ་རྒྱུས་པས་སྣ་བུག་གཡས་དང་འབྲེལ་པའི་རླུང་ལྔ་སྐྱེད་ལ། དེས་གཟུང་བའི་རྣམ་པར་རྟོག་བསྐྱེད་པར་བྱེད་དོ། །མོ་རྟགས་ཀྱི་ཡི་གེ་རིང་པོ་དྲུག་ཏུ། རླུང་ལྔ་རྒྱུས་པས་སྣ་བུག་གཡོན་བ་དང་འབྲེལ་པའི་རླུང་ལྔ་སྐྱེད་ལ། དེས་འཛིན་པར་བྱེད་པའི་རྣམ་པར་རྟོག་པ་སྐྱེད་པར་བྱེད་དོ། །དེ་རྣམས་ཀྱི་དབང་གིས་ནང་གི་ཕྱི་རོལ་གྱི་འདབ་མ་སུམ་ཅུ། ཡི་གེ་དང་བཅས་པ་སྐྱེད་དོ། །དེ་ཡང་སྡེ་ཚན་དྲུག་ཏུ་བྱས་ལ། ཀ་སྡེ་ལྔ་དང༌། ཙ་སྡེ་ལྔ་དང༌། ཊ་སྡེ་ལྔ་དང༌། ཏ་སྡེ་ལྔ་དང༌། པ་སྡེ་ལྔ་དང༌། སྦས་པའི་སྡེ་ལྔའོ། །དེ་ནི་ཤ་ཥ་ས་ཧ་ཀྵ་ཞེས་བྱའོ། །འདབ་མ་དེ་དག་ཀུན་གྱི་ཡི་གེ་ནི་ཤར་ནས་བཟུང་ནས་གཡོན་སྐོར་དུ་བཀོད་ནས་ཡོད་པ་ཡིན་ནོ། །དེ་ལྟ་བུའི་སྡེ་ཚན་དྲུག་པོ་དེ་དག་ནས་ཀྱང་རླུང་ལྔ་ལྔ་རྒྱུ་བ་ཡིན་ཏེ། སྡེ་ཚན་དྲུག་གི་དང་པོ་ཀ་དང༌། ཙ་ལ་སོགས་པ་དང་པོ་དྲུག་ནས་སའི་རླུང་རྒྱུ། ཁ་ལ་སོགས་པ་གཉིས་པ་དྲུག་ནས་ཆུའི་རླུང་རྒྱུ། ག་ལ་སོགས་པ་གསུམ་པ་དྲུག་ནས་མེའི་རླུང་རྒྱུ། གྷ་ལ་སོགས་པ་བཞི་པ་དྲུག་ནས་རླུང་གི་རླུང་རྒྱུ། ང་ལ་སོགས་པ་ལྔ་པ་དྲུག་ནས་ནམ་མཁའི་རླུང་རྒྱུ་བ་ཡིན་ནོ། །རྩ་དང་རླུང་འདུས་པའི་དུས་སུ། ཡི་གེ་དྲུག་པོ་དེ་དག་ཐིག་ལེ་སྡེ་དྲུག་འགྱུར་བ་ཡིན་པས་ན། ཐིག་ལེ་སྟོང་པ་ཡི་གེ་དྲུག །ཅེས་བྱ་བའི་དོན་ཡང་ཡིན་ནོ། །དེ་དག་གི་དབང་གིས་འཁོར་ལོ་གོང་མ་རྣམས་ཀྱི་རྩ་མདུད་དང༌། རྩ་སུམ་ཅུ་རྩ་གཉིས་དང༌། རྩ་བརྒྱ་ཉི་ཤུ་དང༌། རྩ་ཕྲན་སྟོང་ཕྲག་བདུན་ཅུ་རྩ་གཉིས་ལ་སོགས་པ་རིམ་གྱིས་ཆགས་ནས་ལུས་ཟག་བཅས་སུ་སྐྱེད་པ་ཡིན་ནོ། །རླུང་དང་བྱང་ཆུབ་ཀྱི་སེམས་འདྲེས་ནས་གནས་ཀྱང་ནུས་པ་སོ་སོར་འབྱིན་པ་ཡིན་པས་ན། རྩ་ཐ་དད་ལ་བརྟེན་ནས་རླུང་ཐ་དད་ཀྱིས་སེམས་རྟོག་བཅས་སུ་བསྐྱེད་པ་ནི། རང་བཞིན་གཉུག་མའི་སེམས་དེ་བཞོན་བྱ་རླུང་གིས་ཁྱད་པར་དུ་བྱས་པས་རྟོག་བཅས་སུ་འགྲོ་སྟེ། འདི་ནི་རྣམ་ཤེས་བཞོན་པ་སྟེ། ཞེས་གསུངས་པས་སོ། །དེ་ལྟ་བུའི་རླུང་ཡང་ལྟེ་བ་ན་གནས་པའི་དུས་ན། རྟོག་པའི་རྒྱུ་བ་མི་གསལ་བས་ས་བོན་ནམ་རྩ་བའི་ཚུལ་གྱིས་གནས་ལ། སྙིང་གར་སེམས་དང་ཆེར་འདྲེས་པས་ཕྲ་བའི་ཚུལ་གྱིས་གནས་ཏེ། རིམ་ལྔ་ལས། རླུང་རྣམས་ཕྲ་བའི་གཟུགས་ཀྱིས་ནི། །སེམས་དང་ཡང་དག་འདྲེས་གྱུར་ནས། །ཞེས་བྱ་བའི་དོན་ཡིན་ནོ། །རླུང་དེ་ཉིད་ལོངས་སྤྱོད་ཀྱི་འཁོར་ལོ་ནི། ཡོངས་སུ་སྨིན་པའི་ཚུལ་གྱིས་གནས་ནས། བརྡ་དང་ཐ་སྙད་ལ་སོགས་པ་ཐམས་ཅད་འདོགས་ཤིང་གནས་སོ། །དེས་སེམས་རྟོག་བཅས་སུ་སྐྱེད་པར་བྱེད་པ་ཡིན་ཏེ། དེས་ན། དབང་པོའི་ལམ་ནས་བྱུང་ནས་ནི། །ཡུལ་རྣམས་ལ་ནི་དམིགས་པར་བྱེད། །ཅེས་རིམ་ལྔ་ལས་འབྱུང་བ་ཡིན་ནོ། །དེ་ལྟར་རླུང་དེ་དག་ཀྱང་རྩ་བ་ལྟ་བུའི་དུས་དང༌། ལོ་མའམ་རླངས་པ་ལྟ་བུའི་དུས་དང༌། འབྲས་བུ་ལྟ་བུ་ཞེས་བྱ་བའི་དུས་གསུམ་དུ་མིང་ཐོབ་པ་ཡིན་ནོ། །ཡང་ཡུལ་ཉི་ཤུ་རྩ་བཞི་རུ་མགོ་ཟུག་པ་དང༌། ལོངས་སྤྱོད་པ་དང༌། ཐིམ་པ་གསུམ་གྱིས་གནས་རེ་རེ་ནས་དགུ་བརྒྱ་པ་ཕྲག་རེ་རེ་སྟེ། དགུ་བརྒྱ་པ་ཕྲག་ཉི་ཤུ་རྩ་བཞིའི་ཚུལ་གྱིས་ཉི་ཁྲི་ཆིག་སྟོང་དགུ་བརྒྱ་རྒྱུ་བ་ཡིན་ཏེ། རིམ་པ་དག་ཏུ་གང་བསྟན་པ། །ཞེས་བྱ་བའི་དོན་ཡིན་ནོ། །དེ་ལྟར་ན་ཐབས་ཀྱི་རྒྱུད་དང༌། ཤེས་རབ་ཀྱི་རྒྱུད་ཐམས་ཅད་དགོངས་པ་གཅིག་པའི་སྒོ་ནས་གཞི་འཁོར་བའི་གནས་ལུགས་ཐོས་བསམ་གྱིས་གཏན་ལ་དབབ་པའི་སྐབས་བསྟན་ཟིན་ཏོ།། །།ད་ནི་གཉིས་པ་ལམ་བསྒོམ་པ་རྣལ་འབྱོར་གྱི་གནད་ལ་གཉིས། དེ་ཁོ་ན་ཉིད་རིམ་གྱིས་སྟོན་པ་དང༌། དངོས་སུ་སྟོན་པའོ། །དང་པོ་ལ་གསུམ། རབ་ཚེའི་འདི་ལ་འགྲུབ་པ་དང༌། འབྲིང་བར་དོ་དང༌། ཐ་མ་མཐོ་རིས་ཀྱི་གནད་ཀྱིས་སོ། །དང་པོ་ལ་གཉིས། རྣལ་འབྱོར་གྱི་ལམ་ལ་དགའ་བ་དང༌། ཕོ་ཉའི་ལམ་ལ་དགའ་བའོ། །དང་པོ་ལ་གསུམ། སྔོན་དུ་རླུང་སྦྱང་བ་དང༌། དེ་ནས་རང་ལྷག་པར་གནས་པའི་རིམ་པ་དང༌། མཐར་དབུ་མ་ཁ་དབྱེ་བའི་མན་ངག་ཙཎྜཱ་ལཱིའི་རྣལ་འབྱོར་དངོས་སོ། །དེ་ལ་དང་པོ་ནི་ཉི་ཞག་རེ་རེ་ལ་ཐུན་ཆུང་ངུ་སུམ་ཅུ་ཐམ་པ་བྱས་ཏེ། རབ་ཞག་གསུམ། འབྲིང་ཞག་བདུན། ཐ་མས་ཟླ་བ་ཕྱེད་དུ་བསྒོམ་སྟེ། དེ་ཡང་རླུང་ནོན་པ་དང་མ་ནོན་པའི་བྱེ་བྲག་གིས་རབ་འབྲིང་གསུམ་དུ་འགྱུར་རོ། །དེ་ལ་བསམ་གཏན་བསྒོམ་པའི་རྣལ་འབྱོར་པས། བསམ་གཏན་གྱི་ཁང་པ་དབེན་པར་ཁ་ཟས་ཆ་སྙོམས། ལུས་སྐྱིལ་ཀྲུང་བཅའ། ལག་པ་མཉམ་གཞག་གི་ཕྱག་རྒྱས་ལྟེ་བའི་ཐད་ནས་ཚུར་མནན། མིག་གིས་སྙིང་ག་མཐོང་བར་བྱ། ཚིགས་པ་དྲང་པོར་བསྲངས་ཏེ། དེ་ནི་ལུས་ཀྱི་འཁྲུལ་འཁོར་རོ། །དེ་ནས་ཚོམ་ངམ་སྔགས་ཀྱིས་སྲུང་བའི་འཁོར་ལོ་བསྒོམ། བླ་མའི་ཆག་སྤྱི་བོར་བསྒོམས་ལ། བླ་མ་ལ་གུས་འདུད་དྲག་པོ་བྱས། དེ་ནས་རང་ལྷའི་ང་རྒྱལ་བསྒོམ། གོ་ཆ་བཅིངས། དེ་ནི་ཐམས་ཅད་ཀྱི་སྔོན་དུ་འགྲོ་བའོ། །དེ་ནས་རླུང་རིམ་གྱིས་སྦྱང་བའི་ཕྱིར། ཉིན་མོ་གསུམ། མཚན་མོ་གསུམ་དུ་བཅད་པའི་རེ་རེ་ལ་ཐུན་ཆུང་ལྔ་ལྔར་བཅད་ལ་བསྒོམ་མོ། །དེ་ཡང་ལྟེ་བའི་ནང་སྐོར་གྱི་འདབ་མ་ལྔ་ལ། རྩ་ཡིག་ལྔ་གནས་ལ། དེ་ལ་ཐིག་ལེ་ཁ་དོག་ལྔར་གསལ་ཏེ། དབུས་སུ་ནམ་མཁའི་རང་བཞིན་ཐིག་ལེ་སྔོན་པོ། ལྷོར་སའི་རང་བཞིན་སེར་པོ། ནུབ་ཏུ་ཆུའི་རང་བཞིན་དཀར་པོ། བྱང་དུ་མེའི་རང་བཞིན་དམར་པོ། མདུན་དུ་རླུང་གི་རང་བཞིན་ལྗང་གུ་བསྒོམ། ཡང་ན་ནུབ་ཏུ་ཆུ་སྔོན་པོ། དབུས་སུ་ནམ་མཁའ་དཀར་པོ་བསྒོམ་ཞེས་ཀྱང་གསུང༌། དེ་ནས་དབུས་ཀྱི་ཐིག་ལེ་དེ་ལས། དེ་དང་མཐུན་པའི་ཁ་དོག་སྤོས་ཀྱི་དུད་པ་ལྟ་བུ་ཕྲ་མོ་བྱུང་ནས་སྣ་བུག་ནས་འཐོན་ཏེ། ཅི་རིགས་པར་ཕར་སོང་ངོ༌། །ནང་དུ་འཇུག་ཙ་ན་ཐིག་ལེ་དེ་ཉིད་ལ་བསྟིམ་པའི་ཚུལ་གྱིས། ཅེ་བདེ་བས་དབུགས་ལན་བདུན་ཙམ་རྒྱུར་གཞུག དེ་ནས་རླུང་དབུས་ཀྱི་ཐིག་ལེ་ལ་བསྟིམ་ལ། ཤེས་པའང་དེ་ཉིད་ལ་གཏད་ལ་རླུང་ཁ་སྦྱར་ཏེ། ལག་པ་གཡོན་པས་ལྟེ་བ་ཉིད་དུ་མནན། གཡས་པས་པུས་མོ་ལ་བསྐོར་བ་ལན་གཅིག་བྱ། སེ་གོལ་གཅིག་གཏོགས། དེ་ནས་རླུང་ཕྱིར་བཏང་སྟེ། དེ་ལྟ་བུ་བརྒྱ་ལ་སོགས་པ་བྱེད་སྙིང་འདོད་ཚད་བྱས་ལ་ཐུན་ཆུང་དང་པོ་སོང་བ་དང༌། ཆང་ལ་སོགས་པ་ཁ་ཟས་ཀྱི་བྱ་བ་ཅུང་ཟད་ཅིག་བྱས་ལ། སྟན་ལས་མི་ལྡང་བར་ངལ་བསོ་སྟེ་ཐུན་ཆུང་དང་པོའོ། །དེ་ནས་ཐུན་ཆུང་གཉིས་པ་ལའང་དབུགས་བདུན་ཅི་བདེར་རྒྱུར་གཞུག་ལ། པུས་མོ་ལ་བསྐོར་བ་གཉིས་དང༌། སེ་གོལ་གཉིས་ཀྱི་བར་དུ་བསྣན་ཏེ་དེ་ལྟ་བུ་ཅི་རིགས་པ་ཅིག་བསྒོམས་ལ་ཡང་ངལ་བསོ། དེ་བཞིན་དུ་ཐུན་ཆུང་གསུམ་པ་ལ་ཡང༌། སེ་གོལ་དང་བསྐོར་བ་གསུམ་དང༌། བཞི་པ་ལ་བཞི། ལྔ་པ་ལ་ལྔའི་བར་དུ་བསྣན། དེས་ཉིན་མོའི་སུམ་ཆ་ཚར་ནས། ཚོམ་ངམ་སྔགས་ཀྱིས་བསྲུངས་ལ་ཁམས་བསང་བའི་ཕྱིར་ཅི་བདེ་བའི་སྤྱོད་ལམ་བྱའོ། །དེ་ནས་ཡང་གུང་གི་ཐུན་ཆུང་ལྔ་ལ་སྔར་གྱི་སྟེང་དུ་བསྐོར་བ་དང་སེ་གོལ་རེ་རེས་མང་དུ་བསྣན་ཏེ་ཐུན་དང་པོ་ལ་དྲུག གཉིས་པ་ལ་བདུན། གསུམ་པ་ལ་བརྒྱད། གཞི་པ་ལ་དགུ། ཐུན་ཆུང་ཐ་མ་ལ་བཅུར་འགྱུར་རོ། །དེ་ནས་ཡང་ཁམས་བསང་ཞིང་སྤྱོད་ལམ་བྱས་ལ། དགོངས་མོའི་ཐུན་ཆུང་ལྔ་ལའང་བསྐོར་བ་དང༌། སེ་གོལ་རེ་རེས་མང་དུ་བསྣན་ཏེ། ཐུན་དང་པོ་ལ་བཅུ་གཅིག གཉིས་པ་ལ་བཅུ་གཉིས། གསུམ་པ་ལ་བཅུ་གསུམ། བཞི་པ་ལ་བཅུ་བཞི། ཐུན་ཆུང་ཐ་མ་ལ་བཅོ་ལྔར་འགྱུར་རོ། །དེ་བཞིན་དུ་མཚན་མོའི་ཐུན་གསུམ་ལ། ཐུན་ཆུང་བཅོ་ལྔར་བྱས་པའི་སྲོད་ཀྱི་ཐུན་ཆུང་དང་པོ་ལ་གཅིག་བསྣན་པས་བཅུ་དྲུག དེ་བཞིན་དུ་རེ་རེ་བསྣན་པས་ཐོ་རངས་ཀྱི་ཐུན་ཆུང་ཐ་མ་ལ་བསྐོར་བ་དང་སེ་གོལ་སུམ་ཅུའི་བར་དུ་བསྣན། རྩུབ་མོ་འདི་ལ་ཡང་བསྐོར་བ་རེ་དང་སེ་གོལ་རེ་སྤེལ་མར་བྱས་ན་ཅུང་ཟད་འཇམ་ལ། བསྐོར་བ་རྣམས་ཕྱོགས་གཅིག སེ་གོལ་རྣམས་ཀྱང་ཕྱོགས་གཅིག་ཏུ་བྱས་ན་རྩུབ་བོ། །དེ་བཞིན་དུ་ཞག་རེ་རེའི་ཐུན་ཆུང་སུམ་ཅུ་ལ། བསྐོར་བ་དང་སེ་གོལ་སུམ་ཅུ་སུམ་ཅུ་བསྣན་པས་གང་ཟག་རབ་བཞག་གསུམ་ན་མེའི་ནུས་པ་རྙེད་ནས། ཐུན་ཐ་མ་ལ་བསྐོར་བ་དང་སེ་གོལ་དགུ་བཅུར་འགྱུར་ལ། འབྲིང་ཞག་བདུན་གྱིས་མེ་ཡི་ནུས་པ་རྙེད་ནས། བདུན་གྱི་ཐོ་རངས་ཀྱི་ཐུན་ཆུང་ཐ་མ་ལ་སེ་གོལ་དང་བསྐོར་བ་གཉིས་བརྒྱ་བཅུར་འགྱུར་རོ། །ཐ་མ་ལ་ཟླ་བ་ཕྱེད་ཀྱིས་མེའི་ནུས་པ་རྙེད་ནས་ཞག་བཅོ་ལྔའི་ཐོ་རངས་ཀྱི་ཐུན་ཆུང་ཐ་མ་ལ། དབུགས་མནན་པ་གཅིག་ལ་པུས་མོ་ལ་བསྐོར་བ་བཞི་བརྒྱ་ལྔ་བཅུ་དང༌། སེ་གོལ་ཡང་དེ་སྙེད་ཀྱི་གྲངས་སུ་འགྱུར་རོ། །དེ་ལྟར་མ་ནོན་ན་ཉི་མ་དང་པོའི་ཐུན་ཆུང་ལྔ་ཆར་ལ། བསྐོར་བ་དང་སེ་གོལ་གཅིག ཐུན་ཆུང་བར་པ་ལྔ་ཀ་ལ་བསྐོར་བ་གཉིས་དང་སེ་གོལ་གཉིས་བསྣན་པས་ཞག་གཅིག་གི་ཐོ་རངས་ཀྱི་ཐུན་ཆུང་ཐ་མ་ལ། བསྐོར་བ་དྲུག་དང་སེ་གོལ་དྲུག་ཏུ་འགྱུར་རོ། །དེ་ལྟར་ཞག་རེ་ལ་དྲུག་དྲུག་བསྣན་ཅིང་སྦྱངས་པས། ཞག་བཅོ་ལྔའི་ཐུན་ཆུང་ཐ་མ་ལ་དགུ་བཅུར་འགྱུར་བ་ཡིན་ནོ། །དེ་ལྟར་ཡང་མ་ནོན་ན་ཞག་གཅིག་གི་ཐུན་ཆུང་སུམ་ཅུ་པོ་ཀུན་ལ་བསྐོར་བ་དང་སེ་གོལ་གཅིག་ཏུ་བསྣན། དེ་བཞིན་དུ་ཞག་རེ་ལ་རེ་རེ་བསྣན་ཅིང་བསྒོམས་པས། ཞག་བཅོ་ལྔ་ན་བསྐོར་བ་བཅོ་ལྔ་དང་སེ་གོལ་བཅོ་ལྔའི་བར་དུ་འགྱུར་བ་ཡིན་ནོ། །ཡང་ཤིན་ཏུ་རྩུབ་པའི་ལུགས་བྱེད་ན། གཞན་ཐམས་ཅད་སྔ་མ་དང་འདྲ་བ་ལས། རླུང་ནོན་པའི་དུས་གཅིག་ཅེས་བྱ་བའི་ཚད་ནི་པུས་མོ་ལ་བསྐོར་བ་གསུམ་དང་སེ་གོལ་གསུམ་བསྡོམས་པ་ལ་གཅིག་ཅེས་བྱ་སྟེ། ཁམས་དང་སྦྱར་ལ་སྔ་དྲོའི་ཐུན་ལྔ་ཀ་ལ་དེ་ལྟ་བུ་ལྔ། ཉིན་ཕྱེད་ཀྱི་ཐུན་ཆུང་ལྔ་ལ་རེ་རེ་བསྣན་པས་གཉིས་གཉིས་སུ་བྱས་ཏེ་ཐུན་ཆུང་ཐ་མ་ལ་བཅུ། དགོངས་མོ་གསུམ་བྱ་སྟེ། ཐུན་ཆུང་ཐ་མ་ལ་བཅོ་ལྔ་དེ་བཞིན་དུ་བསྒྲེས་ལ། ཞག་གསུམ་མམ། ལྔའམ། བདུན་ནམ། བཅོ་ལྔར་བསྒོམ་པར་བྱའོ། །དེ་ལྟར་བསྒོམས་པས་ས་ཆུ་གཉིས་ཀྱི་སྟོབས་འབྲི། མེ་རླུང་གཉིས་ཀྱི་སྟོབས་སྐྱེས་ནས། རླུང་ཆ་མཉམ་པར་འགྱུར་ཏེ། དང་པོར་ལུས་ལ་དྲོད་འབྱུང༌། འཁྱག་སྲན་ཆེ། ལྕེ་སྐམ། སྐོམ་དད་ཆེ། ཆགས་པ་སྐྱེ་སྟེ། མེ་རླུང་ནུས་པ་སྐྱེས་པའི་རྟགས་ཡིན་ནོ། །དེ་ལྟ་བུའི་ཡོན་ཏན་སྐྱེས་པ་ལ་གང་ཟག་རབ་འབྲིང་གསུམ་ལས་ཡུན་རིང་ཐུང་ལས་དངོས་གཞི་ལ་ཁྱད་པར་མེད་དོ། །དེ་ནས་སྤྱི་དོན་གཉིས་པ་རང་ལྷག་པར་གནས་པའི་རིམ་པ་ནི། རྐང་པ་གཉིས་ཀྱིས་སྐྱིལ་ཀྲུང་དམ་དུ་བཅའ། ལག་པ་གཉིས་མཉམ་གཞག་གི་ཕྱག་རྒྱ་ལྟེ་བར་བཅའ། མིག་སྣ་རྩེར་དབབ། ཨོས་ཀོས་བྲང་མནན། དེ་ནས་ལྟེ་བའི་གནས་སུ་ཐིག་ལེ་དམར་པོ་གཅིག་བསྒོམ། ཡར་རྩེ་སྤྱི་གཙུག་ཏུ་ཧྃ་བསྒོམ། དེ་གཉིས་རྩ་དབུ་མ་ཁ་དོག་དམར་པོ་ཤིན་ཏུ་ཆ་ཕྲ་བས་ཟུང་སྦྲེལ། གཡས་གཡོན་གྱི་རོ་རྐྱང་གཉིས་ཀྱང་མ་སྣ་ཐིག་ལེ་ལ་གཏད་ལ་ཡ་རྩེ་སྦ་གུག་བཞིན་དུ་སྣ་བུག་གཉིས་སུ་ཟུག་པར་བསམ། དེ་ནས་རྐང་མཐིལ་རླུང་གི་འཁོར་ལོ་གཉིས་ནས་རླུང་ལངས། སུམ་མདོར་འཕྲད་འོག་རླུང་ཕྱེ་བཙུམ་བྱས་པས། ལྟེ་བའི་ཨྃ་ལས་འོད་འཕྲོས། རྩ་གཡས་གཡོན་གཉིས་ནས་སོང་ནས། ལྟག་པའི་རླུང་ལ་ཕོག ཧྃ་གི་ཀླད་ཀོར་ནས་མེ་རླུང་ཐུར་ལ་སོང་ཏེ། དེའི་དུས་སུ་དབུགས་ལན་གསུམ་ནང་དུ་རྔུབས་པས་སྟེང་རླུང་རང་འགགས་སུ་འགྲོ། སེམས་ཀྱིས་གཡས་གཡོན་གྱི་རྩ་གཉིས་པོ་ནས་མེ་རླུང་ཞུགས་ནས་ལྟེ་བའི་ཨྃ་ལ། སྦུད་པ་འབུད་པ་བཞིན་བུད་ཅིང་རླུང་རན་ཚད་དུ་མནན། ཨྃ་གི་སྟེང་ལ་ཐིག་ལེ་མུ་ཏིག་གི་རྡོག་མ་ལྟ་བུ་ལས་མེ་རླུང་དྲག་ཏུ་འབར་བར་བསམ་མོ། །དེའི་དུས་སུ་མ་བདེ་ན་སྣ་བུག་གཉིས་ནས་རླུང་དངོས་སུ་དལ་བུས་བཏང་ཞིང་མིག་གཉིས་སྟེང་དུ་བཟློག སེམས་ཀྱིས་དབང་པོའི་སྒོ་ཐམས་ཅད་ནས་རླུང་ཕྱིར་བུན་གྱིས་འགྲོ་བར་བསམ། དེ་ལྟར་ཐུན་ཚད་དང་ཐུན་གྲངས་ལ་ངེས་པ་མེད་པར་བྱས་ནས་བསྒོམས་པས་རྟགས་འབྱུང་སྟེ། དང་པོ་ལྟེ་བའི་གནས་སུ་དྲོད་འབྱུང༌། དེ་ནས་ལུས་ཐམས་ཅད་ལ་དྲོད་ཆེར་སྐྱེ་སྟེ། ཉེ་འཁོར་ཐམས་ཅད་ཚ་འུབ་འུབ་བྱེད་པ་འབྱུང༌། དེ་ཙམ་ལ་ཐ་མལ་པའི་བུད་མེད་ཀྱི་བདེ་བ་ལ་ཇི་སྙམ་ཡང་མི་བྱེད་པའི་བདེ་བ་འབྱུང་སྟེ། དེའི་ཚེ་རླུང་ལུས་ལ་ཞུགས་པའི་དུས་ཞེས་བྱ། དེ་ནས་ལུས་ཤིང་བལ་གྱི་གཟེགས་མ་ལྟར་ཡང་བ་དང༌། སེམས་ལ་སངས་རྒྱས་ཀྱི་ཆོས་ཀྱི་སྐུའི་ཡེ་ཤེས་ཞེས་བྱ་བ་འདི་ཉིད་ཡིན་པ་སྙམ་པའི་བདེ་བ་ཆེར་སྐྱེས་ཏེ། དེའི་ཚེ་རླུང་སེམས་ལ་ཚུད་པའི་དུས་ཞེས་བྱ། དེ་ནས་བདེ་མི་བདེའམ་སྟོང་མི་སྟོང་ལ་སོགས་པ་ཐམས་ཅད་ལས་འདས་པའི་ཉམས་སྐྱེ་ཞིང༌། ལུས་ཐམས་ཅད་ཀྱང་རྩ་དབུ་མ་ལ་འཇུག་པ་སྙམ་བྱེད། རྩ་གཡས་གཡོན་གཉིས་ཀྱང་དབུ་མར་འཇུག་པ་སྙམ་བྱེད་པ་འབྱུང་སྟེ། དེའི་ཚེ་རླུང་རྩ་ལ་ཚུད་པའི་དུས་ཞེས་བྱ། དེ་གསུམ་ཡང་དང་པོ་ནི་ཚོར་བ་བདེ་བ། གཉིས་པ་ནི་མི་རྟོག་པའི་བདེ་བ། གསུམ་པ་ནི་མཚོན་བྱེད་དཔེའི་ཡེ་ཤེས་ཞེས་བྱ་སྟེ། དེ་ཙམ་ན་དབུ་མ་ཁ་ཕྱེད་དུ་རུང་བར་སོང་བ་ཡིན་ཀྱང༌། དེ་ཀ་ལྟར་བསྒོམས་པས་གཡས་གཡོན་གཉིས་ཀྱི་རླུང་འགགས་པའི་སྟོབས་ཀྱིས། སྐབས་སྐབས་སུ་མཉམ་གཞག་ལ་ཤེས་པ་དམིགས་པ་གང་ལ་གཏད་པ་གསལ་བར་མཐོང་ཞིང༌། རྗེས་ལ་སྣང་བ་ཐམས་ཅད་ལ་བལྟས་ཙམ་ན། དུ་བ་ལ་སོགས་པའི་རྟགས་བཅུ་མཐོང་བར་འགྱུར་ཏེ། དང་པོ་དུ་བ་ལྟ་བུ་དང༌། གཉིས་པ་སྨིག་རྒྱུ་ལྟ་བུ་དང༌། གསུམ་པ་སྲིན་བུ་མེ་ཁྱེར་ལྟ་བུ་དང༌། བཞི་པ་མར་མེ་ལྟ་བུ་དང༌། ལྔ་པ་འོད་འབར་བ་ཆེན་པོ་དང༌། དྲུག་པ་ཟླ་བ་དང༌། བདུན་པ་ཉི་མ་དང༌། བརྒྱད་པ་རྒྱུ་སྐར་གྱི་སྣང་བ་དང༌། དགུ་པ་རཱ་ཧུ་ལ་སྟེ་སྨད་མེད་པའི་ཟླ་བ་ནག་པོའམ། འཇིགས་སུ་རུང་བའི་གཟུགས་མཐོང་བ་དང༌། བཅུ་པ་ལ་རི་མོ་ནག་པོ་སྟེ། ནམ་མཁའ་ལ་ཐིག་བཏབ་པ་ལྟ་བུ་འབྱུང་སྟེ། དེ་དག་ནི་རྟགས་བཅུའོ། །རི་མོ་ནག་པོར་བྱུང་བའི་ཚེ་གཡས་གཡོན་གྱི་རླུང་ལྔ་ཡང་དབུ་མར་འདུ་ལ། དབུ་མ་ཉིད་ཀྱང་ཤེལ་ལ་སྐུད་པའི་གཟུགས་བརྙན་སྣང་བ་བཞིན་བྲེང་ངེ་མཐོང་བ་འབྱུང་ལ། དེའི་མཐར་ཐིག་ལེར་མེ་འབར་ནས་སྨིན་མཚམས་ཀྱི་བར་དུ། མེ་དངོས་སུ་འབར་བ་སྙམ་བྱེད་པ་འབྱུང་ལ། དེ་ཙམ་ན་དབུ་མ་ཁ་དབྱེ་རན་པ་ཡིན་ནོ། །དེའི་ཚེ་ལྟེ་བའི་ཨ་ཤད་ལྟ་བུ་ངོ་བོ་ཉིད་ཀྱིས་གཡོན་ནས་དབུ་མ་འབྱེ་བར་ཡང་བྱེད་དོ། །ཞེས་ཀྱང་གསུང་ངོ༌། །རྣལ་འབྱོར་པ་བརྩོན་འགྲུས་རབ་ཀྱིས་ཚེ་འདི་ལ་དབུ་མ་ཁ་འབྱེད་པའི་གདམས་ངག་བསྒོམས་པས་རླུང་དབུ་མར་འདུས་པས་ཕྱག་རྒྱ་ཆེན་པོ་རྟོགས་པར་འགྱུར་རོ། །འབྲིང་ཚེ་འདི་ཉིད་ལ་རྟགས་ཐམས་ཅད་རྫོགས་པར་མ་བྱུང་ཡང་རྟགས་ཅི་རིགས་པ་ཐོབ་པ་ལ་བརྟེན་ནས། འཆི་ཀའི་རླུང་འདུ་བས་རྐྱེན་བྱས་ནས་འཆི་ཀའམ་བར་དོར་ཕྱག་རྒྱ་ཆེན་པོ་རྟོགས་པར་འགྱུར་བ་ཡིན་ནོ། །ཐ་མ་དྲོད་ཙམ་སྐྱེས་ཤིང་དུ་བ་ལ་སོགས་པའི་རྟགས་མ་མཐོང་ཡང་ཏིང་ངེ་འཛིན་དང་མ་བྲལ་ན། མཐོ་རིས་ཀྱི་གནད་ལ་བརྟེན་ནས་རྐྱེན་བྱས་ནས་སྐྱེ་གནས་སུ་ལུས་འགྲུབ་པའི་དུས་སུ་རླུང་འདུས་པས་བདག་པོའི་རྐྱེན་བྱས། སྐྱེ་གནས་ཕྱག་རྒྱ་ཆེན་པོ་ཐོབ་པར་འགྱུར་བ་ཡིན་ནོ། །རང་ལྷག་པར་གནས་པའི་དམིགས་པའི་རིམ་པའོ། །དེ་ནས་གསུམ་པ་དབུ་མ་ཁ་དབྱེ་བའི་མན་ངག་ཙཎྜཱ་ལཱི་རྣལ་འབྱོར་དངོས་ནི། ལུས་སྔར་བས་ཀྱང་སྐྱིལ་ཀྲུང་དམ་དུ་བཅའ། རོ་སྟོད་དགྱེ་བར་བྱའོ། །མཉམ་གཞག་གི་ཕྱག་རྒྱ་བྱ། མིག་སྣ་རྩེར་དབབ། སྲུང་བའི་འཁོར་ལོ་དང་ལྷ་དྲན་པ་ལ་སོགས་པ་ཐམས་ཅད་སྔ་མ་དང་འདྲ་བར་བྱས་ལ། དེ་ནས་བསྒོམ་པ་ལམ་གྱི་འཁོར་ལོ་ལྟེ་བར་བསྒོམ་པ་ནི། ནང་སྐོར་འདབ་མ་བརྒྱད་ལ། ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་བརྒྱད་གཡོན་སྐོར་དུ་དགོད། དབུས་སུ་ཡི་གེ་ཨྃ་བསམ། ཕྱི་སྐོར་འདབ་མ་ལྔ་བཅུ་རྩ་དྲུག་ལ་ཀཱ་ལི་སུམ་ཅུ་སོ་བཞི། ཨ་ཨི་ཨུ་ཨེ་ཨོ་ཨྃ། དྲུག་ཨཱ་ལི་བཅུ་དྲུག་དང་བཅས་པ་གཡོན་སྐོར་དུ་བསམ་མོ། །དེ་ལ་སྤྱི་གཙུག་གི་ཧྃ་དང༌། ལྟེ་བའི་ཨྃ་རྩ་དབུ་མ་ཁ་དོག་དམར་པོ་ཤིན་ཏུ་ཆ་ཕྲ་བ་གཅིག་གིས་ཟུང་སྦྲེལ་བར་བསྒོམ། རྐང་པ་གཉིས་ཅུང་ཟད་བསྐྱོད་ཅིང་རླུང་བསྐུམས་པས་སེམས་ཀྱིས་རྐང་མཐིལ་དང༌། འོག་སྒོའི་རླུང་གིས་ལྟེ་བའི་ཨྃ་འབར། ཨྃ་གི་ཀླད་ཀོར་གྱི་གསེབ་ནས་ཡི་གེ་ཀྵུྃ་གི་དབྱིབས་སུ་གནས་པ་དེ་ཐ་མལ་པའི་གཏུམ་མོ་ཞེས་བྱ་སྟེ། ཁ་དོག་དམར་ལ་རེག་བྱ་ཚ་བ། དེ་དབུ་མ་ནས་ཡར་འབར་ནས་སྙིང་ག་ན་ཡར་སླེབ། ཡང་སྣ་བུག་གཉིས་ཀྱི་རླུང་ནང་དུ་རྔུབས་པས། རྐྱེན་བྱས་པས་ལྟག་པ་དང་དཔྲལ་བའི་རླུང་གིས་སྤྱི་གཙུག་གི་ཧྃ་གི་གསེབ་ན་གནས་པའི་ཀྵུྃ་གི་མེ་འོད་ཀྱི་གཏུམ་མོ་ཞེས་བྱ་བ། དབུ་མ་ན་མར་ཐུར་ལ་འབར་ནས་དབུ་མའི་ནང་དུ་མས་ཡར་འབར་བའི་མེ་དང༌། ཡས་ནས་མར་འབར་བའི་མེ་གཉིས་སྙིང་གའི་གནས་སུ་ཕྲུག་ཆིལ་ཆིལ་འཐབ་པར་བསམ། སྟེང་འོག་གི་རླུང་ཁ་སྦྱར། ལུས་ཅུང་ཟད་བསྒུལ་ཞིང་བསྒོམ། དེས་དྲོད་ལ་སོགས་པ་ཧ་ཅང་ཆེས་ན་དེ་བས་ཀློད་ལ་བསྒོམ། དེ་ལྟར་བསྒོམས་པས་དང་པོ་དྲོད་འབྱུང༌། དེ་ནས་ཚོར་བ་བདེ་བ་སྐྱེ། དེ་ནས་མི་རྟོག་པའི་བདེ་བ་སྐྱེ། དེ་ནས་མཚོན་བྱེད་དཔེའི་ཡེ་ཤེས་རྣམས་ཉམས་སུ་མྱོང་བ་སྐྱེ། ཐུན་གྲངས་ཀྱི་དང་པོ་ཐུན་དྲུག་ཏུ་བྱ། དེ་ནས་བཞིར་དབྲི། དེ་ནས་གཉིས་སུ། དེ་ནས་ཐུན་རེ་རེ། དེ་ནས་ལུས་ཀྱི་སྤྱོད་ལམ་མ་ཞིག་པ་ཙམ་གྱིས་ཀྱང་རྟགས་འབྱུང་ངོ༌། །དེ་ནས་དབུ་མ་ཁ་དབྱེ་བ་དངོས་ནི། ཨྃ་ལས་མས་ཡར་མེ་འབར་བ་རྒྱུན་མི་འཆད། ཡས་མར་འབར་བ་དེ་འཛག་པར་བསྒྱུར་ལ། ཧྃ་ལས་བྱང་ཆུབ་ཀྱི་སེམས་འཛག་པ་རྒྱུན་མི་འཆད་པར་བསྒོམ། དེའི་སྟོབས་ཀྱིས་དབུ་མ་ཁ་བྱེ་ནས་རླུང་སེམས་ཐམས་ཅད་དབུ་མར་ཐིམ་སྟེ་རོ་གཅིག་ཏུ་གྱུར་ནས། ལུས་ཟག་མེད། སེམས་རྟོག་མེད། སྐུ་དང་ཡེ་ཤེས་ཟུང་དུ་ཆུད་པར་འགྱུར་རོ། །འདིའི་ལུགས་ཀྱི་ཕྱག་རྒྱའི་རྣལ་འབྱོར་མི་དགོས་པར་འབྲས་བུ་འབྱུང་བར་བཞེད་དོ། །རྣལ་འབྱོར་གྱི་ལམ་ལ་དགའ་བ་བསྟན་ཟིན་ཏོ།། །།ཕོ་ཉའི་ལམ་ལ་དགའ་བ་བསྒོམ་པར་འདོད་ན། སྦྱོར་བ་དང༌། དངོས་གཞི་དང༌། རྗེས་དང་གསུམ་མོ། །དང་པོ་ནི་ལུས་སྐྱིལ་ཀྲུང་བཅའ། ཤེས་པ་ལྟེ་བར་གཏད། ཁ་ཟས་དང་སྤྱོད་ལམ་གྱི་ལྕག་གིས་བསྐུལ་ཞིང༌། ཐུན་མོང་གི་འཇམ་རླུང་ཉིན་ཞག་བཅོ་ལྔར་སྦྱང་བར་བྱ་སྟེ། དེ་ཡང་ཉི་མ་དང་པོ་ཐུན་ཆུང་ལྔ་ལ། བསྐོར་བ་དང་སེ་གོལ་ལན་གཅིག་བྱ། ཐུན་བར་པ་ལྔ་ལ་གཉིས། ཐུན་ཐ་མ་ལྔ་ལ་གསུམ། སྲོད་ལ་བཞི། ནམ་གུང་ལ་ལྔ། ཐོ་རངས་ལ་དྲུག ཡང་ཉི་མ་གཉིས་པའི་ཐུན་ཆུང་དང་པོ་ལ་བསྐོར་བ་དང་སེ་གོལ་གཉིས། དེ་ནས་རེ་རེ་སྤེལ་ལ་སྔ་མ་བཞིན་བྱ་ཞིང་ཉི་མ་གསུམ་པ་ལ་བསྐོར་བ་དང་སེ་གོལ་གསུམ། བཞི་པ་ལ་བཞི། ལྔ་པ་ལ་ལྔ། དྲུག་པ་ལ་དྲུག ཉི་མ་བདུན་པ་ལ་བདུན། དེ་ལྟར་ཉིན་ཞག་བཅུ་བཞིའོ། །ཉིན་ཞག་བཅོ་ལྔ་པའི་ཐུན་དང་པོ་ལ་བསྐོར་བ་དང་སེ་གོལ་བརྒྱད། བར་པ་ལ་དགུ། ཕྱི་དྲོའི་ཆ་ལ་བཅུས་སྦྱང་ངོ༌། །དེ་ནས་དངོས་སམ་ཡེ་ཤེས་ཀྱི་ཕྱག་རྒྱ་མདུན་དུ་བསམས་ལ། ཉིན་ཞག་གསུམ་དུ་རྐེད་པ་ཕྲ་བ་ལ་སོགས་པའི་གཟུགས་ལ་ལྟ་ཞིང་རླུང་སྦྱང༌། ཉིན་ཞག་གསུམ་དུ་འཁྲིག་པའི་གཏམ་ལ་སོགས་པ་སྒྲ་ལ་བསླབ་ཅིང་རླུང་སྦྱང༌། ཉིན་ཞག་གསུམ་དུ་གླ་རྩི་ལ་སོགས་པའི་དྲི་ལ་བསླབ་ཅིང་རླུང་སྦྱང༌། ཉིན་ཞག་གསུམ་དུ་མ་མཆུའི་སྦྲང་རྩི་གཞིབ་པ་ལ་སོགས་པའི་རོ་ལ་བསླབ་ཅིང་རླུང་སྦྱང༌། ཉིན་ཞག་གསུམ་དུ་ནི་ཙུམྦ་དང་འཁྱུད་པ་ལ་སོགས་པ་རེག་བྱ་ལ་བསླབ་ཅིང་རླུང་སྦྱང་ངོ༌། །དེ་ལྟར་འཇམ་རླུང་ཞག་བཅོ་ལྔ་དང་རྟེན་ལ་བསླབ་ཅིང་རླུང་སྦྱང་བ་ཞག་བཅོ་ལྔ་སྟེ། ཐུན་མོང་དུ་རླུང་སྦྱང་བ་ཞག་སུམ་ཅུ་སོང་ནས་ཁྱད་པར་གྱི་རླུང་ཧ་སིབ་སྦྱང་བ་སྟེ། རྐང་པ་སྐྱིལ་ཀྲུང་བཅའ། ལག་པ་གཉིས་མཐེ་བོང་གིས་སྲིན་ལག་གི་རྩ་ནོན་པར་བྱས་ལ། ཁུ་ཚུར་དྲག་ཏུ་བཅིངས་ལ་སྙིང་གར་བསྣོལ། དབུགས་ཕྱིར་འགྲོ་བའི་དུས་སུ་ཧ་ཞེས་པས་གཏོང༌། ནང་དུ་འཇུག་པའི་དུས་སུ་སིབ་ཞེས་བརྗོད་ལ་འོག་རླུང་ཡར་འདྲོང་ཚད་དྲངས། དེས་ཁམས་བཟང་ན་ཉི་མ་ཕྱེད་ཀྱིས་འབྱོངས་པ་ཡིན། མཁལ་མ་ཉིས་དང༌། རྒྱུ་ཞབས་དང༌། སྙིང་དང༌། མགོ་ན་ཀམ་ཀམ་པ་བྱུང་ན་ཅུང་ཟད་བཅག་ཅིང་ཁ་ཟས་བཟའ། དེ་ནས་ཡང་བསྒོམ་པར་བྱའོ། །དེ་ནས་ཡང་ཧྲི་དྲག་ལ་རིང་བ་ལན་བདུན་བརྗོད། དེ་ནས་རྞི་དྲག་ལ་རིང་བ་ལན་བདུན་བརྗོད། དེ་དག་གིས་ནི་སྦ་བ་སྦུབས་སུ་ནུབ་པ་དང༌། བཤང་བ་དང་གཅི་བ་མི་ཐོན་པ་ལ་སོགས་པ་འབྱུང་ངོ༌། །སྦྱོར་བའོ། །དེ་ནས་དངོས་སམ་ཡེ་ཤེས་ཀྱི་ཕྱག་རྒྱ་མདུན་དུ་བསམས་ལ། བདག་དང་ཕྱག་རྒྱ་གཉིས་ཀའི་འོག་ཏུ་ཡྃ་ལས་རླུང༌། སྟེང་དུ་རྃ་ལས་མེ། རླུང་གིས་མེ་སྦར་བས་ཐ་མལ་པའི་མ་དག་པའི་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་བསྲེགས་ཏེ་སྟོང་པར་བསམ། སྟོང་པའི་ངང་ལས་ཡྃ་ལས་རླུང༌། རྃ་ལས་མེ། ཝྃ་ལས་ཆུ། ལྃ་ལས་ས། སུྃ་ལས་རི་རབ། པྃ་ལས་པདྨ་འདབ་མ་བརྒྱད་པ། དེའི་སྟེང་དུ་ཧཱུྃ་ལས་རང་ཡི་དམ་གྱི་ལྷར་བསྒོམ། ཤེས་རབ་བྃ་ལས་རྡོ་རྗེ་ཕག་མོར་བསྒོམ། གནས་ལྔ་དང་མཁའ་གསང་བྱིན་གྱིས་བརླབས། གཉིས་ཀའི་ལྟེ་བར་རྡོ་རྗེ་རྩེ་གསུམ་པ། སྟེང་གི་ར་གསུམ་ལ། གཡས་རོ་མ་མདོག་དམར་པོ། གཡོན་རྐྱང་མ་དཀར་པོ། ཀུན་འདར་མ་ནག་མོའམ་ལྗང་གུའོ། །འོག་གི་ར་གསུམ་གྱི་གཡས་དྲི་ཆེན་རྒྱུ་བ་ཁ་དོག་དཀར་པོ། གཡོན་དྲི་ཆུ་རྒྱུ་བ་ཁ་དོག་ནག་པོ། དབུས་བྱང་སེམས་རྒྱུ་བའི་རྩ་ནི་ཁ་དོག་སེར་པོ། དེ་ནས་རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་ཁ་དོག་དམར་ནག་དབུགས་ཕྱིར་གཏོང་བའི་དུས་སུ། རང་གི་ཁ་ནས་ཧ་སྒྲ་དང་བཅས་པ་ཕྱིར་བཏང་ཞིང༌། མུ་ཏྲཱ་ལ་ཙུམ་པ་སྦྱིན་ཤེས་རབ་ཀྱིས་སིབ་ཀྱི་སྒྲ་དང་བཅས་པས། དབུགས་ནང་དུ་དྲངས་པས་ཤེས་རབ་ཀྱི་ལྟེ་བའི་རྡོ་རྗེ་རྩེ་གསུམ་པའི་ལྟེ་བ་ན་ཕཊ་སེར་པོ། དབུགས་ལྕགས་ཀྱུའི་རྣམ་པས་གྱེན་ལ་དྲངས་པས་ཤེས་རབ་ཀྱིས་ཧའི་སྒྲ་དང་བཅས་པས་དབུགས་ཕྱིར་བཏང་བའི་དུས་སུ། ཕཊ་ཕྱུང་ལ་སྒྲུབ་པ་པོས་སེབ་ཀྱི་སྒྲ་དང་བཅས་པ་ཁའི་ནང་ནས་བཅུག་སྟེ། ཨ་ཝ་དྷཱུ་ཏཱིའི་ནང་ནས་མར་སོང་ནས་རྡོ་རྗེའི་དཀྱིལ་དུ་ཕཊ་སེར་པོ། དེ་ཡོངས་སུ་གྱུར་པ་ལས་འཁོར་ལོ་སེར་པོ་རྩིབས་བརྒྱད་པར་བསམ། དེས་བྱང་ཆུབ་ཀྱི་སེམས་འགེགས་པར་བསམ་མོ། །དེ་ལྟར་དགའ་བ་དང༌། མཆོག་དགའ་དང༌། དགའ་བྲལ་སྔོན་དུ་སོང་ནས། སྐད་ཅིག་མ་བཞི་ལ་ལྷན་སྐྱེས་རྟོགས་ནས། འཁོར་ལོར་བྱང་ཆུབ་ཀྱི་སེམས་བཟུང༌། ཧྲིྃ་ངམ། རྞིྃ་ངམ། ཧཱུྃ་བརྗོད་ཅིང་ཉམས་སུ་དོགས་ན་གྱེན་ལ་བཟློག བདེ་བ་ཆུང་ན་བསྲུབས་པས་ཐུར་ལ་དབབ་བོ། །ཡང་ཤེས་རབ་ཀྱི་བྱང་སེམས་ཚུར་དྲང་བར་འདོད་ན། གསང་བའི་རྡོ་རྗེའི་རྩེ་མོ་ལ་ཧཱུྃ་མདོག་དམར་པོ། ལྕགས་ཀྱུ་མེས་བསྲེགས་པ་ལྟ་བུའི་དྲོད་ཀྱི་འོད་ཀྱིས་ཤེས་རབ་ཀྱི་པདྨ་ན་ཡོད་པའི་བྱང་སེམས། ལྕགས་ཚན་དེ་ལ་མཆིལ་མ་བསྐམས་པ་བཞིན་དུ་བསྐམས་ཤིང་འཐུངས་པར་བསམས་ཏེ། དེ་ཙམ་གྱིས་ཀྱང་རྣལ་འབྱོར་པ་ལ་བདེ་བ་སྐྱེའོ། །རྣལ་འབྱོར་པ་ལ་བདེ་བ་མི་བཟོད་པ་སྐྱེས་ན་བྱང་ཆུབ་ཀྱི་སེམས་ཟིན་པའི་རྟགས་ཡིན་ནོ། །དངོས་གཞིའོ། །རྗེས་ལ་བྱང་ཆུབ་ཀྱི་སེམས། སྟེང་དུ་དྲང་བར་འདོད་ན། རྡོ་རྗེའི་རྩེ་མོའི་བུག་པར་སྣ་ཚོགས་རྡོ་རྗེ། དེའི་སྟེང་གི་རྩེ་མོ་ལ་བྱང་ཆུབ་ཀྱིས་སེམས་བསྒོམ། དེའི་ཡང་རྩེ་མོ་ལ་ཡྃ་ལས་རླུང་བསྒོམ། རླུང་དེས་བུས་ནས་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་བུ་ག་ནས་ཡར་སོང་ནས་ལྟེ་བའི་རྡོ་རྗེའི་སྟེང་དུ་སླེབ་སྟེ། ལྟེ་བའི་རྡོ་རྗེ་ཇེ་རིང་ཇེ་རིང་སོང་སྤྱི་བོའི་བར་དུ་བདེ་སྟོང་རྒྱས་པར་བསམ། ཚོར་བ་བདེ་བ་སྐྱེས་ན་ཡར་དྲང༌། མི་རྟོག་པའི་བདེ་བ་སྐྱེས་ན་མར་དབབ་བོ། །དེ་ལྟར་བསྒོམས་ན་ཚོར་བ་བདེ་བ་སྐྱེ་ལ། དེ་ལ་བརྟེན་ནས་མི་རྟོག་པའི་བདེ་བ་སྐྱེ། དེ་ལ་བརྟེན་ནས་མཚོན་བྱེད་དཔེའི་ཡེ་ཤེས་སྐྱེ་བར་འགྱུར་རོ། །ཕོ་ཉའི་ལམ་ལ་དགའ་བ་དངོས་བསྟན་ཟིན་ཏོ།། །།རྣལ་འབྱོར་པ་འགའ་ཞིག་དངོས་སམ་ཡེ་ཤེས་ཀྱི་མུ་ཏྲཱ་ཡང་མ་བསྒོམས་ལ། ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་སྐྱེ་བར་འདོད་ན། ལྟེ་བའི་རྡོ་རྗེ་དང་གསང་བའི་འཁོར་ལོ་བསྒོམ་པ་སྔ་མ་བཞིན་བྱས་ལ་གསང་གནས་རོ་ཙ་བར་བྱས། ལག་པ་གཡོན་པའི་མཐེ་བོང་དང་མཛུབ་མོ་སྦྱར་བའི་ནང་དུ་བཞག འཛག་ཏུ་དོགས་ན་ལག་པ་གཡས་པས་བཤང་གཅིའི་བར་དུ་མཉེ་ཞིང་མནན། དེ་ནས་སྙིང་གའི་ཧཱུྃ་གི་འོད་ཀྱིས་གྱེན་ལ་དྲངས་ཤིང༌། ཧཱུྃ་ཧྲཱིཾ་རྞིཾ་རྣམས་དྲག་ལ་རིང་བ་བརྗོད་ཅིང་དྲས་པས་བདེ་བ་ཚད་དུ་སྐྱོལ་བ་འབྱུང་གསུང༌། བདེ་བ་ཆེས་ན་གཡོན་དུ་འཁོར་བར་བསམ་མོ། །འཁོར་བ་དྲག་ན་འཛག་པའི་ཉེན་ཡོད་དོ། །འདི་བརྟན་པར་བསྒོམས་ན་ཕྱིས་ཕོ་ཉའི་ལམ་བསྒོམ་པ་ལ་ནི་ཐོགས་པ་མེད་དོ། །འདི་ནི་ཕོ་ཉའི་ལམ་དངོས་མ་ཡིན་ཏེ། དེའི་ཕྱོགས་སུ་གཏོགས་པའི་གདམས་ངག་ཡིན་ནོ། །དེ་དག་ནི་ཐར་པའི་གནད་ཚེ་འདི་ཉིད་ལ་མྱ་ངན་ལས་འདས་པའི་གནད་ཡིན་ནོ། །དེ་ལྟར་རྣལ་འབྱོར་གྱི་ལམ་དང་ཕོ་ཉའི་ལམ་གཉིས་ཀྱིས་ཚེ་འདི་ལ་རླུང་དབུ་མར་ཞུགས་ན་ཚེ་འདི་ཉིད་ལ་མྱ་ངན་ལས་འདའ་ལ། གལ་ཏེ་འོག་མིན་དུ་རྣམ་པར་ཤེས་པ་ལན་གཅིག་འཕོས་ན་ཡང་སླར་ལུས་འདི་ཉིད་ལ་ཡང་འཇུག་པ་སྲིད་པས་ན། འདི་བསྒོམ་པའི་རྣལ་འབྱོར་པ་ཤི་ནས་ཞག་བདུན་གྱི་བར་དུ་སྲེག་ཏུ་མི་རུང་ཞེས་གསུང་ངོ༌། །ཚེ་འདི་ལ་མྱ་ངན་ལས་མ་འདས་ན་མཐོ་རིས་ཀྱི་གནད་ལ་བརྟེན་ནས་ཐར་བའི་རྟེན་མཐོ་རིས་བཙལ་ལ། བར་དོའམ་སྐྱེ་བ་བརྒྱུད་དེ་མྱ་ངན་ལས་འདའ་བར་བྱའོ། །དེ་ཡང་རླུང་སྦྱང་བ་སྔོན་དུ་སོང་བའི་རྣལ་འབྱོར་པས་ཁམས་སྙོམས་པར་བྱས་ལ་ཐོག་མར་འཆི་ལྟས་བརྟག་པར་བྱ་བ་ནི། སྣ་གཡས་པ་འབའ་ཞིག་ནས་ཞག་ལྔའམ། གཡོན་པ་འབའ་ཞིག་ནས་ཞག་དྲུག་ཏུ་རྒྱུ་ན་དེ་ནས་ལོ་གསུམ་ཚུད་ཆད་ན་འཆི་རྟགས་ཡིན་པས། འཆི་བསླུ་བྱ་སྟེ་དེ་ནི་རང་ལྷག་པར་གནས་པའི་རླུང་གི་མན་ངག་བཞིན་བྱའོ། །དེས་བསླུས་སམ་མ་བསླུས་ན། དང་པོ་བྱུང་བའི་ཟླ་བ་འོག་མ་རྣམས་ཀྱི་ཞག་ལ་བརྟག དེ་དག་ལ་སྔ་མ་བཞིན་བྱུང་ན་དུས་སུ་འཆི་བའི་ལྟས་ཡིན་པས་འཕོ་བ་བྱ། གལ་ཏེ་ཟླ་བ་འོག་མ་རྣམས་ལ་མ་བྱུང་ན། ཕྱི་དེ་ལོའི་དུས་ན་བརྟག དེ་དག་ལ་མ་བྱུང་ན་འཆི་བ་བསླུས་པ་ཡིན། དེ་དག་ལ་བྱུང་ནས་འཆི་བར་འདུག་ན་རིམས་ལ་སོགས་པས་མ་བཏབ་པའི་གོང་དུ་འཕོ་བ་བྱ་སྟེ། རྐང་པ་རྡོ་རྗེ་སྐྱིལ་ཀྲུང་དམ་དུ་བྱ། ལག་པ་ལྟག་པར་སྦྲེལ་ལ་འཁྱུད། ཡང་ལུས་ཙོག་པུར་བྱས་ལ། ལག་པ་གཉིས་པུས་མོ་ལ་འཁྱུད་དོ། །དེ་ནས་རང་ལྷ་ཡི་རྣལ་འབྱོར་དྲན་པར་བྱས་ལ། སྒོ་རྣམས་ཡི་གེས་བཀག་སྟེ། གནས་རྣམས་སུ་ཟླ་བའི་དཀྱིལ་འཁོར་རེ་བསམ། དེའི་སྟེང་དུ་ཡི་གེ་རྣམས་བསྒོམ་པར་བྱ་སྟེ། དེ་ཡང་མིག་གཉིས་སུ་ཧཱུྃ། རྣ་བ་གཉིས་དང༌། སྣ་གཉིས་སུ་ཡུྃ། ཁ་ལ་སུྃ། ལྟེ་བར་ཀྵུྃ། བཤང་བར་ཡམརཡུཾ། གཅི་བའི་བར་དུ་སུྃ། དཔྲལ་བར་སམརཡུཾ། སྤྱི་གཙུག་ཏུ་ཧམརཡུཾ། དེའང་གང་ལ་འདོད་པའི་སྒོ་སྟོང་པར་བཞག་ཅིང༌། མི་འདོད་པའི་སྒོ་འགེགས་པ་ཡིན་ཏེ་སྤྱི་གཙུག་ནས་བཏང་ན་གཟུགས་མེད་པར་སྐྱེ། སྨིན་མཚམས་ནས་གཟུགས་ཀྱི་ཁམས། ལྟེ་བ་ནས་འདོད་པའི་ཁམས། མིག་གཡས་ནས་མིའི་རྒྱལ་པོར། གཡོན་ནས་མི་ཕལ་པར། རྣ་བ་གཡས་ནས་རིག་པ་འཛིན་པ། སྣ་ནས་གནོད་སྦྱིན། ཁ་ནས་ཡི་དྭགས། གཅི་པའི་ལམ་ནས་དུད་འགྲོ། བཤང་བའི་ལམ་ནས་དམྱལ་བར་སྐྱེ་བས་ན་སྒོ་དགག་གོ །དེ་ནས་རྐང་པར་རླུང་གི་དཀྱིལ་འཁོར་དམིགས་ལ། དེ་ཡི་རླུང་གིས་སུམ་མདོའི་མི་སྦར། ཡང་འོག་ཏུ་རླུང་བསྐྱོད་ཅིང་སུམ་མདོའི་མེས་ལྟེ་བའི་ཨྃ་ཡང་སྦར། ཨྃ་གི་གཡས་གཡོན་གཉིས་ན་རླུང་གི་ས་བོན་ཡྃ་སྔོན་པོ་གཤོག་པ་ལྟ་བུ་གཉིས་ཀྱིས་རླུང་ཕུལ་ཏེ་སྙིང་གའི་བར་དུ་ཨྃ་གི་མེ་སྦར། དེ་ནས་དམིགས་པ་རྒྱས་འབྲིང་གཉིས་བྱས་ཏེ། རྒྱས་པར་བྱེད་ན་སྙིང་ག་ན་ཧི། དེའི་སྟེང་ན་ཡ། དེའི་སྟེང་ན་ཡྃ་ལས་རླུང་གི་དཀྱིལ་འཁོར་ཟླ་བ་ཕྱེད་པ་ལྟ་བུ། དེའི་སྟེང་ན་ཟླ་བའི་དཀྱིལ་འཁོར་མཐེ་བོང་ཡོངས་ཀྱི་ཚད་ཙམ། དེའི་སྟེང་ན་སེམས་ཀྱི་རྟེན་ཧཱུྃ། དེའི་སྟེང་ན་ཡྃ་ཐུར་བལྟས། དེའི་སྟེང་དུ་ཀ་མགོ་ཐུར་བལྟས་ཡོད་པར་བསམས་ལ། འོག་ན་གནས་པའི་ཧིས་ཡ་བཏེག་པ་ལ་སོགས་པའི་ཚུལ་གྱིས་ཡར་ཕུལ་ཏེ། སྟེང་གི་ཀ་ལ་སོགས་པས་ཡར་དྲང་ཞིང༌། ངག་ཏུ་ཧི་ཀ་དྲག་ཏུ་བརྗོད། ཀ་ཧི་ཞེས་ངལ་བསོ་ཞིང་སྙིང་གའི་བར་དུ་མར་འོང་བར་བསམས་ལ་སྟེང་རླུང་ཅུང་ཟད་མནན་ནོ། །དེ་ཙམ་དམིགས་པ་མི་ནུས་ན་མེ་རླུང་གཉིས་ཀྱིས། ཡིད་ཀྱི་ས་བོན་སྙིང་གའི་ཧཱུྃ་བྱ་སྤུ་ནམ་མཁའ་ལ་བཏེག་པ་བཞིན་དུ་དབུལ་ཞིང༌། འོག་རླུང་ཡང་ནས་ཡང་དུ་བསྐྱོད་པ་དང་ཧི་ཀའི་ཡར་ཕུལ་ཞིང་ཀ་ཧི་ཞེས་པས་སྙིང་གའི་བར་དུ་ཕབ་ལ་གསོ་ཞིང་རྩོལ་བ་རབ་ཀྱིས་ལན་བདུན། འབྲིང་གིས་བཅོ་ལྔ། ཐ་མས་ཉི་ཤུ་རྩ་གཅིག་གི་མཐར་གང་དུ་སྐྱེ་བར་འདོད་པའི་མིག་ལ་སོགས་པའི་སྒོ་སྟོང་པར་བཞག་ནས། སེམས་ཀྱི་རྟེན་བཏང་ཞིང་ལུས་ཀྱི་འཁྲུལ་འཁོར་བཤིག་གོ །དེ་ལྟར་གོམས་པའི་དུས་སུ་བུང་བས་སྦྲང་རྩི་བླངས་པ་བཞིན་དུ་བུང་བ་ལྟ་བུའི་རླུང་གིས་སྦྲང་རྩི་ལྟ་བུའི་རྣམ་པར་ཤེས་པ། མེ་ཏོག་ལྟ་བུའི་རྩ་ཡི་འཁོར་ལོ་ནས་གང་འདོད་པའི་གནས་སུ་འཕངས་ན་རང་གང་འདོད་པའི་གནས་སུ་མི་སྐྱེ་མི་སྲིད་དོ། །འདའ་ཀ་མའི་གནད་འདིས་ནི་མཐོ་རིས་ཞེས་བྱ་བ་ཐར་པའི་གྲོགས་སུ་འགྲོ་བ་ལས། ཐར་པ་ཁོ་ན་འགྲུབ་པ་ནི་མ་ཡིན་ཞེས་གསུང་ངོ༌། །ཚེ་འདི་ལ་དབུ་མ་ཅུང་ཟད་ཁ་བྱེ་བ་རྣམས་བར་དོ་ཉིད་དུ་ཕྱག་རྒྱ་ཆེན་པོ་འགྲུབ་པར་འགྱུར་བ་ཡིན་ནོ། །གནད་ཀྱི་མན་ངག་ལ་བརྟེན་ནས་རིམ་གྱིས་ཆོས་ཀྱི་དབྱིངས་རྟོགས་པའི་ཐབས་བསྟན་ཟིན་ཏོ།། །།ཆོས་ཀྱི་དབྱིངས་ཕྱག་རྒྱ་ཆེན་པོ་དངོས་སུ་རྟོགས་པར་བྱེད་པའི་མན་ངག་ནི། ཚོགས་ཀྱི་འཁོར་ལོ་སྔོན་དུ་འགྲོ་བར་བྱས་ལ། སློབ་མ་གྲལ་ལ་བཀོད་དེ་མཎྜལ་འབུལ། བླ་མ་ལ་མོས་གུས་དྲག་ཏུ་བྱེད་དུ་གཞུག ད་གདམས་ངག་ཅིག་སྟོན་པར་བྱེད་པ་ཡིན་པས་ཁྱོད་མ་ཡེངས་ཤིག ཡང་དང་ཡང་དུ་བསྒོ། དེ་ནས་དུང་ལ་སོགས་པའི་རྫས་ཀྱི་དངོས་པོ་ཞིག་མདུན་དུ་བཞག་ལ། བླ་མས་བསྟན་པའི་བརྡ་གཅིག་ལ་རྟོགས་པ་གསུམ་སྐྱེ་སྟེ། མ་སྐྱེས་པའི་དུས་དང༌། སྐྱེས་པའི་དུས་དང༌། སྐྱེས་ནས་ཟུང་དུ་ཆུད་པའི་དུས་གསུམ་མོ། །དང་པོ་དཀར་པོ་མ་མཐོང་བའི་སྔོན་རོལ་གྱི་རྟོག་པ་དང༌། ང་ལ་ཇི་ལྟ་བུ་ཞིག་བྱུང་སྙམ་པའི་སེམས་དེ་གང་ནས་ཀྱང་འོངས་པ་མ་ཡིན་པའི་ཕྱིར། མ་སྐྱེས་སྐྱེ་མེད་ནམ་མཁའ་བཞིན། །ཞེས་བྱའོ། །དེ་ནས་དཀར་པོར་མཐོང་བའི་དུས་སུ། དཀར་པོ་རྟོག་པ་གློ་བུར་དུ་སྐྱེས་ཙམ་ན། དཀར་པོ་མ་མཐོང་བའི་གོང་དུ་སྐྱེས་ནས་ཀྱང་མེད་ལ། ད་དེ་སྐྱེས་ནས་མི་འགག་པར་རྟག་ཏུ་གནས་པའང་མ་ཡིན་པས། སྐྱེས་པ་སྐྱེ་མེད་ནམ་མཁའ་བཞིན། །ཞེས་བྱ་བ་ཡིན་ཏེ། སྐྱེ་བ་མེད་པ་ལས་དཀར་པོ་དེ་སྐྱེ་ཞིང༌། ཡང་སྐྱེ་མེད་དུ་འགག་པར་འགྱུར་རོ། །དཔེར་ན་དུ་བ་ནི་མེའི་སྔོན་རོལ་ནས་གྲུབ་པའང་མ་ཡིན་ཏེ། མེ་ལས་མ་གཏོགས་པ་གཞན་ནས་འོངས་པའང་མ་ཡིན་ལ། མི་འགག་པར་གནས་པའང་མ་ཡིན་ཀྱང༌། དུ་བ་ནི་མེ་ལས་བྱུང་ཞིང་དེར་འགགས་པས། དུ་བ་རྟག་ཏུ་མེ་དང་འབྲེལ་བས་སོ། །དེ་བཞིན་དུ་དཀར་པོ་ལ་སོགས་པའི་རྟོག་པ་ཡང་སྐྱེ་མེད་ལས། སྔོན་རོལ་དུ་གྲུབ་པ་ཡང་མ་ཡིན་ལ། མི་འགག་པར་གནས་པའང་མ་ཡིན་ལ། འོན་ཀྱང་སྐྱེ་མེད་ལས་བྱུང་ཞིང་དེར་ཐིམ་པས། སྐྱེ་མེད་དང་རྒྱུན་དུ་འབྲེལ་པ་ཡིན་ནོ། །དེ་ནས་དཀར་པོའི་བློ་འགགས་པའི་དུས་སུ། འགགས་པ་སྐྱེ་མེད་ནམ་མཁའ་བཞིན། །ཞེས་བྱ་བ་ཡིན་ནོ། །ཐིམ་པའི་དུས་སུ་ཐིམ་པ་བཙལ་བས་མ་རྙེད་པ་ཡིན་ནོ། །དེ་ལ་ནམ་མཁའ་བཞིན་ཞེས་བྱ་བ་ནི་ནམ་མཁའ་ལ་ཐོག་མཐའ་དང་སྐྱེ་འགག་མེད་པ་བཞིན་དུ་སེམས་ལ་ཡང་ཐོག་མཐའ་དང་སྐྱེ་འགག་མེད་དེ། མ་སྐྱེས་པའི་དུས་ནས་སྐྱེ་བ་མེད་པ་ཉིད་ཡིན་ལ། དཀར་པོའི་བློས་སྐྱེས་པའི་དུས་ནའང་འགྲོ་ས་དང་ཐིམ་ས་མི་འདུག་པས་སྐྱེ་བ་མེད་པ་ཡིན་པས་ན། ཆོས་ཐམས་ཅད་ནི་སྐྱེ་འགག་ཐམས་ཅད་དང་བྲལ་བ་ནམ་མཁའ་ལྟ་བུ་ཡིན་ནོ་ཞེས་བློ་ཐག་བཅད། ཟུང་འཇུག་གི་ངང་ལ་བློ་ཇི་ཙམ་གནས་ཚད་ཅིག་བཞག་གོ །དེ་ནས་བླ་མ་ལ་ཕྱག་བྱས་ལ་བློས་ལྡང་བར་བྱའོ། །དེ་ལྟ་བུའི་ཉམས་མྱོང་གི་རྒྱུན་དེ་དུས་རྒྱུན་དུ་བསྐྱང་ཞིང་བསྒོམ་པར་བྱ་བ་ནི་མཚོན་ཐག་ཉེ་བས་ཕྱག་རྒྱ་ཆེན་པོའི་ལམ་དངོས་སུ་བསྟན་པ་ཞེས་བྱ་བ་ཡིན་ནོ། །ལམ་བསྒོམ་པའི་རྣལ་འབྱོར་གྱི་གནད་བསྟན་ཟིན་ཏོ།། །།སྤྱི་དོན་གསུམ་པ་འབྲས་བུ་མཐར་ཐུག་མྱ་ངན་ལས་འདས་པའི་གནད་ནི། ལུས་ཟག་མེད་གཟུགས་ཀྱི་སྐུ་དང༌། སེམས་རྟོག་མེད་ཆོས་ཀྱི་སྐུ་གཉིས་ཟུང་དུ་འཇུག་པའོ། །དེ་ཡང་ལམ་བསྒོམས་པའི་སྟོབས་ཀྱིས་རྩ་རྣམས་ཀྱི་མདུད་པ་རིམ་གྱིས་གྲོལ་ནས། རྩ་ཐམས་ཅད་སྤྱི་བོར་ཨེ་ཝྃ་ཟུང་འཇུག་ཏུ་རོ་གཅིག་པར་འགྱུར་ལ། རླུང་ཐམས་ཅད་ཀྱང་ཨེ་ཝྃ་ཟུང་འཇུག་ཏུ་རོ་གཅིག་པར་འགྱུར་ཞིང༌། ཁམས་དྭངས་མ་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ཐམས་ཅད་ཀྱང་ཨེ་ཝྃ་ཟུང་འཇུག་གི་བྱང་ཆུབ་ཀྱི་སེམས་སུ་རོ་གཅིག་པར་འགྱུར་བའོ། །དེ་ལ་དང་པོ་ནི་ལུས་ཀྱི་རྩ་ཐམས་ཅད་ཀྱི་མདུད་པ་གྲོལ་ནས་ལྟེ་བའི་རྩ་དྲུག་ཅུ་རྩ་བཞི་སོ་སོར་ཐིམ་པར་འགྱུར་རོ། །དེ་ལྟར་རྩ་དྲུག་ཅུ་རྩ་བཞི་པོ་ཡང་ཨེ་ཝྃ་དུ་འགྱུར་བ་ལས། སྤྲུལ་པའི་འཁོར་ལོའི་དབུས་ཀྱི་རྩ་ལྔའི་ཨ་ན་ཧ་ད་ལ་ཤར་གྱི་དབྱུག་ཏོ་ལྟ་བུ་སྦྱར་བས་ཨེ་རུ་འགྱུར། ནུབ་ཀྱི་ཐོང་གཤོལ་ལྟ་བུ་སྦྱར་བས་ཝ་ཡི་མགོ་རུ་འགྱུར། ལྷོ་ཡི་ཚེག་དྲག་ལྟ་བུ་གཉིས་ལས་སྟེང་གི་ཟླ་ཚེས་གཉིས་སུ་འགྱུར། བྱང་གི་ཐིག་ལེ་ལྟ་བུ་ཝྃ་གྱི་ཐིག་ལེ་ཉིད་དུ་འགྱུར། དེ་ལྟར་ནང་གི་རྩ་ལྔ་གྱུར་པ་ལས། ཐབས་ཀྱི་རང་བཞིན་བྃ་དུ་འགྱུར་རོ། །ཕྱི་རོལ་གྱི་སྡེ་ཚན་དྲུག་གྱུར་པ་ལས་ཐིག་ལེ་དྲུག་ཏུ་འགྱུར་ཏེ། སྡེ་ཚན་རེ་རེ་ཐིག་ལེ་རེ་རེར་འགྱུར་རོ། །དེ་དག་གི་ཐིག་ལེ་གཉིས་གཉིས་ལས། ཨེའི་ལོགས་རེ་རེ་གྲུབ་པས། ཨེ་གྲུ་གསུམ་ཤེས་རབ་ཀྱི་རང་བཞིན་གྲུབ་ཏེ། དེའི་ནང་ན་ཝྃ་གཉིས་མེད་ཀྱི་ཚུལ་དུ་གནས་སོ། །དེ་ལྟར་ཕྱི་ནང་གི་རིམ་པ་གཉིས་གྱི་ཨེ་ཝྃ་སོ་སོར་འགྲུབ་ལ་གཞན་སྡེ་ཚན་བརྒྱད་ཐིག་ལེ་བཅུ་ཨཱ་ལི་བཅུ་གཉིས་ཏེ། རིམ་པ་གཉིས་ཀྱི་ཨེ་ཝྃ་གཉིས་ཀ་ཐུན་མོང་དུ་འགྲུབ་གསུང༌། དེ་ཉིད་ལ། ཨེ་ཡི་ཆ་བྱད་བཟང་པོ་གང༌། །དབུས་སུ་ཝྃ་གྱིས་རྣམ་པར་བརྒྱན། །ཞེས་སོ། །དེ་ཡང་རྐྱང་མའི་ནུས་པས་ཨེ་འགྲུབ་ལ། རོ་མའི་ནུས་པས་ཝྃ་འགྲུབ་སྟེ་རྩ་གཉིས་ཀྱང་གཉིས་མེད་དུ་འགྱུར་ཏེ། རྡོ་རྗེའི་སྐྱིལ་ཀྲུང་རྫོགས་སངས་རྒྱས། །ཞེས་གསུངས་སོ། །རྩ་གཉིས་གཉིས་མེད་དུ་འདུས་པས་དབུ་མ་འབྱེད་པའི་ཕྱིར། མ་རིག་སྒོ་ངའི་སྦུབས་འབྱེད་པ། །ཞེས་གསུངས་སོ། །དེ་བཞིན་དུ་རླུང་ཐམས་ཅད་ཀྱང་དབུ་མ་ན་ཡར་ཨེ་ཝྃ་ཟུང་འཇུག་ཏུ་འགྱུར་ཏེ། དེ་ཉིད་ལ་སེམས་ཡེ་ཤེས་ཀྱི་རླུང་ཞེས་ཀྱང་བྱའོ། །ཡང་འཁོར་ལོའི་ལྟེ་བའི་རླུང་ལྔའི་རྟེན། ཤར་གྱི་དབྱུག་པ་ལྟ་བུ་རླུང་གི་རླུང༌། ལྷོའི་ཚིག་དྲག་མེའི་རླུང༌། ནུབ་ཀྱི་ཐོང་གཤོལ་སའི་རླུང༌། བྱང་གི་ཐིག་ལེ་ཆུའི་རླུང༌། དེ་རྣམས་དབུས་ཀྱི་ཨ་ན་ཧ་ད་ནམ་མཁའི་རླུང་ལ་ཐིམ་པར་འགྱུར་ཏེ། དེའི་ཚུལ་ཡང་ས་ཆུ་ལ་ཐིམ། ཆུ་མེ་ལ་ཐིམ། མེ་རླུང་ལ་ཐིམ། རླུང་ནམ་མཁའ་ལ་ཐིམ། ནམ་མཁའ་རྣམ་པར་ཤེས་པ་ལ་ཐིམ། རྣམ་པར་ཤེས་པ་དབུ་མར་འཇུག་པའི་ཚུལ་གྱིས་སོ། །དེའི་སྟོབས་ཀྱིས་སེམས་གཟུང་འཛིན་གྱི་རྟོག་པ་དང་བྲལ་བའི་རྟོག་མེད་རྣལ་མར་འགྱུར་ཏེ། ཀུན་འདར་མ་ནི་དབུས་གནས་སུ། །གཟུང་དང་འཛིན་པ་རྣམ་པར་སྤངས། །ཞེས་སོ། །དེ་བཞིན་དུ་རྩ་དང་རླུང་ཐམས་ཅད་ཨེ་ཝྃ་ཟུང་འཇུག་ཏུ་ཐིམ་པའི་དུས་ཉིད་ན། བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ཐམས་ཅད་ཀྱང་ཨེ་ཝྃ་ཟུང་འཇུག་ཏུ་ཐིམ་ཞིང་རོ་གཅིག་པར་འགྱུར་ལ། དེའི་དབང་གིས་པྲ་སེན་ལྟ་བུ་དྭངས་ཤིང་ཐོགས་པ་མེད་པར་སྣང་ཡང་རང་བཞིན་མེད་པར་འགྱུར་ཏེ། དེ་ཉིད་ལས། བྱང་སེམས་སུམ་ཅུ་རྩ་གཉིས་ཀྱི། །གང་ཚེ་འདི་ནི་གང་གྱུར་པར། །དབང་པོ་ཕུང་པོ་འགྱུར་བ་ཡི། །སངས་རྒྱས་དེ་ཡི་དེ་མ་ཐག །ཅེས་བྱ་བ་དང༌། ཁོང་སྟོང་ཁྱོད་ཀྱི་སྐུ་ལ་མེད། །ཅེས་གསུངས་སོ། །དེ་ལྟར་གྱུར་པ་དང༌། གདོད་ནས་དྭངས་ཤིང་ཐོགས་པ་མེད་པའི་རྩ་གྲུབ་ནས་དེས་པྲ་སེན་ལྟ་བུའི་སོ་དང་སེན་མོ་ལ་སོགས་པ་སྐྱེད་པར་བྱད་གསུང་ངོ༌། །དེ་དག་གིས་འབྲས་བུ་མྱ་ངན་ལས་འདས་པའི་གནད་བསྟན་ཟིན་ཏོ།། །།དཔལ་ནཱ་རོ་ཏ་པའི་ཐུགས་ཀྱི་ཉིང་ཁུ་རྩ་དབུ་མའི་མན་ངག་འདི་ནི་ཤཱཀྱའི་དགེ་བསྙེན་གྲགས་པ་རྒྱལ་མཚན་ལ། མདོ་སྨད་གཡར་མོ་ཐང་གི་སྟོན་པ་གཞོན་ནུས་ལན་མང་དུ་གསོལ་བ་འདེབས་པའི་ངོར་བྱས་ནས། ཉམས་སུ་ལེན་པའི་རྣལ་འབྱོར་པ་ལ་ཕན་པའི་བསམ་པས་ཉེ་བར་སྦྱར་བ་འདི་ཡོངས་སུ་རྫོགས་སོ།།
«༄༅། །གང་གི་ཡིག་སྐོར་རྣམས་ཀྱི་སྡོམ་བཞུགས།། »
༄༅། །བླ་མ་ནཱ་རོ་པའི་གདམས་ངག་འདིའི་སྐོར་ལ་བཞི་སྟེ། བསྐྱེད་པའི་རིམ་པ་ཕག་མོ་མཁའ་སྤྱོད་དང༌། རྫོགས་པའི་རིམ་པ་རྩ་དབུ་མ་དང༌། ཐུན་མོང་གི་དངོས་གྲུབ་གནོད་སྦྱིན་མོ་དབང་དུ་བྱ་བ་དང༌། ལམ་དེའི་ཡན་ལག་གོ །དང་པོ་ལ་བརྒྱད་དེ། རྗེས་གནང་དང༌། བསྐྱེད་རིམ་དངོས་དང༌། སྤྱོད་ལམ་གྱི་རྣལ་འབྱོར་ལ་འཕྲོས་པའི་ཕྱི་མཆོད་མདོར་བསྡུས་པ་དང༌། མཁའ་སྤྱོད་སྒྲུབ་པ་དང༌། དུས་གང་ཡང་རུང་བའི་ཚོགས་མཆོད་མདོར་བསྡུས་པ་དང༌། ཚེས་བཅུའི་མཆོད་པ་དང༌། སྦྱིན་སྲེག་རྒྱས་པ་དང༌། མར་མེའི་སྦྱིན་སྲེག་དང་བརྒྱད་དོ། །གནོད་སྦྱིན་མོ་དབང་དུ་བྱ་བ་ལ་གསུམ་སྟེ། རྒྱུད་ཀྱི་དུམ་བུ་དང༌། པདྨ་ཏིའི་སྒྲུབ་ཐབས་དང༌། ཁོལ་པོ་པ་ཏིའི་སྒྲུབ་པའོ། །ལམ་གྱི་ཡན་ལག་ལ་གཉིས་ཏེ། པྲ་སེན་དབབ་པ་དང༌། སྨན་ཆེན་པོའི་བཅུད་ལེན་ནོ། །དུམ་བུ་འདི་དག་འདྲི་བ་ལ་གོ་རིམ་མི་སྣང་ངོ༌། །ཕྱི་མཆོད་ཀྱི་ཞར་ལ་རྗེས་གནང་དང༌། བྱིན་རླབས་གཅིག་ཡོད་དེ་ཕྱག་ལེན་མི་མཛད་པར་གདའ། བྱིན་རླབས་ཞར་ལ་མཁའ་སྤྱོད་སྒྲུབ་པ་ཅུང་ཟད་གཅིག་ཀྱང་སྣང་ངོ༌།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply