ཚོགས་བདག་གི་སྒྲུབ་ཐབས།

༼ཉ༽

༄༅། །ཚོགས་བདག་གི་སྒྲུབ་ཐབས་བཞུགས།།

༄༅། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །གདམས་པ་འདི་རྡོ་རྗེ་མཁའ་འགྲོའི་ལེའུ་བཅུ་དགུ་པ་ན་བཞུགས། ཚོགས་ཀྱི་བདག་པོ་དམར་པོ་སྒྲུབ་པར་འདོད་པས། སྐར་མ་རྒྱལ་ལ་བབ་པའི་ཚེ། ལྷ་བཟོ་བ་ཤིན་ཏུ་མཁས་པས། རས་མཐོ་གང་གྲུ་བཞི་ལ་སྐུ་ཉིན་གཅིག་ལ་ཚར་བར་བྲིའོ། །དེ་ནས་གནས་ཡིད་དུ་འོང་བར་ཚོགས་བསོག་ལ་སོགས་པ་སྔོན་དུ་བྱས་ལ་མཚམས་བཅད། སྟེགས་པུ་གྲུ་བཞི་པའི་སྟེང་དུ། པདྨ་འདབ་བརྒྱད་དམར་པོ་བྲིས་ཏེ། དབུས་སུ་ཟླ་གམ་དམར་པོ་བྱའོ། །དེའི་སྟེང་དུ་རྟེན་གཏོར་བཟང་པོ་གཅིག་བཞག་ལ་དེ་ལ་བྲིས་སྐུ་གཟུགས། མདུན་དུ་རྒྱུན་གཏོར་དང་པཱུ་ཛ་ལྔ་བཤམ། དེའི་མདུན་དུ་རང་འདུག་ལ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསོག་པ་སྡོན་དུ་སོང་ནས། རང་མི་དམིགས་པ་ལས་པདྨ་དང་ཉི་མའི་སྟེང་དུ། ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས། དོན་གཉིས་བྱས་ཚུར་འདུས་པ་ལས། རང་ཉིད་རྡོ་རྗེ་ཧཱུྃ་མཛད་སྐུ་མདོག་མཐིང་ག་རབ་ཏུ་ཁྲོས་པ། སྐྲ་སེར་པོ། སྤྱན་གསུམ་པ། སྟག་གི་པགས་པའི་ཤམ་ཐབས་ཅན། རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཐོད་པའི་རྒྱན་ཡོད་པ། རོ་དང་ཉི་མའི་སྟེང་ན་ཞབས་གཡོན་བརྐྱང་ཞིང་གཡས་བསྐུམ་པ། ཕྱག་བཞི་པ། གཡས་ཀྱི་དང་པོས་ཐུགས་ཀར་རྡོ་རྗེ་བསྣམས་པ། གཡོན་དང་པོས་ཐོད་པ་ཐུགས་ཀར་བཟུང་པ། འོག་མ་གཉིས་རྒྱབ་ནས་མདའ་གཞུ་འགེངས་པར་བདག་ཉིད་བསྒོམས་ལ། ཡེ་ཤེས་པ་དགུག་གཞུག་བྱ། གནས་གསུམ་བྱིན་གྱིས་བརླབ། སུམྦྷ་ནི་ཅི་རིགས་ཤིག་བཟླས་ལ། དེ་ནས་མདུན་གྱི་པདྨ་དམར་པོ་འདབ་བརྒྱད་ཀྱི་གདན་ལ་མེ་རི་དང༌། བྲག་རི་དང༌། བྱི་སྔོན་གྱི་སྟེང་དུ། གཿདམར་པོ་གྱུར་པ་ལས། བྲིས་སྐུ་དེ་ཚོགས་ཀྱི་བདག་པོ་སྐུ་མདོག་དམར་པོ་གླང་གི་གདོང་ཅན། སྤྱན་གསུམ་པ། རལ་པའི་ཐོར་ཚུགས་གཡོན་དུ་ཅུང་ཟད་འཕྱར་བ། ཕྱག་བཅུ་གཉིས་ཡོད་པའི་གཡས་དྲུག་ན་རིམ་པ་བཞིན། དགྲ་སྟྭ། མདའ། ལྕགས་ཀྱུ། རྡོ་རྗེ། རལ་གྲི། འཕང་མདུང༌། གཡོན་དྲུག་ན། གཏུན་ཤིང༌། གཞུ། ཁ་ཊྭཱཾ་ག ཐོད་པ་ཁྲག་གིས་གང་བ། ཐོད་པ་ཤ་ཆེན་གྱིས་བཀང་བ། རྩེ་གསུམ་ལ་ཕུབ་དང་བ་དན་བསྡེབས་པ་བཏགས་པའོ། །གར་སྟབས་ཀྱིས་བཞུགས་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། འོད་ཟེར་དམར་པོ་འཕྲོ་བར་བསྒོམ་མོ། དེའི་གནས་གསུམ་བྱིན་གྱིས་བརླབས་ལ། རང་གི་སྙིང་གའི་ཧཱུྃ་ལས་འོད་འཕྲོས་པས། སུམ་ཅུ་རྩ་གསུམ་དང་རང་བཞིན་གྱི་གནས་ནས། ཚོགས་བདག་སྤྱན་དྲངས་ལ། ཛཿཧཱུྃ་བྃ་ཧོཿས་དམ་ཚིག་པ་ལ་བསྟིམ། དེ་ནས་དགུག་སྔགས་བརྒྱ་བཟླས་སོ། །ཨོཾ་གཿག་ཎ། སིདྡྷི་སིདྡྷི། སརྦ་ཨརྠ་མེ་པྲ་སཱ་དྷཱ་ཡ། ཧཱུྃ་ཧཱུྃ་ཛཿཛཿསྭཱ་ཧཱ། ཞེས་པས་བཀུག་ལ། ཨོཾ་པདྨ་ཀ་མ་ལ་ཡེ་སྟྭཾ། ཞེས་པས་གདན་དབུལ་ལོ། །སྤོས་སྣ་ཚོགས་དང་མེ་ཏོག་དམར་པོས་མཆོད། པཱུ་ཛ་དང་རྒྱུན་གཏོར་དབུལ་ལོ། །དེ་ནས་བཟླས་པ་བྱའོ། །ཨོཾ་ཨཱཿག་ཧཱུྃ་སྭཱ་ཧཱ། ཞེས་པ་འབུམ་བཟླས། སྐབས་སུ་མཆོད་པ་དང་གཏོར་མ་དབུལ། རྟེན་གཏོར་ནི་བྱིན་རླབས་གཞན་དང་འདྲ། བསྙེན་སྔགས་ནི་ཨ་ཀཱ་རོ་བཏགས་ལ་དབུལ་ལོ། །མཆོད་པ་དང་བསྟོད་པ་བྱས་ལ། འདོད་པའི་དོན་ལ་གསོལ་བ་གདབ། དེ་ལྟར་བྱས་པས་སྔགས་པ་བརྗིད་ཅན་མཐོང་ན་དགའ་རྨི་ལམ་དུ་ལ་ཕུག་སྟེར་བའམ། ནོར་མ་བསླང་བར་སྟེར་བའམ། འབྲུའི་ཕུང་པོའམ། ཤིང་སྐམ་པོ་སྤུངས་པ་རྨི་ན་གྲུབ་པའི་རྟགས་ཡིན། གྲུབ་རྟགས་བྱུང་ན་ཁོ་ལ་གཏང་རག་ཁས་བླང༌། འབུམ་ཕྲག་གཅིག་པོ་སོང་བ་དང༌། མཆིལ་མས་དཔྲལ་བར་ཐིག་ལེ་བྱ། དེ་ནས་ལས་གང་བསྒྲུབ་པ་དང༌། བསྙེན་སྔགས་སྟོང་བཟླས་ལ་གང་འདོད་བྱའོ། །དེ་ལྟར་བསྒྲུབས་པའི་སྔགས་པ་དེ་ཐམས་ཅད་ཀྱིས་མཐོང་ན་དགའ་དང་ཡིད་དུ་འོང་བར་འགྱུར་རོ། །རྒྱལ་པོས་རྒྱལ་པོ་བཞིན་དུ་མཆོད་ཅིང་འཛིན་པར་འགྱུར་རོ། །དགྲ་ཐམས་ཅད་འཆི་སྟེ་ལན་ཚྭ་ཆུར་བཅུག་པ་བཞིན་ནོ། །བགེགས་ཐམས་ཅད་བསྲུང་ངོ༌། །ལས་ཐམས་ཅད་གྲུབ་ཅིང་ནོར་ཐམས་ཅད་སྟེར་བར་འགྱུར་རོ། །ཇི་སྐད་སྨྲས་པའི་ཚིག་གིས་མི་རྣམས་ཡིད་ཆེས་སོ། །ཁོ་ཡེ་མ་གྲུབ་ན། རང་ཁྲོ་བོར་བསྒོམས་པའི་རྐང་པའི་འོག་ཏུ་ཚོགས་བདག་བཅུག་ལ་མནན་པར་བསམ་ཞིང་སྔགས་བཟླས། དེས་ཐེ་ཚོམ་མེད་པར་འགྲུབ་བོ། །ཚོགས་བདག་གི་སྒྲུབ་ཐབས་ཨི་ཐི།།  །།འདི་ལ་སྦྱིན་སྲེག་བྱེད་པར་འདོད་པས། དང་པོར་པད་འདབ་བརྒྱད་དམར་པོ་ཟླ་གམ་དང་བཅས་པ་བྱ་སྟེ། དེའི་སྟེང་དུ་ཙནྡན་ནམ། ཤུག་པའི་ཤིང་བརྩིགས་ལ། དེའི་དབུས་སུ་ཚོགས་བདག་གི་སྐུ་བྲིས་པ་ལྟར་བསྐྱེད་ལ་དགུག་གཞུག་བྱའོ། །བསྲེག་རྫས་ནི་གྲོའི་བག་ཕྱེ་ལ་མངར་གསུམ་བསྲེས་པ་སེན་ཁ་རེས་དབུལ། རྩ་སྔགས་ལ་དགུག་སྔགས་བཏགས་པ་དང༌། དེ་ལ་ཨ་ཀཱ་རོ་བཏགས་པས་དབུལ་ལོ། །ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བསམ། འབྲུ་སྣ་ཚོགས་དང༌། རིན་པོ་ཆེ་དང༌། དར་ཟབ་སྣ་ཚོགས་དབུལ། ཞལ་ཟས་རྣམས་ཞལ་དུ་དབུལ་བར་བསམ། འབྲུ་དང་རཏྣ་ལག་ཏུ། དར་ཟབ་གོས་དང་བླ་རེ་དང་གདན་དུ་དབུལ་ལོ། །མཉེས་ནས་འཇིག་རྟེན་པའི་དངོས་གྲུབ་མ་ལུས་པ་བདག་ལ་བྱིན་པར་བསམ། གཏོར་མ་དང་པཱུ་ཛ་ལྔ་ཡང་དབུལ། གང་འདོད་གསོལ་བ་དྲག་ཏུ་གདབ་བོ། །བསྟོད་པ་བྱ། ཐབ་ཀྱི་ལྷ་མི་དམིགས་པར་བསམ་མོ། །ཚོགས་ཀྱི་བདག་པོའི་སྒྲུབ་ཐབས་སྦྱིན་སྲེག་དང་བཅས་པ། ཤཱཀྱའི་དགེ་བསྙེན་གྲགས་པ་རྒྱལ་མཚན་གྱིས་སྦྱར་བའོ། །ཤིན་ཏུ་ཟབ་ཨི་ཐི།།  །།འདིའི་ཞལ་གདམས་ནི། དབེན་པའི་གནས་སུ་ཙནྡན་དང༌། དུ་རུ་སྐ་དང༌། སི་ལ་དང༌། ག་པུར་ལ་སོགས་པའི་སྤོས་དང༌། མེ་ཏོག་དམར་པོས་མཆོད། སྔགས་བཟླས། གཏོར་མ་ཕུལ་ལ་གསོལ་བ་དྲག་ཏུ་གདབ། སྐུ་མི་ལ་བསྟན་ན་དངོས་གྲུབ་ཡལ་འགྲོ་བས་མི་བསྟན། སྔགས་ཐུན་འབུམ་སོང་བ་དང༌། འགུགས་སྔགས་བཏགས་ལ་འབུམ་བཟླས་སོ། །གྲུབ་རྟགས་མ་བྱུང་ན་གནད་ལ་དབབ་པ་གོང་བཞིན་བྱའོ། །ནག་པོ་པས་བྱས་པའི་སྒྲུབ་ཐབས་གཅིག་ཀྱང་འདུག་སྟེ། ས་སྐྱ་པའི་འདི་རང་ལེགས་པ་འདུག་གོ །ཡིད་ཆེས་པའི་ལོ་རྒྱུས་མང་དུ་ཡོད་དེ་མ་བྲིས་སོ། །འདིས་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་པར་གྱུར་ཅིག།  །།མངྒ་ལཾ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*