༼ཉ༽
༄༅། །རྡོ་རྗེ་འཇིགས་བྱེད་ཀྱི་བསྟོད་པ་བཞུགས།།
༄༅། །ཧཱུྃ་མིའུ་ཐུང་ནག་པོ་སྤྲིན་ལྟའི་མདོག །འོད་ཟེར་བྱེ་བ་འཕྲོ་བ་བཞེངས། །མཚན་མ་བསྒྲེང་བ་མ་ཧེའི་ཞལ། །གཉིས་མེད་སྦྱོར་བ་ཁྱོད་རྒྱལ་བསྟོད། །ཟླ་བ་ལྟ་བུའི་ཞལ་དགུ་པ། །ལྷ་དང་ལྷ་མིན་ཐམས་ཅད་ཀུན། །མ་ལུས་པར་ནི་འཇིགས་པར་མཛད། །གཡས་བསྐུམ་གཡོན་བརྐྱང་བརྗིད་པས་གནས། །སྟོབས་ལྡན་ཁྱོད་ལ་ཕྱག་འཚལ་ལོ། །ན་མོ་ཡ་མ་ཨ་རི། མིའུ་ཐུང་སྒེག་པོ་སྤྲིན་ལྟའི་མདོག་འོད་ཟེར་རྣམ་པར་འཕྲོས་པས་བཞེངས། །མཚན་མ་ལེགས་པོ་མ་ཧེའི་ཞལ། །འཇིག་མཛད་སྐུ་ལ་ཕྱག་འཚལ་བསྟོད། །གཡས་ཀྱི་དང་པོས་གྲི་གུག་འཛིན། །གཉིས་པས་མཚོན་རྩེ་གཅིག་པ་འཛིན། །གསུམ་པའི་ཕྱག་གིས་གཏུན་ཤིང་འཛིན། །བཞི་པས་ཆུ་གྲི་བཟང་པོ་འཛིན། །ལྔ་པས་རྡོ་རྗེ་རྩེ་གཅིག་འཛིན། །དྲུག་པ་ན་ནི་སྟ་རེ་འཛིན། །བདུན་པའི་ཕྱག་གིས་མདུང་ཐུང་འཛིན། །བརྒྱད་པ་ན་ནི་མདའ་འཛིན་ཞིང༌། །དགུ་པའི་ཕྱག་གིས་ལྕགས་ཀྱུ་འཛིན། །བཅུ་པའི་ཕྱག་གིས་དབྱུག་ཐོ་འཛིན། །བཅུ་གཅིག་པ་ན་ཁ་ཊྭཾའ་ག །བཅུ་གཉིས་པ་ན་འཁོར་ལོ་འཛིན། །བཅུ་གསུམ་པ་ཡིས་རྡོ་རྗེ་འཛིན། །བཅུ་བཞི་རྡུང་དོན་ཐོ་བ་བསྣམས། །བཅོ་ལྔ་དགྲ་གསོད་རལ་གྲི་འཛིན། །བཅུ་དྲུག་ཅང་ཏེའུ་གཉིས་མེད་འཛིན། །དེ་ལྟར་འཛིན་ལ་ཕྱག་འཚལ་བསྟོད། །གཡོན་གྱི་དང་པོས་ཐོད་ཁྲག་འཛིན། །གཉིས་པས་ཚངས་པའི་མགོ་བོ་བསྣམས། །གསུམ་པས་ཤེས་རབ་ཕུབ་འཛིན་ཏེ། །བཞི་པས་བསྒྲུབ་བྱའི་རྐང་པ་འཛིན། །ལྔ་པས་རྡོ་རྗེ་ཞགས་པ་འཛིན། །དྲུག་པས་གཞུ་འཛིན་ཐབས་ཀྱི་དོན། །བདུན་པས་ཉོན་མོངས་རྒྱུ་མ་འཛིན། །བརྒྱད་པས་ཤེས་རབ་དྲིལ་བུ་འཁྲོལ། །དགུ་པས་རྡེག་དོན་ལག་པ་འཛིན། །བཅུ་པས་མཉེས་དོན་དུར་ཁྲོད་རས། །སྐྱེས་བུ་གསལ་ཤིང་བཅུ་གཅིག་པ། །བཅུ་གཉིས་སྲེག་དོན་མེ་ཐབ་འཛིན། །བཅུ་གསུམ་ཡེ་ཤེས་ཐོད་ཚལ་འཛིན། །བཅུ་བཞི་སྡིགས་མཛུབ་བསྡིགས་པར་མཛད། །བཅོ་ལྔ་འཕན་བསྣམས་དུག་གསུམ་འཇོམས། །བསྒྲུབ་བྱ་རླུང་བསྐུར་བཅུ་དྲུག་རས། །ཡོན་ཏན་འཛིན་ལ་ཕྱག་འཚལ་ལོ། །མི་དང་མ་ཧེ་གླང་བོང་བུ། །རྔ་མོ་ཁྱི་ལུག་ཝ་དང་བརྒྱད། །འདི་བརྒྱད་གཡས་པའི་ཞབས་བརྒྱད་ཀྱིས། །བརྒྱ་བྱིན་ཚངས་པའི་སྟེང་ནས་གནོན། །ནང་བརྒྱད་འཇོམས་ལ་ཕྱག་འཚལ་བསྟོད། །བྱ་རྒོད་འུག་པ་ཁྭ་ནེ་ཚོ། །ཁྲ་དང་ཁྱུང་ངང་རི་སྐེགས་བཞད། །འདི་བརྒྱད་གཡོན་པའི་ཞབས་བརྒྱད་ཀྱིས། །ཁྱབ་འཇུག་དྲག་པོའི་སྟེང་ནས་གནོན། །གདོན་བརྒྱད་འཇོམས་ལ་ཕྱག་འཚལ་ལོ། །དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་ནས། །སྣ་ཚོགས་པདྨ་ཉི་མའི་གདན། །གཞལ་ཡས་མེ་དཔུང་དཀྱིལ་ན་བཞུགས། །འཇིགས་མཛད་སྐུ་ལ་ཕྱག་འཚལ་ལོ། །བརྒྱ་ཕྱེད་མགོ་བོའི་དོ་ཤལ་ཅན། །དབུ་ལ་ཐོད་པ་ལྔ་ཡིས་བརྒྱན། །དབུ་སྐྲ་སེར་པོ་གྱེན་དུ་འབར། །ཞལ་དགུ་པ་ལ་ཕྱག་འཚལ་བསྟོད། །སྤྱན་མིག་ཉི་ཤུ་རྩ་བདུན་དམར། །ལྗགས་འདྲིལ་ཞལ་ནས་ཧ་ཧས་བཞད། །མཚན་དང་དཔེ་བྱད་ཡང་དག་ལྡན། །མ་ཧེའི་ཞལ་ལ་ཕྱག་འཚལ་བསྟོད། །དཔལ་རྡོ་རྗེ་འཇིག་བྱེད་ཀྱི་བསྟོད་པ། ཨི་ཐི།། «༄༅། །བསྟོད་པ་བཞུགས།། »༄༅། །དཔལ་རྡོ་རྗེ་འཇིགས་བྱེད་ལ་བསྟོད་པ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དངོས་པོ་ཀུན་གྱི་དེ་ཉིད་ཆོས་དབྱིངས་ཀུན་རྟོག་བྲལ། །ཐོག་མ་དབུས་དང་ཐ་མ་ལས་གྲོལ་ནམ་མཁའི་དངོས། །བློ་གྲོས་རྣམ་རྒྱལ་ཐུགས་རྗེས་ཁྱབ་པའི་ཐུགས་ལྡན་པས། །རྣམ་པར་མཛེས་པ་ཧེ་རུ་ཀ་དཔལ་ཕྱག་འཚལ་ལོ། །གཟུགས་ཅན་སྐུ་ཆེ་མདངས་གནག་ཚད་ཐུང་ལ། །འཇིག་དུས་མེ་ཡི་འོད་མངའ་ཁམས་གསུམ་ཟ་ནུས་པ། །བརྒྱ་བྱིན་ཚངས་པ་དབང་ཕྱུག་ཉི་མ་ཟླ། །གཞོན་ནུ་ལ་སོགས་ལྷ་རྣམས་འཇིགས་པར་མཛད་ལ་འདུད། །མཚན་མ་གྱེན་དུ་བསྒྲེང་ཞིང་མ་ཧེའི་ཞལ་དུ་བརྗིད། །ཧ་ཧ་ཕཊ་ཕཊ་ཅེས་སྒྲ་སྒྲོགས་ཤིང་ལྗགས་འདྲིལ་བ། །འཇིགས་པའི་ཁྲོ་གཉེར་སྨིན་མ་ཡོན་པོ་དང་བཅས་པའི། །སྤྱན་གསུམ་བགྲད་པ་ཐོད་པའི་ཕྲེང་ཐོད་ཅན་ལ་བསྟོད། །གཅེར་བུའི་ལུས་ལ་དུར་ཁྲོད་རྒྱན་གྱིས་བརྒྱན། །སྦྲུལ་གྱི་མཆོད་ཕྱིར་ཐོགས་འཆང་གཡོན་བརྐྱང་གར། །གསུས་ཁྱིམ་ཆེ་ལ་ཤ་ཁྲག་རྐང་ཚིལ་གསོལ། །འཇིགས་བྱེད་ཆེན་པོའི་སྐུ་ལ་ཕྱག་འཚལ་བསྟོད། །ཞལ་དགུ་ཉི་ཤུ་བདུན་གྱི་སྤྱན། །སུམ་ཅུ་རྩ་བཞིའི་ཕྱག་མངའ་ཞིང༌། །བཅུ་དྲུག་ཞབས་ཀྱིས་རབ་ཏུ་འགྱིངས། །དུར་ཁྲོད་རོལ་ལ་ཕྱག་འཚལ་ལོ། །རྩ་ཞལ་མ་ཧེ་གཡས་ཀྱི་རྭར་གནས་པའི། །ཞལ་གསུམ་སྔོན་པོ་དམར་པོ་སེར་པོ་ནི། །ཤིན་ཏུ་ཁྲོས་པ་དེ་བཞིན་གཡོན་གྱི་ཞལ། །དཀར་པོ་དུད་ཁ་ནག་པོ་ཁྲོ་ཞིང་འགྱུར། །རྭ་ཡི་དབུས་ཞལ་དམར་ཞིང་ཁྲག་འཛག་འཇིགས། །སྟེང་ཞལ་གསེར་འོད་ཅུང་ཟད་ཁྲོས་པ་ལ། །ཟུར་ཕུད་ལྔ་དང་བྱིས་རྒྱན་མེ་ཏོག་ཐོད། །སྤྱན་གསུམ་མངའ་བའི་ཞལ་དགུ་ལ་ཕྱག་འཚལ། །གྲི་གུག་རྩེ་གཅིག་གཏུན་ཤིང་ཆུ་གྲི་རྡོ་རྗེ་རྩེ་གཅིག་པ། །སྟ་རེ་མདུད་དང་མདའ་དང་ལྕགས་ཀྱུ་དབྱུགས་ཐོ་ཁ་ཊྭཱཾ་ག །འཁོར་ལོ་རྡོ་རྗེ་རྩེ་ལྔ་ཐོ་བ་རལ་གྲི་ཌཱ་མ་རུ། །གཡས་ཀྱི་བཅུ་དྲུག་ན་འཛིན་ཐོད་པ་མགོ་བོ་ཕུབ་ཆུང་དང༌། །རྐང་པ་ཞགས་པ་གཞུ་དང་རྒྱུ་མ་དྲིལ་བུ་ལག་པ་དང༌། །དུར་ཁྲོད་རས་དང་སྐྱེས་བུ་གསལ་ཤིང་གིས་ཕུག་མེ་ཡི་ཐབ། །བཏུང་སྣོད་སྡིགས་མཛུབ་བ་དན་རྩེ་གསུམ་རླུང་དར་གཡོན་པ་ཡི། །བཅུ་དྲུག་ན་འཛིན་འོག་མས་གླང་པོའི་པགས་པ་བསྣམས་ལ་འདུད། །དྲག་པོ་ལ་སོགས་དྲེགས་པ་ཆེན་པོའི་ཆེན་པོ་རྣམས། །ཁྱེད་ཀྱི་ཞབས་ཟུང་ཁུམས་པས་སྐྲག་པས་བརྒྱལ་གྱུར་ནས། །ཕྱོགས་བཅུར་ལང་ལོང་གྱུར་པས་ས་ལ་འགྱེལ་མཛད་ཅིང༌། །དེ་དག་སྟེང་ན་ཞབས་ཀྱི་མདུན་གྱིས་བརྫིས་པ་ནི། །མི་དང་མ་ཧེ་ཁྱུ་མཆོག་བོང་བུ་རྔ་མོ་དང༌། །ཁྱི་དང་ལུག་དང་ཅེ་སྤྱང་གཡས་ཀྱི་ཞབས་ཀྱིས་བརྫིས། །བྱ་རྒོད་འུག་པ་བྱ་རོག་ཁྭ་ཁྱུང་ཆེན། །ཁྱིམ་བྱ་བཞད་མནན་གཡོན་བརྐྱང་གར་མཛད་ལ་ཕྱག་འཚལ། །མགོན་པོ་ཁྱོད་ནི་ཁམས་གསུམ་བདག་ཉིད་ལ་སོགས་དང༌། །དངོས་གྲུབ་བརྒྱད་སྩོལ་དེ་བཞིན་དབང་ཕྱུག་བརྒྱད་ཉིད་དང༌། །ཉོན་མོངས་གཅོད་པ་ལ་སོགས་དེ་ཉིད་དོན་སྟོན་ཕྱིར། །ཞལ་དང་ཞབས་དང་ཕྱག་མང་མངའ་བའི་སྐུ་ལ་ཕྱག་འཚལ་ལོ། །གང་ཞིག་ལྷ་དང་ཀླུ་དང་ཕྱོགས་སྐྱོང་བ་རྣམས་དང༌། །མཁའ་འགྲོ་མ་དང་འདྲེ་དང་རོ་ལངས་འབྱུང་པོ་དུ་མས་གང༌། །བྱ་རོག་འུག་པ་ཅེ་སྤྱང་ཧཱུྃ་དང་ཕཊ་སྒྲ་སྒྲོགས། །ཆུ་བོ་སྤྲིན་དང་མེ་དང་ཤིང་ཆེན་འཇིགས་པས་བརྒྱན། །སྐྱེས་བུ་དཔྱངས་པ་དང་ནི་ཤིང་རྩེར་བཙུགས་དང་སྲེག་ལ་སོགས། །རོ་རྣམས་རྒྱུ་མ་ནར་དང་ཀླད་པ་མཐོང་བ་དང༌། །དུམ་བུར་གྱུར་དང་རུལ་དང་ཀེང་རུས་ཀྱིས་གང་བ། །རྣལ་འབྱོར་རོལ་པ་དུར་ཁྲོད་འཇིགས་པ་ཚལ་ཆེན་དུ། །མགོན་པོ་ཁྱོད་ནི་སེམས་ཅན་དོན་ཀུན་མཛད་པའི་ཕྱིར། །སྙིང་རྗེ་ཁྲོས་པའི་དད་སྒྲོལ་ཉིད་ཀྱིས་ཧྲཱིཿཥྚྲཱི་ཡི། །སྔགས་དང་གར་གྱིས་སྲིད་གསུམ་འཁྲུལ་པ་གཅོད་མཛད་ཅིང༌། །བདེ་ཆེན་ངོ་བོས་རོལ་པ་མཛད་ལ་ཕྱག་འཚལ་ལོ། །ལྷ་དགུའི་རང་བཞིན་ཉམས་དགུའི་ཞལ་ལྡན་ཞིང༌། །བདུད་འཇོམས་སྟོང་ཉིད་དངོས་གྲུབ་བཅུ་དྲུག་ཞབས། །བྱང་ཆུབ་ལྷ་ནི་ཕྱག་དང་གསང་བའི་གནས། །རྒྱུད་གསུམ་གཉིས་མེད་ངོ་བོ་ཉིད་ལ་འདུད། །ཐོས་ཤིང་མཐོང་བས་དད་པའི་རླབས་གཡོས་ནས། །ཡུན་གྱི་དཔལ་དང་མགོན་དུ་བགྱི་བའི་ཕྱིར། །འབད་རྩོལ་དཀའ་བས་ཁྱོད་ཀྱི་ཞབས་བསྟེན་ནས། །ཐུགས་རྗེ་ཆེན་པོས་བདག་ལ་བྱིན་གྱིས་རློབས། །དེ་ལྟར་བསྟོད་ཅིང་གསོལ་བ་བཏབ་པ་ལས། །བྱུང་བའི་དགེ་བ་དྲི་མེད་གང་ཐོབ་དེས། །ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་གྱིས། །འཇམ་དབྱངས་ཁྲོ་ཆེན་རྒྱལ་པོ་ཐོབ་པར་ཤོག །རྗེ་བཙུན་བསོད་ནམས་མཐའ་ཡས་རྩེར་གྱུར་པས། །འཇམ་དབྱངས་ཁྲོ་ཆེན་རྒྱལ་པོར་བསྟོད་མཛད་པ། །མི་ཤེས་བཞིན་དུ་གྲགས་པ་རྒྱལ་མཚན་གྱིས། །ཚིགས་སུ་བཅད་པ་བཞི་ཞིག་ཞབས་ཏོག་བགྱིས། །དགེ་པར་གྱུར་ཅིག། །།མངྒ་ལཾ་བྷ་ཝ་ཏུ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply